Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 57

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལའོ། །འདིར་དང་པོར་སྦྱོར་བའི་ཏིང་
ངེ་འཛིན་ནི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་ལས་ཤེས་པར་བྱའོ། །ཡང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་ནས་ཡང་གི་སྒྲ་སྨྲས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་
པ་ལ། རྡོ་རྗེ་ཡང་ཡིན་ལ་ཕྲ་མོ་ཡང་ཡིན་པས་ན་རྡོ་རྗེ་ཕྲ་མོ་སྟེ། ནས་འབྲུའི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པ་ཁ་དོག་དཀར་པོའོ། །དེར་དེ་ཉིད་ནི་ཡེ་ཤེས་ཏེ་ངེས་པའོ། །དེ་ལས་བྱུང་བའམ་དེ་ཉིད་ནི་ཕྱག་རྒྱ་སྟེ་རྡོ་རྗེ་ཕྲ་མོའི་རང་བཞིན་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་དེའི་དམ་ཚིག་ནི། དམ་ཚིག་གི་དོན་གྱི་དཀྱིལ་འཁོར་ཡིན་པས་ན་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་དེས་བྱིན་གྱིས་བརླབ་པ་ཞེས་བྱ་བ་དེ་ལ་
སྙོམས་པར་ཞུགས་ནས་རང་གི་རིག་པ་མཆོག་འདི་སྨྲས་པ་ནི་གསུངས་པའོ། །དེ་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རང་གི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས་རང་གི་སྔགས་གསུངས་པ་ཡིན་ནོ། །གསང་
སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམས་པས་དེའི་ང་རྒྱལ་གྱིས་བློ་ལ་གནས་པར་བྱས་ལ། སྔགས་འདིས་བརྟན་པར་བྱའོ། །མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་དཀྱིལ་
འཁོར་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་སེམས་དཔའ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་ལ་སོགས་པ་ལ་མི་བསྐྱོད་པའི་རིགས་རྣམས་སོ། །དེ་རྣམས་
ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་རིན་ཆེན་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེ་སྟེ། རིན་ཆེན་འབྱུང་
ལྡན་ལ་སོགས་པ་རིན་ཆེན་འབྱུང་ལྡན་གྱི་རིགས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་ནི་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཆོས་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་
ཏེ། འོད་དཔག་ཏུ་མེད་པ་ལ་སོགས་པ་འོད་དཔག་ཏུ་མེད་པའི་རིགས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ལས་ཀྱང་ཡིན་པས་ན། དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཏེ། དོན་ཡོད་པར་གྲུབ་པ་ལ་སོགས་པ་དང་དེའི་རིགས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེའི་དམ་ཚིག་གི་དཀྱིལ་འཁོར་ཡིན་པས་ན་དམ་ཚིག་གི་དཀྱིལ་འཁོར་ཏེ། དེ་བྱིན་གྱིས་བརླབ་པའི་ཕྱིར་
དེ་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། རང་གི་རིག་པ་མཆོག་ཐུགས་ལ་གནས་པ་འདི་སྨྲས་པ་ནི་བཀའ་སྩལ་པའོ། །འགའ་ཞིག་འདི་སྐད་དུ་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་སྔགས་འདི་ལྔ་
གསུངས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟར་ནི་མི་རིགས་ཏེ། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་དབང་དུ་མཛད་པས་དེའི་སྐབས་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གསུམ་བསྒོམས་པའི་རྗེས་ལ་ས་གཞི་བྱིན་གྱིས་བརླབ་པར་
བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ནི་ཇི་སྐད་དུ་གསུངས་པའི་མཚན་ཉིད་
ཅན་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི། ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ཕྲ་མོའི་འོད་ཟེར་ལ་སོགས་པ་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །
དེ་ལ་ཡང་གང་གི་ཕྱིར་བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཚེ་ན་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་གང་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་སེམས་དཔའི་རྡོ་རྗེའི་ཚུལ་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་འོད་ཟེར་རྣམས་སུ་བྱུང་བ་སྟེ། རྡོ་རྗེའི་ཡེ་ཤེས་ཕྲ་མོ་ལྟ་བུའི་འོད་ཟེར་རྣམས་སུ་གྱུར་ཏེ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་

རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཡེ་ཤེས་ཕྲ་མོའི་འོད་ཟེར་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཉི་མའི་སྣང་བ་ལ་སོགས་པ་ཟིལ་གྱིས་མནན་ཏེ་སྣང་བར་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྣང་བར་བྱས་པ་དེས་ཅི་ཞིག་
མཛད་ཅེ་ན་སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་རྡོ་རྗེ་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པ་བརྟན་པར་བྱས་པ་ནི་རྡོ་རྗེ་ཕྲ་མོ་ལ་དམིགས་པའི་སེམས་རྩེ་
གཅིག་པའི་ཏིང་ངེ་འཛིན་བརྟན་པོར་བྱས་པའོ། །སྙོམས་པར་ཞུགས་པ་དེ་ཉིད་གསལ་བའི་དབྱེ་བས་ཀྱང་དེའི་རྗེས་ཐོགས་ཉིད་ལ་ཡིན་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ་ཞེས་གསུངས་པ་ཡིན་ལ། དེ་བརྟན་པར་བྱས་པ་ནི། བརྟན་པར་བྱས་པས་རྫོགས་པར་
འགྱུར། །ཞེས་བྱ་བའི་དོན་ཏོ། །ཡང་གཅིག་ཏུ་གྱུར་ནས་ཞེས་བྱ་བ་འདིས་ནི། འོད་ཟེར་རྣམས་ཀྱི་བསྡུ་བ་གསུངས་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུར་དམིགས་ཏེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། ཏིང་ངེ་
འཛིན་གྱི་རྒྱུས་རྡོ་རྗེ་ཕྲ་མོར་ངེས་པའོ། །དེར་དེས་ན་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེ་དེའི་ལུས་ཡིན་པས་ན། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུ་སྟེ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུ་ཉིད་ལ་ཏིང་ངེ་འཛིན་གྱི་སྐུ་ཞེས་བྱའོ། །དེ་ལ་དམིགས་པ་ནི་རྡོ་རྗེ་ཕྲ་མོ་ལྟ་བུའི་འོད་ཟེར་
གཅིག་ཏུ་བྱས་ཏེ། རྡོ་རྗེ་ཕྲ་མོའི་སྐུ་གཅིག་པོ་དེ་རྫོགས་པར་བྱས་ཤིང་མངོན་སུམ་དུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་དམིགས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པར་ཅིར་འགྱུར་ཞེ་ན། གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཕྲ་མོ་ལྟ་བུའི་
འོད་ཟེར་དེ་རྣམས་གཅིག་ཏུ་འདུས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་མི་ཕྱེད་པའི་རྡོ་རྗེ་ཕྲ་མོའི་གཟུགས་སུ་སེམས་དཔའི་རྡོ་རྗེའི་སྐབས་སུ་གྱུར་པ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་ཐུགས་

སུ་ཞུགས་པས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་པར་བལྟ་བར་བྱ་སྟེ། ཐུགས་སུ་ཞུགས་ནས་ཞེས་འོག་ནས་བཤད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བའི་སྒྲས་ནི་བར་མ་ཆད་པའོ། །དེས་ན་དོན་འདི་སྐད་སྟོན་ཏེ། དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་ཞུགས་པའི་རྗེས་ཐོགས་ཉིད་ལ། རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་གནས་ནས་འདི་སྨྲས་པ་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་གསུངས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་
བའི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ནི་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ་ཆོས་ཀྱི་དབྱིངས་སོ། །དེའི་རྡོ་རྗེ་ནི་སཱུ་ཀྵྨ་བཛྲ་ཞེས་བྱ་བའི་སྔགས་འདིའོ། །དེ་སྨྲས་པ་ནི་གསུངས་པའོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་ན་
རྡོ་རྗེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་གཟུགས་རྣམས་ལས་སོ། །ཕྱག་ན་རྡོ་རྗེ་ཉིད་བྱུང་ནས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྡོ་རྗེ་སེམས་དཔའི་རྡོ་རྗེ་དང་དྲིལ་བུ་བསྣམས་
པ་བྱུང་བའོ། །དེ་བྱུང་ནས་བདག་ཉིད་རྡོ་རྗེ་ཕྲ་མོའི་གཟུགས་བྱིན་གྱིས་བརླབས་ཤིང་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྩེ་མོའི་ཕྱོགས་སུ་གནས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཞེས་བྱ་བའི་སྒྲ་ནི་ངོ་མཚར་གྱི་དོན་ཏོ། །སངས་རྒྱས་
ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དང་འབྲེལ་བའོ། །རྡོ་རྗེ་ཕྲ་མོའི་བདག་སྟེ་ཆེ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཕྲ་ཡང་ཆེ་བའི་ཕྱིར། །ཁམས་གསུམ་ཡང་ནི་རྒྱས་པར་བྱེད། །ཅེས་བྱ་བ་
གསུངས་ཏེ། ཡང་ཞེས་བྱ་བའི་སྒྲའི་དོན་ནི་རེ་ཞིག་གཞན་ལྟ་ཞོག་གི་ཞེས་བྱ་བའོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆེ་བའི་ཕྱིར་ཁམས་གསུམ་ཀུན་དུ་སྤྲོས་པར་བྱེད་པ་འདི་ནི་ངོ་མཚར་ཆེའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་སྐད་ཅེས་སྨྲས་པ་དང་།

ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོར་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་གནས་ནས་རྡོ་རྗེ་སེམས་དཔའ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོའི་ཕྱོགས་ནས་ཞེས་བྱ་བ་ནི་ཤངས་
ཀྱི་རྩེ་མོར་ཕྱིན་ནས་རབ་ཏུ་ཕྲ་བའི་རྡོ་རྗེ་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བ་ནི་ཁྱབ་པ་སྟེ། དེ་ལྟར་སྤྲོས་པ་ཉིད་ནི་ཕྲ་བ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཕྲ་བའི་རྡོ་རྗེ་སྟེ། དེ་ཉིད་ནི་ཡེ་ཤེས་སོ། །དེའི་མཚན་མ་ནི་གཟུགས་ཀྱི་མཚན་མ་དང་། རེག་པའི་མཚན་མའོ། །
དེ་ལ་གཟུགས་ཀྱི་མཚན་མ་ནི་མིག་གི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཀྱིས་གཟུང་དུ་རུང་བའོ། །རེག་པའི་མཚན་མ་ནི་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཀྱིས་གཟུང་དུ་རུང་བའོ། །དེ་ཡང་གཟུགས་ཀྱི་མཚན་མ་ནི་སྣའི་རྩེ་མོར་ནས་འབྲུ་ཙམ་གྱི་
རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྒོམས་པ་ན་མིག་དང་ཡིད་ཀྱི་རྣམ་པར་ཤེས་པས་གཟུང་དུ་རུང་བར་འགྱུར་རོ། །མཐོང་ནས་ཀྱང་དེར་ལུས་དང་ཡིད་བདེ་ཞིང་ཚིམ་པར་བྱེད་པའི་རེག་པ་ཉེ་བར་སྐྱེ་བ་འདི་ནི་རེག་པའི་མཚན་མའོ། །རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་མཚན་མ་གཉིས་པོ་འདི་དག་
མཐོང་ནས་རྒྱས་པར་བྱ་བའི་སྦྱོར་བས་སྤྲོས་པར་བྱ་བ་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དེས་ཁྱབ་པར་བྱས་ནས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུས་ཁྱབ་པར་སྤྲོས་པའོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་སྟོང་པའི་
མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་ཅིང་སྤྲོས་པར་བྱས་པ་ཉིད་ཀྱི་ཚུལ་ཏེ། ཚུལ་དང་རྣམ་པ་དེས་ནམ་མཁའི་དབྱིངས་ཐམས་ཅད་ཅེས་པ། གོ་འབྱེད་པ་མ་ལུས་པར་ཐམས་ཅད་དུ་ཕྲ་བའི་ཡེ་ཤེས་ཀྱི་མཚན་མ་རྣམས་ཀྱིས་ཁྱབ་པར་ཇི་སྐད་དུ་བཤད་པ་བཞིན་
དུ་སྤྲོས་པ་ཡང་། དེ་རྣམས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་སུ་བདག་ཉིད་བྱིན་གྱིས་བརླབས་ཏེ་འདུག་གོ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ནམ་

