Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 57
Văn bản gốc(Tây Tạng)
Trang 14 / 23 (50.000 ký tự/trang)
ཞག་པ་ནི་ལས་ཀྱིའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་ཐོང་ག་སྟེ་ནམ་ཚོང་དུ་གཞག་པ་བསྲུང་བའི་འོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་སྙིང་གའི་ཕྱོགས་སུ་བཞག་པས་ན་ཁར་གཞག་པའོ། །ཇི་ལྟར་ཞེ་ན་མཐེབ་གནས་ཞེས་བྱ་བ་གསུངས་ཏེ། མཐེ་བོང་དང་མཛུབ་མོ་གཉིས་བཀུག་པ་དང་བཅས་པས་ཁར་གཞག་པ་ནི་རྡོ་རྗེ་གནོད་སྦྱིན་གྱིའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་མདུན་དུ་གཞག་པ་ནི། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་དང་ ཆོས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་འདིར་གཟུང་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་གྱིའོ། །ལས་མཆོག་ཅེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྲ་མའི་རྡོ་རྗེ་ཅན་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡེ་ ཤེས་ཁུ་ཚུར་དམ་ཚིག་ལས་ཞེས་བྱ་བ་ལ། ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ཏེ། དེའི་ཁུ་ཚུར་ཡིན་པས་ན། ཡེ་ཤེས་ཁུ་ཚུར་ཏེ་ཆོས་ཀྱི་དཀྱིལ་འཁོར་གྱི་ཁུ་ཚུར་རོ། །དེའི་དམ་ཚིག་གི་ཕྱག་རྒྱ་ནི་ཡེ་ཤེས་ཁུ་ཚུར་དམ་ཚིག་སྟེ། དེ་ལ་གཉིས་སུ་བྱས་ནས་གཡོན་པའི་རྡོ་རྗེ་སོར་མོ་བཟུང་ལ། གཡས་པ་ བསྒྲེང་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེས་ འདུལ་བའི་སྐྱེ་བོ་རྣམས་ཀྱི་ཕྱིར། ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད་ལའོ། །དེ་ལ་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་བཤད་མ་ཐག་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བསྟན་པ་ཡིན་པར་ ཤེས་པར་བྱའོ། །ཡང་ཞེས་བྱ་བའི་སྒྲས་ནི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པ་ལ་ལྟོས་ན་སླར་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོད་པ་ནི་མཆོད་པ་ཆེན་པོ་དང་། དབང་བསྐུར་བའི་མཆོད་པ་ དང་། ཆོས་ཀྱི་མཆོད་པ་དང་། ལས་ཀྱི་མཆོད་པའི་རང་བཞིན་ནོ། །དེའི་ཆོ་ག་རྒྱས་པ་ནི་རྣམ་པར་རྒྱས་པ་སྟེ། རེ་རེ་ཞིང་ཡང་སྣ་ཚོགས་པའི་ཚུལ་ཉིད་དོ། །དེས་ཁྱབ་པ་ནི་རྣམ་པ་སྣ་ཚོགས་པའི་ཚུལ་ཏེ། དེ་རྣམས་ཀྱིས་ནམ་མཁར་ཁྱབ་པའོ། །དེ་ཉིད་ནི་ལས་སོ། །དེའི་དམ་ཚིག་ནི་རྒྱུའོ། །འདིའི་འོག་ ནས་བཤད་པའི་དམ་ཚིག་གི་དོན་རྣམས་དེ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་དཀྱིལ་འཁོར་ཏེ། དེ་ཉིད་ནི་རྡོ་རྗེའོ། །བྱིན་གྱིས་བརླབ་པ་ནི་ཏིང་ངེ་འཛིན་གང་གིས་བརྟེན་པར་བྱེད་པ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པའི་ མཆོག་འདི་སྨྲས་པ་ནི་བཀའ་སྩལ་པ་སྟེ། རང་གི་ལས་ཀྱི་དཀྱིལ་འཁོར་བརྟེན་པར་བྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་རིག་པ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་སེམས་དཔའ་ཡང་ཡིན་པས་ན། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་ལ་སོགས་པ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་མཆོད་པ་བླ་ན་མེད་པ་ནི་མཆོད་པ་ཆེན་པོའོ། །དེའི་ཆོ་ག་རྒྱས་པ་ནི་རབ་ཏུ་དགའ་ཞིང་བདེ་བ་ལ་སོགས་པའི་དབྱེ་བས་སོ། །དེའི་ཁྱབ་པས་ནི་སྤྲོས་པས་ནམ་མཁའ་ཁྱབ་ པ་སྟེ། དེ་ཉིད་ནི་ལས་སོ། །དེའི་དམ་ཚིག་ནི་མི་བསྐྱོད་པའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་ནི་རྡོ་རྗེ་སྟེ། དེ་བྱིན་གྱིས་བརླབ་པ་ནི་བརྟན་པར་བྱའོ། །དེ་ཏིང་ངེ་འཛིན་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པ་མཆོག་སྨྲས་སོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྡོ་རྗེའི་རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པ་དེ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་མཆོད་པ་བླ་ན་མེད་པ་ནི་དབང་བསྐུར་བའི་མཆོད་པའོ། །དེའི་ཆོ་ག་རྒྱས་པ་ནི་དབང་མོ་ཆེན་མོ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྣམ་པར་རྒྱས་པའོ། །དེས་ཁྱབ་པ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ནི་འོད་དཔག་ཏུ་མེད་པ་ལ་སོགས་པ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་མཆོད་པ་བླ་ན་མེད་པ་ནི་ཆོས་ཀྱི་མཆོད་པའོ། །དེའི་ཆོ་ག་རྒྱས་པ་ནི་ཡེ་ཤེས་ཆེན་མོའི་གླུ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྣམ་པར་རྒྱས་པའོ། །དེའི་ཁྱབ་པར་ནི་སྔ་མ་བཞིན་ནོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ནི་དོན་ཡོད་པར་གྲུབ་པ་ལ་སོགས་པ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་མཆོད་པ་བླ་ན་མེད་པ་ནི་ལས་ཀྱི་མཆོད་པའོ། །དེའི་ཆོ་ག་རྒྱས་པ་ནི་སེམས་མ་ཆེན་མོ་ལ་སོགས་པའི་དབྱེ་བས་སོ། །དེའི་ཁྱབ་པར་ནི་དེས་ཁྱབ་པའོ། །དེ་ཉིད་ནི་ལས་ཡིན་པས་ན་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པའི་ཁྱབ་པའི་ལས་སོ། །དེའི་དམ་ཚིག་ནི་དོན་ཡོད་པར་གྲུབ་པའོ། །ལས་ཀྱི་དཀྱིལ་འཁོར་དེ་ཉིད་ནི་རྡོ་རྗེའོ། །དེ་བྱིན་གྱིས་བརླབ་པ་ནི་སེམས་བརྟེན་པར་བྱེད་པ་སྟེ། དེ་ཏིང་ངེ་འཛིན་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་ པར་འཇུག་པ་ནི་མངོན་དུ་མཛད་ནས། རང་གི་རིག་པའི་མཆོག་ཅེས་པ་རང་གི་རིགས་བྱིན་གྱིས་རློབ་པར་བྱེད་པ་སྟེ། རང་གི་རིག་པ་ཐམས་ཅད་ཀྱི་ནང་ནས་དམ་པ་ཡིན་པས་རང་གི་རིག་པའི་མཆོག་སྟེ། དེ་ཐུགས་ལ་གནས་པ་འདི་སྨྲས་པ་ནི་བཀའ་སྩལ་པ་སྟེ། རང་གི་རིགས་ཀྱི་ལས་དཀྱིལ་འཁོར་བརྟེན་ པར་བྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་རིག་པའི་མཆོག་གསུངས་སོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པར་བྱེད་པ་སྟེ། རིག་པ་རྣམས་ཀྱིས་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་རྗེས་ ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཆོད་པ་ནི་མཆོད་པ་ཆེན་པོ་ལ་སོགས་པའི་ཚུལ་ལོ། །དེའི་ཆོ་ག་རྒྱས་པ་ནི་རབ་ཏུ་དགའ་ཞིང་བདེ་བ་མ་དང་། དབང་མོ་ཆེན་མོ་ལ་སོགས་པའི་དབྱེ་བས་ཕྱེ་བའི་རྣམ་པར་རྒྱས་པའོ། །དེས་ ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པ་ནི་སྟོང་པ་ཐམས་ཅད་སྤྲོས་པའོ། །ཁྱབ་པ་ཉིད་ལས་ཡིན་པས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པའི་ལས་སོ། །དེའི་དམ་ཚིག་ནི་རྒྱུ་གང་ཡིན་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟར་མི་ཕྱེད་པས་ན། དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ ལས་ཀྱི་དཀྱིལ་འཁོར་གྱི་ཚུལ་དུ་རྣམ་པར་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་ གཤེགས་པ་ལྔའི་ཐུགས་ལའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ནི་སེམས་དཔའ་རྡོ་རྗེའི་གཟུགས་ཅན་ནོ། །རྣམ་པ་སྣ་ཚོགས་པའི་མཆོད་པ་ཐམས་ཅད་ཀྱི་བཀོད་པའི་ཆོ་ག་རྒྱས་པ་ནི་རབ་འབྱམ་གྱི་སྤྲིན་གྱི་རྒྱ་མཚོའི་ལྷ་མོ་རྣམས་སུ་གྱུར་ཏེ་བྱུང་ནས། སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཆོ་འཕྲུལ་ཐམས་ཅད་ བསྟན་ནས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །མཆོད་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོ་དེ་རྣམས་ཀྱང་ཁྱབ་པར་ཇི་ལྟ་བུ་ཞིག་ཅེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་ཐམས་ཅད་ནི་སྟོང་པ་ཉིད་དོ། །དེར་ཁྱབ་པ་ནི་སྤྲོས་པ་ཁྱབ་པར་གྱུར་པའོ། །དེ་བཞིན་དུ། ནམ་མཁའི་དབྱིངས་ ཀུན་དུ་རྒྱས་པ། །ཞེས་བྱ་བ་ནི། འདི་ནམ་མཁའི་དབྱིངས་ཐམས་ཅད་དུ་ཀུན་ནས་རྒྱས་ཤིང་ཁྱབ་པས་ནམ་མཁའི་དབྱིངས་ཀུན་དུ་རྒྱས་པ་ཞེས་བྱ་སྟེ། འདི་ནི་འཇིག་རྟེན་དུ་གྲགས་པས་བཤད་པ་ཡིན་ནོ། །དེ་ལྟ་བུ་སུ་ཞིག་ཡིན་ཞེ་ན། རྣམ་པ་སྣ་ཚོགས་པའི་མཆོད་པ་ཐམས་ཅད་ཅེས་བྱ་བ་གསུངས་ཏེ། རབ་ཏུ་དགའ་ ཞིང་བདེ་བ་མ་ལ་སོགས་པའི་རང་བཞིན་ནོ། །དེ་རྣམས་ཀྱི་བཀོད་པ་ནི་ཚོགས་རྣམས་སོ། །དེ་རྣམས་ཀྱི་ཆོ་ག་རྒྱས་པ་ནི་རྣམ་པར་རྒྱས་པའོ། །དེའི་རབ་འབྱམ་ནི་རྒྱུན་ནོ། །དེའི་སྤྲིན་ནི་དེ་རྣམས་ཀྱི་ཕུང་པོའོ། །དེའི་རྒྱ་མཚོ་ནི་དེ་རྣམས་ཀྱི་ཡང་ཚོགས་ཏེ། དེ་ལྟ་བུའི་ཚད་ཀྱི་ལྷ་མོ་རྣམས་སུ་གྱུར་ཏེ་བྱུང་བ་ནི་ མཐོན་པོའོ། །བྱུང་ནས་ཅི་ཞིག་མཛད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་འབྱམ་གྱི་སྤྲིན་གྱི་རྒྱ་མཚོ་རྣམས་སུ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ནི་སྟོང་གསུམ་ལ་སོགས་པའོ། །དེ་རྣམས་ཀྱི་རབ་འབྱམ་གྱི་སྤྲིན་གྱི་རྒྱ་མཚོ་དེ་དག་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་དཀྱིལ་འཁོར་གང་ དག་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་དུ་དེ་ཐམས་ཅད་བསྟན་ནས་བཞུགས་སོ། །ཅི་ཞིག་བསྟན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ བསྐྱེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་བྱ་བ་ནི་བསྒོམ་པའོ། །ཀུན་དུ་བཟང་པོའི་སྤྱོད་པ་ནི་གཟུགས་ཐམས་ཅད་ཡང་དག་པར་སྟོན་པས་སེམས་ཅན་གྱི་དོན་མཛད་པའོ། །དེ་བསྒྲུབ་པ་ནི་རྫོགས་པའོ། །བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ནས་འོག་མིན་གྱི་གནས་དང་མིའི་ཡུལ་དུ་བྱང་ཆུབ་ཀྱི་སྙིང་པོར་བཞུད་པའི་ཕྱིར་སྙིང་པོ་སྟེ་གཅེས་པར་གྱུར་པའི་གནས་དེར་ཉེ་བར་འགྲོ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བའོ། །བདུད་བཞི་པོ་ནི་བདུད་ཐམས་ཅད་དེ། དེ་རྣམས་འདུལ་བ་ནི་ཚར་གཅད་ཅིང་གཞན་གྱིས་མི་ཐུབ་ པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་ཐུགས་སུ་ཆུད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ནི་རྡོ་རྗེ་དབྱིངས་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ རིགས་ཀྱི་དཀྱིལ་འཁོར་རྣམས་ཏེ་དེ་རྣམས་བསྐྱེད་པའོ། །ཁམས་གསུམ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱས་པ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཁམས་གསུམ་པའི་འཁོར་ལོ་མ་ལུས་པ་བྲན་གྱི་བར་དུ་མཛད་ཅིང་རྣམ་པར་རྒྱལ་བའོ། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འགྲོ་བ་འདུལ་བའི་དུམ་བུ་ ལས་གསུངས་པའི་དཀྱིལ་འཁོར་གྱི་དམ་པ་ཆོས་ཀྱི་འཁོར་ལོ་ལ་རབ་ཏུ་འཇུག་པའོ། །སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་དོན་བྱ་བ་ནི་དོན་ཐམས་ཅད་གྲུབ་པའི་རིགས་སུ་སྤྲུལ་ནས་བསམ་པ་ཐམས་ཅད་རྫོགས་པར་བྱ་བའོ། །དེ་ཉིད་ལ་སོགས་པ་སངས་རྒྱས་ཀྱི་སྤྲུལ་པ་དང་། རྫུ་འཕྲུལ་དང་ ཆོ་འཕྲུལ་ཐམས་ཅད་གང་ཡིན་པ་དེ་སྟོན་ཅིང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བཞུགས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ལྟར་བཞུགས་ནས་མཆོད་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོ་རབ་ཏུ་དགའ་ཞིང་བདེ་བ་མ་ལ་སོགས་པ་དེ་དག་ཀྱང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །ཁྱབ་པར་ ཇི་ལྟ་བུ་ཞེ་ན་རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་ཅིང་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ལ་སོགས་པ་རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བསྣམས་པ་ནི་རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་རོ། ། ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ཕྱག་རྒྱ་དང་། སྔགས་དང་། གར་གྱི་མཆོད་པ་རྣམས་དང་། ཕྱིའི་མེ་ཏོག་དང་། གཞལ་ཡས་ཁང་ལ་སོགས་པས་ཡང་དག་པར་མཆོད་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་དེའི་དབྱིབས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆ་ ལུགས་འཛིན་པའི་ལྷ་མོ་རྣམས་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་ཆེའོ། །སངས་རྒྱས་རྣམས་ཀྱི་མཆོད་པ་ཡང་ཡིན་པས་ན་སངས་རྒྱས་མཆོད་པ་སྟེ། མཆོད་པ་ཆེན་པོ་ལ་སོགས་པའི་ཚུལ་ལོ། །བདག་ཅེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། ། མཆོད་པ་ཀུན་ནི་ཞེས་བྱ་བ་ནི་མཆོད་པ་ཆེན་པོ་ལ་སོགས་པའི་རང་བཞིན་ཏེ་དེ་དག་བྱེད་པ་ཡིན་ནོ། །གལ་ཏེ་ཁྱེད་དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་པ་ཡིན་པ་ལ། ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་སངས་རྒྱས་ཉིད་ཆེད་དུ། །སངས་རྒྱས་ཀུན་གྱིས་གྲུབ་པར་མཛད། །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ངོ་བོ་ཉིད་ནི་སངས་རྒྱས་ཉིད་དོ། །དེས་ཆེ་བ་ཉིད་དུ་གྱུར་པས་ན་ཆེན་པོ་སྟེ། ནམ་མཁའི་ཁམས་ཐམས་ཅད་དུ་རྟག་ཏུ་བཞུགས་པའི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ཉིད་དོ། །དེ་ལྟ་བུའི་ཆེན་པོར་གྱུར་པ་ཉིད་བདག་གིས་ཐ་མི་དད་པར་གྱུར་པ་ཉིད་ཀྱིས་མཆོད་ནས། སངས་རྒྱས་ཐམས་ཅད་གྲུབ་པར་མཛད་ ཅིང་རྣལ་འབྱོར་པས་གདུལ་བྱའི་སེམས་ཅན་རྣམས་ལ་སྩོལ་བར་མཛད་དོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གང་ཡིན་པ་ནི་བདག་ཡིན་ལ་བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཡིན་ན་གདུལ་བྱའི་རྣལ་འབྱོར་པ་རྣམས་ཀྱིས་ཐ་དད་པར་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་ ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། ལྷ་མོ་རྣམས་སུ་སྤྲུལ་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི། མཆོད་པ་ཆེན་པོ་ལ་སོགས་པའི་མཆོད་པ་རྣམས་སོ། །དེ་ཉིད་ལ་སོགས་པ་ནི་ཀུན་དུ་བཟང་པོའི་སྤྱོད་པ་ལ་སོགས་པ་ལས་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ལ་ དེ་སྐད་ཅེས་བྱའོ། །ལྷ་མོ་རྣམས་སུ་སྤྲུལ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ལ་སོགས་པ་ལས་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་མཆོད་པའི་ལས་ཀྱི་ཆོ་ག་རྒྱས་པའོ། །རྡོ་རྗེ་རྣམས་ཀྱི་བྱ་བ་ཡིན་པས་ན་རྡོ་རྗེའི་བྱ་བ་སྟེ། མཆོད་པ་ཆེན་པོ་ལ་སོགས་པ་རྫོགས་པར་བྱེད་པའི་ལས་སོ། །དེས་ཉེ་བར་མཚོན་པས་ ན་རྡོ་རྗེ་ཞེས་བྱ་བའི་ལས་ཀྱི་དཀྱིལ་འཁོར་ཏེ་ལས་གཙོ་བོར་གྱུར་པའི་དཀྱིལ་འཁོར་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེ་བཤད་པ་ནི་བཀའ་སྩལ་པ་སྟེ། དཀྱིལ་འཁོར་གྱི་ལྷ་མོ་རྣམས་སྐྱེད་པར་བྱེད་པར་རིག་པ་རྣམས་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའི་ལྷ་མོ་ དེ་རྣམས་གསུངས་པ་ཡིན་ཏེ་ཤིན་ཏུ་དགའ་བས་ན་རབ་ཏུ་དགའ་ཞིང་སྟེ། སེམས་ཅན་ཡོངས་སུ་སྨིན་པ་དང་། ཆོས་ཀྱི་དབྱིངས་ཟག་པ་མེད་པའི་བདེ་བ་དང་། ཡིད་བདེ་བའི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེ་ཡང་། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་དབང་ཕྱུག་ཆེ། །རྡོ་རྗེ་ཆེན་ པོ་འཛིན་རྒྱལ་པོ། །རབ་དགའ་མཆོག་ཏུ་མི་འགྱུར་བ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རབ་ཏུ་དགའ་བ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་ཞིང་ངོ་། །དེ་ཉིད་ཀྱི་རང་བཞིན་ཅན་གྱི་བདེ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ རབ་ཏུ་དགའ་ཞིང་བདེ་མ་སྟེ། རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པ་ནི་སྤྱན་འདྲེན་པ་སྟེ། དེ་གང་གིས་མཛད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་མ་སྟེ། རྡོ་རྗེ་རྒྱལ་པོའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་ཅིང་ སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་སྟེ། རྡོ་རྗེ་ཆགས་པའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་དགྱེས་པར་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་གང་ཞིག་བྱེད་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བྱེད་པ་མོ་སྟེ་ལེགས་པའི་རང་ བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཆེན་པོ་ཞེས་བྱ་བ་ནི། འདི་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ཡིན་པས་དེ་སྐད་ཅེས་བྱའོ། །དབང་མོ་ཡང་ཡིན་ལ་ཆེན་མོ་ཡང་ཡིན་པས་ན་དབང་མོ་ཆེན་མོ་སྟེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་སྟེ། དེའི་ཚུལ་གྱི་ལྷ་མོ་ནི་དབང་མོ་ཆེན་མོ་ཞེས་བྱའོ། །སྣང་བ་ཆེན་མོ་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པའི་སྣང་བ་མངའ་བ་རྡོ་རྗེ་ཉི་མའི་མཚན་མའི་ཕྱག་རྒྱ་མངའ་བས་ན་སྣང་བ་ཆེན་མོ་སྟེ། རྡོ་རྗེ་ཉི་མ་དེའི་ཚུལ་འཛིན་པའི་ལྷ་མོའོ། །རིན་པོ་ཆེ་ཆེན་པོའི་ཆར་འབེབས་པ་ནི་རྡོ་རྗེ་ དཔལ་ཏེ། དེའི་གཟུགས་འཛིན་པའི་རིག་པའི་ལྷ་མོའོ། །རབ་ཏུ་དགའ་ཞིང་མགུ་མ་ནི་དགའ་བ་ཆེན་པོ་ཉིད་ཀྱིས་མགུ་ཞིང་ཡིད་བདེ་བ་མངའ་བར་རབ་ཏུ་དགའ་ཞིང་མགུ་བ་ཆེན་པོ་སྟེ། རྡོ་རྗེ་བཞད་པའི་གཟུགས་འཛིན་གྱི་རིག་པའི་ལྷ་མོ་ཆེན་མོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་མཆོད་ པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་མཆོད་པའི་རང་བཞིན་ནོ། །ཡེ་ཤེས་ཆེན་མོའི་གླུ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་ཆོས་ལ་ངེས་པའོ། །རྡོ་རྗེ་ཆོས་དེའི་གཟུགས་འཛིན་པའི་གླུ་རབ་ཏུ་ལེན་པའི་ལྷ་མོ་གང་ཡིན་པ་དེ་ནི་ཡེ་ཤེས་ ཆེན་པོའི་གླུའོ། །དབྱངས་ཆེན་པོ་ནི་འཇམ་པའི་དབྱངས་སོ། །དེའི་རྗེས་སུ་འགྲོ་བ་གང་ཡིན་པ་དེ་ནི་དབྱངས་ཆེན་མོའི་རྗེས་སུ་འབྲང་མའོ། །དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ནི་ལྷ་མོ་འདི་ཡོད་ན་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་བས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་མ་སྟེ། རྡོ་རྗེ་གཟུགས་ ཅན་གྱི་རིག་པ་གང་ཡིན་པ་དེའོ། །སྔགས་ཀྱི་སྤྱོད་པ་ནི་རྡོ་རྗེ་སྨྲ་བ་སྟེ། དེའི་གཟུགས་ཅན་གྱི་རིག་པ་གང་ཡིན་པ་ནི་སྔགས་ཀྱི་སྤྱོད་པ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་རང་བཞིན་གྱི་མཆོད་པའོ། །སེམས་མ་ཅན་ནི་ཞེས་བྱ་བ་ལ་སོགས་པའི་ རྡོ་རྗེ་ལས་སོ། །དེའི་གཟུགས་གང་ལ་མངའ་བ་དེ་ནི་སེམས་མ་ཅན་ནོ། །བྱང་ཆུབ་ཀྱི་ཡན་ལག་ཆེན་པོ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དེ་གང་ལ་མངའ་བ་དེ་ནི་བྱང་ཆུབ་ཆེན་པོའི་ཡན་ལག་ཅན་ཏེ། རྡོ་རྗེ་བསྲུང་བའི་གཟུགས་ཅན་ནོ། །མིག་ལྡན་ཞེས་བྱ་བ་ནི་གང་ལ་སྤྱན་མངའ་བ་གང་ཡིན་ པ་དེ་ནི་མིག་ལྡན་མ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ནོ། །དྲི་ལྡན་མ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དྲི་གང་ལ་མངའ་བ་དེ་ནི་དྲི་ལྡན་མ་སྟེ། རྡོ་རྗེ་ཁུ་ཚུར་གྱི་གཟུགས་ཅན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ལས་ཀྱི་མཆོད་པའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ལས་ཀྱི་རང་བཞིན་གྱི་མཆོད་པའོ། །རྡོ་རྗེ་སེམས་མ་ལ་སོགས་པ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་རིག་པ་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཡིན་པར་ཤེས་པར་བྱའོ། །རྣམ་པར་ སྣང་མཛད་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་བར་དུ་རང་རང་གི་རིག་པ་འདི་རྣམས་ཀྱིས་སྤྲུལ་པའི་རྗེས་ཐོགས་ཉིད་ལ་རང་རང་གི་གནས་སུ་བཀོད་པ་ནི་ལས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ཡིན་ཏེ། འདིར་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་མཆོད་པའོ་ཞེས་བྱ་བའི་གཞུང་གིས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ། །ལས་ཀྱི་དཀྱིལ་འཁོར་ལས་གསུངས་ པའི་སྒྲུབ་པ་རྣམས་ནི་ལས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་བྱའོ་ཞེས་བརྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལས་གསུངས་པའི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་ སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་རྣལ་འབྱོར་ཆེན་པོ་སྔར་བཤད་པ་ཉིད་བྱས་པའི་རྗེས་ལ། སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་དྲིལ་བུ་ཐོགས་ལ་ཕྱག་རྒྱ་ བཞིའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་གས་རང་གི་སྙིང་གར་ལས་ཀྱི་དཀྱིལ་འཁོར་སྤྲུལ་ལ། རིག་པ་ཐམས་ཅད་རེ་རེ་ཞིང་བཟླས་བརྗོད་ཁྲི་བྱ་བ་ནི་འདིར་སྔོན་དུ་བསྙེན་པ་ཡིན་ནོ། །རྡོ་རྗེ་རྣམས་ཀྱི་བྱ་བ་ནི་རྡོ་རྗེའི་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱ་བ་དེའི་ཕྱིར་ལས་ ཀྱི་དཀྱིལ་འཁོར་བཤད་དོ། །དེའི་ལས་ཅི་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་མཆོད་པ་བྱེད་ཅེས་བྱ་བ་གསུངས་ཏེ། ལས་དེ་རྫོགས་པར་བྱེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ ཉིད་ཀྱིས་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །གཞན་དག་གིས་ནི་མ་ཡིན་ཏེ། རྒྱུ་དེས་ན་རབ་ཏུ་བཤད་པར་བྱ་བ་ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ་ཞེས་བྱ་བའོ། །རྡོ་རྗེ་དབྱིངས་དང་འདྲ་བ་ན་ཞེས་བྱ་བ་ནི་སྤྲུལ་པའི་ ལས་ཀྱི་དཀྱིལ་འཁོར་དང་འདྲ་བར་བྱའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེའི་བྱ་བ་ཞེས་ཀྱང་གྲགས། །ཞེས་བྱ་བ་གསུངས་ཏེ། གྲགས་ཞེས་བྱ་བ་ནི་བཤད་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །སངས་རྒྱས་སྐུ་རྣམས་གཞག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བྲིས་ ལ་འདིར་གསུངས་པའི་རིགས་རྣམས་ཀྱིས་དེ་བཞིན་གཤེགས་པ་ལྔ་པོ་སྔ་མ་བཞིན་དུ་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ཉིད་དུ་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་སེམས་དཔའ་སོགས་ཚུལ་དུ། །ལྷ་མོ་ཕྱག་རྒྱ་བཅས་པ་བྲི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་ པོ་ལས་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་རབ་ཏུ་དགའ་ཞིང་བདེ་བ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་བར་གྱི་ལྷ་མོ་དེ་རྣམས་ཕྱག་རྒྱ་དང་བཅས་པ་བྲི་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འདིར་རབ་ཏུ་དགའ་ཞིང་ བདེ་བ་མ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་དང་། དབྱིབས་དང་། ཕྱག་མཚན་བསྣམས་པ་བྲི་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚུལ་གྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སེམས་མ་རྡོ་རྗེ་མ་ བཅིངས་ལ། སློབ་དཔོན་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་དྲིལ་བུ་ཐོགས་ཏེ་བསྡུ་བར་བྱས་ནས། སློབ་མ་གཞུག་པའི་གནང་བ་ནོད་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བའི་སྒྲའི་དོན་ཡིན་ ནོ། །གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བཤད་ཅེས་བྱ་བ་ནི། གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྟེ། སོགས་པའི་སྒྲ་ནི་མནའི་སྙིང་པོ་དང་། དབབ་པ་དང་། དབབ་པ་ཉེ་བར་བསྡུ་བ་ལ་སོགས་པ་བསྡུའོ། །གཞུག་པ་ལ་སོགས་པའི་ ཆོ་ག་དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་ཏེ་འདིར་ཁྱད་པར་ནི་འདི་ཡིན་ཏེ། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སེམས་མ་རྡོ་རྗེ་མ་བཅིང་བར་བྱའོ། །དེ་ལ་དང་པོར་ཞེས་བྱ་བ་ནི་མནའ་ལ་སོགས་པའི་སྔོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ ཚུལ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་གྱིས་བཅུག་ནས་ཀྱང་འདི་སྐད་ཅེས་བརྗོད་པར་བྱའོ། །ཅི་ཞིག་བརྗོད་ཅེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་ཆེན་པོ་ལ་སོགས་པའི་མཆོད་པ་བྱེད་པའོ། །དམ་ཚིག་ནི་རྒྱུའོ། །གང་ ཞིག་ཡིན་ཞེ་ན། མཆོད་པ་བཅུ་དྲུག་པོ་འདི་རྣམས་ཞེས་བྱ་བ་ལ་ལས་ཀྱི་དཀྱིལ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་འདི་རྣམས་ནི་དམ་ཚིག་ཡིན་པས་ན་དེའི་ཕྱིར་དེར་ཞུགས་ནས། ཁྱེད་ཀྱིས་ཉིན་རེ་ཞིང་ཞེས་བྱ་བ་ཉི་མ་རེ་རེར་ཐུན་བཞི་རབ་ཏུ་དགའ་ཞིང་བདེ་མ་ལ་སོགས་པ་མཆོད་པ་བཅུ་ དྲུག་པོ་འདི་རྣམས་ཅི་ནུས་སུ་བྱ་ཞིང་སེམས་ཀྱིས་བསྒོམ་མོ། །ཅི་ནུས་སུ་གྱིས་ཤིག་ཅེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་བསྒོམ་པར་མི་ནུས་ན་ཡང་ཞེས་སྟོན་པ་ཡིན་ནོ། །ཐམས་ཅད་ཀྱི་མཚན་མ་ཞེས་བྱ་བ་ནི་སྣ་ཚོགས་ཀྱི་མཚན་མ་ཡིན་པས་ན་ཐམས་ཅད་ཀྱི་མཚན་མ་སྟེ། རྡོ་རྗེ་ལས་ཀྱི་མཚན་མ་ཞེས་བྱ་བའི་ཐ་ ཚིག་གོ། །དེ་སྦྱིན་ནོ། །འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན་གྱི་དབང་བསྐུར་ལ། སྔ་མ་བཞིན་དུ་རྡོ་རྗེ་དབལ་གྱི་དམ་ཚིག་གི་ཕྱག་རྒྱས་ཀྱང་སྣ་ཚོགས་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བྱིན་ལ་སྣ་ཚོགས་རྡོ་རྗེ་ལག་པར་སྦྱིན་པར་བྱའོ། །དེ་ལྟར་ སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་ལྟར་ གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པའི་རྗེས་ཐོགས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་ཉིད་ནི་སེམས་ཏེ། དེ་ལ་དམིགས་པའི་སྨོན་པ་དང་འཇུག་པའི་སེམས་སོ། །དེ་བསྒྲུབ་པ་ནི་བྱང་ཆུབ་ཆེན་པོའི་སེམས་ སྒྲུབ་པ་སྟེ། རྣལ་འབྱོར་པས་ཀྱང་དེ་མངོན་སུམ་དུ་བྱེད་པའོ། །དེའི་དོན་གྱི་མཆོད་པའི་ཕྱག་རྒྱ་དང་། དེའི་དོན་གྱི་ཡེ་ཤེས་བསྟན་ཞིང་བསླབ་པར་བྱའོ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །ཞེས་བྱ་བ་ནི་བྱང་ཆུབ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལ་ དམིགས་པའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་བརྟན་པར་བསྐྱེད་པ་ནི་དང་པོར་བདག་ནི་རྣམ་པར་སྣང་མཛད་དོ་ཞེས་པའམ། བདག་ནི་དོན་ཡོད་པར་གྲུབ་པ་ཉིད་དོ་ཞེས་བྱ་བས་མཆོག་ཏུ་དད་པས་ང་རྒྱལ་བསྐྱེད་པ་ཡིན་ཏེ། དེ་བས་ན་བདག་ནི་སངས་རྒྱས་ཡིན་བསམ་ཞིང་ཞེས་བྱ་བ་དང་། བདག་ནི་རྣམ་པར་སྣང་ མཛད་དོ་ཞེས་བྱ་བའམ། བདག་ནི་དོན་ཡོད་པར་གྲུབ་པ་ཉིད་དོ་ཞེས་བྱ་བའི་བར་དུ་བསམ་ཞིང་བསྒོམས་ལ་དགའ་བས་ཞེས་པ་སྒེག་མོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པས་དེ་བཞིན་གཤེགས་པར་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་ཕྱག་རྒྱ་ཆེན་པོ་ བཅིངས་ཏེ། རང་གི་སྙིང་ག་ནས་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བ་སྒེག་མོའི་གཟུགས་སུ་བཏོན་ལ། གཟུགས་བརྙན་དང་འདྲ་བ་དེས་བདག་ཉིད་གཟུགས་བརྙན་དང་འདྲ་བར་བསམ་ཞིང་ཡང་དག་པར་སྦྱོར་བས་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱའོ། །དེ་ལྟ་བུའི་ཚུལ་དང་ལྡན་པའི་དགའ་བའི་མཆོད་ པས་བདག་ཉིད་མཆོད་པར་བྱེད་ན་བདག་ཉིད་ཀྱིས་ཐོབ་ཅིང་རྙེད་པར་འགྱུར་རོ། །ཅི་ཞིག་ཐོབ་པར་འགྱུར་ཞེ་ན། སངས་རྒྱས་ཀྱི་ནི་བདེ་བའང་ཐོབ། །ཅེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་བདེ་བ་ནི་བྱང་ཆུབ་པའི་བདེ་བ་སྟེ་དེ་ཡང་ཐོབ་པར་འགྱུར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་པའི་བདེ་བ་རྣམས་ལྟ་ སྨོས་ཀྱང་ཅི་དགོས་ཞེས་སྟོན་ཏོ། །དེ་ཡང་། རྡོ་རྗེ་རིག་མར་ཡང་དག་སྦྱོར། །དགའ་བའི་རྡོ་རྗེ་སེམས་དཔའ་ཡིས། །དགའ་བའི་འདོད་ཆགས་བསྐྱེད་ནས་ནི། །དགའ་བའི་མཆོག་ལ་འཇུག་པར་བྱ། །བདག་ཉིད་སངས་རྒྱས་ཡིན་བསམ་ལ། །བསྒོམས་ནས་རབ་ཏུ་མཆོད་བྱེད་ཅིང་། །དགའ་བ་ཆེན་པོ་བདེ་དོན་ དུ། །རིག་པའི་ལྷ་མོར་རབ་སྦྱོར་བས། །བདག་ཉིད་སངས་རྒྱས་ཉིད་དུ་འགྱུར། །ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །ཕྲེང་བ་ལ་སོགས་རབ་མཆོད་པས། །ཞེས་བྱ་བ་ལ་དེ་ལ་ཕྲེང་བ་ནི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བའོ། །སོགས་པའི་སྒྲས་ནི་གདུ་བུ་དང་། རྣ་ རྒྱན་དང་དབུ་རྒྱན་ལ་སོགས་པ་བསྡུ་སྟེ། ཕྲེང་བ་ལ་སོགས་པའི་མཆོད་པ་ཁྱད་པར་ཅན་དེ་རྣམས་ཀྱིས་ཡང་དག་པར་མཆོད་ན་བདག་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་སྐུར་དབང་བསྐུར་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། དགའ་བའི་གནས་སྐབས་དེ་ཉིད་དུ་དཔྲལ་བའི་ཕྱོགས་སུ་ལྷ་མོ་རིན་ ཆེན་ཕྲེང་མ་སྤྲུལ་ལ་དེས་བདག་ཉིད་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་། མི་འཇིགས་པ་དང་སྟོབས་སོགས་ཀྱིས། །བདག་ཉིད་རང་ལ་དབང་བསྐུར་ན། །སངས་རྒྱས་སུ་ནི་དབང་བསྐུར་འགྱུར། །ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་ལ། །ཞེས་བྱ་བ་ལ་སོགས་པ་སྔ་མ་དང་འདྲའོ། ། སྙན་པའི་གླུ་ནི་གླུའི་བདེ་བ་སོ་སོར་རང་གི་རིག་པའི་རྣམ་པས་ཆོས་ལ་དམིགས་པའི་བཟོད་པས་མངོན་དུ་བྱེད་པ་ལས་སྐྱེས་པ་གང་ཡིན་པ་དེ་ནི་སྙན་པའི་གླུའོ། །སྙན་པའི་གླུ་བདེ་བ་དེ་ཡང་རྣམ་པ་དུ་མའི་ཚུལ་གྱིས་བསྐྱེད་པར་བྱ་བ་ཡིན་པས་གླུའི་རབ་ཏུ་མཆོད་པས་སོ། །འདི་སྐད་སྟོན་པ་ཡིན་ཏེ། རང་གི་ལྐོག་མའི་ཕྱོགས་སུ་ རྡོ་རྗེ་གླུ་མའི་པི་ཝང་བརྡུང་བ་ལ་སོགས་པ་སྤྲུལ་ལ། དགའ་བ་དེ་ཉིད་ཀྱི་དུས་སུ་བདག་ཉིད་ཚད་མེད་པའི་གཟུགས་ཀྱིས་བསྐུར་བར་བསམ་ཞིང་ཆོས་ལ་དམིགས་པའི་བཟོད་པ་མངོན་སུམ་དུ་བྱེད་པས་ཆོས་བདག་མེད་པའི་འདོད་ཆགས་ཀྱིས་དགའ་ཞིང་རོལ་པར་བྱའོ། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས། །ཞེས་བྱ་བ་ ལ་སོགས་པ་ནི་སྔ་མ་དང་འདྲའོ། །འདིར་ཡང་དོན་ནི་འདི་ཡིན་ཏེ། རང་གི་སྤྱི་བོའི་ཕྱོགས་སུ་ལྷ་མོ་གར་མ་སྤྲུལ་ལ། དགའ་བའི་དུས་ཉིད་ཀྱི་ཚེ་བྱང་ཆུབ་ཆེན་པོར་སྤྲོ་བ་བསྐྱེད་པ་རྣམ་པར་འཕེལ་བར་བྱ་ཞིང་། གར་གྱི་ཕྱག་རྒྱ་བཅིངས་ལ་དེས་བདག་ཉིད་མཆོད་པར་བསམ་པར་བྱའོ། །དེ་ལྟར་བྱས་པས་རྣལ་འབྱོར་པ་དེ་ སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་རོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པའི་བསྒྲུབ་པ་བསྟན་ནས། ད་ནི་དེ་ནས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ཚོགས་ཀྱི་མཆོད་པ་གསུངས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ལ་རྣམ་པ་བཞིའི་ཕྱག་ ལ་སོགས་པའི་མཆོད་པ་ནི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་བསླབ་པར་བྱའོ། །ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་དང་སེམས་ནི་ལུས་དང་ངག་སེམས་སོ། །དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ། །དེ་རྣམས་ཀྱི་མཆོག་གི་ཚུལ་གྱིས་ཕྱག་འཚལ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ཉིད་ཀྱིས་དངོས་པོ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལས་སྣ་ཚོགས་པའི་གཟུགས་ཀྱིས་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་བ་དང་། དེ་བཞིན་དུ་མཆོད་པའི་ཚོགས་ཐམས་ཅད་ཀྱིས་མཆོད་ན་སེམས་ཅན་ཐམས་ ཅད་ཀྱི་ཕྱག་བྱ་བར་འོས་པ་དང་། མཆོད་པར་འོས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་བསོད་ནམས་ཆེ། །ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་སངས་རྒྱས་ཐམས་ཅད་བསོད་ནམས་ཆེ་ཞེས་བྱའོ། །དེ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། སྐུ་གསུང་ཐུགས་ནི་ རྡོ་རྗེ་སྐྱེས། །ཞེས་བྱ་བ་སྟེ་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་བ་དེ་ལ་རྗེས་སུ་ཡི་རང་བ་དེ་ཉིད་ནི་མཆོད་པ་ཡིན་ཞིང་དེ་ཉིད་ཀྱིས་རང་གི་ངོ་བོ་གང་ཡིན་པ་དེ་ནི་རྗེས་སུ་ཡི་རང་བའི་མཆོད་པའི་བདག་གོ། །དེ་ལྟ་བུས་ནི་མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་ཞེས་བྱ་བ་ཡིན་ནོ། །བདག་དབུལ་བ་ཞེས་བྱ་བ་ནི། ཕྱོགས་ བཅུར་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྙེན་བཀུར་བའི་གཟུགས་སུ་བདག་ཉིད་དབུལ་བར་བྱའོ། །དེ་བས་ན། ལུས་དང་ངག་སེམས་རྡོ་རྗེ་ཡིས། །ལྷ་རྫས་ཀྱི་ནི་ཞེས་བྱ་བ་གསུངས་པ་ཡིན་ ནོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྙེན་བཀུར་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་གཟུགས་སུ་བསམས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་ཀུན་གྱིས་སངས་རྒྱས་རྣམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ པར་བྱའོ་ཞེས་སེམས་ཀྱིས་བསམས་ཏེ། མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་རོ། །དགེ་བའི་ཚོགས་རྣམས་ཐམས་ཅད་ནི། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །ཇི་ལྟ་བུ་ཞེ་ན། ལུས་དང་ངག་ སེམས་རྡོ་རྗེ་ཡི། །ཡོངས་སུ་བསྔོ་བའི་མཆོད་པ་ཡིས། །ཞེས་བྱ་བ་ཡིན་ཏེ། འདིས་ནི་སྒྲུབ་པའི་མཆོད་པར་འགྱུར་བ་ཡིན་ཏེ་ཡོངས་སུ་བསྔོ་བའི་མཆོད་པ་དེ་རྣམས་ཀྱིས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཚོགས་ཀྱི་མཆོད་པ་ གསུངས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་མཆོད་པ་གསུངས་པ་ཡིན་ཏེ། ཆོས་ཀྱི་མཆོད་པའི་ཕྱག་རྒྱ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྒོམ་པ་སྟེ་དེའི་ཡེ་ཤེས་བསླབ་པར་བྱའོ། །ཆོས་རྣམས་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ནི་རང་བཞིན་ཏེ། ངོ་བོ་ཉིད་ཀྱིས་དྲི་ མ་མེད་པས་རང་བཞིན་འོད་གསལ་བའོ། །དེ་དག་ཀྱང་གང་ཡིན་ཞེ་ན། ཆོས་རྣམས་ཏེ་པདྨའི་རིགས་ཀྱི་ཚུལ་རྣམས་སོ། །ཅིའི་ཕྱིར་དེ་རང་བཞིན་གྱིས་འོད་གསལ་བ་ཡིན་ཞེ་ན། གང་གི་ཕྱིར་གཟོད་ནས་དག་ཅེས་བྱ་བ་གསུངས་ཏེ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་ པར་འདོད། །ཅེས་བྱ་བ་སྟེ། དེ་བས་ན་གདོད་མ་ནས་དག་པ་ཡིན་ནོ། །དེ་རྣམས་ཀྱི་གདོད་མ་ནས་དག་པ་དེ་ཡང་གང་གིས་ཀྱང་བྱས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ངོ་བོ་ཉིད་ཀྱིས་ཞེས་བྱ་བ་གསུངས་ཏེ། ཆོས་དེ་རྣམས་རང་བཞིན་གྱིས་གདོད་མ་ནས་དག་པ་ཡིན་གྱི། དེ་རྣམས་གཞན་ གྱིས་དག་པར་བྱས་པ་མ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པས་ཆོས་འདི་དག་བདག་མེད་པར་བསྒོམས་པའི་དེ་བཞིན་གཤེགས་པའི་སྒྲུབ་པའི་མཆོད་པ་དེས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པ་དེ་ནི་ཆོས་རྣམས་ངོ་བོ་ཉིད་ཀྱིས་དག་པར་བསྒོམས་པས་ཆོས་བདག་མེད་པའི་ངོ་བོ་ལས་བྱུང་བའི་བདེ་ བ་ཐོབ་ཅིང་ཉམས་སུ་མྱོང་བར་འགྱུར་རོ། །ཨ་ཞེས་བྱ་བ་སྒོ་ཞེས་བརྗོད། །ཅེས་བྱ་བ་ནི་ཨ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་དེ་ལྟར་བརྗོད་ཅིང་བསྒོམ་ཞིང་སྨྲ་བའོ། །དེ་ལ་ཡི་གེ་ཨ་ནི་མ་སྐྱེས་པའི་དོན་སྟོན་པ་ཡིན་ལ། དེ་ནི་སྒོ་སྟེ་སྒོ་དེས་ཆོས་བདག་མེད་པ་མངོན་སུམ་དུ་ བྱེད་པས་ཆོས་བདག་མེད་པ་རྟོགས་པའི་སྒོ་ཡིན་ནོ། །དེའི་ཕྱིར། ཆོས་རྣམས་ཀུན་ནི་འདུས་པ་ཡི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འདུས་པ་ཞེས་བྱ་བ་ནི་ཕན་ཚུན་ཐ་དད་པར་གནས་པ་རྣམས་ཆོས་བདག་མེད་པའི་ལག་པས་ཚུལ་གཅིག་ཏུ་སྡུད་པ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་ ཡོངས་སུ་སྤྱོད་པ་ཞེས་པའི་ཐ་ཚིག་གོ། །ཆོས་ཀྱི་ཕྱག་རྒྱ་འདི་ཡིས་ནི། །ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེ། མ་སྐྱེས་པར་བསྒོམས་པའི་མཚན་ཉིད་ཀྱིས་སོ། །དེ་ཡིས་སྡུག་བསྔལ་ཐམས་ཅད་གཅོད། །ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རལ་གྲིས་ཆོས་བདག་མེད་པ་བསྒོམས་པ་དེའི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པའི་སྡུག་བསྔལ་མང་པོ་གཅོད་ཅིང་མེད་པར་བྱེད་དོ། །འདིར་ནི་ཞེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་ ཐམས་ཅད་དང་། འཇིག་རྟེན་པ་རྣམས་བསྐྱེད་པའི་རྒྱུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་རྡོ་རྗེ་རྒྱུའོ། །ཡང་དག་པར་བསྒོམ་པའི་དམ་པའི་ཆོས་ཀྱི་འཁོར་ལོའི་མཆོད་པ་བསྒྲུབ་པའི་མཆོད་པའི་རང་བཞིན་འདིས་མཆོད་ཅིང་མཉེས་པར་བྱས་པས་ རྣལ་འབྱོར་པ་ཆོས་ནི་འཛིན་པར་འགྱུར་ཞེས་བྱ་བ་རྡོ་རྗེ་རྒྱུར་འགྱུར་རོ། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོས་ཐམས་ཅད་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་སོ། །སྒྲ་བརྙན་དག་དང་འདྲ་བར་བཤད། །ཅེས་བྱ་བ་ལ། དེ་ལ་སྒྲ་བརྙན་ནི་བྲག་ཅ་སྟེ། ཇི་ལྟར་འཁྲུལ་པ་ ཙམ་ནི་རྣམ་པར་དཔྱད་ན་མ་སྐྱེས་པ་ཡིན་པ་དེ་བཞིན་དུ་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་ཀྱི་སྒྲའི་ཚུལ་ནི་མ་སྐྱེས་པ་ཡིན་ནོ་ཞེས་བསྒོམས་ལ། ཆོས་ཀྱི་མཆོད་པ་འདི་དག་གིས། །ཞེས་བྱ་བ་བཤད་མ་ཐག་པ་བསྒོམས་པའི་མཚན་ཉིད་ཀྱིས་མཆོད་ན། སངས་རྒྱས་ གསུང་ཡང་ཐོབ་ཅེས་བྱ་བ་སྟེ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་སྟོན་པའི་དེ་བཞིན་གཤེགས་པའི་ལྗགས་ཐོབ་པར་འགྱུར་བ་སྟེ་རྡོ་རྗེ་དེ་སྨྲ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཆོས་ཀྱི་མཆོད་པ་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གྱི་མཆོད་པ་གསུངས་པ་ ཡིན་ཏེ། དེ་ནས་ཞེས་བྱ་བ་རྗེས་ཐོགས་ཉིད་ལ་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་མཆོད་པའི་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཆོད་པའི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་དེ་བསྟན་ཞིང་བསླབ་པར་བྱའོ། །ལུས་དང་ངག་སེམས་རྡོ་རྗེ་ལ། །རང་གི་རྡུལ་ནི་ཕྲ་མོ་རྣམས། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་བྱས་ལ། རང་གི་ལྷའི་རྣལ་འབྱོར་གྱི་ལུས་རྡོ་རྗེ་དང་། རང་གི་ལྕེ་རྡོ་རྗེ་དང་། རང་གི་སྙིང་གར་གནས་པའི་ཟླ་བ་དང་། རྡོ་རྗེའི་རང་བཞིན་གྱི་སེམས་ཀྱི་རྡོ་རྗེ་དེ་རྣམས་ལ་རང་གི་ལྕེ་བདག་ཉིད་ཀྱི་རྡུལ་ནི་ཕྲ་མོ་རྣམས་ཏེ། རྡུལ་ཕྲ་རབ་ཇི་སྙེད་ཅིག་ལུས་ དང་། ངག་དང་སེམས་རྡོ་རྗེ་ལ་ཡོད་པ་དེ་རྣམས་ཚད་མེད་པའི་རྡོ་རྗེའི་དབྱིབས་སུ་བསྒོམས་ནས་ནི་ཞེས་བྱ་བ་དེ་རྣམས་རྡོ་རྗེ་རྩེ་ལྔ་པ་ལྟ་བུར་བསྒོམས་ན། རྣལ་འབྱོར་པ་རྡོ་རྗེར་བསྐྱེད་པས་རྡོ་རྗེའི་བདག་ཉིད་དུ་མྱུར་ཞིང་རིངས་པར་ཐོབ་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ལ་བྱིན་གྱིས་ བརླབ་པ་ལ་སོགས་པ་བྱས་པའི་རྗེས་ལ། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་ལུས་དང་ངག་དང་། སེམས་ཀྱི་རྡོ་རྗེ་ཕྲ་མོའི་དབྱིབས་ལྟ་བུར་ཉིན་རེ་ཞིང་བསྒོམ་པའི་དུས་སུ་དེའི་ གཟུགས་སུ་དུས་ཇི་སྲིད་ཀྱིས་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་རང་ལྷའི་སྐུ་མི་ཆོད་པ་དང་མི་ཤིགས་པ་རྡོ་རྗེའི་བདག་ཉིད་ཅན་འགྲུབ་པར་འགྱུར་ཞིང་ལུས་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་རོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་རྣམས་སོ། །འདི་དག་ཐམས་ཅད་ཀྱང་ངེས་པ་ ཅན་གྱི་དུས་སུ་བསྒོམ་པར་བྱ་བ་ཡིན་ལ། འོན་ཀྱང་གང་ལ་ལྷག་པར་མོས་པར་བྱ་བ་གཅིག་པུ་དེ་ཉིད་ཀྱི་སྐུས། ལུས་དང་ངག་དང་སེམས་ཀྱི་རྡོ་རྗེ་ཐམས་ཅད་ཀྱི་ཕྲ་རབ་ཀྱིས་གསལ་བར་ཁྱབ་པའི་དབྱེ་བས་ཕྱེ་བ་ཚད་མེད་པའི་གཟུགས་བརྙན་དང་འདྲ་བར་རང་གི་ངོ་བོ་བྱས་པར་ཇི་སྲིད་མངོན་སུམ་དུ་མཐོང་ཞིང་ བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སངས་རྒྱས་ཀྱི་སྐུ་དེ་རྣམས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བསམ་མོ། །བསྒོམས་པས་དུབ་པར་གྱུར་ན་སྔ་མ་བཞིན་དུ་བསྡུས་ལ་སངས་རྒྱས་ཀྱི་སྐུ་བརྟན་པར་བྱས་ཏེ་ལྡང་བར་བྱའོ། །ཇི་སྲིད་སངས་རྒྱས་ཀྱི་སྐུ་རྣམས་ཀྱིས་ནམ་ མཁའ་ཁྱབ་པར་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ནས་ལུས་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་དོ། །དེ་བས་ན། ཆོས་ཀྱི་སྐུར་ནི་མྱུར་དུ་འགྱུར། །ཞེས་ གསུངས་པ་ཡིན་ནོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །ཞེས་བྱ་བ་ནི་སྔ་མ་དང་འདྲ་སྟེ་རང་གི་ལུས་ཀྱི་ཕྲ་རབ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་རྡོ་རྗེ་སེམས་དཔའི་སྐུར་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བརྟན་པར་བྱས་ལ། མཚན་ཐོག་ཐག་བསྒོམས་ན་ རྡོ་རྗེ་སེམས་དཔའ་དང་མཉམ་པར་འགྱུར་རོ། །ལུས་དང་ངག་དང་སེམས་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །སངས་རྒྱས་ཀྱི་ནི་སྐུར་བསྒོམས་ན། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་མཚན་ཐོག་ཐག་བཟླས་ན་རྫོགས་པའི་སངས་ རྒྱས་ཉིད་ཐོབ་པར་འགྱུར་རོ། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་བྱ་བ་སྔ་མ་དང་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། སྔ་མ་ནི་གཟུགས་བརྙན་དང་འདྲ་བ་སངས་རྒྱས་བསྒོམ་པའི་སྒོ་ནས་ཆོས་ཀྱི་སྐུ་བསྒོམ་པ་གསུངས་པ་ཡིན་ལ། འདིར་གཟུགས་ཀྱི་སྐུ་བསྒོམ་པ་ཉིད་ཡིན་པས་ཁྱད་པར་ འདི་ཡོད་དོ། །དེ་ནས་ཞེས་བྱ་བ་ནི་གསང་བར་འོས་པར་ཤེས་ནས་སོ། །གསང་བའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་ལ། དེ་ལ་གསང་བའི་སྒྲས་ནི་ལུས་ཀྱི་འཁྱུད་པ་ལ་སོགས་པའི་བསྒོམ་པ་བཞི་པོ་ལ་བྱ་བར་བཤད་དེ། དེ་ལས་བྱུང་བའི་བདེ་བ་ནི་གསང་བར་གྱུར་པ་ཡིན་པས་ན་གསལ་བའོ། ། དེ་ཉིད་ནི་མཆོད་པའི་ཕྱག་རྒྱ་དེ་སྒྲུབ་པའི་ཚུལ་ཡིན་ལ། དེའི་ཡེ་ཤེས་བརྟག་ཅིང་བརྟན་པར་བྱའོ། །ལུས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ལུས་ཀུན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའོ། །དེ་ཡོངས་སུ་འཁྱུད་པ་ནི་གཅིག་ཏུ་གྱུར་པར་ལྷག་པར་མོས་པ་ སྟེ། དེ་བསམ་གཏན་ལས་བྱུང་བའི་བདེ་བ་གང་ཞིག་སྐྱེས་པ་དེ་ཐམས་ཅད་ནི་ལུས་ཀུན་གྱི་འཁྱུད་པའི་བདེ་བའོ། །དེ་ཉིད་ནི་མཆོད་པ་སྟེ་སྒྲུབ་པའི་མཆོད་པའོ། །སུ་ཞིག་ལ་མཆོད་ཅེ་ན། རབ་བྱུང་ལ་ནི་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་ཞིང་བསྟབས་པར་བསྒོམས་པས་མྱུར་དུ་ འགྱུར་རོ། །ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་དང་འདྲ་བར་རྣལ་འབྱོར་པ་དེ་འགྱུར་ཏེ། རྡོ་རྗེ་སེམས་དཔའ་དང་མཉམ་པ་ཉིད་དུ་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་པའི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་ ལས་གསུངས་པའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ནས་མདུན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྡུས་པ་རས་རིས་ལ་སོགས་པར་སྤྱན་དྲངས་ལ། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དགུག་པ་ དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དབང་བསྐུར་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུས་ན་གནས་པའི་ཡིད་དང་། དེ་ལས་ འཁྱུད་པར་བྱ་ཞིང་ཆོས་ཀྱི་སྐུའི་ཚུལ་དང་གཟུགས་ཀྱི་སྐུའི་ཚུལ་གྱིས་དེ་དང་ལྷན་ཅིག་བདག་ཉིད་ཐ་མི་དད་ཅིང་དབྱེར་མེད་པར་ཇི་སྲིད་མངོན་སུམ་དུ་རང་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་གཟུགས་དང་ཆོས་ཀྱི་སྐུ་ལ་རང་རང་གི་ངོ་བོ་རྡོ་རྗེ་སེམས་དཔའི་སྐུ་དང་འཁྱུད་པའི་སྦྱོར་བ་ཉིད་དབུལ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔར་གྱུར་པ་དེ་སྲིད་སྐྱོ་བར་མ་གྱུར་པ་ཇི་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དུབ་པར་གྱུར་ན་སྔ་མ་བཞིན་དུ་བསྡུ་བར་བྱ་ཞིང་བརྟན་ པར་བྱས་ལ་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཇི་སྲིད་ནམ་མཁའ་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་མཚན་ཐོག་ཐག་བསྒོམས་ན་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ། །ཤིན་ཏུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་ཆགས་པ་ཡང་ཡིན་ ལ་རྗེས་སུ་ཆགས་པ་ཡང་ཡིན་པས་ན་ཤིན་ཏུ་ཆགས་པ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་ཆེན་བསྒོམས་པས་དེའི་རང་བཞིན་དུ་འགྱུར་བའོ། །སྦྱོར་བ་དེས་འཕགས་པ་ནམ་མཁའི་སྙིང་པོ་དང་ལྷན་ཅིག་ཏུ་གྱུར་པར་ངེས་པ་སྟེ། དེ་ཉིད་སྐྲ་ནས་དམ་དུ་བཟུང་བ་དང་འདྲ་བར་རྣམ་པར་རྟོག་པས་ ཕྱེད་པར་མི་ནུས་པར་དམ་དུ་བཟུང་བའི་སྒྲས་སྟོན་ཏོ། །ཤིན་ཏུ་ཆགས་པར་སྦྱོར་བ་དེས་སྐྲ་ནས་བཟུང་བ་ལས་བདེ་བ་གང་ཞིག་སྐྱེས་པ་དེ་ནི་ཤིན་ཏུ་ཆགས་པའི་སྦྱོར་བས་དམ་དུ་གཟུང་བ་ནི་ཞེས་བྱ་བ་སྟེ། དེ་ལྟར་བཤད་པའི་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཚུལ་གྱིས་སངས་རྒྱས་རྣམས་ཀྱི་སྐུ་ལ་ཕུལ་ བར་གྱུར་ན་རྡོ་རྗེ་རིན་ཆེན་དང་འདྲ་བར་འགྱུར་རོ། །ཤིན་ཏུ་དགའ་བ་མངའ་བས་ན་ཤིན་ཏུ་དགའ་ཞིང་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཆོས་སོ། །དེའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་བསྐྱོད་པར་མི་ ནུས་པའི་ཕྱིར་ཟག་པ་མེད་པའི་དགའ་བའི་རང་བཞིན་སྐྱེ་བ་ཡིན་ལ་དེ་བས་ན་དེ་ཤིན་ཏུ་བརྟན་པར་འགྱུར་བ་ཡིན་ནོ། །ཤིན་ཏུ་བརྟན་པའི་དགའ་བ་དེས་རྡོ་རྗེ་ཆོས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་བསྒོམས་པ་ལས་རྣལ་འབྱོར་པ་རྣམས་ལ་བདེ་བ་གང་ཞིག་སྐྱེ་བ་དེ་ནི་ཤིན་ཏུ་དགའ་ཞིང་བདེ་བའོ། །དེར་ ཆགས་པས་ན་ཤིན་ཏུ་དགའ་ཞིང་བདེ་བ་ལ་ཆགས་པ་སྟེ། དེས་བརྟན་པར་གྱུར་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ཆོས་ཀྱི་སྐུའི་རང་བཞིན་དང་གཟུགས་ཀྱི་སྐུའི་རང་བཞིན་མངོན་དུ་བྱེད་པའོ། །དེ་ཉིད་ནི་མཆོག་སྟེ་དམ་པའོ། །དེ་ལས་བྱུང་བའི་ བདེ་བ་སྔར་བཤད་པའི་ཚུལ་གྱིས་སངས་རྒྱས་རྣམས་ལ་ཕུལ་ན་ནི་རྡོ་རྗེ་ཆོས་དང་འདྲ་བར་འགྱུར་རོ། །དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་གཉིས་ཀྱི་དབང་པོ་ནི་དབང་པོ་གཉིས་ཏེ། སྒྲུབ་པ་པོ་དང་རྡོ་རྗེ་ལས་ཀྱིའོ། །དེའི་དབང་པོ་གཉིས་མཉམ་པར་སྦྱོར་བ་ནི་སྙོམས་པར་འཇུག་པས་གཅིག་ཏུ་བྱའོ། ། དེའི་སྒོམ་པ་ནི་དབང་པོ་གཉིས་ནི་མཉམ་པར་སྦྱོར་བའི་ཀུན་ནས་སྦྱོར་བ་ཞེས་བྱ་བ་སྟེ། དེ་ལས་བྱུང་བའི་དབང་པོ་གཉིས་མཉམ་པར་ཀུན་དུ་སྦྱོར་བའི་བདེ་བ་སྟེ། དེ་ཐམས་ཅད་དུ་སྟེ་ཕྱོགས་བཅུར་མཆོད་ཕྱིར་ཞེས་མཆོད་པའི་དོན་དུ་ཕུལ་བར་གྱུར་ན་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལས་ཀྱི་ངོ་བོ་ཉིད་དང་འདྲ་བར་ དངོས་པོ་ཐམས་ཅད་རྫོགས་པའི་རྒྱུར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཆོད་པའི་རྣམ་པ་ཉི་ཤུ་བོ་འདི་དག་གི་ནང་ནས་བྱང་ཆུབ་ཀྱི་སེམས་དང་། ཚོགས་དང་ཆོས་དང་། ཏིང་ངེ་འཛིན་གྱི་མཆོད་པས་བདག་ཉིད་ཡང་དག་པར་མཆོད་ལ་གང་ཡང་རུང་བ་ཅིག་བསྒོམས་ཏེ་བསྒྲུབ་པར་བྱའོ། །དེ་ལྟར་དངོས་ གྲུབ་ཀྱི་ཡེ་ཤེས་བསྟན་ནས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ལྷའི་རྣལ་འབྱོར་བྱས་ལ། དེ་ཉིད་ལས་གསུངས་པའི་ཆོ་ག་བྱས་ནས། དེའི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ ལས་ཀྱི་ཕྱག་རྒྱ་བཅིངས་ཏེ་བསྒྲུབ་པར་བྱ་བ་དང་། ལས་ཀྱི་དཀྱིལ་འཁོར་གྱི་རས་རིས་ལ་སོགས་པས་ལྷ་རྣམས་སྤྱན་དྲངས་ནས། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་མཆོད་པའི་སྤྲིན་ལས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ཆེན་པོ་ནི་སྐུ་སྟོན་པར་བྱེད་པས་ལག་པས་བྱེད་པའི་ཚུལ་ཏེ། དེའི་ཡེ་ཤེས་བསླབ་པར་བྱའོ། །སྙིང་གའི་རྩིབ་ལོགས་རྒྱབ་སྦྱར་བ། །ཞེས་བྱ་བ་ནི། རྡོ་རྗེ་དེ་དང་བཅས་པའི་ལག་པ་གཉིས་རང་གི་སྙིང་གའི་ཕྱོགས་སུ་འཛིན་པ་འདི་ནི་རབ་ཏུ་དགའ་ཞིང་ བདེ་བ་མའི་ཕྱག་རྒྱ་ཆེན་པོའོ། །རྩིབ་ལོགས་གཡས་པར་ལྕགས་ཀྱུ་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་མའིའོ། །རྩིབ་ལོགས་གཡོན་པར་མདའ་དང་གཞུར་བཅས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་མའིའོ། །རྒྱབ་ཏུ་ལེགས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ ཐམས་ཅད་དགྱེས་པར་བྱེད་མའིའོ། །དཔྲལ་བ་ལ་སོགས་པ་དེ་བཞིན་དུ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་དང་བཅས་པའི་ལག་པ་གཉིས་དཔྲལ་བའི་ཕྱོགས་སུ་གཞག་པ་ནི་དབང་མོ་ཆེའི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་དང་བཅས་པའི་ཉི་མའི་མགོའི་རྒྱབ་ཏུ་གཞག་པ་ནི་སྣང་བ་ཆེན་མོའིའོ། །ཡིད་བཞིན་གྱི་ནོར་བུ་དང་བཅས་ པའི་རྒྱལ་མཚན་ཕྲག་པར་གཞག་པ་ནི་རིན་པོ་ཆེའི་ཆར་འབེབས་མའིའོ། །རྡོ་རྗེ་གཉིས་ཀྱི་ནང་དུ་ཆུད་པའི་སོའི་ཕྲེང་བ་དང་ལྡན་པ་དགོད་པའི་ཚུལ་དུ་ཡོངས་སུ་བཟློག་ནས་ཁའི་ཐད་ཀར་གཞག་པ་འདི་ནི་དགའ་ཞིང་མགུ་མའིའོ། །ཁ་དང་རྣ་བ་མགོ་ལྟག་པ། །ཞེས་བྱ་བ་ནི་རྡོ་རྗེ་དང་བཅས་པའི་པདྨའི་ལག་པ་གཉིས་ པོ་ཁར་གཞག་པ་ནི་ཡེ་ཤེས་ཆེན་མོ་གླུ་མའིའོ། །རྡོ་རྗེ་དང་བཅས་པའི་རལ་གྲི་རྣ་བ་གཡས་པར་གཞག་པ་ནི་དབྱངས་ཆེན་མོའི་རྗེས་སུ་འབྲང་མའིའོ། །རྡོ་རྗེ་དང་བཅས་པའི་འཁོར་ལོ་རྣ་བ་གཡོན་པར་གཞག་པ་ནི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་མའིའོ། །རྡོ་རྗེ་དང་བཅས་པའི་ལྕེ་ལྟག་པ་སྟེ་མགོ་བོའི་རྒྱབ་ ཏུ་གཞག་པ་ནི་སྔགས་ཀྱི་སྤྱོད་པ་མའིའོ། །སྤྱི་བོ་ཕྲག་པ་ཁ་རྐེད་གཞག །ཅེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་ལག་པ་གཉིས་སྤྱི་བོར་གཞག་པ་ནི་སེམས་མ་ཅན་གྱི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་དང་བཅས་པའི་གོ་ཆ་ཕྲག་པར་གཞག་པ་ནི་བྱང་ཆུབ་ཆེན་པོའི་ཡན་ལག་ཅན་མའིའོ། །རྡོ་རྗེ་དང་བཅས་པའི་མཆེ་བ་ཁར་གཞག་པ་ནི་ མིག་ལྡན་མའིའོ། །དམ་ཚིག་གི་ཁུ་ཚུར་དང་བཅས་པའི་ལག་པ་གཉིས་རྐེད་པར་གཞག་པ་ནི་དྲི་ལྡན་མའི་ཕྱག་རྒྱ་ཆེན་མོ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་མ་གསུངས་པ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དུམ་བུ་དང་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་ ཆེན་པོའི་ཡེ་ཤེས་ཀྱི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི་མཆོད་པའི་ལས་ཀྱི་རྒྱུའི་དཀྱིལ་འཁོར་ནི་མཆོད་པའི་ལས་ཏེ། དེའི་དམ་ཚིག་གི་ཕྱག་རྒྱ་ནི་ཐུགས་ཀྱི་གསང་བ་སྟོན་པར་བྱེད་པ་སྟེ་དེའི་ཡེ་ཤེས་ནི་ངེས་པ་ སྟེ། དེ་བསྟན་ཅིང་བསླབ་པར་བྱའོ་ཞེས་བྱ་བའི་མཆོད་པའི་ལས་ཏེ། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་ནི། །རྡོ་རྗེ་བཅིང་བ་དམ་བྱས་ལ། །སྙིང་ག་ལ་སོགས་གནས་རྣམས་སུ། །བཞག་ནས་རྒྱལ་བ་རྣམས་མཆོད་དོ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ཏེ་སྙིང་གར་གཞག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་ དགའ་ཞིང་བདེ་བ་མའི་དམ་ཚིག་གི་ཕྱག་རྒྱའོ། །གཡས་ལོགས་སུ་གཞག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་མའིའོ། །གཡོན་ལོགས་སུ་གཞག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་མའིའོ། །ལྟག་པར་གཞག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བྱེད་ མའིའོ། །དཔྲལ་བར་གཞག་པ་ནི་དབང་མོ་ཆེན་མོའོ། །མགོ་བོའི་རྒྱབ་ཏུ་གཞག་པ་ནི་སྣང་བ་ཆེན་མོའིའོ། །ཕྲག་པ་གཡོན་པར་གཞག་པ་ནི་རིན་པོ་ཆེ་ཆེན་པོའི་ཆར་འབེབས་མའིའོ། །ཁར་དགོད་པའི་ཚུལ་གྱིས་རབ་ཏུ་སྦྱར་བ་ནི་རབ་ཏུ་དགའ་ཞིང་མགུ་མའིའོ། །ཁར་གཞག་པ་ནི་དབྱངས་ཆེན་མོའིའོ། །རྣ་བ་ གཡས་པར་གཞག་པ་ནི་དབྱངས་ཆེན་མོའི་རྗེས་སུ་འབྲང་མའིའོ། །རྣ་བ་གཡོན་པར་གཞག་པ་ནི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་མའིའོ། །མགོ་བོའི་ལྟག་ཏུ་གཞག་པ་ནི་སྔགས་ཀྱི་སྤྱོད་མའིའོ། །སྤྱི་བོར་གཞག་པ་ནི་སེམས་མ་ཅན་གྱིའོ། །ཕྲག་པ་གཉིས་སུ་གཞག་པ་ནི་བྱང་ཆུབ་ཆེན་པོའི་ཡན་ལག་ཅན་ གྱིའོ། །ཁར་གཞག་པ་ནི་མིག་ལྡན་མའིའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་རྐེད་པའི་ཕྱོགས་སུ་གཞག་པ་ནི་དྲི་ལྡན་མའི་དམ་ཚིག་གི་ཕྱག་རྒྱའོ། །གཞན་དག་ནི་རྡོ་རྗེ་དབྱིངས་ཀྱི་དུམ་བུ་དང་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་ འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེའི་ཆོས་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་བསླབ་པར་བྱའོ། །ཨོཾ་བྷྱ་སྤྱ་ས་ཏི་རཾ་ཀཾ་ན་ཁཾ་ཤཾ་ཧཱུཾ་ཧི་ཤ་ཧོ་ཤི་ཧོ། ཞེས་བྱ་བའི་བར་འདི་དག་ནི་རབ་ཏུ་དགའ་ཞིང་བདེ་བ་མ་ནས་བརྩམས་ཏེ། ལྷ་མོ་དྲི་ལྡན་མའི་བར་གྱི་ཆོས་ ཀྱི་ཕྱག་རྒྱ་ཡིན་ཏེ་ལྕེ་ལ་བཀོད་ནས་བསྒྲུབ་པར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ནི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་བཟུང་ལ་བསྒྲུབ་པར་བྱའོ། །ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ནས། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱ། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ལས་སྟོན་པར་བྱེད་པའི་ཕྱག་རྒྱ་རྣམས་ ནི་ལས་ཀྱི་ཕྱག་རྒྱའོ། །མདོར་བསྡུས་ན་ཞེས་བྱ་བ་ནི་མདོ་ཉིད་དུ་བསྡུས་པའོ། །ལས་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ནི་དྲི་ལྡན་མའི་དམ་ཚིག་གི་ཕྱག་རྒྱའོ། །དེ་གཉིས་སུ་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་དུ་སྦྱར་ན། ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱར་ འགྱུར་རོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ། འདི་ལྟར། རྐེད་པར་གཞག་པའི་རྡོ་རྗེ་བཅིངས། །ཞེས་བྱ་བ་དེ་གཉིས་སུ་བྱས་ལ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །མི་གཡོ་བ་ཡི་ས་རེག་པ། །དེ་བཞིན་རིན་ཆེན་མཆོག་ སྦྱིན་པའོ། །ཚེ་དཔག་མེད་པའི་ཏིང་འཛིན་མཆོག །གདོན་མི་ཟ་བའི་མི་འཇིགས་སྦྱིན། །དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །རྡོ་རྗེའི་ལས་རྣམས་བྱེད་པ་སྟེ། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་ དང་། །མདའ་འཕང་བ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་ནི་སྙིང་གར་གཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པར་དབྱེ། །སྙིང་གར་གཡོན་པར་རལ་གྲི་འདུད། །མགལ་མེའི་འཁོར་ལོ་བསྐོར་བ་དང་། ། རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་དཀྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་གཞག །གོ་ཆ་མཐེ་ཆུང་མཆེ་བ་མཆོག །ཁུ་ཚུར་གཉིས་ཀྱིས་མནན་པའོ། །རྡོ་རྗེ་འགྱིང་བའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་འདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་ གྱིས་ནི། །བདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་མཆོད་པ་ཡིན། །ཕྱག་རྒྱའི་མཆོད་པ་བྱེད་པའོ། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེ་ཆུང་ལ་སྟེང་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱ་བའོ། །ལས་ཀྱི་དཀྱིལ་འཁོར་གྱི་ འགྲེལ་པའོ། །དེ་ལྟར་རྒྱ་ཆེན་པོ་ལ་དགའ་བའི་སེམས་ཅན་རྣམས་ལས་བརྩམས་ཏེ། དཀྱིལ་འཁོར་བཞི་གསུངས་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེན་པོས་འཇིགས་ཤིང་སྐྲག་པ་བར་མ་ལ་དགའ་བའི་སེམས་ཅན་རྣམས་ལས་བརྩམས་ཏེ། དེ་བཞིན་གཤེགས་པའི་རིགས་བསྡུས་པར་གྱུར་པ་ཕྱག་ རྒྱ་བཞིའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པ་སྟེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་པར་གཟུང་ངོ་། །དེ་བཞིན་ གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་མཐུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་བཞི་བསྐྱེད་ནས་དེ་ལྟར་གསུངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ དང་། དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་དང་འབྲེལ་པའི་རྟོག་པ་ཆེན་པོའི་ཆོ་ག་རྒྱས་པའི་དཀྱིལ་འཁོར་བཞི་པོར་བསྟན་པའི་དངོས་གྲུབ་ཐམས་ཅད་བསྡུས་པའི་དོན་དུ་ཇི་སྐད་བཤད་པའི་དོན་གྱི་དངོས་གྲུབ་ལ་སོགས་པ་ཉེ་བར་བསྡུ་ཞིང་ཡང་དག་པར་བསྡུས་པ་དེའི་དོན་དུ་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཏེ་གང་གི་ཕྱིར་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པས་སེམས་ཅན་གྱི་ཁམས་མ་ལུས་པ་རྒྱས་འདེབས་ཤིང་དངོས་གྲུབ་ཐམས་ཅད་བསྒྲུབ་པར་ནུས་པའི་གཟུགས་བརྙན་བསྐྱེད་ལ་ཕྱག་རྒྱ་ དེའི་སྙིང་པོ་རང་གི་ཐུགས་ལ་གནས་པ་འདི་སྨྲས་པ་ནི་གསུངས་པའོ། །དེ་ལྟར་རེ་ཞིག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་སྤྲུལ་ནས། ད་ནི་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་རང་རང་གི་ཕྱག་རྒྱ་བཞིའི་དཀྱིལ་ འཁོར་སྤྲུལ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཐམས་ཅད་རང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རང་ཉིད་ཀྱིས་སྤྲུལ་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ་བཞུགས་སོ་ཞེས་བྱ་བར་ཤེས་པར་བྱའོ། །འདིར་ཡང་དེ་བཞིན་གཤེགས་པ་ལྔ་དང་རྡོ་རྗེ་སེམས་ དཔའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དང་པོ་སྦྱོར་བའི་དུས་སུ་ངེས་པར་བྱ་དགོས་ཏེ། དེ་བཞིན་གཤེགས་པ་རྣམས་གཅིག་ཏུ་བྱོན་པ་མེད་པའི་ཕྱིར་དང་། རྡོ་རྗེ་སེམས་དཔའ་མེད་པར་དཀྱིལ་འཁོར་གྱི་འཁོར་ལོར་འཇུག་པ་ཡོད་པ་མ་ཡིན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་འཁོར་ལོས་ སྒྱུར་བ་དེ་ཉིད་དུ་དབང་བསྐུར་བ་ཡིན་པའི་ཕྱིར་རོ། །ཡང་ན་འོག་མིན་དུ་མངོན་པར་བྱང་ཆུབ་པ་ཙམ་ན་དང་པོའི་སྦྱོར་བ་ཉིད་དུ་བཤད་པ་དེར་ཡང་རང་གི་རིགས་སྤྲུལ་པ་བཀོད་པ་བྱིན་གྱིས་བརླབ་པ་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ནི་རི་རབ་ཀྱི་སྟེང་དུ་རྡོ་རྗེ་སེམས་དཔའ་དང་བཅས་པས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་སྤྲུལ་པར་ འདོད་པ་ཡིན་ནོ། །དེ་བས་ན་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རེ་རེ་སྤྲུལ་པ་ལ། དེ་བཞིན་གཤེགས་པ་ལྔ་དང་། རྡོ་རྗེ་སེམས་དཔའ་བྱ་དགོས་སོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་སྤྲུལ་པའི་དཀྱིལ་འཁོར་ལྔ་ལས་ཀྱང་ཐམས་ཅད་གཅིག་ཏུ་གྱུར་ནས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་གནས་པར་བྱའོ་ཞེས་བཤད་པ་ཡིན་ནོ། །གཞུང་འདི་ཙམ་གྱིས་ནི་ཕྱག་རྒྱའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལྔ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས་ལས་ཀྱི་ རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལྔ་པོ་ཤེས་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱས་པས་མཚན་མ་ཐོབ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ཏེ། རྡོ་རྗེ་དབྱིངས་ཀྱི་ དུམ་བུ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱ་བ་ཡིན་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །རང་གི་བྱིན་གྱི་ རླབས་ཀྱིས་ཞེས་བྱ་བ་ནི་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་གྱི་རང་གི་ནུས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བཞི་བསྐྱེད་དོ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི་སྔར་བཤད་པ་སྟེ་ དེའི་ཕྱིར་རོ། །རྡོ་རྗེ་དངོས་གྲུབ་ཅེས་བྱ་བ་ནི་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་ལས་དངོས་གྲུབ་གྲུབ་པ་འདི་ལ་མངའ་བས་ན་རྡོ་རྗེ་དངོས་གྲུབ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི་རྡོ་རྗེ་དངོས་གྲུབ་ཅེས་བྱ་བ་སྟེ། དཀྱིལ་འཁོར་དེ་བཤད་དོ་ཞེས་བྱ་བ་ནི་བཀའ་སྩལ་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་གང་གི་ཕྱིར་བར་མ་ལ་དགའ་བ་རྣམས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་ཇི་སྲིད་དམ་ཚིག་མ་ཐོབ་ཅིང་དབང་མ་བསྐུར་བ་དེ་སྲིད་ཀྱི་བར་དུ་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་གསུངས་ པའི་དངོས་གྲུབ་རྣམས་བསྒྲུབ་པའི་སྐལ་བ་དང་ལྡན་པར་གྱུར་པ་མ་ཡིན་པས་རྒྱུ་དེས་ན་དེས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ། །ཅི་ཞིག་བཤད་པར་བྱ་ཞེ་ན། ཕྱག་རྒྱའི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ནི་ཕྱག་རྒྱའི་དཀྱིལ་ འཁོར་ཏེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་དམ་པ་མཆོག་སྟེ། དངོས་གྲུབ་ཐམས་ཅད་བསྡུས་པའི་ཚུལ་གྱིས་དམ་པར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དབྱིབས་ཇི་ལྟ་བུ་ཞེ་ན། རྡོ་རྗེ་དབྱིབས་དང་འདྲ་བས་ན། །ཞེས་བྱ་བ་གསུངས་ཏེ། སྤྲུལ་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །མིང་ཇི་སྐད་ ཅེས་བྱ་བ་ཞེ་ན། རྡོ་རྗེ་དངོས་གྲུབ་ཅེས་ཀྱང་གྲགས་ཤིང་བྱ་བ་གསུངས་ཏེ། གྲགས་པ་ནི་བཤད་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབྱིངས་སུ་མཁས་པས་སྲད་བུ་བྲི་བར་བྱའོ། །ཐོག་མར་སངས་རྒྱས་ཐུགས་བཞག་སྟེ། །ཕྱག་རྒྱ་བཞི་ནི་བྲི་བར་བྱ། ། ཞེས་བྱ་བ་ནི་དང་པོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔར་བཤད་པའི་མཚན་ཉིད་ཅན་དབུས་སུ་བཞག་ལ། མི་བསྐྱོད་པའི་གནས་སུ་སཏྭ་བཛྲི་ཞེས་ཟློས་ཤིང་རྡོ་རྗེ་སེམས་མ་རིན་ཆེན་འབྱུང་ལྡན་གྱི་གནས་སུ་རཏྣ་བཛྲི་ཞེས་བྱ་བས་རིན་ཆེན་སེམས་མ། འོད་དཔག་ཏུ་མེད་པའི་གནས་སུ་ནི་དྷརྨྨ་བཛྲི་ཞེས་བྱ་བས་རྡོ་རྗེ་ ཆོས་མ། དོན་ཡོད་པར་གྲུབ་པའི་གནས་སུ་ཀརྨྨ་བཛྲི་ཞེས་བྱ་བས་རྡོ་རྗེ་ལས་མར་བཤད་པའི་མཚན་ཉིད་ཅན་ལེགས་པར་བྲི་བར་བྱའོ། །འདི་ཉིད་བསྟན་པ་ནི། ཕྱག་རྒྱ་བཞི་ནི་བྲི་བར་བྱ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་ཕྱག་རྒྱ་ལ་སོགས་བྲི། །ཞེས་བྱ་བ་ཡིན་ནོ། །དེ་ནས་ཞེས་བྱ་བའི་ སྒྲ་ནི་དེ་མ་ཐག་པའོ། །གང་གི་ཞེ་ན་སློབ་དཔོན་རང་ཉིད་དེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཚུལ་གྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ། །དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བདག་ལ་བྱིན་གྱིས་བརླབ་ལ་སོགས། །ཇི་ལྟ་བར་ནི་བཀའ་ནོད་དོ། །དེ་ལྟར་བགྱིད་ནས་བདག་མི་ བརྗོད། །དེ་ནས་རྡོ་རྗེ་བསྒྲུབ་བགྱི་བ། །རྡོ་རྗེ་སློབ་དཔོན་སེམས་དཔའ་ཡིས། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་བརྡབས་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །དེའི་ཚེ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བཅས། །དཀྱིལ་འཁོར་ཐམས་ཅད་གང་བ་རྣམས། །དཀྱིལ་འཁོར་རྣམས་ སུ་འདུས་པར་གྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ལན་ཅིག་རབ་ཏུ་བརྗོད་པར་བགྱིའོ། །ཞེས་བྱ་བའོ། །རྡོ་རྗེ་དངོས་གྲུབ་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་འདིར། དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བྱས་ནས། དེ་བཞིན་དུ་བཙུད་དེ་ཞེས་བྱ་བ་ནི་ཕྱག་བཞི་ བྱེད་དུ་བཅུག་ལ་སེམས་མ་རྡོ་རྗེ་མ་ཇི་ལྟ་བ་བཞིན་དུ་འཆིང་དུ་བཅུག་སྟེ་དེ་ནས་གཞུག་པར་བྱའོ། །ཞུགས་ནས་འདི་སྐད་སྨྲའོ། །ཁྱོད་ཀྱིས་གསང་བའི་ལེའུ་འདི་སུ་ལའང་མ་བསྟན་ཅིག་ཅེས་བྱ་བ་ནི་གསང་བ་ནི་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དངོས་གྲུབ་བསྡུས་ པ་དེ་ནི་གསང་བ་ཡིན་ཏེ། རྒྱ་ཆེན་པོ་ལ་དགའ་བ་དང་། མདོར་བསྡུས་པ་ལ་དགའ་བའི་དཀྱིལ་འཁོར་དུ་འཇུག་པ་ལ་ཁྱེད་ཀྱིས་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ནི་ཅིའི་ཕྱིར་འདི་བདག་གིས་བསྟན་པར་མི་བྱ་ཞེ་ན། ལོག་པར་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་འདི་ ལྟ་བུ་དག་ཀྱང་ཡོད་དོ། །ཇི་ལྟ་བུ་ཞེ་ན། ལོག་པར་ལྟ་བ་སྟེ། རྣམ་པར་སྣང་མཛད་ཆེན་པོའི་རྣམ་པར་སྤྲུལ་པ་ལ་མི་མོས་པའོ། །ཅིའི་ཕྱིར་དེ་ལོག་པར་ལྟ་བ་ཡིན་ཞེ་ན། གང་གི་ཕྱིར་སྡིག་པའི་ལས་བྱེད་པའི་ཞེས་བྱ་བ་གསུངས་ཏེ། དམ་པའི་ཆོས་སྤོང་བ་ལ་སོགས་པ་ལས་ཀྱི་སྒྲིབ་པས་བསྒྲིབས་ པའི་རྒྱུ་དེས་ན་བརྩོན་འགྲུས་ཆུང་བའོ། །བརྩོན་འགྲུས་ཆུང་བ་ཉིད་ཀྱིས་ན། དེ་བཞིན་གཤེགས་པའི་གསུང་ཐོས་པ་དང་། བསམ་པ་དང་བསྒོམ་པ་ལ་མངོན་པར་བརྩོན་པ་མེད་པ་ཉིད་ཀྱིས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཡོངས་སུ་མི་ཤེས་པས་ དེའི་སྦྱོར་བ་མེད་པ་ཡིན་ནོ། །སྦྱོར་བ་ལ་མཁས་ཀྱང་རི་མོའི་ལས་མི་ཤེས་པ་ཡོད་དེ། དེ་ལྟ་བུ་དེ་དག་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་བཞིར་མི་འཇུག་སྟེ། དེ་དག་གི་དོན་དུ་འདི་བྱིན་གྱིས་བརླབས་སོ་ཞེས་བྱ་བར་སྦྱར་རོ། །དེ་བས་ན་གཞན་དག་ལ་བསྟན་པར་མི་བྱའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་དམ་ཚིག་ཏུ་གྱུར་པ་ནི་མི་འདའ་བའི་དོན་ཏོ། །དམ་ཚིག་ཅེས་བྱ་བ་སྟེ་དཀྱིལ་འཁོར་འདི་ནི་མི་འདའ་བ་ཡིན་ཞིང་དེ་རྣམས་ འདིའི་ནང་དུ་འདུས་པ་དེ་རྣམས་ཀྱི་དམ་ཚིག་ཏུ་གྱུར་པའོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་བྲིས་པས་རྡོ་རྗེ་དབྱིབས་ལ་སོགས་པའི་དཀྱིལ་འཁོར་བཞི་བྲིས་པར་གྱུར་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འདིར་ཞུགས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་གྱུར་ཅིང་། འདིར་དབང་བསྐུར་ན་ཐམས་ཅད་དུ་དབང་བསྐུར་བ་ཡིན་ ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་པ་དངོས་གྲུབ་ཀྱི་བར་དུ་བྱིན་གྱིས་བརླབས་ཞེས་བྱ་བ་ལ། རྡོ་རྗེ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པ་ཡིན་པས་ན། རྡོ་རྗེ་དམ་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེའི་དངོས་གྲུབ་གྲུབ་ཅིང་རྫོགས་པ་དེའི་ རྒྱུར་བྱིན་གྱིས་བརླབས་སོ་ཞེས་པའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྡུའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ནི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་བཤད་མ་ཐག་པ་དང་། འབྲེལ་པའི་དོན་འདི་བྱིན་གྱིས་བརླབས་ཤིང་། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་བསྡུ་བའི་ཚུལ་གྱིས་བསྟན་པར་བྱ་བ་ཡིན་པས་ན་ཁྱེད་ཀྱི་རྒྱ་ཆེ་བས་འཇིགས་ཤིང་སྐྲག་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་གསང་བ་འདི་རྣམས་ལ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་སེམས་མ་ལ་སོགས་པའོ། །དེ་རྣམས་ཀྱི་གསང་བ་ནི་རིགས་ཐམས་ཅད་ཀྱི་དངོས་གྲུབ་གཅིག་ཏུ་བསྡུས་པ་ཡིན་པས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་བསྡུས་པ་སྟེ། གང་གི་ཕྱིར་འདི་དག་དང་ལྡན་ པའི་གསང་བ་ལ་ཡིད་མི་ཆེས་པར་མི་བྱ་ཞིང་མ་དད་པར་མ་བྱེད་ཅིག །གཞན་དུ་ན་དད་པར་བྱ་བ་ཉིད་ཡིན་ནོ་ཞེས་བརྗོད་དོ། །མ་དད་ན་ཉེས་པ་ཅིར་འགྱུར་ཞེ་ན། ཁྱོད་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་ཁམས་སུ་ལྟུང་བར་འགྱུར་བའམ་ཞེས་བྱ་བ་མ་དད་པར་གྱུར་ན་དམ་པའི་ཆོས་ སྤོང་བར་འགྱུར་ལ། དེ་ནས་ཀྱང་དམྱལ་བ་ལ་སོགས་པར་ལྟུང་ཞིང་བདེ་བ་ལས་ཉམས་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །མི་བདེ་བ་མ་སྤངས་པས་དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ་ཞེས་བྱ་བ་ནི་མི་བདེ་བ་ནི་འདིར་དེ་བཞིན་གཤེགས་པའི་བཀའ་ལས་འདས་པ་སྟེ། དེས་རིགས་ཐམས་ཅད་བསྡུས་ པའི་ཕྱག་རྒྱ་གཅིག་ཀྱང་ཁས་བླང་བར་བྱའོ་ཞེས་བྱ་བ་འདི་ཁས་ལེན་པར་མི་བྱེད་པ་ནི་མི་བདེ་བའམ་ཡ་ང་བ་མ་སྤངས་པའོ། །ཁས་མ་བླངས་པ་དེས་ཚེའི་ལྷག་མ་ཡོད་དུ་ཟིན་ཀྱང་འཆི་བར་འགྱུར་རོ། །དཀྱིལ་འཁོར་འདིར་དམ་ཚིག་དང་། དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དེ་བཞིན་ གཤེགས་པའི་རིགས་སུ་གསུངས་པའི་དངོས་གྲུབ་ཐམས་ཅད་བསླབ་པར་བ