Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 57
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
བར་གྱི་གཟུངས་ཀྱི་ཁྲོ་བོ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། གསང་ཞིང་གསང་བའི་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་བཅིང་བ་བལྟ་བར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་ རྫོགས་སོ།། །།དེ་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར་བཤད་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ནི། དེ་ནས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་ བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་དང་པོ་སྦྱོར་བ་ནས་བརྩམས་ནས། རྡོ་རྗེ་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་སྤྲུལ་པའི་མཐར་ཐུག་པ་ཡིན་པར་བལྟ་བར་བྱའོ། །ཡང་ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་ པས་ན། ཡང་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ གྱི་ཡེ་ཤེས་ལས་སྐྱེས་པའི་ཕྱིར་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་ལས་སྐྱེས་པའི་རྒྱུ་ཡིན་པའི་ཕྱིར་ཏིང་ངེ་འཛིན་གྱི་ཡེ་ཤེས་ཞེས་བཤད་དོ། །དེ་ལྟར་དེའི་གཟུགས་བརྙན་བསྐྱེད་ནས་སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པས་ན་ཕྱག་རྒྱའོ། །དེས་བྱིན་གྱིས་བརླབས་པ་ནི་སྤྲུལ་པ་སྟོན་པར་བྱེད་ པའི་ཏིང་ངེ་འཛིན་གང་ཡིན་པའི་ཕྱིར་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་རྣམ་པར་རྒྱལ་བའི་རང་གི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པར་བྱེད་པ་དེ་སྟོན་པར་མཛད་པའི་རྣམ་པར་ཐུགས་རྩེ་གཅིག་མཛད་དོ་ཞེས་བྱ་བའི་དོན་ཏོ། ། དེ་བཞིན་དུ་རྡོ་རྗེ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་རྣམས་རང་གི་དཀྱིལ་འཁོར་སྤྲུལ་པར་བྱེད་པ་སྟོན་པར་མཛད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ། །མཛད་ནས་སྔགས་རྣམས་གསུངས་པ་དེས་དཀྱིལ་འཁོར་ལྔ་པོ་བསྐྱེད་པ་བསྟན་པའི་རྣམ་པར་སྣང་མཛད་དོ། ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་ཧཱུཾ་མཛད་ཀྱི་རང་གི་རིགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་ཏིང་ངེ་འཛིན་དང་བཅས་པས་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱི་ཚུལ་གྱིས་རྫོགས་པར་མཛད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་དང་མཚམས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རྣམས་ལ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་ པོས་བཞུགས་སོ། །འདི་གསུངས་སོ་ཞེས་བྱ་བ་ནི། བཤད་མ་ཐག་པའི་རྒྱས་པར་བཤད་པ་གསུངས་སོ། །རྡོ་རྗེ་ཁྲོ་བོ་ཁུ་ཚུར་གྱི་མཐར་ཐུག་པའི་སྙིང་པོ་གསུངས་ནས། ལྷག་མ་རྣམས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཉིད་ཀྱི་སྙིང་པོ་ཡིན་ པར་བལྟ་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་སྤྲུལ་ནས་རང་རང་གི་སྙིང་པོ་རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རང་གི་གནས་སུ་དགོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནས་རང་གི་གནས་སུ་ལྷ་ཐམས་ཅད་ དགོད་པའི་མཐར་ཐུག་པ་བསྟན་པ་ནི། ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་། བྱིན་གྱིས་བརླབས་པ་ནས་བརྩམས་ནས། ཆོས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་ པ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ ལ་སོགས་པ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །རྡོ་རྗེ་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ནི་རྡོ་རྗེ་ཕྲ་མོ་སྟེ། དེའི་དམ་ཚིག་གི་དཀྱིལ་ འཁོར་དུ་གྱུར་པ་ནི། ཆོས་ཀྱི་དཀྱིལ་འཁོར་དུ་གྱུར་པའོ། །གང་གི་ཕྱིར་དཀྱིལ་འཁོར་འདིར་འཇུག་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེ་ཕྲ་མོ་བསྒོམས་ནས་བྱ་བ་ཡིན་པ་དེའི་ཕྱིར། དེ་ཉེ་བར་སྟོན་པའི་དམ་ཚིག་ལས་བྱུང་བའི་དཀྱིལ་འཁོར་ནི། འདི་གསུངས་པའོ། །དེ་ནས་ ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། རིག་པའི་བརྟུལ་ཞུགས་ཀྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་རོ། །གང་གི་ཕྱིར་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པས་ན་རྡོ་རྗེ་ཕྲ་མོ་བསྒོམས་ལ་བྱའི། གཞན་གྱིས་མ་ཡིན་ནོ་ཞེས་ བྱ་བའི་རྒྱུ་དེའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ཇི་སྐད་གསུངས་པ་དང་། རྣལ་འབྱོར་ཆེན་པོ་བྱས་ལ། ཕྱི་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བཅོམ་ལྡན་འདས་ རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམས་ནས། ཆོས་ཀྱི་དཀྱིལ་འཁོར་གྱི་སྔགས་རྣམས་རེ་རེ་ཞིང་ཡང་བཟླས་བརྗོད་འབུམ་བྱས་པས་ལྷ་རེངས་པའི་རིག་པའི་བརྟུལ་ཞུགས་སུ་འགྱུར་རོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའམ། འོག་ནས་འཆད་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཆོ་གས་སྣའི་རྩེ་ མོ་དཀྱིལ་འཁོར་མཚན་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱ་བའམ། ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་རིག་པའི་བརྟུལ་ཞུགས་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱས་ལ། དེ་ནས་དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་སྤྲུལ་པའི་ཆོས་ ཀྱི་དཀྱིལ་འཁོར་དང་འདྲ་བའོ། །དེའི་མིང་གང་ཡིན་ཞེ་ན། ཁྲོ་བོའི་ཡེ་ཤེས་ཞེས་ཀྱང་བཤད། །ཅེས་སྨོས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཆོས་ཀྱི་དཀྱིལ་འཁོར་ འདིར་ཐམས་ཅད་ཀྱང་ཐིག་གདབ་པར་བྱའོ། །དེ་ཡི་དབུས་སུ་སངས་རྒྱས་བྲི། །ཡེ་ཤེས་རྡོ་རྗེའི་དབུས་ཆུད་པའོ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་སེང་གེའི་གདན་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ཆུར་བསྙལ་ཏེ་བྲིས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་པ་སྙིང་གའི་ཕྱི་རོལ་གྱི་ཕྱོགས་སུ་རྡོ་རྗེ་ཕྲ་མོ་བསྣམས་པ་བྲི་བར་བྱའོ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཕྱག་རྒྱ་དེ་ཉིད་ཀུན་བྲིས་ཤིག །ཅེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་བཞིན་དུ་རྡོ་རྗེ་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ཀྱི་རྡོ་རྗེའི་ཕྱག་རྒྱ་རྣམས་བྲི་བར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སོགས། །གོ་རིམས་བཞིན་དུ་དགོད་པར་བྱ། །ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་གིས་བཞུགས་ནས་རང་གི་སྙིང་གར་རྡོ་རྗེ་བསྡམས་པའི་ཕྱག་གཉིས་ཀྱིས་ཕྱག་མཚན་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་དེ་རྣམས་ཀྱི་ཕྱོགས་ཐམས་ཅད་དུ་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྲི་བར་བྱའོ། །ཇི་ལྟར་བྲི་ཞེ་ན་ཆོ་ག་བཞིན་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ལ་བཞུགས་པ། ཕྱག་ གཉིས་ཀྱི་རྡོ་རྗེ་བསྡམས་པས་རང་གི་ཕྱག་རྒྱ་སྙིང་གར་བསྣམས་པ། ཡེ་ཤེས་རྡོ་རྗེའི་དབུས་སུ་ཆུད་པ་ལ་ཇི་ལྟར་ཡེ་ཤེས་རྡོ་རྗེ་དབུས་སུ་ཆུད་པ་དེ་བཞིན་དུ་འདིར་ཡང་བྱ་བས་ན་ཆོ་ག་བཞིན་ཞེས་པ་སྨོས་སོ། །དེ་ནས་འདིར་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ་མོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ ཆོས་ཀྱི་དཀྱིལ་འཁོར་རོ། །ཆོ་གའི་རིམ་པ་རྒྱས་པར་བཤད་དོ། །ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བཤད་པའོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཚུལ་གྱིས་ཇི་སྐད་བཤད་པའི་རྡོ་ རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་བྱས་ལ་སྒོ་དབྱེ་བ་དང་། བུམ་པ་གཞུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས་སློབ་དཔོན་གྱིས་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་གཟུང་བ་བྱས་ནས་ཞུགས་ཏེ། དེ་ལ་ཇི་ལྟ་བའི་ཕྲ་མོ་རྡོ་རྗེའི་དབང་བསྐུར་བ་ལ་སོགས་པ་ནས་དངོས་ གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེས་སུ་སྤྱད་ནས། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རང་ཉིད་ཀྱི་མིང་ནས་བརྗོད་ནས། རྡོ་རྗེས་དཀྱིལ་འཁོར་གྱི་ལས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་སློབ་མ་གཞུག་པར་བྱའོ། ། དེ་ནས་གཞུག་པ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཞིག་བརྗོད་ཅེ་ན། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དུ་ཕྱག་ན་རྡོ་རྗེས་དབང་བསྐུར་གྱིས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ནི་ཧཱུཾ་མཛད་དོ། །དེའི་རང་བཞིན་དུ་གྱུར་པའི་རྡོ་རྗེ་ཁྲོ་ བོ་ནི་དེའི་རྡོ་རྗེ་ཁྲོ་བོ་སྟེ། དེས་ཁྱོད་ལ་དབང་བསྐུར་གྱིས་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་ཅིང་གསང་བའི་དབང་བསྐུར་བ་དེ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལེགས་པར་ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་ཁྲོ་བོའི་ རྡོ་རྗེས་དབང་བསྐུར་བ་དེའི་ཕྱིར། ལེགས་པར་བཟུང་ལ་ནན་ཏན་དུ་བསྒྲུབ་པར་གྱིས་ཤིག །སེམས་ཅན་ཐམས་ཅད་ཀྱང་ཇི་སྐད་དུ་གསུངས་པའི་འབྲས་བུ་ཐོབ་པའི་ཕྱིར་གྱི་བར་དུ་ཞེས་སྦྱར་རོ། །མ་ལུས་ཤིང་ལུས་པ་མེད་པ་ནི། སེམས་ཅན་གྱི་ཁམས་ཟད་པར་རོ། །ཡོངས་སུ་ཞེས་བྱ་བ་ནི་ ཀུན་ནས་སོ། །བསྐྱབ་པ་ནི། ངན་སོང་ལ་སོགས་པའི་སྡུག་བསྔལ་རྣམས་བསལ་བའི་དོན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕན་པ་ཞེས་བྱ་བ་ནི་མ་འོངས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་སུ་སྐྱེ་བའོ། །བདེ་བ་ནི་ཚེ་ འདི་ལས་རབ་ཏུ་དགའ་བ་ཐོབ་པའི་བདེ་བ་དང་ཡིད་བདེ་བའོ། །དམ་པ་འགྲུབ་པ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་བ་ལ་སོགས་པ་དེ་ཉིད་འཐོབ་པ་སྟེ་རྙེད་པ་དེའི་འབྲས་བུའི་ཕྱིར་རོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཧཱུཾ་མཛད་ཀྱི་སྦྱོར་བས་སེམས་ཅན་ཐམས་ཅད་ཀྱང་ཇི་སྲིད་ འཚོའི་བར་དུ་ཡོངས་སུ་སྦྱོར་བའི་རྒྱུ་མཚན་གྱི་ཕྱིར་རོ། །བདུད་བྱེད་པ་ནི་བཤད་ཟིན་ཏོ། །བར་དུ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་གྱི་ཕན་པ་དང་བདེ་བ་ཡང་གཟུང་ངོ་། །ཆོ་ག་ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་ཟིན་པར་ཤེས་པར་བྱའོ། ། རྡོ་རྗེ་ཇི་ལྟ་བ་བཞིན་དུ་ལག་པ་གཉིས་སུ་སྦྱིན་ནོ་ཞེས་བྱ་བ་ནི་ནས་འབྲས་ཙམ་གྱི་རྡོ་རྗེ་ཕྲ་མོའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་གྱུར་པ་ལ་སློབ་དཔོན་གྱིས་ཆོས་ཀྱི་དཀྱིལ་འཁོར་ དུ་གསུངས་པའི་དངོས་གྲུབ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །ཡེ་ཤེས་ཕྲ་མོ་ནི་རྡོ་རྗེ་ཕྲ་མོ་བརྟན་པར་གྱུར་པ་སྔོན་དུ་སོང་བའི་ཡེ་ཤེས་སོ། །དེ་ཡི་རྡོ་རྗེ་ཕྲ་མོ་བརྟན་བྱས་ལ། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པའི་རང་གི་ལྷའི་རྣལ་འབྱོར་གྱི་ཕྱི་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ཟླ་བ་གསུམ་རྡོ་རྗེ་ཕྲ་མོ་བསྒོམས་ལ་མཐར་ མཚན་ཐོག་ཐག་བྱས་ན་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་པ་ཡིན་ནོ། །དེ་བརྟན་པར་བྱས་ནས་ནི། རྡོ་རྗེ་རང་གི་རྣལ་འབྱོར་གྱིས། །ཞེས་བྱའོ། །རང་འདོད་པའི་ཁྲོ་བོའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་གིས་ཧཱུཾ་ཞེས་བྱ་བ་བཟླས་པ་ལ་སྦྱར་བར་བྱའོ། །གང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །དེའི་སྲོག་ནི་ འཇིག་པར་འགྱུར། །ཞེས་བྱ་བ་ནི་དེ་བརྒྱལ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྣའི་བུ་གནས་ཡི་གེ་ཧཱུཾ་ཞེས་བྱ་བའི་སྦྱོར་བས་བསྒྲུབ་པར་བྱ་བའི་སྟེང་དུ་འབར་བའི་རྡོ་རྗེ་ལྟུང་བ་དེས་འདི་སེམས་མེད་པར་འགྱུར་རོ། །རྡོ་རྗེ་ཕྲ་མོ་བརྟན་བྱས་ཏེ། །ཞེས་བྱ་ བ་ནི་སྔ་མ་བཞིན་ནོ། །ཆོ་ག་བཞིན་དུ་མཆེད་པ་ནི། སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་ལ། རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོའི་རླུང་གི་དཀྱིལ་འཁོར་སྤྲུལ་པ་དེས་ཐམས་ཅད་བཀུག་ནས་དེས་བསྒྲུབ་པར་བྱ་བ་རྩའི་སྦུར་མ་བཞིན་དུ་ཁྱེར་བར་བསམས་ལ། ཇི་ལྟར་མངོན་པར་འདོད་པའི་གནས་སུ་བསྒྱུར་བར་བྱའོ། །རྡོ་རྗེ་ ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཕྲ་མོ་བསྒོམ་པ་བྱས་ལ་ཕྱིར་སྤྲོ་བར་བྱའོ། །ཁྲོ་བོར་ལྡན་པ་ཞེས་བྱ་བ་ནི་རང་གི་ཁྲོ་བོ་དང་ལྡན་པའི་རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་གནས་པར་བྱའོ། །ཇི་སྲིད་མཆེད་ཅེས་བྱ་བ་ནི་རྒྱས་པར་ཏེ། ཁ་བ་དང་ཆར་གྱི་རྒྱུན་བཞིན་དུ་སྤྲོ་བའི་ཚུལ་གྱིས་སོ། །འདི་སྐད་ དུ་སྟོན་པ་ཡིན་ཏེ། ཁྲོ་བོའི་ང་རྒྱལ་དང་ལྡན་པས་བསྒྲུབ་པར་བྱ་བའི་ཡུལ་དུ་ཁྱབ་པར་བྱས་ལ། དེ་ནས་བསྒྲུབ་པར་བྱ་བ་བརྒྱལ་བ་དང་ལྟུང་བར་བསམ་པར་བྱའོ། །དེ་བཞིན་དེ་ནི་བསྡུ་བ་ཡང་། །ཞེས་བྱ་བ་ནི། དེ་ལྟ་བུའི་སྦྱོར་བ་རྣམ་པ་གསུམ་ལས་གང་ཡང་རུང་བའི་སྦྱོར་བས་གདུག་པ་གཞོམ་ པར་བྱས་ནས། གང་གི་ཚེ་སྡིག་པ་གཞོམ་པར་ནུས་པ་དེའི་ཚེ་སྦྱོར་བས་འདིར་བསྒོམས་པའི་སྟོབས་ཀྱིས་དེ་ལ་ཞི་བའི་ལས་བྱའོ། །དེ་ལྟར་སྦྱོར་བ་དེས་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་འདི་རབ་ཏུ་སྦྱར་བ་དེ་བཞིན་དུ་རང་གི་སྣའི་རྩེ་མོར་བསྡུས་ལ། དེ་ནས་རང་གི་སྙིང་གར་གཞག་ཅིང་བརྟན་པར་བྱའོ། །སེམས་ ཅན་གང་གིས་དགྲ་ལ་ནི། །ལྷན་ཅིག་གྱུར་པས་ཆེར་བརྟན་པ། །ཞེས་བྱ་བ་ནི། གང་གི་སེམས་ཅན་རྣམས་དགྲ་བོ་དང་བཅས་པའི་རྣལ་འབྱོར་གྱིས་བསྒོམས་པས་ཆེར་བརྟན་པར་འགྱུར་རོ། །བྱམས་པ་མཆེད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་དཔེར་ན་བྱམས་པ་རིམ་གྱིས་སྤྲོ་བར་བཤད་པ་དེ་བཞིན་ དུ་སེང་གེ་དང་། སྟག་དང་། བྱ་རོག་དང་། བྱ་རྒོད་དང་། སྲིན་པོ་རྣམས་ཀྱི་རིགས་ཀྱིས་བསྒྲུབ་པར་བྱ་བ་ཟོས་པར་བསམ་པར་བྱའོ། །དགྲ་བོ་སྤྲོ་བས་གཞིག་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་དགྲ་བོ་སྤྲོ་བའི་རིམ་པ་སྦྱོར་བ་དེ་བཞིན་དུ་གདུག་པ་རྣམས་གཟེར་ནད་དང་ལྡན་པ་བསམ་པར་བྱའོ། །འདི་སྐད་སྟོན་ པ་ཡིན་ཏེ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་སྡིག་པ་ཅན་དུ་གྱུར་པའི་སེམས་ཅན་མཐོང་ན་སྙིང་རྗེ་བསྐྱེད་དེ། དེ་དག་གཟིར་བར་བྱ་བའི་སྦྱོར་བས་དེ་གསད་པར་བྱའོ། །ཆོས་སམ་ཡང་ན་ཆོས་མིན་པ། །ཞེས་བྱ་བས་ཆོས་ནི་དགེ་བ་བཅུའོ། །ཆོས་མ་ཡིན་པ་ནི་མི་དགེ་བ་བཅུའོ། །ཆོས་ཐམས་ ཅད་རང་བཞིན་གྱིས་ནི་འོད་གསལ་བ་ཞེས་བྱ་བ་ནི་མངོན་དུ་བྱས་ཤིང་དགའ་བ་སྟེ། དེར་སྣང་བ་ཙམ་དུ་བསྒྲུབ་པར་བྱ་བ་བསམས་ནས། སྣང་བ་ཙམ་དེ་ཧཱུཾ་ཞེས་བྱ་བ་བསྒོམས་པའི་རྡོ་རྗེས་གཞིག་པར་བྱའོ། །གདུལ་དཀའ་བའི་སེམས་ཅན་གང་ཞེས་བྱ་བ་ནི་ཡིད་ཀྱི་མངོན་པར་འདུ་བྱེད་པའི་བཏང་སྙོམས་ཀྱིས་ གཟིར་བར་བྱ་བ་བསྟན་ཏོ། །སྦྱོར་བ་བཞི་པོ་དེ་ཡང་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་ལ། རབ་ཏུ་སྦྱར་བར་བྱའོ། །རྡོ་རྗེ་དབྱིབས་ནི་བྲིས་ནས་ཀྱང་། །ཞེས་བྱ་བ་ནི། ནམ་མཁའི་ཕྱོགས་སུ་བསྒོམ་པར་བྱ་བ་ཉིད་ནི་གོ་སླའོ། །དེ་བཞིན་ཕྲ་མོའི་ཆོ་ག་ཡིས། །སྙིང་པོ་རྡོ་རྗེ་བསྒོམས་ནས་ཀྱང་། །ཞེས་བྱ་བ་ནི་ རྡོ་རྗེ་ཕྲ་མོ་བསྒོམས་ལ་འདི་བྱའོ་ཞེས་བྱ་བའི་དོན་ཏོ། །སྙིང་གར་རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་བསྒོམ་པར་བྱ་སྟེ། ལྷག་མ་ནི་གོ་སླའོ། །དེ་ལྟར་ཕྱག་ན་རྡོ་རྗེ་བསྒོམས་པས་ཀྱང་ལྟུང་བར་འགྱུར་རོ། །སངས་རྒྱས་སུ་བསྒོམས་པས་ཀྱང་ལྟུང་བར་འགྱུར་རོ། །རྡོ་རྗེ་ཕྲ་ མོ་རབ་སྦྱར་བ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱས་ལ་ཕྱིས་ཟླ་བའི་དཀྱིལ་འཁོར་དུ་བདག་ཉིད་བསྒོམས་ནས་བསྒྲུབ་པར་བྱ་བའི་སྟེང་དུ་ལྟུང་བར་བྱའོ། །བདག་ཉིད་ཟླ་བའི་རྡོ་རྗེར་བསམས་ནས། གང་གི་སྟེང་དུ་ལྟུང་བ་དེར་ལྟུང་བར་འགྱུར་རོ། །བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམས་ནས་གང་གི་ སྟེང་དུ་ལྟུང་བ་དེར་ལྟུང་བར་འགྱུར་རོ། །བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ནས། གང་གི་སྟེང་དུ་ལྟུང་བ་དེར་ལྟུང་བར་འགྱུར་རོ། །དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །རྡོ་རྗེ་ཁྲོ་བོ་སྙོམས་ཞུགས་པས། །ཞེས་བྱ་བ་ནི། རང་གི་ཁྲོ་ བོ་སྙོམས་པར་ཞུགས་ཏེ་གནས་པའོ། །ཡིད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་བདག་ཉིད་ཞུགས་ལ། རང་གི་ལུས་ཀྱིས་ཡོངས་སུ་བསྐོར་བར་བསེ་བར་བྱའོ། །བསྒྲུབ་པར་བྱ་བ་གང་གི་མིང་ནས་བཟུང་བས་རྡོ་རྗེ་ཧཱུཾ་ཞེས་བརྗོད་ཅིང་རང་གི་ལུས་ཀྱིས་འཁྱུད་པས་གང་གི་མིང་སྨོས་པ་དེ་འཆི་བར་འགྱུར་རོ། །རྡོ་རྗེ་ ཕྲ་མོ་སྙོམས་འཇུག་ལ། །ཞེས་བྱ་བ་ནི། ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་པས་རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་བརྟན་པར་བྱའོ། །སྣ་ནས་ཕྲ་བ་ཐང་ཅིག་མིན། །ཞེས་བྱ་བ་ནི་ཕྲ་བ་རྡོ་རྗེ་ཕྲ་མོའོ། །སྣ་ནས་ནི་དེའི་སྣའི་རྩེ་མོར་རོ། །ཐང་ཅིག་མིན་ཞེས་བྱ་བ་ནི་ཡང་ཡང་ངོ་། །དབུགས་ བཏང་ཧཱུཾ་ཞེས་བྱ་བའི་ཚུལ་གྱིས་ནི་དབུགས་བཏང་བ་དང་། ཡི་གེ་ཧཱུཾ་གི་ཚུལ་དུ་ནི་དབུགས་བཏང་བའི་ཡི་གེ་ཧཱུཾ་གི་ཚུལ་གྱིས་འཇིག་རྟེན་གསུམ་ཡང་ལྟུང་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་བསྟན་པར་བྱས་ལ། ཧཱུཾ་ཞེས་བྱ་བའི་ཚུལ་གྱིས་གང་གི་སྟེང་དུ་ལྟུང་བ་དེ་ལྟུང་བར་ བྱེད་དོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་བྱས་ལའོ། །ཁྲོས་ནས་རྡོ་རྗེ་ལྟ་བ་ཡིས། །ཞེས་བྱ་བ་ནི་ཁྲོ་བོའི་ཆ་བྱད་དུ་གྱུར་པའི་རྡོ་རྗེ་ལྟ་བས་སེམས་ཅན་གང་བལྟས་པ་དེ་ལྡོངས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་གྱི་གནས་ནས། ཁྲོ་བོའི་ ལྟ་བའི་ཚུལ་གྱིས་རང་གི་མིག་གཉིས་སུ་བསྒོམས་ལ། དེས་བསྒྲུབ་པར་བྱ་བ་གང་ལ་བལྟས་པ་དེ་དེས་ཁྲོ་བོའི་ཁ་ལྟ་བའི་ཚུལ་གྱིས། བསྒྲུབ་པར་བྱ་བའི་མིག་བཅོམ་ཞིང་བསྒྲུབ་པར་བྱ་བ་ཐལ་བར་བྱས་པར་བསམ་པར་བྱའོ། །བུ་ག་ནས་ནི་ཞུགས་ནས་ནི། །ཞེས་བྱ་བ་ནི་རང་གི་ཁྲོ་ བོའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱ་བའི་ལུས་ཇི་སྐད་བཤད་པའི་ཕྱོགས་ནས་ཡིད་ཀྱིས་འཇུག་པར་བྱའོ། །དེ་ནས་དེའི་སྙིང་གི་པདྨ་དྲངས་ཏེ་རང་གི་སྙིང་ལ་བསྲེས་པས་དེས་དེ་དབང་དུ་འགྱུར་རོ། །ཡང་ན་འཆི་བར་འགྱུར་རོ། །ཐམས་ཅད་ཀྱང་འདིར་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱས་ནས། རང་ཁྲོ་བོའི་རྣལ་འབྱོར་གྱིས་ལས་བྱའོ། ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། ཕྱིས་ཆོས་ཀྱི་དཀྱིལ་འཁོར་ ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་། མདུན་དུ་ཡང་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི། ཕྱག་རྒྱ་རྣམ་པ་བཞིས་བསྒྲུབ་པར་བྱ་བའི་ལྷ་ལ་རྒྱས་བཏབ་ལ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་ ཤེས་ལ་བསླབ་པའོ་ཞེས་གསུངས་སོ། །རྡོ་རྗེ་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་རྣམས་སོ། །རྡོ་རྗེ་ཡེ་ཤེས་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་ གསུངས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་སོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒོམ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སེང་གེའི་གདན་ལ་སོགས་པ་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཆུར་གནས་པར་བྱའོ། ། དེའི་སྟེང་དུ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྡམས་པ་བཅིང་ནས་ཏིང་ངེ་འཛིན་གྱིས་བཞུགས་པ་སྙིང་གར་རང་གི་ཕྱག་རྒྱ་འབར་བའི་ཕྲེང་བ་འཁྲིགས་པའི་འོད་མངའ་བ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་དུ་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་ གསུངས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་ཡེ་ཤེས་ལ་བསླབ་པར་བྱའོ། །ཏིང་འཛིན་དམ་ ཚིག་ཡེ་ཤེས་ལས། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དེར་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཇི་སྐད་བཤད་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བ་གཉིས་དང་ལྡན། །ཞེས་བྱ་བ་ནི་དེ་ཉིད་ཀྱི་རྡོ་རྗེ་སྡིགས་མཛུབ་གཉིས་བསྒྲེངས་ནས་སོ་སོར་ཁབ་ལྟར་བྱས་ཏེ། རྡོ་རྗེ་ཧཱུཾ་མཛད་ ལ་སོགས་པ་གང་ཡིན་པའི་བཟླས་བརྗོད་བྱས་ལ་སྡིགས་མཛུབ་བྱའོ། །ཅི་རིགས་གནས་སུ་བཞག་ནས་ནི། །ཞེས་བྱ་བ་ནི། སྐྱིལ་མོ་ཀྲུང་འདུག་གན་རྐྱལ་དུ། །གཡས་གཅུས་དེ་བཞིན་སླར་གཅུས་པ། །སྙིང་གར་གནས་པ་བཞི་པ་སྟེ། །རྡོ་རྗེ་སེམས་སོགས་དཀྱིལ་འཁོར་རོ། །དཔྲལ་བར་གཞག་ དང་ལྟག་པ་དང་། །ཕྲག་པ་དང་ནི་དགོད་པར་སྦྱར། །ཁར་གཞག་སྙིང་གར་རལ་གྲི་དང་། །སྙིང་གར་གཞག་དང་ཁ་ནས་དབྱུང་། །སྤྱི་བོ་ཐོང་ག་ཁར་གཞག་ལ། །མཛུབ་མོ་གཉིས་བཀུག་མདུན་དེ་བཞིན། །ཞེས་བྱ་བ་དེ་དག་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་ མཐར་ཐུག་པ་ཇི་ལྟ་བའི་རིམ་གྱིས་དམ་ཚིག་གི་ཕྱག་རྒྱའོ། །ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཡིན་ནོ། །དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་ནི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པའོ་ཞེས་བྱ་བ་ནི་ རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་བསླབ་ཅིང་བསྟན་པའོ། །ཕཊ་ཅེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའི་ལྗགས་ལ་དགོད་པར་བྱའོ། །ཤཊ་ཅེས་བྱ་བ་ནི་རྒྱལ་པོའོ། །མཊ་ཅེས་བྱ་བ་ནི་ཆགས་པའིའོ། །སཊ་ཅེས་བྱ་བ་ནི་ལེགས་པའིའོ། །རཊ་ཅེས་བྱ་བ་ནི་ རིན་ཆེན་གྱིའོ། །ཏཊ་ཅེས་བྱ་བ་ནི་ཉི་མའིའོ། །དྷཊ་ཅེས་བྱ་བ་ནི་དབལ་གྱིའོ། །ཧཊ་ཅེས་བྱ་བ་ནི་བཞད་པའིའོ། །དྷེཊ་ཅེས་བྱ་བ་ནི་ཆོས་ཀྱིའོ། །ཧཊ་ཅེས་བྱ་བ་ནི་རྣོན་པོའིའོ། །ཕཊ་ཅེས་བྱ་བ་ནི་རྒྱུའིའོ། །དྷཊ་ཅེས་བྱ་བ་ནི་གསུངས་པའིའོ། །དྷཊ་ཅེས་བྱ་བ་ནི་ལས་ཀྱིའོ། །བྷཊ་ཅེས་བྱ་ བ་ནི་སྲུང་བའིའོ། །གྲིཊ་ཅེས་བྱ་བ་ནི་གནོད་སྦྱིན་གྱིའོ། །རིཊ་ཅེས་བྱ་བ་ནི་ཁུ་ཚུར་གྱིའོ། །ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པ་གཟུང་བར་བྱའོ། །དེ་ནས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པའོ། །ཆོས་ཀྱི་ ཁུ་ཚུར་གཉིས་བྱས་ཏེ། །ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཁྲོ་བོ་ལས་ཀྱི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ནི་ཆོས་ཀྱི་ཁུ་ཚུར་ཏེ། དེ་ཉིད་དུ་བཤད་པ་འདིའི་ཡང་ཡིན་ནོ། །དེ་ཉིད་གཉིས་སུ་བྱས་ནས། ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །སྦྱོར་བ་ནི་འདི་ཡིན་ ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། ཁྲོ་བོ་རྡོ་རྗེ་སེམས་མའིའོ། །ལྕགས་ཀྱུ་འཛིན་ལྟར་གནས་པ་ནི། །རྡོ་རྗེ་ རྒྱལ་པོའིའོ། །མདའ་འཕང་བ་ཡི་ཚུལ་དང་ནི། །རྡོ་རྗེ་ཆགས་པའིའོ། །ལེགས་སོ་སྦྱིན་པ་སྙིང་གར་གཞག །རྡོ་རྗེ་ལེགས་པའིའོ། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །རིན་ཆེན་ཧཱུཾ་མཛད་དང་། ཁྲོ་བོ་ཁྲོ་གཉེར་དང་། ཁྲོ་མོ་རྡོ་རྗེ་རིན་ཆེན་མའིའོ། །སྙིང་གར་ཉི་མ་བསྟན་པར་བྱ། །ཁྲོ་བོ་ཉི་ མའིའོ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །ཁྲོ་མོ་དཔལ་གྱིའོ། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །ཁྲོ་བོ་བཞད་པའིའོ། །གཡས་པ་ཡི་ནི་གཡོན་པས་དབྱེ། །ཆོས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ཆོས་དང་། ཁྲོ་མོ་རྡོ་རྗེ་ཆོས་མའིའོ། །སྙིང་གར་གཡོན་པའི་རལ་གྲི་འདུད། །ཁྲོ་བོ་རྣོན་པོའིའོ། ། མགལ་མེའི་འཁོར་ལོ་བསྐོར་བ་དང་། །ཁྲོ་བོ་རྒྱུའིའོ། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །ཁྲོ་བོ་གསུངས་པའིའོ། །རྡོ་རྗེ་གར་ནི་བསྐོར་བ་ཡིས། །ཐལ་མོ་དགྲམ་པ་སྤྱི་བོར་གཞག །ལས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ལས་དང་། ཁྲོ་མོ་རྡོ་རྗེ་ལས་མའིའོ། །གོ་ཆ་ནི་ཁྲོ་བོ་སྲུང་བའིའོ། །མཐེའུ་ཆུང་གཉིས་ མཆེ་བ་དང་། །ཁྲོ་བོ་གནོད་སྦྱིན་གྱིའོ། །ཁུ་ཚུར་གཉིས་ནི་མནན་པའོ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །རྡོ་རྗེ་བསྙེམས་པའི་ཚུལ་གྱིས་ནི། །བསམ་པ་གཡོས་པས་འདུད་པར་བྱའོ། །སྒེག་མོའི་ཕྱག་རྒྱའོ། །ཕྲེང་བ་བཅིང་བ་ནི་ཕྲེང་བ་མའིའོ། །ཁ་ནས་དབྱུང་ནི་གླུ་མའིའོ། །རྡོ་རྗེ་གར་ནི་བསྐོར་ བ་ནི། །གར་མའིའོ། །རྡོ་རྗེ་ཁུ་ཚུར་གྱིས་ནི། བདུག་པ་ཐུར་དུ་དེ་བཞིན་སྦྱིན་པ་ནི། བདུག་པ་མའིའོ། །རང་གི་ཁུ་ཚུར་གྱེན་དུ་འཐོར་ནི་མེ་ཏོག་མའིའོ། །མཐེ་བོ་བསྙམས་ཏེ་རབ་ཏུ་བསྡམས་ནི་མར་མེ་མའིའོ། །རབ་ཏུ་བརྐྱང་ནས་བྱུག་པ་ནི། །དྲི་ཆབ་མའིའོ། །མཛུབ་མོ་ལྕགས་ཀྱུ་བཅིང་ བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ་ནི་ལྕགས་ཀྱུའིའོ། །མཁྲིག་མ་མདུད་པ་ནི་ཞགས་པའིའོ། །མཛུབ་གཉིས་མདུད་ནི་ལྕགས་སྒྲོག་གིའོ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱ་བ་ནི་རྡོ་རྗེ་འབེབས་པའིའོ། །ཐམས་ཅད་ཀྱང་གར་ལས་བྱུང་བས་ལས་ཀྱི་ཕྱག་ རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་ གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་དེས་འདུལ་བའི་འགྲོ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར། སྡུད་པ་པོ་དེ་བཤད་པར་བཞེད་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་རྗེས་ཐོགས་ལ། །ཞེས་བྱ་བའི་དོན་ཏོ། །འདིར་ དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་དུ་གཟུང་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ལས་ཀྱི་དམ་ཚིག་ནི། བཅོམ་ ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་རོ། །གང་གི་ཕྱིར་ཐུགས་ཀའི་སེམས་དཔའི་རྡོ་རྗེ་ལས་བྱུང་བ་ནི། སེམས་དཔའི་རྡོ་རྗེ་ལས་བྱུང་བ་སྟེ་དེ་ལས་བྱུང་བའོ། །དེས་བྱིན་གྱིས་བརླབས་པ་ནི་ལས་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་བརྟན་པར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་ པ་དེ་ལ་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་རང་གི་རིག་པ་དམ་པ་འདི་གསུངས་ཤིང་སྨྲས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་རང་གི་ལས་ཀྱི་དཀྱིལ་འཁོར་བསྐྱེད་པའི་ཕྱིར་དང་། རྡོ་རྗེ་སེམས་ དཔའི་ཐུགས་ཀར་གནས་པའི་སེམས་དཔའི་རྡོ་རྗེ་བརྟན་པར་མཛད་པའི་ཕྱིར། ཐུགས་རྩེ་གཅིག་ཏུ་མཛད་དོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སྙིང་པོ་དང་། རྡོ་རྗེ་སྤྱན་དང་། རྡོ་རྗེ་སྣ་ཚོགས་པས་རང་རང་གི་རྡོ་རྗེ་རིགས་ཀྱི་བྱང་ཆུབ་སེམས་དཔའི་ལས་ཀྱི་དཀྱིལ་འཁོར་བསྐྱེད་པའི་ཕྱིར་དང་། ཐུགས་ཀར་གནས་པའི་རྡོ་རྗེ་སེམས་དཔའ་བརྟན་པར་བྱ་བའི་ཕྱིར། ཐུགས་རྩེ་གཅིག་ཏུ་མཛད་ནས། རང་རང་གི་རིག་པ་འདི་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། རིག་པ་རྣམ་པ་ལྔ་གསུངས་པའི་རྗེས་ ཐོགས་ཉིད་ལའོ། །ལྷ་མོ་རྣམས་རང་གི་སྙིང་ག་ནས་བསྐྱེད་དེ། ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་དགོད་དོ་ཞེས་བྱ་བར་སྦྱར་རོ། །ཕྱག་ན་རྡོ་རྗེ་ནི་འདིར་རྡོ་རྗེ་ཧཱུཾ་མཛད་དོ། །ཡང་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལ་ལྟོས་པས་ན་ཡང་ཞེས་བྱའོ། །རང་གི་རིགས་ནི་རྡོ་རྗེ་རིགས་སོ། ། མཆོད་པ་ནི་མཆོད་པ་ཆེན་པོའོ། །དབང་བསྐུར་བ་དང་། ཆོས་དང་། ལས་ཀྱི་མཚན་ཉིད་དོ། །དེའི་ཆོ་ག་རྒྱས་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོ་གས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། འགྲོ་བ་རྣམས་འདུལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་ པར་བྱེད་པའི་ལས་ཀྱི་ངོ་བོ་དེ་བསྐྱེད་པའི་ལྷ་མོ་རྣམས་ནི་མཆོད་པའི་ཆོ་ག་རྒྱས་པར་བྱེད་པའི་ལྷ་མོ་དེ་རྣམས་སོ། །རང་གི་སྙིང་ག་ལས་བསྐྱེད་པ་ནི་སྤྲུལ་པའོ། །ཅི་ཞིག་བྱེད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་ པའི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་དག་ཐམས་ཅད་སྤྱན་དྲངས་པ་དང་། དབང་དུ་བྱ་བ་དང་། མཉེས་པར་བྱ་བ་དང་། ལས་ཐམས་ཅད་འགྲུབ་པར་བྱེད་པའི་དགོས་པ་བྱེད་པ་དེ་ཉིད་དུ་ཡང་དག་པར་སྦྱོར་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རྫུ་འཕྲུལ་དང་རྣམ་ པར་འཕྲུལ་པ་བྱས་ཏེ། དེ་སྤྱན་དྲང་བ་ནི་དགུག་པའོ། །དབང་དུ་བྱ་བ་ནི་རང་གི་དམ་ཚིག་གི་ཕྱག་རྒྱ་རང་གི་རིག་པ་ལ་སྦྱར་བའོ། །རྗེས་སུ་ཆགས་པ་ནི་དེའི་བདག་ཉིད་དུ་བསྒོམས་པས་དེའི་རང་བཞིན་མངོན་སུམ་དུ་བྱེད་པ་ན། ལས་ཐམས་ཅད་གྲུབ་པ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་འགྲུབ་པའོ་ ཇི་སྐད་བཤད་པ་དེ་ཉིད་ཀྱི་འབྲས་བུ་དེ་དག་གི་དགོས་པ་བྱེད་པ་ཉིད་དུ་ཡང་དག་པར་སྦྱོར་བ་དེས་ན་དེ་ཉིད་ཀྱི་འབྲས་བུའི་ཕྱིར་རོ། །དེ་ལ་ཡང་དག་པར་སྦྱོར་བ་ནི་རབ་ཏུ་འཇོག་པའོ། །དེ་ལྟ་བུ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཇི་ལྟ་བའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དེ་དང་དེ་ དག་མཛད་ནས་སོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་སེམས་དཔའ་ལ་སོགས་པས་ཕྱོགས་དང་མཚམས་སུ་ཡོངས་སུ་བསྐོར་ཞིང་བཞུགས་པ་དེ་བཞིན་དུ་འདིར་ཡང་བཅོམ་ ལྡན་འདས་ཕྱག་ན་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནས། ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་འཁོད་དོ་ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་ནི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་ འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། རྡོ་རྗེ་དབྱིངས་སུ་བཤད་པའི་ཚུལ་གྱིས་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ གསུམ་པ་ཡིན་པར་ཤེས་པར་བྱའོ། །རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི་རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་དང་། དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབས་སུ་བབས་པ་སྟེ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པ་རྩོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཞེས་བྱ་བ་ནི། བློ་ལ་གནས་པའོ། །རྡོ་རྗེ་ལས་ཀྱི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་ལ་སོགས་པའི་ཆོ་གའོ། །རྒྱས་པ་ནི་རྣམ་པ་དུ་མ་སྟེ། རྣམ་པར་སྣང་མཛད་དང་། རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱི་དབྱེ་བ་ཐ་དད་པ་ཞེས་བྱ་བའི་དོན་ ཏོ། །དེའི་ལས་ཀྱི་དཀྱིལ་འཁོར་དེ་གསུངས་པ་ནི་བཤད་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཆོ་གས་དཔལ་རྡོ་རྗེ་ཧཱུཾ་མཛད་ ཀྱི་རྣལ་འབྱོར་བྱས་ལ། དེ་ལས་གསུངས་པའི་རྣལ་འབྱོར་ཆེན་པོའི་བསྒྲུབ་པ་བྱས་ནས། དེ་ནས་རང་གི་སྙིང་གར་ལས་ཀྱི་དཀྱིལ་འཁོར་ཚིག་ཙམ་གྱིས་སྤྲུལ་ལ་རང་གི་རིག་པས་ལྷ་རྣམས་བཞག་ནས་བསྒོམ་པ་བྱས་ལ་རེ་རེ་ཞིང་ཡང་རང་གི་རིག་པ་ཁྲི་ཁྲི་བཟླས་པ་བྱའོ། །ཡང་ན་ལས་ཀྱི་དཀྱིལ་འཁོར་ ལས་གསུངས་པའི་ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བས་རིག་པའི་བརྟུལ་ཞུགས་སྤྱད་ལ། ཇི་སྲིད་ལས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་དེ་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་ལས་ ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་པ་ན། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་མི་འགྱུར་བ་དེའི་ཕྱིར། དངོས་གྲུབ་རྣམས་བསྒྲུབ་པའི་ལས་ཀྱི་དཀྱིལ་འཁོར་རབ་ཏུ་བཤད་པར་བྱའོ། །ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་ནི་གོ་སླའོ། །དེ་ཅི་འདྲ་ བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་སྨོས་ཏེ། སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བ། །ཞེས་བྱ་བའི་དོན་ཏོ། །དེའི་མིང་གང་ཞིག་ཡིན་ཞེ་ན། ལས་ཀྱི་རྡོ་རྗེ་ཞེས་བཤད་དོ། །ཞེས་བྱ་བ་སྨོས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། ། ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་དཀྱིལ་འཁོར་འདི་ཐམས་ཅད་ཐིག་གདབ་པར་བྱའོ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་ གཞག་པར་བྱའོ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་བཞིར་སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བཞི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བྲི་བར་བྱའོ། །དཀྱིལ་འཁོར་བཞི་ པོ་རྣམས་སུ་ཡང་། །རྡོ་རྗེ་ལ་སོགས་བཞི་པོ་རྣམས། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་རྣམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་གཞག་པར་བྱའོ། །དེ་ རྣམས་ཀྱི་ནི་ཕྱོགས་ཀུན་དུ། །མཆོད་པ་ཆེན་པོ་རྣམ་གཞག་པ། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའི་རིག་པས་བྲི་བར་བྱའོ། །དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་འབེབས་པའི་གཟུགས་འཛིན་པ་ནི་རྡོ་རྗེ་འབེབས་པའི་རིག་པས་བྲི་བར་བྱའོ་ཞེས་བྱ་བའི་བར་དུའོ། །བྱམས་པ་ལ་སོགས་པའི་གཟུགས་འཛིན་པ་ནི་ བྱམས་པ་ལ་སོགས་པའི་རིག་པས་བྲི་བར་བྱའོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་དོ་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའི་ལྷ་མོ་ནས་བརྩམས་ནས། ཇི་སྲིད་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་བར་དུ་ལྷ་མོར་བཞུགས་པའི་རིག་པར་འགྱུར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་བདག་པོ་ལྔར་སྤྲུལ་པའི་དུས་སུ་བཤད་ པའི་རིག་པ་དེ་ཉིད་ཀྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རིག་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲིས་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ འཇུག་པའི་ཆོ་གས་སློབ་དཔོན་ཞུགས་ལ། དེ་ནས་སྣ་ཚོགས་རྡོ་རྗེ་བླངས་ལ་ཆོ་ག་རྒྱས་པར་བྱས་ནས། སློབ་མ་བཅུག་ནས་སྣ་ཚོགས་པའི་རྡོ་རྗེའི་དབང་བསྐུར་བ་དེ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་མཆོད་པ་བཅུ་དྲུག་ པོ་གང་ཡིན་པ་དེ་ཁྱོད་ཀྱིས་ཉི་མ་རེ་རེ་ཞིང་མཆོད་པར་བྱའོ་ཞེས་དམ་ཚིག་སྦྱིན་པར་བྱའོ། །སློབ་མ་འཇུག་པའི་ཆོ་ག་ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པས་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ། ད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པའི་སློབ་དཔོན་གྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱ་བ་ནི། རྡོ་རྗེ་རིགས་ཀྱི་ལས་ཀྱི་ཡེ་ཤེས་རྣམས་བསྐྱེད་དེ་ཞེས་གསུངས་སོ། །རྡོ་རྗེ་རིགས་ཀྱི་ ལས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ཞི་བ་ལ་སོགས་པའི་ཡེ་ཤེས་ཀྱི་ལས་ཀྱི་དངོས་པོ་ངེས་པ་དེ་བསྐྱེད་ཅིང་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་ཉིད་དུ་ཞི་བ་ལ་སོགས་པའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་ནད་ལ་སོགས་པ་ཞི་བར་བྱེད་པས་ཞི་བ་ཞེས་བརྗོད་དོ། །ཞི་བའི་ལས་ཀྱི་དོན་གྱི་ཕྱག་རྒྱ་ ནི་ཞི་བ་ལ་སོགས་པའི་ཕྱག་རྒྱ་སྟེ། བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །དེའི་ཡེ་ཤེས་ནི་བསླབ་པའོ། །ཡམ་ཤིང་མངར་པོ་རྣམས་ཀྱི་མེ། །རབ་སྦར་རྡོ་རྗེ་ཁྲོ་བོ་ཡི། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ་ དེའི་སྔགས་ཀྱི་བཟླས་པ་འབུམ་བྱས་ནས། ཞི་བ་ལ་སོགས་པའི་ལས་ཀྱི་སྔགས་ཀྱང་འབུམ་བཟླས་ལ་དེ་ནས་སྦྱིན་སྲེག་བྱའོ། །དཀྱིལ་འཁོར་བྱས་པའམ། སྔོན་དུ་འགྲོ་བ་བྱས་ནས་ཞི་བ་ལ་སོགས་པའི་སྦྱིན་སྲེག་བྱའོ། །དེ་སྐད་དུ་ཡང་། སྔོན་འགྲོ་རྣམས་ནི་བྱས་ནས་ནི། །སྦྱིན་སྲེག་གི་ནི་ ལས་རྣམས་བྱ། །ཞེས་གསུངས་སོ། །ཞི་བའི་ཆོ་ག་ལ་ནི་པླཀྴ་ལ་སོགས་པ་འོ་མ་དང་བཅས་པ་མངར་བའི་བུད་ཤིང་ལ་མེ་སྤར་ལ། ཤིན་ཏུ་མཉམ་པར་བཞག་པས་ཡུན་རིང་དུ་བརྟུལ་ཞུགས་སྤྱད་དེ། རྣམ་པར་གཡེང་བ་མེད་པར་མཉམ་པར་བཞག་ལ། རྡོ་རྗེ་ཧཱུཾ་མཛད་དང་གཞན་གང་ཡང་རུང་བའི་ ལྷའི་རྣལ་འབྱོར་གྱིས་རྡོ་རྗེ་ཁྲོ་བོའི་སྙོམས་པར་འཇུག་པ་བྱས་ཏེ། ཏིལ་བསྲེག་པར་བྱའོ། །མེ་ཐབ་ཀྱི་དབུས་སུ་ཆོ་ག་བཞིན་དུ་ལྷ་བཞག་ལ་ཕྱག་ཏུ་དབུལ་བར་བྱའོ། །འདི་ཅི་ཞིག་བྱེད་ཅེ་ན། སྡིག་པ་སྲེག་པར་བྱེད་དོ་ཞེས་བྱ་བ་སྨོས་ཏེ། སྡིག་པ་དང་རིམས་དང་གདོན་ལ་སོགས་པའི་གཟུགས་སོ། ། ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ཞི་བའི་ཆོ་ག་རྒྱས་པ་བྱའོ། །ཞི་བའི་ལས་ལ་དཱུར་བའི་ཡལ་ག་མར་དང་བཅས་པ་བསྲེགས་པས་ཚེ་འཕེལ་བར་འགྱུར་རོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་ཞི་བའི་ཆོ་ག་ལས་བསྟན་པའི་མེ་སྤར་ལ་ཞི་བའི་ཆོ་གས་ཀུ་ཤའི་ཡལ་ ག་ལ་འབྲུ་མར་དང་བཅས་པ་སྲེག་བླུགས་བྱས་ན་རྟག་ཏུ་བསྲུང་བར་འགྱུར་རོ། །ཡམ་ཤིང་ཚ་བ་དང་པོར་ནི། །ཞེས་བྱ་བ་ནི། ནིམ་པ་ལ་སོགས་པའི་ཤིང་ལས་བྱུང་བའི་བུད་ཤིང་གིས་མེ་སྤར་ལ་དགུག་པའི་སྦྱིན་སྲེག་གི་ཆོ་གས་སེ་བ་ཚེར་མ་ཅན་གྱི་སྦྱིན་སྲེག་གིས་དགུག་པར་བྱེད་དོ། །ཡམ་ཤིང་ དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི། དགུག་པའི་ཆོ་གར་བསྟན་པས་སོ། །དབང་གི་སྦྱིན་སྲེག་གི་ཆོ་གས་མེ་ཏོག་དམར་པོའམ། འབྲས་བུའང་རུང་བས་སྲེག་བླུགས་བྱས་ན་སྐྱེ་བོ་རྣམས་ཆགས་པར་འགྱུར་རོ། །ཡམ་ཤིང་དེས་ནི་མེ་སྤར་ལ། །ཞེས་བྱ་བ་ནི་ནིམ་པ་ལ་སོགས་པ་ལས་བྱུང་བའི་ཁ་ བའི་བུད་ཤིང་ལ། མངོན་སྤྱོད་ཀྱི་ཆོ་གས་ལྕགས་ཀྱི་ཕྱེ་མ་ལས་སྦྱིན་སྲེག་བྱས་ན་བསྒྲུབ་པར་བྱ་བ་བཅིང་བར་འགྱུར་རོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་སྔར་བཤད་པའི་བུད་ཤིང་གིས་མེ་སྤར་ལ། ནིམ་པ་ལ་སོགས་པའི་འབྲས་བུ་ཁ་བས་སྦྱིན་སྲེག་བྱས་ན། མངོན་སྤྱོད་ཀྱི་ཆོ་ གས་འཆི་བར་འགྱུར་རོ། །མཁས་པས་ཡམ་ཤིང་སྐྱུར་པོ་ཡིས། །ཞེས་བྱ་བ་ནི་ཡམ་ཤིང་སྐྱུར་བ་ལ་མེ་སྤར་ལ་དབང་དུ་བྱེད་པའི་སྦྱིན་སྲེག་གི་ཆོ་གས་སྐྱུར་བའི་མེ་ཏོག་དང་འབྲས་བུས་སྦྱིན་སྲེག་བྱས་ན། དབང་དུ་བྱ་བ་དམ་པ་མཆོག་ཏུ་འགྱུར་རོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་བཤད་མ་ ཐག་པའི་བུད་ཤིང་གིས་མེ་སྤར་ལ། ཞི་བའི་ཆོ་གས་འདོད་པའི་འབྲས་བུའི་སྦྱིན་སྲེག་བྱས་ན། འདོད་པ་བཞིན་གྱི་གཟུགས་སུ་འགྱུར་རོ། །དེ་ལ་འདོད་པའི་འབྲས་བུ་ནི་ཤིང་མྱ་ངན་མེད་པའི་འབྲས་བུའོ། །ཁ་ཅིག་ནི་མ་ཏན་ཕ་ལ་ཡིན་ཟེར་རོ། །དེ་འདྲ་བ་ཡི་ཡམ་ཤིང་གིས། །ཞེས་བྱ་བ་ནི་བཤད་མ་ཐག་པའི་ བུད་ཤིང་གིས་མེ་སྤར་ལ། ཞི་བའི་ཆོ་གས་ཚེར་མའི་སྡོང་བུའི་རྩེ་མོས་ཡམ་ཤིང་བྱའོ། །མི་སྣང་མེ་ཏོག་གི་ཞེས་བྱ་བ་ནི་ཨུ་དུམྺཱ་ར་དང་། ཨ་ཤྭདྠཱ་དང་། ནྱ་གྲོ་དྷ་ལ་སོགས་པའི་སྦྱིན་སྲེག་བྱས་ལ་འདོད་ན་མི་སྣང་བར་འགྱུར་རོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་ བཤད་མ་ཐག་པའི་བུད་ཤིང་གིས་མེ་སྤར་ལ། ནམ་མཁའི་ལྕུག་མའི་མེ་ཏོག་གིས་ཞི་བའི་ཆོ་གས་སྦྱིན་སྲེག་བྱས་ན། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་ལ་ནམ་མཁའི་ལྕུག་མ་ནི་སྡོང་བུའི་སྟེང་དུ་ལྕུག་མ་བྱུང་བས་རྩ་བ་མེད་པའོ། །ཁྲོ་བོར་མཉམ་གཞག་ཡམ་ཤིང་ནི། །ཞེས་བྱ་བ་ནི་ནིམ་པའི་ ཤིང་ལས་བྱུང་བའི་བུད་ཤིང་གིས་མེ་སྤར་ལ། དབང་དུ་བྱེད་པའི་ཆོ་གས་རྡོ་རྗེ་མེ་ཏོག་གི་སྦྱིན་སྲེག་བྱས་ཏེ། ཟུར་བཞི་པའི་རྡོ་རྗེའི་ཤིང་དེའི་མེ་ཏོག་གིས་སྦྱིན་སྲེག་བྱའོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་བུད་ཤིང་གིས་མེ་སྤར་ལ། དབང་དུ་བྱེད་པའི་ཆོ་གས་དཔལ་རྡོ་རྗེ་ སེམས་དཔའ་ལ་སོགས་པ་ལ་ཕུལ་བ་གང་གི་ཕྲེང་བས་སྦྱིན་སྲེག་བྱས་ན། བཀའ་བཞིན་བྱེད་པར་འགྱུར་རོ། །ཡམ་ཤིང་དེས་ནི་མེ་སྤར་ཏེ། །ཞེས་བྱ་བ་ནི་བཤད་མ་ཐག་པའི་མེ་སྤར་ལ་དབང་དུ་བྱེད་པའི་ཆོ་གས། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དང་། ཕྱག་ན་རྡོ་རྗེ་ལ་ཕུལ་བའི་ཕྲེང་བས་སྦྱིན་སྲེག་ བྱའོ། །ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པའི་མེ་སྤར་ལ། དབང་དུ་བྱེད་པའི་ཆོ་གས་ཆོས་ཀྱི་སྦྱིན་སྲེག་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་བྱས་ལ། ཇི་སྐད་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་བྱས་པའམ། གཞན་དག་ཏུ་ཞི་བ་ ལ་སོགས་པའི་ཐབ་ཁུང་བྱའོ། །དེ་ལ་ཞི་བ་ནི་ཁ་དོག་དཀར་པོའི་ས་གཞི་ལ་ཟླུམ་པོ་རྒྱར་ཁྲུ་གང་བ། ཟབས་སུ་སོར་བཅུ་གཉིས་པ་བརྐོས་ཏེ། ནང་མ་ལ་སོར་བཞིའི་ཕྱི་རོལ་དུ་དོར་བ་དང་དཔངས་དང་རྒྱར་སོར་བཞི་པའི་ཚད་ཀྱི་ཁ་ཁྱེར་གྱིས་ཀུན་ནས་བསྐོར་བའོ། །ཁ་ཁྱེར་གྱི་མཚམས་བཞི་རུ་རྡོ་རྗེ་རྩེ་གསུམ་ པ་བྱའོ། །ཡང་ཐབ་ཁུང་གི་དབུས་སུ་དཀྱིལ་འཁོར་གྱི་དབུས་ཀྱི་པདྨ་ལ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པའི་ཚད་དུ་བྱའོ། །ས་དཀར་པོས་ཐབ་ཁུང་བྱུགས་ལ། ཕྱི་རོལ་ཀུན་ནས་བའི་ལྕི་བས་བྱུག་པར་བྱའོ། །སླར་ཡང་ཐབ་ཁུང་ས་གཞི་ཙནྡན་དཀར་པོས་བྱུགས་ལ་མེ་ཏོག་དཀར་པོ་དྲི་ཞིམ་པོ་དགྲམ་པར་བྱའོ། ། རྒྱས་པ་ནི་ཟུར་བཞི་པ་ལ། ས་གཞི་སེར་པོ་ལ་རྒྱར་ཁྲུ་དོ། ཟབས་སུ་ཁྲུ་གང་པའི་ཐབ་ཁུང་བརྐོས་ལ། ནང་ནས་སོར་བརྒྱད་དོར་ལ་དཔངས་དང་རྒྱར་སོར་བརྒྱད་པས་ཀུན་ནས་བསྐོར་བའི་ཁ་ཁྱེར་བྱའོ། །ཐབ་ཁུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་ཚད་ཀྱི་རྡོ་རྗེ་རིན་པོ་ཆེ་ བྱས་ལ། ཐབ་ཁུང་ལ་ས་སེར་པོས་བྱུགས་ཏེ། ཁ་དོག་སེར་པོའི་དྲིས་ས་གཞི་ཐབ་ཁུང་ཀུན་ནས་བྱུགས་ལ། མེ་ཏོག་སེར་པོས་དགྲམ་པར་བྱའོ། །མངོན་སྤྱོད་ནི་རྩུབ་པ་དང་། ཚྭ་སྒོ་ཅན་དང་། གས་པ་དང་། མི་མཉམ་པ་དང་ནམ་མཁའི་མདོག་ལྟ་བུའི་ས་ཕྱོགས་སུ་གྲུ་གསུམ་པ། རྒྱར་ སོར་ཉི་ཤུ། ཟབས་སུ་སོར་བཅུ་པ། མགོ་བྱང་དུ་བལྟས་པའི་ཐབ་ཁུང་བརྐོ་བར་བྱའོ། །ནང་ནས་སོར་གསུམ་དོར་ལ། དཔངས་དང་རྒྱར་སོར་གསུམ་པའི་ཚད་ཀྱི་ཁ་ཁྱེར་གྱིས་ཀུན་ནས་བསྐོར་བའོ། །ཐབ་ཁུང་གི་དབུས་སུ་མདུང་རྩེ་གསུམ་པའི་སྟེང་དུ་སོར་བརྒྱད་ཀྱི་ཚད་ཀྱི་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་བྱའོ། ། ས་ནག་པོས་ཐབ་ཁུང་བྱས་ལ། ཡང་ཐབ་ཁུང་གི་ས་གཞི་ནག་པོས་བྱུགས་ལ། བོང་བུ་དང་། རྔ་མོའི་སྦངས་དང་། རོ་བསྲེགས་པའི་ཐལ་བ་དང་། དྲི་མི་ཞིམ་པའི་མེ་ཏོག་གམ། ཡང་ན་དྲི་བྲལ་དགྲམ་པར་བྱ་བ་ཉིད་དོ། །སྔོ་དང་དམར་བའི་འབྲུ་རྣམས་དང་། །ཡང་ན་སྣུམ་པས་བྱ་བ་ཡིན། །ཞེས་ གསུངས་སོ། །འགུགས་པ་ནི་ས་གཞི་དམར་པོ་ལ་རྡོ་རྗེ་རྩེ་གཅིག་པ་ལྟ་བུ། རྒྱར་ཁྲུ་གང་བའི་ཚད་ལ། ཟབས་སུ་སོར་བཅུ་གཉིས་པའི་ཐབ་ཁུང་བརྐོས་ལ། ནང་ནས་སོར་བཞི་དོར་ནས། དཔངས་དང་རྒྱར་སོར་བཞི་པའི་ཁ་ཁྱེར་རྡོ་རྗེ་རྩེ་གཅིག་པ་ལྟ་བུས་ཀུན་ནས་བསྐོར་བར་བྱའོ། །ཐབ་ཁུང་ གི་དབུས་སུ་སོར་བརྒྱད་པའི་ཚད་ཀྱི་རྡོ་རྗེ་ལྕགས་ཀྱུ་གཞག་པར་བྱའོ། །དབང་དུ་བྱེད་པའི་ཆོ་ག་ལ་ཐབ་ཁུང་དུ་བྱུགས་པ་དང་དགྲམ་པ་ནི་ཆོ་ག་རྣམས་འཆད་པར་འགྱུར་བ་བཞིན་དུ་གཟུང་བར་བྱའོ། །དབང་དུ་བྱ་བ་ནི་ས་གཞི་དམར་པོ་ལ་གཞུའི་དབྱིབས་ཅན། རྒྱར་ཁྲུ་གང་བ། ཟབས་སུ་སོར་བཅུ་ གཉིས་པའི་ཐབ་ཁུང་བརྐོ་བར་བྱའོ། །ནང་ནས་སོར་བཞི་དོར་བ་དང་། དཔངས་དང་རྒྱར་སོར་བཞི་པའི་ཚད་ཀྱི་ཁ་ཁྱེར་གཞུའི་དབྱིབས་ཀྱིས་ཀུན་ནས་བསྐོར་བའི་ཐབ་ཁུང་གི་དབུས་སུ་རྡོ་རྗེ་པདྨ་འདབ་མ་བཅུ་དྲུག་པ་བྱས་ལ། དེ་ནས་ཐབ་ཁུང་ས་དམར་པོར་བྱུགས་ལ་ཡང་ཐབ་ཁུང་དྲི་དམར་པོས་ བྱུག་ཅིང་མེ་ཏོག་དམར་པོ་དགྲམ་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་ལས་ཐམས་ཅད་པའི་ཆུའི་སྣོད་དང་རང་གི་ལྷའི་བཟླས་པ་བྱས་པའི་མཆོད་ཡོན་གྱི་སྣོད་དག་ནི་ཞི་བའམ། རྒྱས་པ་དང་། དབང་གི་ལས་རྣམས་ལ། གཡོན་ཕྱོགས་སུ་གཞག་པར་བྱའོ། ། ལས་ཐམས་ཅད་པ་ལ་ནི་ཇི་ལྟར་རྗེས་སུ་སྤྱད་པ། རང་ཉིད་ཀྱི་སྔགས་བཟླས་ལ་གཡས་ཕྱོགས་སུ་གཞག་པར་བྱའོ། །འགུགས་པ་དང་འཆིང་བ་རྣམས་ལ་སྣོད་གཉིས་གཡས་ཕྱོགས་སུ་བཞག་ལ། ཡོ་བྱད་ཐམས་ཅད་ནི་གཡོན་ཕྱོགས་སུ་གཞག་པར་བྱའོ། །དེ་ནས་བདག་ཉིད་བསྲུང་བར་བྱ་ སྟེ། དེ་ལ་ཞི་བ་དང་དབང་དུ་བྱེད་པ་ལ་ནི་རྡོ་རྗེ་གཙུག་ཏོར་གྱིས་བསྲུང་བར་བྱའོ། །རྒྱས་པ་ལ་ནི་རྡོ་རྗེ་མཛོད་སྤུ་དང་། ཐལ་བའི་ཐིག་ལེས་བསྲུང་བར་བྱའོ། །དགུག་པ་དང་། གསད་པ་དང་། བཅིང་བ་དང་། མངོན་སྤྱོད་ཀྱི་ལས་རྣམས་ལ་ནི། རྡོ་རྗེ་གཙུག་ཏོར་ལ་སོགས་པའི་སྔགས་དང་ཕྱག་ རྒྱས་བདག་ཉིད་བསྲུང་བར་བྱའོ། །དེ་ལ་སྤྱི་བོའི་ཕྱོགས་སུ་རྡོ་རྗེ་གཙུག་ཏོར་བཞག་ལ། སྔགས་ནི་འདི་ཡིན་ཏེ། ཨོཾ་ཧཱུཾ་བནྡྷ་ཧཾ་ཞེས་བྱའོ། །སྨིན་མཚམས་ཀྱི་ཕྱོགས་སུ་རྡོ་རྗེ་མཛོད་སྤུ། ཨོཾ་སརྦྦ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་བྷུར་བྷུ་བ་སྭཿ། ཁའི་ཕྱོགས་སུ་རིག་པ་མཆོག །ཨོཾ་དྷརྨྨ་ཞེས་བྱའོ། ། སྙིང་གའི་ཕྱོགས་སུ་འདོད་པའི་རྒྱལ་པོ། །ཊཀྐི་ཧཱུཾ་ཛཿ། ལྟེ་བའི་ཕྱོགས་སུ་གཤིན་རྗེ་གཤེད། ཨ་ཧོ་བཛྲ་ཧི་ཞེས་བྱའོ། །རྐེད་པའི་ཕྱོགས་སུ་རྡོ་རྗེ་སྐ་རགས། ཀ་ནེ་དུ་ནེ་ཧཱུཾ་ཕཊ་ཅེས་བྱའོ། །ཕྲག་པ་གཡས་སུ་རྡོ་རྗེ་ལྕགས་ཀྱུ། །ཨོཾ་བཛྲ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿཞེས་བྱའོ། །ཕྲག་པ་གཡོན་ དུ་རྡོ་རྗེ་ཞགས་པ། ཨོཾ་མ་ཧཱ་བཛྲ་པཱ་ཤ་ཧྲཱིཿཞེས་བྱ་བའོ། །ལག་ངར་གཡས་པ་ལ་རྡོ་རྗེ་ཀཱི་ལི་ཀཱི་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཧོ་ཏྭཾ་ཞེས་བྱ་བའོ། །ལག་ངར་གཡོན་པ་ལ་རྡོ་རྗེ་བསྙེམས་པ། ཧེ་བཛྲ་གརྦྷ་སིདྡྷཱི་སིདྡྷྱ་ཏ་ཊ་ཞེས་བྱ་བའོ། །ལག་པ་གཡས་པ་ལ་རྡོ་རྗེ་འཆིང་བ། ཨོཾ་བཛྲ་དྲྀ་ཌྷ་ས་ མ་ཡ་སྟྭཾ་ཞེས་བྱ་བའོ། །ལག་པ་གཡོན་པ་ལ་རྡོ་རྗེ་ཁུ་ཚུར། ཨོཾ་བཛྲ་མུཥྚི་རུ་ཏྲ་རུ་ཏྲ་མ་ཊ་ཧཱུཾ་ཕཊ་ཅེས་བྱའོ། །བརླ་གཡས་པ་ལ་རྡོ་རྗེ་སྡེ། ཨོཾ་ཧྲཱིཿཔདྨ་དྷ་ར་ཨཱ་བ་ལོ་ཀི་ཡ་མཾ་ཞེས་བྱའོ། །བརླ་གཡོན་པ་ལ་རྡོ་རྗེ་ཁྲོ་བོ་སྤྱི་གཙུག །ཧཱུཾ་བཛྲ་བི་ནཱ་ཡ་ཀ་ཨ་དྷི་པ་མཱ་ར་ཡ་ཊ་ཞེས་བྱའོ། །པུས་མོ་གཡས་ པའི་ལྷ་ང་ལ་རྡོ་རྗེ་རབ་ཏུ་འདུད་པ། ཨོཾ་མ་ཧཱ་བཛྲ་པྲ་ཎ་མྱ་ད་ཡ་ཧཱུཾ་ཞེས་བྱའོ། །གཡོན་པའི་པུས་མོའི་ལྷ་ང་ལ་རྡོ་རྗེ་ལྟུང་བྱེད། ཨོཾ་བཾ་བཛྲ་པྲ་པཏྟ་ཡ་སརྦ་གརྦྷ་ཡ་ཧཱུཾ་ཞེས་བྱའོ། །རྗེ་ངར་གཡས་པ་ལ་རྡོ་རྗེ་རྐང་གདུབ། ཨོཾ་ཧཱུཾ་བཛྲ་ནུ་པུ་ར་ཙ་ལ་བེ་ཚཾ་ཧཱུཾ་ཕཊ་ཅེས་བྱའོ། །གཡོན་པའི་རྗེ་ངར་ལ་རྡོ་རྗེ་ ལྕགས་སྒྲོག །ཨོཾ་ཧཱུཾ་བཛྲ་ཤཾ་ཀ་ལ་བནྡྷ་པི་ཏ་ཡ་ཀད་དྷེ་སྥོ་ཊ་ཡ་བཾ་ཕཊ་ཅེས་བྱ་བའོ། །རྐང་པ་གཡས་པ་ལ་རྡོ་རྗེ་རྣོན་པོ། །ཧཱུཾ་མ་ཧཱ་བཛྲ་ཨ་ཀྲ་མ་ཨ་ཀྲ་མ་སརྦ་ཧ་ར་ཧ་ར་བཛྲ་ཙྪི་ད་ཧཱུཾ་ཞེས་བྱའོ། །རྐང་པ་གཡོན་པ་ལ་རྡོ་རྗེ་ཤུགས་བཞག་ལ་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་མ་ཧཱ་བཛྲ་བི་ཀ་གཙྪ་དྷ་པ་ཨཱ་ན་ཡ་སརྦྦཾ་ ཧཱུཾ་ཕཊ་ཅེས་བྱ་བའོ། །དེ་དག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཐེ་ཆུང་གཉིས་ལྕགས་སྒྲོག་ཏུ་སྦྲེལ་ནས། མཛུབ་མོ་གཉིས་བསྒྲེང་བ་ནི་ཐམས་ཅད་སློང་བའི་ཕྱག་རྒྱའོ། །དེ་ཉིད་བཟློག་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྱི་གཙུག་ཏུ་གཞག་པ་ནི་རྡོ་རྗེ་གཙུག་ཏོར་གྱི་ཕྱག་ རྒྱའོ། །དེ་ཉིད་བཟློག་ལ་མཛུབ་མོའི་རྩེ་མོ་གཉིས་སྨིན་མཚམས་སུ་གཞག་པ་ནི་རྡོ་རྗེ་མཛོད་སྤུའིའོ། །དེ་ཉིད་ཁར་གཞག་པ་ནི་རྡོ་རྗེ་རིག་པ་མཆོག་གིའོ། །དེ་ཉིད་སྙིང་གར་ལྕགས་ཀྱུས་འདྲེན་པ་ནི་འདོད་པའི་རྒྱལ་པོའོ། །དེ་ཉིད་བསྒྱུར་ནས་ལྟེ་བར་མཛུབ་མོའི་རྩེ་མོ་གཏད་ནས་གཞག་པ་ནི་ གཤིན་རྗེ་གཤེད་ཀྱིའོ། །ཁུ་ཚུར་དེ་ཉིད་རྐེད་པའི་ཕྱོགས་སུ་གཞག་པ་ནི། ཁྲོ་བོ་སྐེ་རགས་ཀྱིའོ། །དེ་ཉིད་ཀྱི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་ཕྲག་པ་གཡས་སུ་གཞག་པ་ནི་རྡོ་རྗེ་ལྕགས་ཀྱུའིའོ། །དེ་ཉིད་ཀྱི་མཛུབ་མོ་གཡས་པའི་ལྕགས་ཀྱུས་གཡོན་པའི་སྡིགས་མཛུབ་ཀྱི་དབུས་ནས་བཟུང་ སྟེ་ཕྲག་པ་གཡོན་པར་གཞག་པ་ནི་རྡོ་རྗེ་ཞགས་པའིའོ། །དེ་ཉིད་སྙིང་གའི་ཕྱོགས་སུ་རྡོ་རྗེ་མཛུབ་མོ་གཉིས་མདུད་པ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལའིའོ། །དེ་ཉིད་ཀྱི་མཛུབ་མོའི་རྩེ་མོ་བརླ་གཡོན་པར་གཞག་པ་ནི་རྡོ་རྗེ་བསྙེམས་པའོ། །དེ་ཉིད་ཀྱི་མཛུབ་མོ་ཕན་ཚུན་ལྕགས་སྒྲོག་བཅིངས་ནས། སྙིང་གར་ གཞག་པ་ནི་རྡོ་རྗེ་བསྡམས་པའིའོ། །དེ་ཉིད་ཀྱི་མཛུབ་མོའི་རྩེ་མོ་གཉིས་ཀྱིས་མཐེ་བོང་གི་རྒྱབ་མནན་པ་ནི་རྡོ་རྗེ་ཁུ་ཚུར་གྱིའོ། །དེ་ཉིད་ཀྱི་མཛུབ་མོ་གཉིས་པདྨའི་འདབ་མ་ལྟར་བྱས་པ་ནི་རྡོ་རྗེ་སྡེའིའོ། །དེ་ཉིད་མདའ་འཕེན་པ་ལྟ་བུར་གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོ་བླངས་ནས་འདྲེན་ ཅིང་གཡོན་ཕྱོགས་སུ་གཞག་པ་ནི་སྤྱི་གཙུག་གིའོ། །དེ་ཉིད་ཁ་ཐུར་དུ་བསྟན་ནས་གཞག་པ་ནི་རྡོ་རྗེ་རབ་ཏུ་འདུད་པའིའོ། །དེ་ཉིད་གཡོན་དུ་དམའ་བར་ཕབ་ནས་མྱུར་དུ་དྲལ་བ་ནི་རྡོ་རྗེ་རབ་ཏུ་ལྟུང་བའིའོ། །དེ་ཉིད་ཀྱི་མཛུབ་མོ་དང་མཐེའུ་ཆུང་སྦྲེལ་བ་ནི་རྐང་གདུབ་ལྟ་བུ་སྟེ། རྡོ་རྗེ་རྐང་གདུབ་ཀྱིའོ། །དེ་ཉིད་ཀྱི་མཛུབ་མོ་དང་མཐེབ་མོ་ལུ་གུ་རྒྱུད་དུ་སྦྲེལ་བ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །དེ་ཉིད་མདུན་དུ་བསྐྱོད་པ་ནི་རྡོ་རྗེ་རྣོན་པོའིའོ། །དེ་ཉིད་མྱུར་དུ་བསྐོར་ནས་ཁར་བསྐྱོད་པ་ནི་རྡོ་རྗེ་ཤུགས་ཀྱིའོ། །དེ་ལྟར་བདག་ཉིད་བསྲུང་བ་བྱས་ནས། རྡོ་རྗེ་གནོད་སྦྱིན་བཟླས་པའི་ ཆུ་ཀུ་ཤའི་རྩེ་མོས་བླངས་ལ། ཡོ་བྱད་ཐམས་ཅད་གཡས་ཕྱོགས་ནས་བསང་བར་བྱའོ། །རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་སྔགས་ཀྱིས་མེ་བུད་པ་དང་། དེ་ཉིད་བཟླས་པའི་ཆུས་ལན་གསུམ་གྱི་བར་དུ་བསངས་ཏེ། ཐབ་ཁུང་དུ་བཅུག་ལ་རླུང་ཡབ་ཀྱིས་མེ་སྦར་བར་བྱ་ཞིང་། ཨོཾ་བཛྲ་ཛྭ་ལ་ཧཱུཾ་ ཞེས་བརྗོད་པར་བྱའོ། །ཡི་གེ་ཧཱུཾ་ལན་བདུན་བཟླས་ཏེ། མར་གྱིས་མེ་གསོ་བར་བྱའོ། །སྔགས་པས་མཉམ་པར་གཞག་པ་ཡིས། །ཀུ་ཤ་ལ་ནི་སྔགས་བཟླས་ཏེ། །དེ་ཡང་དེ་ནས་བཞག་བྱས་ནས། །དངོས་གྲུབ་ཐམས་ཅད་རབ་ཏུ་འགྲུབ། །དང་པོར་ཤར་དུ་ཁ་བལྟས་གཞག །གཉིས་ པའི་རྩེ་མོ་ལྷོར་བསྟན་ནས། །གསུམ་པའི་རྩེ་མོ་ནུབ་ཏུ་བསྟན། །བཞི་པ་བྱང་དུ་བསྟན་པར་བྱ། །ཡང་ཀུ་ཤའི་ཚོགས་མང་པོས་ཐབ་ཁུང་རྩེ་མོ་ཤར་ཕྱོགས་སུ་བསྟན་ལ་གཡོགས་པར་བྱའོ། །ཨོཾ་བཛྲ་སཏྭ་ཨཱཿཞེས་བྱ་བའི་སྔགས་ཀྱིས་ཀུ་ཤ་མངོན་པར་བསྔགས་ལ་གཞག་པར་བྱའོ། ། དེ་ནས་རང་གི་ལྷའི་ཆོས་ཀྱི་ཡི་གེས་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་ཨོཾ་ལས་པདྨའི་གདན། དེའི་སྟེང་དུ་སྔར་བཤད་པའི་སྙིང་པོས་རྡོ་རྗེ་མེ། མདོག་དམར་སེར། ཕྱག་གཡོན་གྱི་དང་པོ་ན་དབྱུ་གུ། གཉིས་པ་ན་རིལ་པ་སྤྱི་བླུགས། གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་གསུམ། གཉིས་ པ་ན་དགང་གཟར། དབུའི་གཙུག་ཏོར་འབར་བའི་ཕྲེང་བ་འཁྲུགས་པ་བསམས་ལ། དེ་ནས་ཁྲོ་བོ་འདོད་པའི་རྒྱལ་པོས་སྤྱན་དྲངས་ནས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ཏེ། དེ་མེ་ཐབ་ཀྱི་དབུས་སུ་གཞག་པ་འདི་མེ་ལྷའི་ གཟུགས་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་ནས་སྲུང་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གོ་ཆས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ཏེ། མེ་རང་གི་སྔགས་དང་། ཨོཾ་པྲ་ཝ་ར་སཏྐཱ་ར་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱ་བའི་རིག་པ་འདི་དང་། ཞབས་བསིལ་དང་མཆོད་ ཡོན་དབུལ་བར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། གཡས་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་རྣ་ཆ་ལྟ་བུར་བྱས་ལ་མཐེ་བོང་དང་མཛུབ་མོ་གཉིས་སྐམ་པ་ལྟར་བྱས་པའི་ཕྱག་རྒྱས་མེ་ཏོག་ལ་སོགས་པ་དབུལ་བར་བྱ་སྟེ། དེ་ལྟར་ཕུལ་ནས་སོར་མོ་རྣམས་བརྐྱང་བར་བྱའོ། །དེ་ནས་མེའི་དམ་ཚིག་གི་ ཕྱག་རྒྱ་བཅིངས་ཏེ། མེ་བསྒྲུབས་ནས། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦྦ་བྷསྨིཾ་ཀུ་རུ་སརྦྦ་དུཥྚཱཾ་ཧཱུཾ་ཕཊ། དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿ། ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦྦ་བྷསྨིཾ་ཀུ་རུ་སརྦྦ་དུཥྚཱཾ་ཧཱུཾ་ཕཊ་ཅེས་བྱ་བ་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་ནི་ འདི་ཡིན་ཏེ། ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་པ་འབར་བ་ལྟ་བུར་བྱས་པ་ནི། མེའི་དམ་ཚིག་གི་ཕྱག་རྒྱའོ། །མེ་རང་གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ནས། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ་ཅེས་བྱ་བ་ནི། མེ་ལྷའི་ལྕེ་ལ་དགོད་པར་བྱ་བ་དེ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཡི་གེ་ཨ་ལས་རང་གི་ སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ཏེ། སྔགས་བརྗོད་ཅིང་གར་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་ཚུལ་དུ་འཆིང་བར་བྱེད་པ་འདི་ནི་དེའི་ཕྱག་རྒྱའོ། །ཡི་གེ་ཧཱུཾ་ལས་རང་གི་སྙིང་གར་འབར་བའི་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། ཕྱག་གཡོན་པར་དབྱུ་གུ། ཕྱག་གཡས་པ་ན་རྡོ་རྗེ་རྩེ་གསུམ་པ་བླངས་ཏེ། སྔགས་བརྗོད་ཅིང་དེའི་དབྱིབས་སུ་འདུག་པ་འདི་ནི་ཕྱག་རྒྱ་ཆེན་པོའོ། །དེ་ནས་དེ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ། དམ་ཚིག་ལ་རབ་ཏུ་གནས་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་གྲྀཧྞ་བནྡྷ་ས་མ་ཡ། བཛྲ་སཏྭ་ས་མ་ཡ། མ་ནུ་སྨ་ར་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སྟྭཾ། དྲྀ་ཌྷོ་མེ་བྷ་བ། སྠི་ཏོ་མེ་བྷ་ བ། ཨ་ཧཱ་རྱོ་མེ་བྷ་བ། ཨ་པྲ་ཏི་ཧཱ་རྱོ་མེ་བྷ་བ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་ཧཱུཾ་ཞེས་བྱ་བ་འདི་དང་། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིང་བ་དང་། སླར་ཡང་། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་རློག ། ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ལ་ངས་གང་སྨྲས་པ་དེ་བྱ་དགོས་སོ་ཞེས་བྱ་བ་དང་། ཕྱག་རྒྱའི་སྦྱོར་བས་དམ་ཚིག་ལ་གཞག་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། སེམས་དཔའི་རྡོ་རྗེ་དམ་བྱས་ཏེ། །མཐེ་བོ་གཉིས་ཀྱི་བར་མནན་ཞིང་། །མཐེའུ་ཆུང་རྡོ་རྗེ་རྩེ་མོར་ནི། །རྣོན་པོའི་ དམ་ཚིག་འཛིན་པ་པོ། །ཞེས་བྱ་བ་འདི་དང་། ཨོཾ་བཛྲ་བནྡྷ་ཧཾ་ཞེས་བྱ་བ་འདིས། རང་གི་དམ་ཚིག་ལ་སྦྱར་བར་བྱའོ། །ཕྱག་རྒྱ་སྦྱར་ཞིང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མངོན་པར་འདོད་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་སྲུང་བ་དམ་བཅིངས་ལ། །རྡོ་རྗེ་ བསྡམས་པ་དེས་མནན་པས། །འདི་ནི་སྲུང་བའི་དམ་ཚིག་སྟེ། །སེམས་ཅན་ཐམས་ཅད་བསྲུང་བའོ། །སླར་ཡང་སྔགས་པས་མཆོད་ཡོན་ཕུལ་ནས། ལན་གསུམ་གྱི་བར་དུ་འཐོར་འཐུང་བྱས་པས། རྡོ་རྗེ་གནོད་སྦྱིན་གྱི་བཟླས་པའི་ཆུས་ལན་གསུམ་གྱི་བར་དུ་བསངས་ཏེ། རྡོ་རྗེ་སྲུང་བའི་ཕྱག་ རྒྱས་ཡང་དག་པར་བསྲུངས་ལ། མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་བཞིས་ཡང་དག་པར་མཆོད་ལ། ལས་དང་རྗེས་སུ་མཐུན་པའི་མེ་ལ་རང་གི་སྔགས་ཀྱིས་མར་གྱི་སྲེག་བླུགས་གསུམ་དགང་གཟར་གྱིས་དབུལ་བར་བྱའོ། །དེ་ནས་བགེགས་ ཡོད་མེད་བརྟག་པར་བྱའོ། །དེ་ལ་ལས་དང་རྗེས་སུ་མཐུན་པར་བརྗོད་པ་ནི་འདི་ཡིན་ཏེ། དེ་ལ་ཞི་བ་བྱེད་ན། ལན་གསུམ་གྱི་བར་དུ་ཁྲུས་བྱ་བ་སྔོན་དུ་འགྲོ་བས། གོས་དཀར་པོ་མ་ཉམས་པའི་སྟོད་གཡོགས་དང་། སྨད་གཡོགས་བགོས་ཏེ། སྙིང་བརྩེ་བ་དང་། དུལ་བ་དང་། ཚངས་པར་སྤྱོད་ པས་ཁ་ཤར་ཕྱོགས་སུ་བལྟས་ཏེ། འཇམ་པའི་སྟན་འབོལ་བའམ། པདྨའི་སྟན་ལ་འདུག་སྟེ། ཙནྡན་དཀར་པོ་དྲི་ཞིམ་པོ་དང་། མེ་ཏོག་དཀར་པོ་དང་། ཙནྡན་གྱི་བདུག་པ་དང་། བ་དཀར་མོའི་མར་དང་། དཀར་གསུམ་གྱི་ལྷ་བཤོས་དང་། བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་གཟར་བླངས་ལ། ཞི་བའི་ཉམས་དང་ལྡན་པས་མེའི་ལྷ་ཁ་དོག་དཀར་པོའི་གཟུགས་ཅན་བསམས་ལ། མར་གྱི་དགང་བླུགས་གསུམ་མེ་ལ་དབུལ་བར་བྱའོ། །རྒྱས་པ་ལ་ནི་དགའ་ཞིང་མགུ་བའི་གཟུགས་ཅན་མདོག་སེར་པོ། རྒྱན་སེར་པོ་དང་ལྡན་པའི་མེའི་ལྷ་བསམས་ལ། རང་གི་ལུས་དྲང་པོས་སྣ་ཚོགས་ པའི་གོས་སམ། གོས་སེར་པོ་གྱོན་ལ། རྒྱན་སེར་པོས་བརྒྱན་པ། གདོང་དྲི་ཞིམ་པོས་བྱུགས་ལ་མེ་ཏོག་གི་ཕྲེང་བ་བཏགས་ཏེ། སྟན་བཟང་པོ་ལ་འདུག་ལ། བྱང་ཕྱོགས་སུ་ཁ་བལྟས་ཏེ། དགའ་བར་བཅས་པའི་ཡིད་ཀྱིས་མཆོད་པ་རྣམ་པ་ལྔ་སེར་བ་དང་། སྒེག་མོ་ལ་སོགས་པའི་མཆོད་ པས་ཡང་དག་པར་མཆོད་ལ། རིན་པོ་ཆེའི་ཁུ་ཚུར་གྱིས་དགང་གཟར་བླངས་ལ་སྦྱིན་སྲེག་བྱའོ། །མངོན་སྤྱོད་ལ་ནི་མེའི་ལྷ་མདོག་ནག་མོ་མཆེ་བ་གཙིགས་པ། འཇིགས་སུ་རུང་བ། རུས་པའི་རྒྱན་ཆ་ཅན། གོས་ནག་པོའི་སྟོད་གཡོགས་དང་སྨད་གཡོགས་གཡོན་དུ་ཁ་བསྟན་ནས་བགོས་པ་ བསམ་པར་བྱའོ། །བདག་ཉིད་གོས་སྔོན་པོའི་སྟོད་གཡོགས་དང་སྨད་གཡོགས་བགོས་ལ། དྲི་ནག་པོ་ལ་སོགས་པ་མཆོད་པའི་རྫས་དང་། སྲ་བའི་སྟན་ལ་གཤིན་རྗེའི་ཕྱོགས་སུ་བལྟས་ཏེ་འདུག་ནས་དངོས་སུ་ཁྲོ་བོ་ལྟ་བུར་མངོན་དུ་གྱུར་པར་བྱས་ནས། མཆོད་པ་རྣམ་པ་ལྔ་སྔོན་པོ་དང་། སྒེག་མོ་ ལ་སོགས་པས་ཡང་དག་པར་མཆོད་ལ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྦྱིན་སྲེག་བྱའོ། །དབང་དང་དགུག་པ་ལ་ནི་ཐམས་ཅད་དམར་པོར་ཤེས་པར་བྱ་སྟེ། ཁྱད་པར་ནི་འདི་ཡིན་ཏེ། བདེ་བའི་སྟན་ལ་ནུབ་ཕྱོགས་སུ་ཁ་བལྟས་ནས་དབང་གི་ལས་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པར་བྱའོ། ། དགུག་པ་ལ་ནི་སྟེང་དུ་ཁ་བལྟས་ཏེ། སྲ་བའི་སྟན་ལ་འདུག་པར་བྱའོ། །དེ་ལ་དབང་དུ་བྱེད་པ་ལ་པདྨའི་ཁུ་ཚུར་གྱིས་སོ། །འགུགས་པ་ལ་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཆེན་པོའི་ཁྲོ་བོ་ཁུ་ཚུར་གཡས་པ་དང་གཡོན་པས་སྦྱིན་སྲེག་བྱའོ། །དེ་ལྟར་དེ་སྐད་དུ་ཡང་། དགང་བླུགས་ལན་གསུམ་ བྱས་ལ། འབར་བའི་མེ་ལ་མཚན་ཉིད་མཁས་པས་མཚོན་པར་བྱའོ། །སྔགས་ཀྱིས་གྲུབ་པའི་རྒྱུ་མཚན་གྱིས། །དེ་ཡི་ངེས་པ་སྐྱེ་བར་འགྱུར། །འཇའ་ཚོན་ལྟ་བུར་དགེ་བ་དང་། །བྱི་རུ་བཅག་པའི་མདོག་འདྲ་དང་། །གཡས་སུ་འཁྱིལ་ཞིང་སྣུམ་པ་དང་། །ལྷམ་བུ་ཆུ་གཤེར་མདོག་འདྲ་ བ། །དགང་གཟར་བླུགས་གཟར་དབྱིབས་ལྟ་བུ། །ལེ་བརྒན་བཻཌཱུརྱ་འདྲའི་མདོག །རྩེ་གསུམ་རྡོ་རྗེ་དཔལ་བེའུ་དང་། །ཉ་དང་དུང་དང་པདྨ་དང་། །རྒྱལ་མཚན་གདུགས་དང་བུམ་པར་བཅས། །རྔ་ཡབ་གཡུང་དྲུང་ལྟ་བུར་འབྱུང་། །གླིང་བུ་རྔ་རིངས་ཟབ་པ་དང་། །དྲི་ཞིམ་ཡིད་དུ་འོང་བ་ཡི། ། གསེར་མདོག་དཀར་དང་དུད་མེད་དང་། །གསལ་དང་དྲི་མེད་ཉི་མའི་འོད། །གཡས་སུ་འཁྱིལ་ཞིང་འབར་བ་ཡི། །གང་ཞིག་བདེ་བར་འབར་བ་ནི། །ཞི་ལ་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོའི་མདོག །རྗེས་སུ་ཆགས་པ་དམར་པོ་སྟེ། །མངོན་སྤྱོད་ལ་ནི་སྔོ་ དང་གནག །ཡང་ན་རྩེ་གཅིག་ཤིས་པ་སྟེ། །རྩེ་མོ་གཉིས་ལ་འབྲིང་དུ་འགྱུར། །རྩེ་མོ་གསུམ་ལ་ཐ་མ་རུ། །སྒྲུབ་པས་མདོར་བསྡུས་ཤེས་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་དང་། མདའ་ལ་སོགས་པ་ཡང་ལྷ་ཐམས་ཅད་ཀྱི་ཕྱག་མཚན་ཡིན་པས་དངོས་གྲུབ་ཀྱི་ རྟགས་སུ་འགྱུར་རོ། །དུ་བ་འཚུབ་ཅིང་མེ་སྟག་འཕྲོ་བ་དང་། །རྐང་པས་ལྡང་ཞིང་འབར་བ་ཞན་པ་དང་། །མྱུར་བར་ཆད་ཅིང་གཟི་བརྗིད་མེད་པའི་འོད། །རྩུབ་ཅིང་མདོག་གནག་པ་ལ་ཤ་ཡི་མདོག །མདུང་དང་ཞིབ་མ་འདྲ་བ་དང་། །དེ་བཞིན་བ་གླང་མགོ་འདྲ་དང་། །མི་རོའི་དྲི་དང་ཉ་ཡི་དྲི། །ཡང་ན་ བོང་བུའི་སྒྲར་གྱུར་པ། །སྲེག་མཁན་འབར་བས་གདུངས་པ་དང་། །མྱུར་དུ་ཞི་བའི་རྣམ་པ་དང་། །མ་རུངས་འཇིགས་པར་བྱེད་པའི་གཟུགས། །མེ་ནི་བགེགས་དང་བཅས་པ་ཡིན། །དེ་ལྟར་བགེགས་དང་བཅས་པ་ཤེས་པར་བྱས་ལ། སྔ་མ་བཞིན་དུ་བསང་གཏོར་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱི་ ཕྱག་རྒྱ་དང་། སྔགས་ཀྱིས་སྦྱངས་ནས་སྲུང་བས་ཡོངས་སུ་བསྐྱང་བར་བྱའོ། །ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ད་ཁ་ད་ཧཱུཾ་ཕཊ་ཅེས་བྱ་བས་མར་གྱི་དགང་གཟར་བདུན་བླུགས་པར་བྱའོ། །དེ་ནས་ལག་པ་གཡས་པའི་མཛུབ་མོའི་རྩེ་མོ་རང་གི་མཐེ་བོས་མནན་ལ་ཕྱག་རྒྱ་འདི་དང་མེ་ལྷ་རང་གི་སྔགས་བརྗོད་ཅིང་རྡོ་རྗེ་ གནོད་སྦྱིན་ཡང་ཡོངས་སུ་བཟླས་པའི་ཆུས་ལག་པས་ལན་གསུམ་གྱི་བར་དུ་འཐོར་འཐུང་བྱའོ། །སྔ་མ་བཞིན་དུ་བསང་གཏོར་བྱས་ལ། ལྕེ་ལ་ཡི་གེ་ཧཱུཾ་བཀོད་དེ། དགང་བླུགས་གསུམ་མམ་བདུན་བྱའོ། །ཅུང་ཟད་ཞལ་གདངས་པ་ལ་ཞི་བའི་ལས་ཀྱི་སྦྱིན་སྲེག་བྱའོ། །དེ་བཞིན་དུ་དབང་གི་ལས་དང་། རྒྱས་པ་དང་། དགུག་པ་དང་། དྲག་པོ་ཉིད་ལ་ནི་ཤིན་ཏུ་ཞལ་གདངས་པར་མེའི་རང་གི་སྔགས་ཀྱིས་དབུལ་བར་བྱ་ཞེས་ཤེས་པར་བྱའོ། །ཞུ་བའི་རྫས་ཐམས་ཅད་ཞལ་དུ་དབུལ་བར་བྱའོ། །ཡམ་ཤིང་རྣམས་དང་དེ་བཞིན་དུ་མི་རུས་ཀྱི་ཕྱེ་མ་ལ་སོགས་པ་རྣམས་ནི་འོད་ཀྱི་དཀྱིལ་འཁོར་རོ། །ཞོ་དང་ བཟའ་བ་ལ་སོགས་པ་ནི་ཕྱག་ཏུའོ། །མེ་ཏོག་ནི་དབུ་ལའོ། །དྲི་ཆབ་ནི་ཐུགས་ལའོ། །བདུག་པ་ནི་སྣ་ལའོ། །དེ་ལྟར་དགང་བླུགས་བྱས་ནས། རྫས་ཐམས་ཅད་སོ་སོར་ལན་གསུམ་གསུམ་དབུལ་བར་བྱའོ། །རིམ་པ་འདི་ཡིན་ཏེ། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། ། དེ་འོག་ཞོ་དང་འབྲས་ཆན་སོགས། །ཆོ་ག་འདིས་ནི་མདོར་བསྡུས་པའོ། །དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ། མེ་ལྷ་འབར་བའི་གཟུགས་ཅན་ཞུ་བར་གྱུར་པའམ། ཡང་ན་ཤར་ལྷོའི་མཚམས་སུའམ། ཡང་ན་ཁྱམས་ལ་རང་གི་གཟུགས་ཀྱིས་གཞག་པར་བྱའོ། །དེ་ནས་ཞི་བ་ལ་ སོགས་པའི་ལས་དང་རྗེས་སུ་མཐུན་པའི་གནས་ལ་བཞུགས་པའི་མེའི་དབུས་སུ་ལྷའི་གདན་བསམ་པར་བྱའོ། །དེ་ལ་ཞི་བ་ལ་ནི་ཡི་གེ་ཨོཾ་ལས་པདྨ་དཀར་པོ་བསྐྱེད་ལ། དེའི་སྟེང་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ་བཛྲ་དྷཱ་ཏུ་སྭཱ་ཧཱ་ཞེས་བྱ་བས་བསམ་པར་ བྱའོ། །དེ་ནས་བསྡུ་བ་བྱས་ལ། ཕྱི་རོལ་དུ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ཇི་ལྟར་བྲིས་པ་དེ་བཞིན་དུ་བསམས་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་དང་། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་ གོ་ཆས་སྲུང་བ་རྣམས་ཡང་དག་པར་བསྲུངས་ལ་མཆོད་ཡོན་ཕུལ་ནས། ཕྱག་རྒྱ་བཞིས་རྒྱས་བཏབ་ལ། དབང་བསྐུར་ཏེ་མེ་ཏོག་ལ་སོགས་པ་མཆོད་པ་ལྔ་དང་། སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་མཆོད་པར་བྱའོ། །དེ་ནས་ཕྱག་རྒྱ་བཞི་བྱས་ལ་བཅོམ་ལྡན་འདས་ལ་མཆོད་ཡོན་དང་ འཐོར་འཐུང་དང་། བསང་གཏོར་བྱས་ཏེ་ཆོ་ག་རྣམས་རྗེས་སུ་སྤྱད་ནས། དེའི་ལྗགས་ལ་ཡི་གེ་ཧཱུཾ་བསམས་ནས་མར་གྱི་དགང་བླུགས་གསུམ་མམ་བདུན་དབུལ་བར་བྱའོ། །ཞི་བའི་ལས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་དགང་གཟར་དང་བླུགས་གཟར་གཟུང་བར་བྱའོ། །དེ་ནས་སྔར་བཤད་ པ་བཞིན་དུ་རྗེས་སུ་མཐུན་པའི་རྫས་ཐམས་ཅད་རེ་རེ་ཞིང་ཡང་ལན་གསུམ་གྱི་བར་དུ་དབུལ་བར་བྱའོ། །དགང་གཟར་གྱིས་གཟུང་དུ་འདོད་པའི་རྫས་ཀྱི་ཁྱད་པར་དེ་དག་ནི་དགང་གཟར་གྱིས་དབུལ་བར་བྱའོ། །ཡམ་ཤིང་ནི་ལག་པས་དབུལ་བར་བྱའོ། །དེ་ནས་དགང་གཟར་གྱིས་ཏིལ་གྱི་སྦྱིན་སྲེག་ གིས་སྡིག་པ་བསྲེག་པར་བྱའོ། །དེ་ལ་འདི་ནི་ཞི་བའི་སྦྱིན་སྲེག་གི་སྙིང་པོ་ཡིན་ཏེ། ཨོཾ་སརྦྦ་པཱ་པཾ་ད་ཧ་ན་བཛྲ་ཡ་ཆེ་གེ་མོ་པཱ་པཾ་ནིར་ད་ཧ་ན་སྭཱ་ཧཱ། དེ་ལྟར་སྦྱིན་སྲེག་བྱས་པའི་མཐར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་མུཥྚི་བཾ་ཞེས་བྱ་བ་རིགས་ཀྱི་སྙིང་པོ་བརྗོད་ནས། ལན་གསུམ་གྱི་བར་དུ་ མར་གྱི་དགང་བླུགས་ཀྱིས་མེ་སྤར་ལ་ཡི་གེ་ཧཱུཾ་བཟླས་ཏེ། མཆོད་ཡོན་ཕུལ་ནས། དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། ཕྱག་བྱས་ཏེ་མཆོད་ཡོན་ཕུལ་ནས། མངོན་པར་འདོད་པ་དངོས་གྲུབ་ཀྱི་ ཕྱིར། གསོལ་བ་བཏབ་ལ་ཕྱག་རྒྱ་དགྲོལ་བར་འདོད་ན། བཛྲ་ས་ཏྭ་བཛྲ་ས་ཏྭ་ཞེས་ཡང་དང་ཡང་བཟླ་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་ གསོལ་བ་བཏབ་ནས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ཏེ། གྱེན་དུ་བཀྲོལ་ལ་བཛྲ་ས་ཏྭ་མུཿཞེས་བྱའོ། །དེ་ལྟར་རྒྱལ་བའི་བཞུགས་གནས་ཀྱི་དཀྱིལ་འཁོར་དུའམ། སངས་རྒྱས་ཀྱི་ཡུལ་དུ་སྒྲུབ་པ་པོ་མངོན་པར་འདོད་པའི་དབང་གིས་བཅོམ་ལྡན་འདས་གཤེགས་སུ་གསོལ་བར་བྱའོ། །སླར་ ཡང་མེ་ལྷའི་སྦྱོར་བས་མེ་ཏོག་གིས། དེའི་སྔགས་དང་ལྡན་པས་ཐབ་ཀྱི་དབུས་སུ་བཞུགས་སུ་གསོལ་ལ། བསང་གཏོར་དང་འཐོར་འཐུང་བྱས་ནས། སྦྱིན་སྲེག་གི་རྫས་ལྷག་མ་རྣམས་ཀྱི་སྦྱིན་སྲེག་གིས་ཚིམ་པར་བྱས་ལ། དགང་བླུགས་དང་འཐོར་འཐུང་ཕུལ་ལ། བསང་གཏོར་བྱས་ནས་མཆོད་ པ་དང་། མཆོད་ཡོན་ཕུལ་ཏེ། མངོན་པར་འདོད་པའི་དངོས་གྲུབ་དེས་བླང་བར་བྱའོ། །དེ་ནས་བཛྲ་ས་ཏྭ་ཞེས་སྔ་མའི་བཟླས་པ་བྱས་ལ། ཕྱག་རྒྱ་དགྲོལ་བ་ལ་སོགས་པ་བྱས་ནས། སྔ་མ་བཞིན་དུ་གཤེགས་པའི་ཕྱིར་བསྐུལ་ཏེ། བཛྲ་ཧཱུཾ་མུཿཞེས་བྱ་བས་སྤྱི་བོར་བཀྲོལ་ལ་གཤེགས་སུ་ གསོལ་བར་བྱའོ། །དེ་ནས་རང་གི་ལྷ་ཇི་ལྟ་བ་བཞིན་དུ་མཆོད་ནས་སྔ་མ་བཞིན་དུ་གཤེགས་སུ་གསོལ་ནས་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བའམ། ཐུན་གསུམ་གྱི་སྦྱོར་བས་རྟག་ཏུ་བྱའོ། །ཇི་ལྟར་ཞི་བས་རང་དང་གཞན་ལ་བྱེད་པ་དེ་བཞིན་དུ་འདིར་ཡང་། ཡམ་ཤིང་ དམར་པོ་རྣམས་ཀྱིས་མེ། །རབ་སྦར་རྡོ་རྗེ་ཁྲོ་བོ་ཡི། །མཉམ་པར་གཞག་པས་སྙོམས་ཞུགས་ལ། །ཏིལ་བསྲེགས་པས་ནི་སྡིག་སྲེགས་ཤིག །ཅེས་བྱའོ། །རྒྱས་པ་ལ་ཡང་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་རྣམ་པར་སྣང་མཛད་བཞིན་དུ་ཐབ་ཁུང་གི་དབུས་སུ་བསྒོམས་ལ། ནོར་ བུའི་ཁུ་ཚུར་གྱིས་འབྲས་ཀྱི་སྦྱིན་སྲེག་བྱའོ། །ཨོཾ་བཛྲ་པུཥྚ་ཡེ་ཆེ་གེ་མོ་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱའོ། །དེ་ལྟར་རིམ་པ་འདིས། ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མེ་ནི་རབ་ཏུ་སྤར་ནས་ཀྱང་། །རྟག་ཏུ་འབྲས་ནི་བསྲེག་བྱས་ན། །གདོན་མི་ཟ་བར་ཁྱིམ་རྒྱས་འགྱུར། །ཞེས་བྱའོ། །ཚེ་རིང་བ་བསྒྲུབ་པ་ ན་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེ་བཞིན་དུ་བསྒོམས་ལ། ཞི་བའི་ཐབ་ཁུང་གི་དབུས་སུ་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཁ་བྱང་ཕྱོགས་སུ་བལྟས་ནས་དཱུར་བའི་ཡལ་ག་མར་དང་བཅས་པ་སྙིང་པོ་འདིས་བསྲེག་པར་བྱའོ། །ཨོཾ་བཛྲ་ཨཱ་ཡུར་ཆེ་གེ་མོ་ཨཱ་ཡུརྡ་དེ་སྭཱ་ཧཱ་ཞེས་བྱ་ བས། ཡམ་ཤིང་དམར་པོ་རྣམས་ཀྱིས་ཀྱང་། །མཁས་པས་རབ་ཏུ་མེ་སྦར་ཏེ། །དཱུར་བའི་ཡལ་ག་མར་བཅས་པས། །སྲེག་པར་བྱེད་ན་ཚེ་འཕེལ་ལོ། །དེ་ནས་རང་དང་གཞན་སྲུང་བར་བྱ