མཁའི་དབྱིངས་ཐམས་ཅད་དེ། དེར་ཁྱབ་པར་སྤྲོས་པས་ན་ཁྱབ་པར་བྱས་པ་ཡིན་ལ། དེ་ལྟར་སྤྲོས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་སུ་ཞེས་བྱ་བར་སྦྱར་ཏེ། དེར་བདག་ཉིད་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་ནས་གནས་པ་
ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནམ་མཁའ་མ་ལུས་པའི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པར་བདག་ཉིད་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནང་དུ་ཆུད་པར་མཛད་དེ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཤད་
མ་ཐག་པའི་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་སོ། །རྡོ་རྗེ་ཆོས་ཉིད་ནི་རྣམ་པར་རྟོག་པའི་དབང་གིས་འཇུག་པ་དང་ལྡོག་པ་མེད་པའི་ཚུལ་ལོ། །དེ་ལ་དམིགས་པ་ནི་དང་པོ་མངོན་དུ་བྱེད་པའོ། །དེ་ནས་དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཕྲ་མོ་ཇི་སྐད་དུ་གསུངས་པ་དེ་ཏིང་ངེ་འཛིན་གང་གིས་བྱིན་གྱིས་བརླབ་ཅིང་སྐྱེད་པར་བྱེད་པ་འདི་ནི་བྱིན་གྱིས་བརླབ་པ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཏེ་ཞུགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཕྲ་མོ་བསྐྱེད་པའི་རྣམ་པར་
ཐུགས་རྩེ་གཅིག་ཏུ་མཛད་ནས་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་སུ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡེ་ཤེས་ཀྱི་རྡོ་རྗེ་དེ་ལས་ཞེས་བྱ་བ་ནི་ནམ་མཁའ་མ་ལུས་པའི་ཚད་དང་མཉམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཕྲ་མོ་བསྐྱེད་པའི་ཏིང་ངེ་འཛིན་
བསྐུལ་བའི་མཐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་སྙིང་པོ་འབྱུང་བ་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་དེ་སྐྱེད་པར་བྱེད་པའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱུང་བར་གྱུར་པའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཡེ་ཤེས་
ཕྲ་མོར་འཇུག་པའི་ཚུལ་གྱིས་རྡོ་རྗེའི་དབྱིབས་སུ་གྱུར་ཏེ་གནས་སོ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་ཀྱང་ཡིན་ལ་ཕྲ་མོ་ཡང་ཡིན་པས་ཡེ་ཤེས་ཕྲ་མོ་སྟེ་རྡོ་རྗེ་ཕྲ་མོའོ། །དེར་འཇུག་པའི་ཚུལ་གྱིས་ཏིང་ངེ་འཛིན་ནི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་ལོ། །ཡེ་ཤེས་ཕྲ་མོར་འཇུག་

པའི་ཚུལ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུ་ལ་ཞུགས་པའི་རྗེས་ལ། དེའི་ཐུགས་ཀར་རྡོ་རྗེའི་དབྱིབས་སུ་གྱུར་ཏེ་གནས་སོ། །རྡོ་རྗེའི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་
གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་ཞུགས་ནས་ཐུགས་ཀར་རྡོ་རྗེ་དབྱིབས་སུ་གྱུར་ནས་གནས་སོ་ཞེས་བྱ་བ་འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྡོ་རྗེ་ཕྲ་མོ་སྐྱེད་པར་བྱེད་པའི་སྙིང་པོ་གསུངས་ནས། བདག་ཉིད་རྡོ་རྗེ་ཕྲ་མོར་
བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྟེ་བའི་གནས་སུ་བཞུགས་པའོ། །དེ་ནས་བཛྲ་ནཱ་བྷི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་ཟློས་ཤིང་ལྟེ་བའི་ཕྱོགས་དེ་ནས་རིམ་གྱིས་ཕྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོར་བཞུགས་སོ། །དེ་ནས་
ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་ཕྱོགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཁུང་ནས་ཞུགས་ཏེ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེ་ཕྲ་མོའི་གཟུགས་སུ་གྱུར་ནས་གནས་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་དེ་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་ཆུད་པའི་རྡོ་རྗེ་ཕྲ་མོ་རྣམས་ལའོ། །ཡེ་ཤེས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། ཡེ་ཤེས་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་ལེགས་པའི་བར་
གྱིའོ། །དེ་རྣམས་ཀྱི་སྙིང་པོ་ནི་དེ་སྟོན་པར་བྱེད་པའི་སྒྲ་བཞི་པོ་སྟེ། ཐུགས་ལ་གནས་པ་འདི་ཕྱུང་བར་གྱུར་པའོ། །རྡོ་རྗེ་སེམས་དཔའི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་
གི་ཕྱག་རྒྱ་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། བཛྲ་ཨཱཏྨ་ཀོ་ཞེས་བྱ་བའི་སྔགས་འདིའོ། །དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །

དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཧྲྀ་ད་བཛྲ་ཨཾ་ཀུ་ཤ་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉེས་པར་བྱེད་པའི་ཡེ་ཤེས་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེན་པོའི་ངེས་
པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཏིཥྛ་རཱ་ག་བཛྲ་པྲ་བི་ཤ་ཧྲྀ་ད་ཡཾ་ཞེས་བྱ་བའི་སྔགས་སོ། །དགའ་བ་ཆེན་པོའི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལེགས་པའི་
ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དགའ་བ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཨ་ཧོ་བཛྲ་ཏུཥྚི་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཏིང་ངེ་འཛིན་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཏིང་ངེ་འཛིན་ཆེན་པོ་རྣམས་ཏེ། བྱང་ཆུབ་ཀྱི་སེམས་དང་། དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པ་དང་། རྗེས་སུ་མཉེས་པར་བྱ་བ་དང་། ལེགས་སོ་ཞེས་བྱ་བའི་རྣམ་པར་ཐུགས་རྩེ་གཅིག་པ་ཉིད་དོ། །ཡེ་ཤེས་ཕྲ་མོ་ཐུགས་སུ་ཞུགས་པའི་ཚུལ་བཤད་ཟིན་ཏོ། །
རང་གི་ཐུགས་སུ་ཞུགས་ཏེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་སུ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྙིང་པོའི་སྔགས་མི་བསྐྱོད་པའི་ཐུགས་ལས་བྱུང་སྟེ། བཛྲ་ནཱ་བྷི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་ཟློས་ཤིང་། རིན་ཆེན་འབྱུང་ལྡན་གྱི་ལྟེ་བའི་ཕྱོགས་སུ་གནས་ནས། དེ་
ནས་རིམ་གྱིས་བྱུང་སྟེ་རིན་ཆེན་འབྱུང་ལྡན་གྱི་ཤངས་ཀྱི་རྩེ་མོར་གནས་ནས་དེ་ལས་དེའི་ཤངས་ཀྱི་བུ་ག་ནས་ཐུགས་ཀར་ཞུགས་ཏེ། ཐུགས་ཀར་རྡོ་རྗེའི་དབྱིབས་སུ་བདག་ཉིད་བྱིན་གྱིས་བརླབས་ནས་ཞུགས་ཏེ་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་དེ་ཉིད་དུ་རྡོ་རྗེ་ཕྲ་མོའི་གཟུགས་
སུ་བདག་ཉིད་བརྟན་པར་བྱས་ནས་གནས་སོ་ཞེས་བྱའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀར་གནས་པའི་རྡོ་རྗེ་ཕྲ་མོ་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་བསྐུར་བའི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་

འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་བསྐུར་བའི་ཡེ་ཤེས་ཏེ། བཛྲ་རཏྣ་ཨཱཏྨ་ཀོ་ཞེས་བྱ་བའི་སྔགས་སོ། །འོད་ཀྱི་དཀྱིལ་འཁོར་ཡང་ཡིན་ལ་
ཆེན་པོ་ཡང་ཡིན་པས། འོད་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། དེའི་བཀོད་པ་ཆེན་པོ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེན་པོའོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཧྲྀ་ད་ཡ་བཛྲ་སཱུརྱ་ཞེས་བྱ་བའི་
སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རེ་བ་རྫོགས་པར་བྱེད་པའི་ཡེ་ཤེས་ནི་རྡོ་རྗེ་དབལ་གྱི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིཥྛ་བཛྲ་དྷྭ་ཛཱ་གྲ་བཾ་ཞེས་བྱ་བའི་སྔགས་སོ། །དགའ་བ་ཡང་ཡིན་ལ་ཆེན་པོ་ཡང་
ཡིན་པས་དགའ་བ་ཆེན་པོ་སྟེ། ཡིད་བདེ་བའོ། །དེའི་ཤུགས་ནི་ལྷུན་གྱིས་གྲུབ་པར་འཇུག་པའོ། །དེའི་འབྱུང་བ་ནི་སྐྱེ་བ་སྟེ་རྡོ་རྗེ་བཞད་པའི་ཕྱག་རྒྱ་ཆེན་པོ་འགྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡེ་ཤེས་ནི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དགའ་བ་ཆེན་པོའི་
ཤུགས་འབྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། ཧྲྀ་ད་ཡ་བཛྲ་ཧ་ས་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་དང་། མི་འཇིགས་པ་དང་། བྱམས་པ་དང་། ཆོས་
ཀྱི་སྦྱིན་པ་རིན་པོ་ཆེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །རང་གི་སྙིང་ག་ཡང་ཡིན་ལ་རྡོ་རྗེ་སྙིང་པོ་ཡང་ཡིན་པས་ན། རང་གི་སྙིང་ག་རྡོ་རྗེ་སྙིང་པོ་སྟེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རང་གི་སྙིང་གའི་ཟླ་བ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་
རྡོ་རྗེ་ཕྲ་མོའི་སྙིང་པོའོ། །དེ་ལ་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས་སྔར་བཤད་པའི་ཚུལ་གྱིས་བྱུང་ནས་འོད་དཔག་ཏུ་མེད་པའི་ཐུགས་ཀར་རྡོ་རྗེའི་དབྱིབས་ཞེས་པ་རྡོ་རྗེ་ཕྲ་མོའི་བདག་ཉིད་བྱིན་གྱིས་བརླབས་ཤིང་བརྟན་པར་བྱས་ནས་བཞུགས་སོ། །ཆོས་ཐམས་ཅད་ཀྱི་མཉམ་པ་

ཉིད་ནི་སྟོང་པ་ཉིད་དུ་མཚུངས་པ་ཉིད་དོ། །དེའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཛྲ་པདྨ་ཨཱཏྨ་ཀོ་ཞེས་བྱ་བའི་སྔགས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཆེན་པོའི་ངེས་པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་དང་འདྲ་སྟེ། ཧྲྀ་ད་བཛྲ་ཀོ་ཥ་ཞེས་བྱ་བའི་སྔགས་ཡིན་པར་ཤེས་པར་བྱའོ། །འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་འཁོར་
ལོ་ཆེན་པོ་སྟེ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་རྣམས་སོ། །དེ་རྣམས་སུ་འཇུག་པ་ནི་འཁོར་ལོ་ཆེན་པོ་ལ་འཇུག་པ་སྟེ། རྡོ་རྗེ་རྒྱུའི་ཕྱག་རྒྱ་ཆེན་པོ་དེའི་ཡེ་ཤེས་སོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིཥྛ་བཛྲ་ཙཀྲ་ཧྲྀ་ད་ཡཾ་པྲ་བེ་ཤ་
ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱི་ཚིག་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚིག་སྟེ། བཅོམ་ལྡན་འདས་རྡོ་རྗེ་སྨྲ་བའོ། །དེ་ཉིད་སྤྲོས་པ་མེད་པ་སྟེ། རྣམ་པར་མི་རྟོག་པའོ། །དེའི་ཡེ་ཤེས་ནི་ངེས་
པའོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཛྲ་ཛི་ཧྭཱ་གྲ་ཧྲྀ་ད་ཡ་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཏིང་ངེ་འཛིན་ཏོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ཆོས་ཀྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །རང་གི་སྙིང་གར་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་རང་གི་སྙིང་ག་ཡང་ཡིན་ལ། རྡོ་རྗེ་སྙིང་པོ་ཡང་ཡིན་པས་ན། རང་གི་སྙིང་གར་རྡོ་རྗེ་
སྙིང་པོ་སྟེ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རང་གི་ཐུགས་ཀའི་ཟླ་བ་དེར་རྡོ་རྗེ་ཕྲ་མོ་གང་ཡིན་པ་དེ་ནི་རང་གི་ཐུགས་ཀ་རྡོ་རྗེ་སྙིང་པོ་སྟེ། རྡོ་རྗེ་དེ་ལས་བྱུང་ནས་རྡོ་རྗེ་སྙིང་པོ་དེར་ཞུགས་ཞེས་བྱ་བ་དོན་ཡོད་པར་གྲུབ་པའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གང་ཡིན་པ་དེ་

ལས། རྡོ་རྗེ་ཕྲ་མོའི་སྙིང་པོ་ཡིན་པས་ན། དེའི་ཕྱིར་རྡོ་རྗེ་སྙིང་པོ་ཞེས་བྱའོ། །དེར་ཞུགས་པ་ནི་སྔར་བཤད་པའི་ཚུལ་གྱིས་འོད་དཔག་ཏུ་མེད་པའི་ཐུགས་ཀ་ནས་བྱུང་སྟེ་ཞུགས་པ་དེ་ཡང་རྡོ་རྗེ་ཕྲ་མོའི་དབྱིབས་སུ་བདག་ཉིད་བརྟན་པར་བྱས་ཏེ་ཞུགས་པའོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། ལས་སྣ་ཚོགས་པ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པ་སྟེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་དེའི་ཡེ་ཤེས་སོ། །དེ་ཉིད་གང་ཕྱག་རྒྱ་
ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། སརྦ་བཛྲ་ཨཱཏྨ་ཀོ་ཞེས་བྱ་བའི་སྔགས་སོ། །ཐུབ་པར་དཀའ་བའི་བརྩོན་འགྲུས་ནི། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཆེན་པོ་སྟེ་དེའི་ཡེ་ཤེས་སོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་ཐུབ་པར་
དཀའ་བའི་བརྩོན་འགྲུས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཧྲྀ་ད་ཡ་བཛྲ་ཀ་བ་ཙ་ཞེས་བྱ་བའི་སྔགས་སོ། །བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཐམས་ཅད་དོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་ཡན་ལག་བཞིའི་དཔུང་གི་ཚོགས་སོ། །དེ་རྣམ་པར་འཇོམས་པར་མཛད་པས་
ན་བདུད་ཐམས་ཅད་ཀྱི་དཀྱིལ་འཁོར་འཇོམས་པ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོའི་སྐུ་སྟེ་དེའི་ཡེ་ཤེས་སོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཏིཥྛ་བཛྲ་ཡཀྵ་ཧྲྀ་ད་ཡ་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཆིང་བ་ནི་
རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་ཡིན་པས་དེའི་ཡེ་ཤེས་སོ། །དེ་ཉིད་གང་གི་ཕྱག་རྒྱ་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཆིང་བའི་ཡེ་ཤེས་ཞེས་བྱ་སྟེ། བཛྲ་མུཥྚི་ཧྲྀ་ད་ཡ་ཞེས་བྱ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཏིང་ངེ་འཛིན་ཞེས་
བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་སོ་སོར་རྟོག་པའི་ནན་ཏན་ཉམས་སུ་ལེན་པའི་བརྩོན་འགྲུས་ཀྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ་སྔགས་བཅུ་དྲུག་སྤྲུལ་པའི་རྗེས་ཐོགས་ཉིད་ལའོ། །བཅོམ་ལྡན་

འདས་ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་རབ་ཏུ་ཕྲ་བའི་ཡེ་ཤེས་ཀྱི་མཚན་མས་ཁྱབ་པའི་ཚུལ་གྱིས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཚུལ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་བའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། ཕྱག་ན་རྡོ་རྗེ་ཡང་
ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔའོ། །དེའི་སྐུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའི་སྐུ་སྟེ་དེར་གྱུར་པའོ། །འདི་སྐད་སྟོན་ཏེ་སྔགས་བཅུ་དྲུག་གིས་བདག་ཉིད་ལ་བདག་ཉིད་ཀྱིས་བསྐུལ་ནས་རྡོ་རྗེ་ཕྲ་མོའི་མཚན་མས་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཀུན་དུ་བཀང་ལ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལས་རྡོ་རྗེ་ཕྲ་མོའི་གཟུགས་ཉིད་ཀྱིས་བྱུང་སྟེ། དེ་རྣམས་རྣམ་པ་གཅིག་ཏུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་པར་གྱུར་ཏོ། །དེ་ལྟར་བདག་ཉིད་བསྐྱེད་ནས་
ཡང་རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བའི་སྒྲ་ནི་སླར་ཡང་ཞེས་བྱ་བའི་དོན་ཏེ། དང་པོ་ཕྱག་ན་རྡོ་རྗེར་གྱུར་ནས་ཡང་སེམས་དཔའ་ཐམས་ཅད་ལ་སོགས་པའི་ཚུལ་དུ་གྱུར་པའོ། །རྡོ་རྗེ་སེམས་དཔའ་
ལ་སོགས་པ་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཡིན་པས། རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཏེ། དེ་རྣམས་ཀྱི་སྐུ་ཞེས་བྱ་བ་ལུས་སུ་གྱུར་པའོ། །རང་རང་གི་མཚན་མ་ཞེས་བྱ་བ་ནི་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ་དང་། མདའ་
དང་མགུ་བ་དང་། རིན་པོ་ཆེ་དང་། ཉི་མ་དང་། རྒྱལ་མཚན་དང་། འཛུམ་པ་དང་། པདྨ་དང་། རལ་གྲི་དང་། འཁོར་ལོ་དང་ལྕེ་དང་། སྣ་ཚོགས་རྡོ་རྗེ་དང་། གོ་ཆ་དང་། མཆེ་བ་དང་། ཁུ་ཚུར་གྱི་གཟུགས་ནས་འབྲུ་ཙམ་ཕྱི་རོལ་གྱི་ཐུགས་ཀར་བཞག་ནས། རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ཆེན་པོ་དགོད་པའི་དབྱིབས་སུ་བྱ་སྟེ། དགོད་པའི་ཚུལ་དེས་བཀོད་ནས། རིམ་གྱིས་རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ནི་རང་གི་སྙིང་པོའི་དོན་དང་། རྗེས་སུ་མཐུན་པར་མཉམ་པར་འཇོག་པས་རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་

གཞག་པ་སྟེ། དེ་མངོན་སུམ་དུ་མཛད་ནས་བཞུགས་པའོ། །ཇི་ལྟར་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་གི་ཚུལ་གྱིས་རང་གི་མཚན་མ་རང་གི་ཐུགས་ཀར་བཞག་ནས་རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས་པ་ཡིན་ལ། དེ་བཞིན་
དུ་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཚུལ་གྱིས་ཀྱང་བཞུགས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རང་གི་སྙིང་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བཞུགས་སོ་ཞེས་བྱ་བའི་བར་གྱི་
གཞུང་གིས་ནི། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་སྟོན་པ་ཡིན་ནོ། །དེ་ཡང་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ་ཇི་སྐད་བཤད་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ལ་མཉམ་པར་
བཞག་སྟེ་དེ་བཞིན་གཤེགས་པ་ལྔའི་ང་རྒྱལ་ལ་གནས་པའི་རྣལ་འབྱོར་པས་ཆོས་ཀྱི་དཀྱིལ་འཁོར་བློ་ལ་བཞག་སྟེ། སྔགས་ལྔས་བརྟན་པར་བྱས་ནས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་དང་ལྡན་པ་དང་། ཡང་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་རྡོ་རྗེ་ཕྲ་མོ་མཛོད་ཅིག་
ཅེས་བསྐུལ་བར་བྱའོ། །དེ་ནས་བསྐུལ་བའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་ཕྲ་མོའི་འོད་ཟེར་གྱི་གཟུགས་ཀྱིས་བྱུང་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་རྣམས་ལ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་བསྐྱེད་དེ་སླར་ལོག་ནས་སླར་འདུས་
པའི་རྡོ་རྗེ་ཕྲ་མོ་གཅིག་ཏུ་བདག་ཉིད་བསྐྱེད་ལ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་ནས། སཱུཀྵྨ་བཛྲ་ཞེས་ཟློས་པ་ཉིད་དང་། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་རྡོ་རྗེ་ཕྲ་མོའི་གཟུགས་ཉིད་ཀྱིས་བྱུང་སྟེ། དེ་བཞིན་གཤེགས་པའི་ཤངས་ཀྱི་རྩེ་མོར་གནས་ནས་ཆེད་དུ་
བརྗོད་པ་འདི་ཆེད་དུ་བརྗོད་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོ་ནས་རྡོ་རྗེ་ཕྲ་མོའི་མཚན་མས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཐོབ་སྟེ། དེ་བཞིན་གཤེགས་པའི་སྐུ་དེ་རྣམས་ལས་ཡང་རྡོ་རྗེ་ཕྲ་མོའི་མཚན་མས་ནམ་མཁའི་དབྱིངས་སུ་ཀུན་དུ་བཀང་ལ།

དེ་ཐམས་ཅད་ནམ་མཁའི་ཁམས་ཀྱི་ཚད་ཙམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་གཅིག་ཏུ་བདག་ཉིད་བསྐྱེད་ལ་གནས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ང་རྒྱལ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་
སུ་རྡོ་རྗེ་ཕྲ་མོ་བསྐྱེད་པའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་བྱས་ལ་རྡོ་རྗེ་ཆེན་པོ་དེ་ལས་བཛྲ་ཎ་པི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་སྔགས་ཐོབ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྟེ་བའི་ཕྱོགས་སུ་རྡོ་རྗེ་ཕྲ་མོར་གྱུར་ནས། ལྟེ་བའི་ཕྱོགས་ནས་
བྱུང་སྟེ། དེ་བཞིན་གཤེགས་པའི་ཤངས་ཀྱི་རྩེ་མོར་གནས་ནས་ཤངས་ཀྱི་བུ་ག་ནས་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཐུགས་ཀར་ཞུགས་ནས་གནས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་སྔགས་རྣམས་ཇི་ལྟ་བ་བཞིན་དུ་
བྱུང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལས་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་བྱུང་བ་དང་། དེ་རྣམས་གཅིག་ཏུ་གྱུར་ནས་བདག་ཉིད་རྡོ་རྗེ་སེམས་དཔར་སྤྲུལ་ལ། རྡོ་རྗེ་སེམས་དཔའ་རང་གི་སྐུ་ལས་ལྷ་སུམ་ཅུ་རྩ་བདུན་གྱི་གཟུགས་སུ་སྤྲུལ་ལ། རང་གི་སྔགས་ཟློས་པ་ཉིད་
དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་གཞག་པར་བྱ་བ་ནི། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་པར་བསྟན་ཏོ། །དེ་ནས་བསྡུ་བ་སྔོན་དུ་འགྲོ་བའི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གསུམ་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་
གསུངས་པའི་ཚུལ་དུ་རྗེས་སུ་སྤྱད་པར་བྱའོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་
སོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། སྔོན་དུ་བསྙེན་པའི་རྗེས་ཐོགས་ལའོ། །དེ་ཡང་འདིར་འོག་ནས་བཤད་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཆོ་གས་སྣའི་རྩེ་མོར་དཀྱིལ་འཁོར་བསྒོམས་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྣལ་འབྱོར་

དང་དེ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱ་བ་ནས། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཐམས་ཅད་བཟླས་བརྗོད་འབུམ་བྱ་བའམ། མཚན་མ་བྱུང་བའི་བར་དུ་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་ཆོས་ཀྱི་དཀྱིལ་འཁོར་བསྒོམས་པར་གྱུར་པ་ཡིན་ནོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཏིང་ངེ་འཛིན་སུམ་ཅུ་རྩ་བདུན་གྱི་ངེས་པ་དང་རྡོ་རྗེ་ཕྲ་མོ་ལ་སོགས་པའི་ངེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་ཤེས་པ་ནི་དྲུག་སྟེ། དེ་དག་ནི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཏིང་ངེ་འཛིན་
གྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པའོ། །དེ་བསྒྲུབ་པ་ནི་སྔོན་དུ་བྱ་བ་སྟེ་དེའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ། །རྡོ་རྗེ་ཕྲ་མོའི་ཡེ་ཤེས་ནི་རྡོ་རྗེ་ཕྲ་མོ་སྟེ། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་དེ་བཤད་དོ་ཞེས་བྱ་བ་ནི་གསུངས་པའོ། །དེ་ཉིད་བསྟན་པ་ནི་དེ་ནས་ཞེས་བྱ་
བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་ཏེ་འདི་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་པར་ཕྲ་མོའི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་
ཡང་དག་པར་བཤད་པར་བྱའོ། །ཆོས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཏེ། དམ་པ་ནི་མཆོག་གོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་སྤྲུལ་པའི་ཆོས་ཀྱི་དཀྱིལ་འཁོར་དང་འདྲ་བ་ཞེས་བྱ་བའི་དོན་ཏོ། །མིང་ཇི་སྐད་
ཅེས་བྱ་ཞེ་ན་རྡོ་རྗེ་ཕྲ་མོ་ཞེས་བཤད་དོ་ཞེས་བྱ་བ་གསུངས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །ཅེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འདྲ་བར་དཀྱིལ་འཁོར་ཐམས་ཅད་བྲིས་ལ་རྣམ་པར་སྣང་མཛད་ལ་སོགས་པ་
སེམས་དཔའ་ཆེན་པོ་རྣམས་གོ་རིམས་དེ་ཉིད་ཀྱིས་གཞག་པར་བྱ་སྟེ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཟློས་ཤིང་ཡང་དག་པར་བྲི་བར་བྱའོ། །ཇི་ལྟར་བྲི་བར་བྱ་ཞེ་ན། རྡོ་རྗེའི་དབུས་སུ་སངས་རྒྱས་བྲི། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔ་ནི་

ཇི་སྐད་དུ་བཤད་པའི་གདན་ལ། རྡོ་རྗེ་རྩེ་ལྔ་པ་ལེགས་པར་བྲི་ལ། དེ་དག་གི་ཆང་གཟུངས་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་བྲི་བར་བྱའོ། །སངས་རྒྱས་དཀྱིལ་འཁོར་རྣམས་སུ་ཡང་། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་
ནི་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་ཏེ་དེ་རྣམས་ཀྱང་སངས་རྒྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་རྣམས་བྲི་ཞིང་། །ཞེས་བྱ་བ་ནི། དེ་རྣམས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པར་བྲི་བར་བྱའོ། །དེ་བཞིན་ཐུགས་ཀ་ཉིད་
ཕྱག་རྒྱ། །ཞེས་བྱ་བ་ལ་འདི་རྣམས་ཀྱི་ཐུགས་ཀར་དེ་ཉིད་དེ་རང་གི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ། ཇི་ལྟར་དེའི་དབུས་སུ་སངས་རྒྱས་བྲི་བ་དེ་བཞིན་དུ་སེམས་དཔའ་ཆེན་པོ་རྣམས་ཀྱང་བྲི་བར་བྱའོ། །བཞུགས་ཚུལ་ཇི་ལྟ་བུས་སངས་རྒྱས་ལ་སོགས་པ་བྲི་བར་བྱ་ཞེ་ན། ཏིང་ངེ་
འཛིན་དུ་བཞུགས་པ་དང་། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་སྐྱིལ་ཀྲུང་བཅས་ལ་མཉམ་པར་གཞག་པའི་ཚུལ་གྱི་སྤྱོད་ལམ་གྱིས་གཞུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱག་གཉིས་རྡོ་རྗེ་འཆིང་བར་བཅིངས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་བསྐལ་པ་བཟང་
པོའི་བར་འདི་རྣམས་ནི་ཕྱག་གཉིས་རྡོ་རྗེ་བསྡམས་པས་རང་གི་མཚན་མ་ནས་འབྲས་ཀྱི་ཚད་ཙམ་རང་གི་ཐུགས་ཀར་བཞག་ནས་རྡོ་རྗེ་བསྡམས་པ་བཀན་ཏེ་ཕྲེང་བའི་ཚུལ་དུ་བཞག་ནས་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དཀྱིལ་འཁོར་
བྲིས་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བདག་ཉིད་འཇུག་པ་ལ་སོགས་པའི་ཆོ་ག་རྣམས་རྗེས་སུ་སྤྱད་དེ། བདག་ལ་བྱིན་གྱིས་བརླབ་ལ་སོགས། །ཇི་ལྟ་བར་ནི་བཀའ་ནོད་དོ། །དེ་ལྟར་བགྱིས་ནས་བདག་མི་བརྗོད། །དེ་ནས་རྡོ་རྗེ་བསྒྲུབ་བགྱི་བ། །རྡོ་རྗེ་སློབ་
དཔོན་སེམས་དཔའ་ཡི། །རྡོ་རྗེ་ལྕགས་ཀྱུ་བཅིངས་ནས་ནི། །སེ་གོལ་མང་པོ་གདབ་བགྱིས་ལ། །སངས་རྒྱས་ཐམས་ཅད་བསྡུ་བར་བགྱི། །དེ་ཚེ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བཅས། །དཀྱིལ་འཁོར་ཐམས་ཅད་གང་བ་རྣམས། །དཀྱིལ་འཁོར་

རྣམས་སུ་འདུས་པར་གྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། །མིང་བརྒྱ་རྩ་བརྒྱད་དམ་པ་ནི། །ཅུང་ཟད་རབ་ཏུ་བརྗོད་པར་བགྱི། །དེ་ནས་འདུས་པ་དགྱེས་པ་ན། །དེ་བཞིན་གཤེགས་རྣམས་བརྟན་པར་གྱུར། །རྡོ་རྗེ་སེམས་དཔའ་
རང་གྲུབ་པ། །གྲོགས་པོ་ཉིད་དུ་ཉེ་བར་གནས། །ཞེས་གང་གསུངས་པ་འདི་དག་གི་རྗེས་ཐོགས་ཉིད་ལ་ཞེས་དེ་ནས་ཞེས་བྱ་བའི་སྒྲས་སྟོན་ཏོ། །དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ཏེ་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྟེ། དེ་བཤད་པའོ། །དེ་ཇི་ལྟར་དེ་བཞིན་
གཤེགས་པ་ཐམས་ཅད་དགུག་པ་ནི་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱ་བྱས་ལ་ཞགས་པའི་ལས་ཀྱི་ཕྱག་རྒྱ་དེ་རྣམས་བཅུག་ལ་ལྕགས་སྒྲོག་གིས་དེ་རྣམས་བཅིངས་ཏེ་རྡོ་རྗེ་འབེབས་པས་དབང་དུ་བྱས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་བྱའོ། །དེ་ནས་རྡོ་རྗེ་
ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་དང་། ཨོཾ་བཛྲ་སནྡྷི་བཾ་ཞེས་བྱ་བས་དཀྱིལ་འཁོར་གྱི་སྒོ་བཅད་ལ། ཨོཾ་བཛྲ་རཀྵ་ཧཾ་ཞེས་བྱ་བས་རྡོ་རྗེ་བསྲུང་བའི་ལས་ཀྱི་ཕྱག་རྒྱ་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ནས། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་སྔགས་
ཀྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ།
དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས་མཆོད་ཡོན་ཕུལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་དེ་ཕྱག་བྱས་ནས་ནས་འབྲས་ཙམ་གྱི་རྡོ་རྗེ་ཕྲ་མོ་ཐོགས་ལ། རྡོ་རྗེ་སློབ་མ་གཞུག་པར་བྱ་
བའི་ཕྱིར། སྔ་མ་བཞིན་དུ་རྗེས་སུ་གནང་བ་ནོད་པར་བྱ་སྟེ། འདི་ནི་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་སློབ་མ་

གཞུག་པ་ལ་སོགས་པའི་ཆོ་ག་འདིར་ཡང་དེ་བཞིན་དུ་བྱས་ནས་སོ། །ཡེ་ཤེས་ཀྱི་མཚན་མ་ཞེས་བྱ་བ་ནི་ནས་འབྲས་ཙམ་གྱི་རྡོ་རྗེ་ཕྲ་མོ་ལག་ཏུ་བྱིན་ནོ། །དེ་ལས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་ཡང་ཆོས་ཀྱི་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་རྒྱས་པ་བཤད་ནས། ད་ནི་
དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་མན་ངག་སྦྱིན་པར་བྱ་བ་ཡིན་པས་ན། རང་གི་སེམས་ལས་སུ་རུང་བར་བྱ་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་གསུངས་ཏེ། རང་ཉིད་ཀྱི་སེམས་ནི་རང་གི་སེམས་ཏེ། ཡིད་ཀྱི་རྣམ་པར་
ཤེས་པ་ལ་སོགས་པའོ། །དེའི་ལས་སུ་བྱ་བ་ནི་ཏིང་ངེ་འཛིན་དུ་བྱ་བའི་ཕྱིར། རྡོ་རྗེ་ཕྲ་མོ་བསྒོམ་པ་ནི་འདི་རང་གི་སེམས་ལས་སུ་རུང་བར་བྱ་བའོ། །དེའི་དོན་གྱི་ཕྱག་རྒྱ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། ཕྱག་རྒྱ་ཆེན་པོ་སྟེ། ཇི་སྐད་དུ་བཤད་པའི་རྡོ་རྗེ་ཕྲ་མོའི་ཕྱག་རྒྱའོ། །
དེའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་བསྟན་པར་བྱའོ། །ལྕེ་ནི་རྐན་ལ་གཞག་བྱ་ཞིང་། །སྣ་ཡི་རྩེ་མོར་བསམ་པར་བྱ། །ཞེས་བྱ་བ་ནི་ལྕེའི་རྩ་བ་ནས་སོའི་རྩེ་མོའི་བར་དང་ལྕེའི་སྟེང་གི་ཆ་སྦྱར་ལ། སྣ་རྩེ་ཞེས་བྱ་བ་སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་གནས་པ་གང་ཡིན་པ་དེ་ནི་སྣའི་རྩེ་མོ་སྟེ། དེ་
བསམ་པར་བྱ་ཞིང་བསྒོམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཕྲ་མོ་བདེ་རེག་པས། །སེམས་ནི་མཉམ་པར་གཞག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བསམས་པ་དེས་བདེ་བའི་རང་བཞིན་གྱི་རེག་པ་ནི། བདེ་རེག་པ་སྟེ། རྡོ་རྗེ་ཕྲ་མོའི་བདེ་བའི་རེག་པར་
འགྱུར་ལ། རྡོ་རྗེ་ཕྲ་མོ་བདེ་བ་རེག་པར་འགྱུར་བ་དེ་ལས། སེམས་མཉམ་པར་གཞག་ཅིང་རྩེ་གཅིག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་ཕྲ་མོ་བདེ་རེག་པའི། །མཚན་མ་གལ་ཏེ་བྱུང་བ་ན། །ཞེས་བྱ་བ་ནི་སེམས་ལ་གང་གི་ཚེ་རྡོ་རྗེ་ཕྲ་མོའི་བདེ་བའི་རེག་པ་མཚན་མ་ལུས་
དང་སེམས་ཀྱི་འབྱུང་བར་གྱུར་པ་དེའི་ཚེ་དེ་བརྟན་པར་བྱས་ནས། མཚན་མ་དེ་ནི་ཁྱབ་བྱ་བ། །སེམས་དེས་ཀུན་དུ་ཁྱབ་པར་བྱ། །ཞེས་བྱ་བ་སྟེ་ཁྱབ་པར་བྱ་ཞེས་བྱ་བ་ནི་རྒྱ་ཆེར་བྱ་བའོ། །དེ་ལ་མཚན་མ་ནི་གཟུགས་དང་། རེག་པའི་མཚན་མ་གཉིས་སོ། །ཇི་སྐད་དུ་བཤད་པའི་མཚན་མ་

གཉིས་པོ་དེ་ཉིད་ཀྱི་སེམས་དེ་ཕྱོགས་བཅུར་སྤྲོ་བར་བྱ་བས་ན། སེམས་དེ་ཀུན་དུ་ཁྱབ་པར་བྱ་ཞེས་བྱ་བའོ། །ཇི་ལྟར་ཐམས་ཅད་དུ་ཁྱབ་ཅིང་སྤྲོ་བར་བྱ་ཞེ་ན། ཇི་ཙམ་འདོད་པར་ཁྱབ་ཅེས་བྱ་བ་གསུངས་ཏེ། ཇི་ཙམ་འདོད་པར་སྤྲོ་བ་ནི་ཇི་ཙམ་འདོད་པར་ཁྱབ་
པའོ། །ཅིའི་ཕྱིར་ཞེ་ན། སེམས་དེ་ཁམས་གསུམ་དུ་ཡང་ཁྱབ་པར་བྱ་ཞེས་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཟླ་བ་གཉིས་སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བསྒོམས་པ་ན། གང་གི་ཚེ་ཉིན་རེ་ཞིང་དེ་མཐོང་བ་དེའི་ཚེ་རྣལ་འབྱོར་པ་དེའི་ལུས་ཐམས་ཅད་རྡོ་རྗེ་ཕྲ་མོའི་རེག་པའི་བདེ་བས་
ཚིམ་པར་འགྱུར་རོ། །རྡོ་རྗེ་ཕྲ་མོའི་གཟུགས་བསྒོམས་པའི་སྟོབས་དེས་གང་གི་ཚེ་རང་གི་ལུས་ཐམས་ཅད་ཁྱབ་པར་མཐོང་བ་དེའི་ཚེ་དེ་བཞིན་གཅིག་ཏུ་འཕེལ་བར་འདོད་ན་རྡོ་རྗེ་ཕྲ་མོས་ཁྱབ་པར་བསམ་པར་བྱའོ། །དེ་ནས་གྲོང་ལ་སོགས་པར་རོ། །དེ་ནས་ཡང་ཁམས་གསུམ་
པའི་བར་དུ་སྤྲོ་བར་བྱའོ། །དེ་ནས་ཡང་བསྡུ་བ་ནི། སྣའི་རྩེ་མོའི་བར་དུ་གནས། །ཞེས་བྱ་བ་ནི་གཟུགས་ཀྱི་མཚན་མ་དེ་ཡང་རྡོ་རྗེ་ཕྲ་མོ་ལྟ་བུ་གང་གིས་ཁམས་གསུམ་ཁྱབ་པ་དེ་བསྡུས་ལ། སྣའི་རྩེ་མོར་གནས་པའི་རྡོ་རྗེ་ཕྲ་མོར་བསྒོམས་པའི་སྟོབས་ཀྱིས་གཞུག་པར་བྱའོ་ཞེས་བྱ་བའི་ཐ་
ཚིག་གོ། །དེ་ལྟར་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་ཟླ་བ་གསུམ་གྱི་བར་དུ་བསྒོམས་ན་ཅིར་འགྱུར་ཞེ་ན། དེ་ནས་བརྩམས་ཏེ་ཞེས་བྱ་བ་གསུངས་ཏེ། དེ་ནས་བརྩམས་ཏེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གང་ཅི་ཡང་རུང་བ་ཤིན་ཏུ་མཉམ་པར་གཞག་ཅིང་རྩེ་གཅིག་པས་བསྒོམས་པའི་
ཕྱག་རྒྱ་ཆེན་པོ་ལ་སོགས་པ་དེ་ཀུན་ཏེ། དེ་དག་ཐམས་ཅད་བརྟན་པ་ཉིད་དུ་བྱེད་པར་འགྱུར་ཏེ། མངོན་སུམ་དུ་བྱེད་པར་འགྱུར་རོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བ་དང་ཐ་དད་པའི་རིམ་པ་ཡིན་པར་ཤེས་པར་བྱ་སྟེ། བརྟན་པར་བྱེད་པ་ཉིད་ཡིན་ནོ། །ཏིང་ངེ་འཛིན་ཡེ་ཤེས་ནི་རྡོ་རྗེ་
ཕྲ་མོའི་ཏིང་ངེ་འཛིན་གྱི་ངེས་པའོ། །དེས་བརྟགས་པ་ནི་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ། །སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བསྒོམས་པ་དང་། སྤྲོ་བ་དང་། བསྡུ་བ་དང་། བརྟན་པར་བྱ་བ་རྣམས་ཀྱིའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་དབྱིངས་

ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་རང་གི་ལྷའི་རྣལ་འབྱོར་བྱས་པའི་རྗེས་ལ། ཆོས་ཀྱི་དཀྱིལ་འཁོར་ལས་བཤད་པའི། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ལྕེ་རྐན་ལ་སྦྱར་བར་བྱས་ནས། བཛྲ་ནཱ་བི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་བྱ་བ་འདིས་རང་གི་ལྟེ་བའི་ཕྱོགས་སུ་རྡོ་རྗེ་ཕྲ་མོ་
བསྐྱེད་ལ་ཡང་བཛྲ་ནཱ་བི་ཏ་ཐཱ་ག་ཏ་ཧཱུཾ་ཞེས་ཟློས་ཤིང་ལྟེ་བའི་ཕྱོགས་རྡོ་རྗེ་ཕྲ་མོ་བཏེག་ལ། སྣ་ཁུང་ནས་སྣའི་རྩེ་མོར་བསྒྲེང་སྟེ་གནས་པར་བསམ་པར་བྱའོ། །དེ་ནས་སཱུཀྵྨ་བཛྲ་ཞེས་ཟློས་ཤིང་བསྒོམ་པར་བྱའོ། །བསྡུ་བའི་དུས་སུ་སྣ་ཁུང་ནས་བཅུག་ལ་རང་གི་སྙིང་གའི་ཟླ་བ་ལ། བཛྲ་
དྲྀ་ཌྷ་ཏིཥྛ་ཞེས་བྱ་བས་གཞུག་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ན། ངེས་པར་མཚན་མ་ཐོབ་པར་འགྱུར་རོ། །དེ་ནས་མཚན་མ་ཐོབ་ཅིང་བརྟན་པར་གྱུར་ནས། སྤ་ར་ཎ་བཛྲ་ཞེས་ཟློས་ཤིང་སྣའི་རྩེ་མོར་གནས་པའི་རྡོ་རྗེ་ཕྲ་མོ་
ལས་བྱུང་བའི་རྡོ་རྗེ་ཕྲ་མོ་ཁམས་གསུམ་མ་ལུས་ཤིང་ལུས་པ་མེད་པར་ཁྱབ་པར་བསམ་མོ། །བསྒོམས་པས་དུབ་པར་འགྱུར་ན་སཾ་ཧ་ར་ཎ་བཛྲ་ཞེས་བྱ་བས་དེ་རྣམས་བསྡུས་ལ། རང་གི་སྣའི་རྩེ་མོར་གནས་པའི་རྡོ་རྗེ་ཕྲ་མོ་ལ་གཞུག་པར་བྱ་ཞིང་ཡང་དེ་བཞིན་དུ་རང་གི་སྙིང་གར་གཞུག་པར་
བྱའོ། །ཚུལ་འདིས་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་རྫོགས་པར་གྱུར་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ནས་གང་ཅི་བསྒོམས་པ་ཐམས་ཅད་མངོན་སུམ་དུ་བྱེད་དོ། །སེམས་དཔའ་གང་གི་བྱམས་པ་
ནི། །ཞེས་བྱ་བ་ནི་གང་ལ་ལ་ཞིག་ལ་རྒྱུ་མེད་པར་ཕན་པ་དང་བདེ་བས་ཉེ་བར་སྡུད་པར་བྱེད་པ་དེ་ནི་མཛའ་བོ་ཞེས་བྱ་ལ། མཛའ་བོའི་དངོས་པོ་ཉིད་དམ་ལས་ནི་བྱམས་པ་སྟེ། ཕན་པ་དང་བདེ་བས་ཉེ་བར་བསྡུས་པའི་མཚན་ཉིད་དོ། །དེ་སེམས་ཅན་གང་དང་རྣལ་འབྱོར་
མཉམ་པར་འགྱུར་ཞེས་བྱ་བ། གང་གི་མཉམ་པར་འགྱུར་བར་དམིགས་པར་འགྱུར་བ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུ་ཞེ་ན། བརྟན་པ་ཆེན་པོས་ཞེས་བྱ་བའོ། །སེམས་ཀྱིས་ཁྱབ་པའི་ཚུལ་གྱིས་ན། །ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་ཕྲ་མོས་ཉེ་བར་མཚོན་པའི་

སེམས་སྤྲོ་བ་དང་། བརྟན་པར་བྱ་བ་གསུངས་པ་དེ་བཞིན་དུ་སེམས་ཀྱིས་ཁྱབ་པའི་ཚུལ་དེ་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་བྱམས་པ་དེས་ཁྱབ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། མཛའ་བོ་དང་། དགྲ་བོ་དང་། ཐ་མལ་པའི་དབྱེ་བས་སེམས་ཅན་གྱི་
ཁམས་གསུམ་དུ་བྱས་ལ། ཡང་རེ་རེ་ཞིང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་དབྱེ་བས་གསུམ་གསུམ་དུ་བྱས་ནས། དང་པོར་རེ་ཞིག་མཛའ་བོ་ཆེན་པོ་ལ་བདེ་བས་བསྡུས་པའི་སེམས་བསྐྱེད་དོ། །དེ་ནས་ནི་བར་མ་ལའོ། །དེ་ནས་ནི་ཆུང་ངུ་ལའོ། །དེ་ནས་ནི་ཐ་མལ་པ་ཆུང་ངུ་ལའོ། །དེ་ནས་བར་མ་ལའོ་
དེ་ནས་ཆེན་པོ་ལའོ། །དེ་ནས་དགྲ་བོ་ཆུང་ངུ་ལའོ། །དེ་ནས་བར་མ་ལའོ། །གང་གི་དགྲ་བོ་ཆེན་པོ་དེ་ལ་བདེ་བས་བསྡུས་པའི་བསམ་པ་མཛའ་བོ་ཆེན་པོ་དང་འདྲ་བར་སྐྱེ་བར་བྱེད་པ་དེའི་ཚེ། དེས་བྱམས་པ་ཐོབ་པར་གྱུར་པ་ཡིན་ནོ། །དེ་ནས་དེའི་རྗེས་ལ་ཇི་སྐད་དུ་གསུངས་པ་བཞིན་དུ་ཁྱབ་ཅིང་སྤྲོ་བར་བྱའོ། །བྱམས་
པས་ཁྱབ་པའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་སེམས་ཅན་དང་ཕྱོགས་ཀྱི་ཆ་ལ་སོགས་པ་ལ་བྱམས་པ་སྤྲོ་བའི་ཚུལ་གྱིས་སོ། །སྙིང་རྗེ་ཅན་ནི་གང་ཡིན་པ། །ཞེས་བྱ་བ་ལ་ཀ་ནི་བསོད་སྙོམས་ལ་བྱ་བ་ལ། བསོད་སྙོམས་དེ་འགོག་པས་ན་སྙིང་རྗེ་སྟེ། སེམས་ཅན་གཞན་གྱི་རྒྱུད་དུ་གཏོགས་པའི་
སྡུག་བསྔལ་མཐོང་ན། དེའི་སྡུག་བསྔལ་གྱིས་གཟིར་ཞིང་དེ་ལས་གདོན་པར་འདོད་པས། རང་གི་རྒྱུད་དུ་གཏོགས་པའི་བདེ་བ་འགོག་ཅིང་སྤྲོ་བར་བྱེད་ཅེས་བྱ་བའི་དོན་དུའོ། །སྙིང་རྗེའི་ངོ་བོ་ཉིད་ནི་སྙིང་རྗེ་ཅན་ནི་གང་ཡིན་པ་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །སེམས་ཅན་ཀུན་དོན་ལྡན་པ་ཡིས། །
ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པའི་བསམ་པས་སོ། །བསྒྲུབ་པ་ཡིས་ནི་ཁྱབ་པར་བྱ། །ཞེས་བྱ་བ་ནི་བསམ་པ་འབའ་ཞིག་ཙམ་མ་ཡིན་གྱི་རིམ་པ་དེ་ཉིད་ཀྱིས་ཁྱབ་ཅིང་སྤྲོ་བར་བྱ་སྟེ། དེ་ལྟར་བསྒྲུབ་པ་ཉམས་སུ་ལེན་པ་ཡིན་ནོ། །འདིས་ནི་འདི་སྐད་སྟོན་ཏེ། སྙིང་
རྗེའི་སེམས་བསྐྱེད་པ་འབའ་ཞིག་ཙམ་དུ་ཟད་པ་མ་ཡིན་གྱི། གཞན་དུ་ན་ཅི་ནུས་པར་སྡུག་བསྔལ་བསལ་བ་ལ་འབད་པར་བྱའོ་ཞེས་པའོ། །ཀུན་ཀྱང་རང་བཞིན་འོད་གསལ་བ། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་རང་བཞིན་ཏེ། ངོ་བོ་ཉིད་ཀྱིས་འོད་གསལ་བ་ཡིན་པས་རང་བཞིན་

འོད་གསལ་བའོ། །དེ་ཡང་གང་གི་ཕྱིར་གདོད་ནས་དག་པ་ཞེས་བྱ་བ་སྟེ། དང་པོ་ཉིད་ནས་དག་པས་ན་གདོད་ནས་དག་པའོ། །ཅིའི་ཕྱིར་གདོད་ནས་དག་པ་ཡིན་ཞེ་ན། ནམ་མཁའ་བཞིན་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་དང་མཚུངས་པས་ནམ་མཁའ་བཞིན་ཏེ། གང་གི་ཕྱིར་ནམ་མཁའ་ལྟར་
གོས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་འདྲ་བའི་དངོས་པོ་དེ་དག་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་ཆོས་སམ་ཡང་ན་ཆོས་མ་ཡིན་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ནི་མ་ཆགས་པ་ལ་སོགས་པའོ། །ཆོས་མ་ཡིན་པ་ནི་ཆགས་པ་ལ་སོགས་པའོ། །དེ་དག་ཀྱང་དོན་དམ་པར་སྟོང་པ་ཉིད་ཡིན་
པས་ཆོས་ཐམས་ཅད་བདག་མེད་པར་ཁྱབ་ཅིང་སྤྲོས་པའི་བསམ་པ་སྟེ། ལྷག་པའི་བསམ་པས་དགའ་བར་འགྱུར་ཞིང་མགུ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དགའ་བ་བསྒོམ་པའི་མན་ངག་གསུངས་ནས་ད་ནི་བཏང་སྙོམས་སྒོམ་པའི་མན་ངག་གསུངས་པ་ཡིན་ཏེ། གདུལ་དཀའ་བ་དང་
མཚུངས་འདྲ་བ། །ཞེས་བྱ་བ་ལ་གདུལ་དཀའ་བ་ནི་ལོག་པར་ལྟ་བ་རྣམས་སོ། །དེ་དང་མཚུངས་པ་ནི་ཡོད་པར་ལྟ་བ་ཡིན་ཡང་མི་དགེ་བ་ལ་མངོན་པར་དགའ་བ་རྣམས་སོ། །དེ་དང་འདྲ་བ་ནི་དགེ་བ་ལ་མངོན་པར་དགའ་བར་ཟིན་ཀྱང་ཐེག་པ་ཆེན་པོ་ལ་མི་འཇུག་པའོ། །གདུལ་དཀའ་བ་ཡང་ཡིན་ལ་
གདུལ་དཀའ་བ་དང་མཚུངས་པ་ཡང་ཡིན་ལ་དེ་དང་འདྲ་བ་ཡང་ཡིན་པས། གདུལ་དཀའ་བ་དང་མཚུངས་འདྲ་བ། །སངས་རྒྱས་བྱང་ཆུབ་སྣོད་མ་ཡིན། །ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའོ། །དེའི་སྣོད་མ་ཡིན་པ་
འདི་ལྟ་བུ་ཡང་ཡིན་པས་དེ་དག་རྟོགས་པར་བྱ་བའི་ཕྱིར་ཞེས་པ་དུས་གཞན་དུ་སྣོད་དུ་རུང་བར་བྱ་བའི་ཕྱིར། བཏང་སྙོམས་ཆེན་པོ་བསྒོམ་པར་བྱ། །ཞེས་བྱ་བ་སྟེ། དེ་ལྟར་བཏང་སྙོམས་སུ་བྱ་བ་བཏང་སྙོམས་སུ་བཞག་སྟེ། དུས་གཞན་དུ་དེ་བསྐྱབ་པའི་ཕྱིར་ད་ལྟར་ཐ་མལ་པར་གཞག་ཅིང་། བཏང་སྙོམས་ཀྱང་ཡིན་ལ་ཆེན་པོ་
ཡང་ཡིན་པས་བཏང་སྙོམས་ཆེན་པོ་ཞེས་བྱ་བ་དེ་བསྒོམ་པར་བྱ་སྟེ། ད་ལྟར་ནི་སེམས་ཅན་འདི་དག་སྣོད་དུ་རུང་བ་མ་ཡིན་པས། དུས་ཕྱིས་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་པར་བྱའི། རྒྱབ་ཀྱིས་ཕྱོགས་པར་ནི་མི་བྱའོ་ཞེས་རྣམ་པར་བསམ་ཞིང་སྐལ་བ་མེད་པའི་

སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཉིན་རེ་ཞིང་ལན་དྲུག་ཏུ་སྤྲོ་ཞིང་ཁྱབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྦྱོར་བ་ཐམས་ཅད་དུ་ཡང་བསྒོམ་པའི་རིམ་པ་ནི་འདི་ཡིན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཆོ་གས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་
དུ་བྱས་པའི་རྗེས་ལ། ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་མ་ཧཱ་མཻ་ཏྲི་སྥ་ར་ཞེས་ཟློས་ཤིང་། རིག་པའི་ལྷ་མོ་བྱམས་པ་ཆེན་མོའི་གཟུགས་སྐུ་མདོག་དཀར་བ་བསམས་ལ། འདས་མ་ཐག་ཏུ་སྨྲས་པའི་སྔགས་འདི་ཟློས་ཤིང་། དེས་བསྒྲུབ་པར་བྱ་བའི་
ལུས་ལ་ཁྱབ་སྟེ། ཕན་པ་དང་བདེ་བ་དང་ལྡན་པར་ཇི་སྲིད་དུ་སེམས་བརྟན་པར་གྱུར་པ་དེ་སྲིད་དུ་བསམ་པར་བྱའོ། །དེ་ནས་སྔར་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་ཡུམ་ཐམས་ཅད་དུ་ཁྱབ་པར་བྱའོ། །རང་གི་ལྷའི་རྣལ་འབྱོར་དེ་བཞིན་དུ་བྱས་ལ། མ་ཧཱ་ཀཱ་རུ་ཎ་སྥ་ར་ཎ་ཞེས་ཟློས་ཤིང་།
ཡུམ་ཐུགས་རྗེ་ཆེན་མོ་སྐུ་མདོག་དམར་སེར་བསམས་ལ། སྔགས་འདི་ཉིད་བཟླས་ལ། དེས་བསྒྲུབ་པར་བྱ་བའི་སེམས་ཅན་གྱི་ཁམས་སྡུག་བསྔལ་དང་བྲལ་བར་མཛད་པར་བསམ་པར་བྱའོ། །དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། སརྦྦ་ཤུདྡྷ་པྲ་མེརྟ་པར་ན་ཞེས་ཡིད་ལ་ཟློས་ཤིང་
བཅོམ་ལྡན་འདས་ཡུམ་དགའ་བ་མོ་དགའ་ཞིང་མགུ་བ་སྐུ་མདོག་སེར་མོ་བསམས་ལ། སྔགས་འདི་ཉིད་བཟླས་ནས་སེམས་ཅན་གྱི་ཁམས་ཁྱབ་པར་བྱའོ། །དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། སརྦྦ་སཏྭ་སཾ་པོ་ཏ་ཡ་ཞེས་ཡིད་ལ་ཟློས་ཤིང་བཅོམ་ལྡན་འདས་ཡུམ་བཏང་
སྙོམས་ཆེན་མོ་སྐུ་མདོག་ལྗང་གུ་བསམས་ལ་སྔགས་འདི་ཉིད་ཟློས་པ་དང་། དེས་བསྒྲུབ་པར་བྱ་བའི་སེམས་ཅན་གྱི་ཁམས་ཁྱབ་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ།
རྡོ་རྗེ་རྩེ་ལྔ་པ་དང་། སྙིང་གར་རྡོ་རྗེ་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོའོ། །དེ་རྣམས་རྗེས་སུ་དྲན་པ་ནི་རྗེས་སུ་དྲན་པ་སྟེ། ཡང་དང་ཡང་དུ་མངོན་དུ་བྱ་ཞིང་བསྒོམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཡེ་ཤེས་ལ་བསླབ་བོ་

ཞེས་པའོ། །ནམ་མཁའ་འམ་ནི་ཕྱོགས་གཞན་དུ། །ཞེས་བྱ་བ་ལ་དེ་ལ་ནམ་མཁའ་ནི་གྲགས་པར་ཟད་དོ། །ཕྱོགས་གཞན་ནི་རས་དང་རྩིག་པ་ལ་སོགས་པའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་ལྕེ་ནི་རྐན་ལ་སྦྱར་བྱ་ཞིང་། །ཞེས་བྱ་བ་ལ་སོགས་པ་སྔར་བཤད་
པའོ། །དེའི་སྦྱོར་བ་ནི་བཛྲ་མུ་ཁཾ་བྷ་བ་ཞེས་ཟློས་ཤིང་ནམ་མཁའ་ལ་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ། འགྲེང་ངམ་ཡང་ན་འདུག་ཀྱང་རུང་བས་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་རང་གི་སྙིང་གར་བཅུག་ལ་བཛྲ་དྲྀ་ཌྷ་ཏིཥྛ་ཞེས་བརྟན་པར་བྱས་ལ་ལྡང་བར་བྱའོ། །
དེ་ལྟར་ཉིན་རེ་ཞིང་ཇི་སྲིད་ཟླ་བ་གཉིས་ལོན་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ནི་ངེས་པར་མངོན་དུ་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་རྡོ་རྗེའི་གཟུགས་ཀྱིས་ཁྱབ་པར་བྱའོ། །ཡང་དེ་བཞིན་དུ་དེ་བསྡུས་ལ་རང་གི་སྙིང་གར་བརྟན་
པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཇི་སྲིད་ཟླ་བ་གཅིག་ལོན་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །ཟླ་བའི་མཐར་མཚན་ཐོག་ཐག་བསྒོམས་ན་གྲུབ་པར་འགྱུར་ཏེ། ནམ་མཁའ་ཐམས་ཅད་རྡོ་རྗེར་གྱུར་པར་མཐོང་ལ། དེ་ནས་ནི་ལུས་དེ་ཉིད་ཀྱིས་སངས་རྒྱས་ཉིད་མྱུར་དུ་མཐོང་བར་
འགྱུར་རོ། །དེ་བཞིན་དུ་ཡང་གནས་ཀུན་དུ་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །སྙིང་གར་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྙིང་གར་ནས་འབྲས་ཙམ་གྱི་རྡོ་རྗེ་ནི་སྙིང་གར་རྡོ་རྗེ་སྟེ་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་རྡོ་རྗེ་སེམས་དཔའོ། །དེ་ལྟ་བུའི་སྙིང་
གའི་རྡོ་རྗེ་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་དཔའོ། །རབ་མཉམ་གཞག་པས་བསྒོམ་པར་བྱ། །ཞེས་བྱ་བ་མ་ཡེངས་པར་བསམ་པར་བྱའོ། །འདིའི་དོན་ནི་འདི་ཡིན་ཏེ། རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་པའི་རྗེས་ལ་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་
སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཚུལ་ཆེན་པོ་བཅིང་བར་བྱའོ། །དེ་ནས་མ་ཧཱ་བོ་དྷི་སཏྭ་ཨ་བྷི་ཤ་ཞེས་ཟློས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཇི་སྐད་གསུངས་པ་བཞིན་དུ་བསྐྱེད་ལ། ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །སྐྱོ་བར་

གྱུར་ན་སྔ་མ་བཞིན་དུ་རང་གི་ལུས་ལ་བཅུག་ནས་བརྟན་པར་བྱས་ནས་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཟླ་བ་གཉིས་ཙམ་གྱི་བར་དུ་བསྒོམ་པར་བྱ་སྟེ། དེ་ནས་མངོན་སུམ་བཞིན་དུ་མཐོང་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་མ་ལུས་པ་སྙིང་གའི་རྡོ་རྗེ་བྱང་ཆུབ་སེམས་དཔར་
ཁྱབ་པར་བསམ་པར་བྱའོ། །སྐྱོ་བར་གྱུར་ན་བསྡུས་ནས་སྔ་མ་བཞིན་དུ་བརྟན་པར་བྱས་ལ་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམས་ལ། ཟླ་བ་མཐར་མཚན་ཐོག་ཐག་བསྒོམས་ན་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྲུབ་པར་འགྱུར་རོ། །ཇི་ལྟར་འདིར་རང་གི་ལྷའི་རྣལ་འབྱོར་
བྱ་བར་བཤད་པ་དེ་བཞིན་དུ་འོག་ནས་བཤད་པའི་སྦྱོར་བ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །ཕྱག་ན་རྡོ་རྗེའི་དབྱིབས་ཆེན་པོ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོའི་ཚུལ་ཅན་གྱི་རྡོ་རྗེ་སེམས་དཔའ་རྡོ་རྗེ་ཕྲ་མོ་བསྣམས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་
བཛྲ་པཱ་ཎི་དརྴ་ཡ་སཱ་རཱུ་བཾ་ཞེས་བྱ་བ་འདིས་ནི་ཕྱག་ན་རྡོ་རྗེ་བསྐྱེད་པའི་སྙིང་པོ་འདི་ཉིད་ཟློས་ཤིང་སྙིང་གར་རྡོ་རྗེ་སེམས་དཔའི་ཚུལ་དུ་རིམ་གྱིས་བསྒོམ་པ་དང་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་
ཅུ་དང་ལྡན་པའི་རྣམ་པར་སྣང་མཛད་དམ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བུདྡྷ་ཨ་ནུ་སྨྲྀ་ཏཱ་བྷི་ཤ་ཞེས་ཟློས་ཤིང་བསྒོམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཐམས་ཅད་བྱས་པ་ཉིད་དང་བསྒྲུབ་པར་བྱའོ། །རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་
ལ་ས་མནྟ་བྷ་དྲ་ཨ་བྷི་ཤྭ་ཞེས་བྱ་བས། བདག་ཉིད་སྔ་མ་བཞིན་དུ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་གཉིས་ཀྱི་མཐར་ཟླ་བ་གཅིག་ཙམ་ཟླ་བའི་དཀྱིལ་འཁོར་གྱིས་དེ་བཞིན་དུ་ནམ་མཁའ་ཁྱབ་པར་བསྒོམས་ལ། ཟླ་བའི་མཐར་མཚན་ཐོག་ཐག་བསྒོམས་ན། ནམ་མཁའ་
མ་ལུས་པར་ཟླ་བའི་དཀྱིལ་འཁོར་གྱིས་ཡོངས་སུ་གང་བར་མཐོང་སྟེ། དེ་ནས་དེ་བསྡུས་ལ་གོང་བུ་གཅིག་ཏུ་བྱས་ནས་ཟླ་བའི་གཟུགས་གཅིག་ཏུ་བདག་ཉིད་སྔ་མ་བཞིན་དུ་བརྟན་པར་བྱའོ། །དེ་བཞིན་དུ་སཏྭ་བཛྲ་ཨ་བྷི་ཤ་ཞེས་བྱ་བས་བདག་ཉིད་ཟླ་བའི་དཀྱིལ་འཁོར་དུ་བསྒྲུབས་ནས། ཟླ་བའི་དཀྱིལ་འཁོར་དེར་

རྡོ་རྗེ་རྩེ་མོ་ལྔ་པ་བསམས་ལ། ཡང་སཏྭ་བཛྲ་ཨ་བྷི་ཤ་ཞེས་ཟློས་ཤིང་དེ་སྲིད་དེ་མཐོང་ཞིང་བརྟན་པར་གྱུར་པ་དེ་ཇི་སྲིད་ཀྱི་བར་དུ་སེམས་དཔའི་རྡོ་རྗེ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་སྤྲོ་བ་དང་། བསྡུ་བའི་སྦྱོར་བས་དེ་རྫོགས་པར་བྱའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་བདག་ཉིད་
སེམས་དཔའི་རྡོ་རྗེ་གྱུར་པ་དེ་ཉིད། བཛྲ་སཏྭ་ས་མཱ་དྷི་ཛྙཱ་ན་ཨ་བྷི་ཤ་ཞེས་ཟློས་ཤིང་རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསམས་ལ། ཇི་སྲིད་བདག་ཉིད་ཀྱི་སྙིང་གའི་ཟླ་བར་རྡོ་རྗེ་རྩེ་ལྔ་པ་དང་ལྡན་པར་མངོན་སུམ་དུ་མཐོང་ཞིང་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་
བྱའོ། །དེ་ནས་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་བསྒོམ་ཞིང་བདག་ཉིད་རྡོ་རྗེ་སེམས་དཔའི་ཚུལ་གྱིས་རྫོགས་པར་བྱའོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སངས་རྒྱས་གཟུགས་སུ་བདག་ཉིད་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་གཟུགས་དེ་ཉིད་ཏ་ཐཱ་ག་ཏོ྅ཧཾ་ཞེས་ཟློས་ཤིང་། རྣམ་པར་སྣང་མཛད་ལ་
སོགས་པ་དེ་བཞིན་གཤེགས་པའི་སྐུར་བདག་ཉིད་བསམ་པར་བྱའོ། །དེ་ལྟར་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་བཞི་བསྒོམས་པས། ཆོ་ག་གཞན་དག་གིས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྒྲུབ་པ་བསྟན་ནས། དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཆགས་པར་བྱ་བ་དང་། དགུག་པར་བྱ་བ་དང་། གདུལ་བར་བྱ་བའི་བར་དང་། ལས་ཐམས་ཅད་བསྒྲུབ་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ནི་ཆོས་ཀྱི་དཀྱིལ་འཁོར་ཏེ། དེའི་གསང་བའི་ཕྱག་རྒྱ་ནི་བསྒྲུབ་པར་བྱ་བའི་ལྷ་དང་གཅིག་ཏུ་མོས་པར་གྱུར་པ་སྟེ། དེའི་
ཡེ་ཤེས་བསླབ་པོ། །བདག་ནི་དེ་བཞིན་གཤེགས་དང་མཉམ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རྣལ་འབྱོར་སྔ་མ་བཞིན་དུ་བྱས་ལ། དེ་ཡང་རས་རིས་ལ་སོགས་པར་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་ཕྱག་རྒྱ་བཞིས་
རྒྱས་བཏབ་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། སངས་རྒྱས་ཀྱི་ཞིང་སྟོང་གསུམ་པ་འདི་རྡོ་རྗེ་གཅིག་གིས་ཁྱབ་པར་བསམས་ལ། དེའི་དབུས་སུ་དེ་བཞིན་གཤེགས་པ་དང་བདག་ཞུགས་པར་ངེས་པར་བྱས་ལ། ཏ་ཐཱ་ག་ཏ་

ས་མོ྅ཧཾ་ཧི་ཞེས་བྱ་བས་ཇི་སྐད་བཤད་པའི་རྡོ་རྗེའི་ཚིག་གིས་ཡང་དང་ཡང་དུ་ཟློས་ཤིང་ལན་དུ་མར་བརྗོད་དོ། །དབང་པོ་གཉིས་ནི་ཞེས་བྱ་བ་ནི་གཉིས་ཀྱི་དབང་པོ་སྟེ། སྒྲུབ་པ་པོ་དང་དེ་བཞིན་གཤེགས་པའིའོ། །དེའི་མཉམ་པར་སྦྱོར་བ་ནི་མཉམ་པར་གྱུར་པ་སྟེ། གཅིག་ཏུ་གྱུར་པར་
ལྷག་པར་མོས་པར་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་གཉིས་མཉམ་པར་སྦྱོར་བ་དེས་དེ་བཞིན་གཤེགས་པའི་སྐུ་དང་། སྒྲུབ་པ་པོ་ལྷན་ཅིག་གཅིག་ཏུ་གྱུར་པར་མོས་པས་ཅི་ཞིག་བྱེད་ཅེ་ན། སེམས་ཅན་ཐམས་ཅད་ཆགས་པར་བྱེད། །ཅེས་བྱ་བ་གསུངས་ཏེ། རྣམ་པར་སྣང་
མཛད་ལ་སོགས་པའོ། །དེ་བཞིན་གཤེགས་པ་རྣལ་འབྱོར་པ་དེས་མཉེས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་པ་ཡིན་ཏེ། ཏ་ཐཱ་ག་ཏ་ས་མོ྅ཧཾ་ཧི་ཞེས་བྱ་བ་ཇི་སྐད་དུ་བཤད་པའི་ལྷག་པར་མོས་པ་དང་། ལན་གསུམ་བཟླས་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མོ྅ཧཾ་ཞེས་
རྒྱུན་མི་འཆད་པར་ཟློས་ཤིང་བསྒོམ་པར་བྱའོ། །དེ་ཡང་སངས་རྒྱས་ཅི་འདྲ་དེ་བཞིན་བདག །བདག་ཅེས་རྟག་ཏུ་བསྒོམ་པ་ཡིས། །གང་འདིས་སངས་རྒྱས་དེ་ཉིད་བདག །དབང་པོ་གཉིས་ལ་ཡང་དག་བརྟེན། །ཏ་ཐཱ་ག་ཏ་ས་མོ྅ཧཾ་ཧི། རྡོ་རྗེའི་ཚིག་གི་ཡང་དག་བརྗོད། །དབང་པོ་གཉིས་
ནི་མཉམ་སྦྱོར་བས། །སངས་རྒྱས་ཐམས་ཅད་དེ་མཉེས་བྱེད། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མོ྅ཧཾ་ཧི། ཞེས་བཟླའོ་ཞེས་གསུངས་པ་དང་། གཞན་ཡང་དབང་པོ་གཉིས་ནི་ཞེས་བྱ་བ་ནི། རྣམ་པ་གཉིས་ཀྱི་གནས་སྐབས་ཀྱི། །གང་ཡང་བདག་གི་ལུས་དང་ནི། །གང་ཡང་སངས་རྒྱས་
སྐུ་དག་ནི། །བསྲེས་པར་གྱུར་པ་དབང་པོ་གཉིས། །མཉམ་པར་གཞག་ཅེས་བཤད་པ་ཡིན། །སྟོང་གསུམ་པ་ཡི་ཞིང་འདི་ནི། །རྡོ་རྗེ་གཅིག་ཏུ་ཡོངས་སུ་བཟུང་། །སངས་རྒྱས་གཟུགས་དང་འདྲ་བར་ནི། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །ཞེས་གསུངས་
པ་ཡིན་ནོ། །དེ་ལྟར་རིམ་པ་འདིས་ཇི་སྲིད་བཅོམ་ལྡན་འདས་བྱོན་ནས། དེའི་ལུས་ལ་ཞུགས་ལ་དེ་ནས་དེ་བཞིན་གཤེགས་པ་དང་འདྲ་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་སྒྲུབ་པ་ཡང་དེ་བཞིན་གཤེགས་པ་སྒྲུབ་པ་དང་འདྲ་བར་ཤེས་པར་བྱ་སྟེ། དེ་

ཡང་བཅོམ་ལྡན་འདས་ཀྱིས། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཁ་དོག་ཇི་བཞིན་ཆོ་ག་བཞིན། །དེ་ལྟར་བདག་ནི་རྟག་བསྒོམ་པ། །དབང་པོ་གཉིས་ལ་ཡང་དག་བརྟེན། །ཨོཾ་བཛྲ་སཏྭ་ས་མོ྅ཧཾ་ཞེས་བཟླའོ་ཞེས་གསུངས་པ་ཡིན་ནོ། །བདག་ནི་རྡོ་རྗེ་ཆེན་པོར་མཉམ། །
ཞེས་བྱ་བ་ནི། འཕགས་པ་ནམ་མཁའི་སྙིང་པོ་ནི། །རྡོ་རྗེ་ཆེན་པོ་སྟེ། དེ་དང་བདག་མཉམ་མོ་ཞེས་ང་རྒྱལ་བསྐྱེད་ལ། དེའི་འོག་ཏུ་བཛྲ་རཏྣ་ས་མོ྅ཧཾ་ཞེས་ཟློས་ཤིང་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དང་བདག་ཉིད་ལྷན་ཅིག་གཅིག་ཏུ་གྱུར་པར་སྔ་མ་བཞིན་དུ་བསམ་པར་
བྱའོ། །དེ་ཡང་སངས་རྒྱས་ཀུན་གྱི་དབང་བསྐུར་བ། །རྡོ་རྗེ་རིན་ཆེན་བདག་ཉིད་ཅེས། །རང་ཉིད་རྟག་ཏུ་བསྒོམས་ན་ནི། །རྡོ་རྗེ་རིན་ཆེན་འདྲ་བར་འགྱུར། །ཨོཾ་བཛྲ་རཏྣ་ས་མོ྅ཧཾ་ཞེས་གསུངས་པ་ཡིན་ནོ། །གདོན་མི་ཟ་བར་འཇིག་རྟེན་འགུགས། །ཞེས་བྱ་བ་
ལ། འཇིག་རྟེན་ནི་འཕགས་པ་ནམ་མཁའི་སྙིང་པོ་སྟེ། དེ་འབར་བའི་ལྟ་བས་དགུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བདག་ནི་རྡོ་རྗེ་ཆོས་དང་མཉམ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། ཨོཾ་བཛྲ་དྷརྨྨཱ་ས་མོ྅ཧཾ་ཞེས་ཟློས་ཤིང་བསྒོམ་པར་བྱའོ། །དེ་ཡང་
འཇིག་རྟེན་ཐམས་ཅད་འཇིག །ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འདི་ནི་འདིར་འཇིག་རྟེན་ཡིན་ཏེ། འཇིག་རྟེན་དེ་ཐམས་ཅད་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བསྒོམས་ཤིང་བཟླས་པས་འཇིག་པར་བྱེད་
དོ། །བདག་ནི་སྣ་ཚོགས་རྡོ་རྗེར་མཉམ། །ཞེས་བྱ་བ་ལ། སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་ལས་ཏེ་དེ་དང་བདག་མཉམ་མོ་ཞེས་ང་རྒྱལ་བསྐྱེད་པའི་རྗེས་ལ། ཨོཾ་བི་ཤྭ་བཛྲ་ས་མོ྅ཧཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་བསྒོམ་པར་བྱའོ། །སྒོམ་པ་འདིས་དེ་ཅི་ཞིག་བྱེད་ཅེ་ན། ལས་རྣམས་
ཐམས་ཅད་ངེས་འགྲུབ་བོ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་གྱི་མཚན་ཉིད་ཅན་གྱི་ལས་ནི་ལས་རྣམས་ཐམས་ཅད་དེ། དེ་སྒྲུབ་ཅིང་རྫོགས་པར་བྱེད་དོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་སྒྲུབ་པ་

རྣམས་ནི། རྡོ་རྗེ་སེམས་དཔའི་སྒྲུབ་པ་དང་འདྲ་བར་ཤེས་པར་བྱའོ། །གང་དང་གང་ལས་རབ་དད་འགྱུར། །ཇི་བཞིན་འདོད་དང་ཅི་འདོད་པས། །བདག་ཉིད་རྟག་ཏུ་བསྒོམས་ན་ནི། །སེམས་དཔའ་དེ་ཉིད་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །
ཇི་སྐད་དུ་བཤད་པའི་དངོས་གྲུབ་རྣམས་ནི་རྡོ་རྗེ་དབྱིངས་སུ་གསུངས་པའི་ཕྱག་རྒྱ་བཞི་པ་ལ་སོགས་པ་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ནས། དེའི་རྗེས་ལ་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བཅིངས་ཏེ་བསྒྲུབ་པར་བྱ་བའམ།
ཆོས་ཀྱི་དཀྱིལ་འཁོར་དུ་སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ལྷ་མདུན་དུ་སྤྱན་དྲང་བ་བྱས་ནས། ཕྱག་རྒྱ་བཞིས་ཇི་ལྟ་བ་བཞིན་དུ་རྒྱས་གདབ་པར་བྱ་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་བཞི་པོ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ངེས་པའི་ཚུལ་ལོ། །དེ་ཉིད་ནི་རྡོ་རྗེ་སྟེ་དེ་རྣམས་བྱིན་གྱིས་བརླབ་ཅིང་བརྟན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། ཆོས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་དེ་བརླབ་པར་བྱའོ། །རྡོ་རྗེ་ཕྲ་
མོའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ་ལྕེ་རྐན་ལ་སྦྱར་བར་བྱས་ནས། ལུས་དྲང་པོར་བཞག་སྟེ་མགྲིན་པ་ཅུང་ཟད་བཀུག་ལ། སྣའི་རྩེ་མོར་བལྟ་བ་འདི་དང་། སྤྲོ་བ་དང་བསྡུ་བའི་སྦྱོར་བ་ནི་རྡོ་རྗེ་ཕྲ་མོའི་ཚུལ་ཏེ། རྡོ་རྗེ་ཕྲ་མོའི་ཚུལ་དེས་བསྒོམ་པར་
བྱའོ། །གང་དུ་ཅི་ཞིག་བསྒོམ་པར་བྱ་ཞེ་ན། རྡོ་རྗེའི་དབུས་སུ་ཞེས་བྱ་བ་གསུངས་ཏེ། སེང་གེའི་གདན་གྱི་སྟེང་ན་རྡོ་རྗེ་རྩེ་ལྔ་པའི་དབུས་སུ་སངས་རྒྱས་སྐུ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུ་སྟེ། ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས། །ཞེས་བྱ་བ་ཇི་
སྐད་དུ་གསུངས་པར་རྡོ་རྗེ་ལ་སོགས་པའི་སྙིང་གའི་མཚན་མར་བདག་ཉིད་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི། རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་རྡོ་རྗེ་འབེབས་པའི་བར་ཏེ། དེ་རྣམས་ཀྱི་ཏིང་ངེ་འཛིན་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་

རྣམས་ཏེ། དེ་རྣམས་ཀྱི་ཡེ་ཤེས་བསླབ་བོ། །རྡོ་རྗེ་ཕྲ་མོའི་ཚུལ་ནི་སྔ་མ་དང་འདྲ་སྟེ། དེ་ལ་སྦྱོང་བ་ནི་དེ་བྱའོ། །སྙིང་གར་རྡོ་རྗེ་ལ་སོགས་ཞེས་བྱ་བ་ནི་མང་པོའི་ཚོགས་སོ། །དེ་བསྒོམ་པ་ནི་ཡང་དང་ཡང་དུ་མངོན་དུ་བྱའོ། །དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ལ་སོགས་ཞེས་
བྱ་བ་སྟེ། རྡོ་རྗེ་འབེབས་པའི་བར་དེ་དག་བསྒོམས་ནའོ། །ཅི་ཞིག་མཛད་ཅེ་ན། རང་གི་དངོས་གྲུབ་སྦྱིན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། རང་རང་གི་དངོས་གྲུབ་སྒྲུབ་པ་པོ་ལ་སྩོལ་བར་འགྱུར་བའོ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཀུན་ཀྱང་སྙོམས་པར་ཞུགས་པ་ཡིས། །
ཏིང་ངེ་འཛིན་དུ་བཞུགས་པ་དང་། །ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས། །ཞེས་བྱ་བ་དང་། རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི་ཐམས་ཅད་ལས་ཤེས་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་བསྒོམ་པ་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་དམ་ཚིག་གི་ཕྱག་རྒྱའི་མཚན་
ཉིད་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སོ། །དེའི་ཏིང་ངེ་འཛིན་གྱི་དམ་ཚིག་གི་ཕྱག་རྒྱ་ནི་ཆོས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དམ་ཚིག་གི་ཕྱག་རྒྱ་སྟེ། དེའི་
ཡེ་ཤེས་བསླབ་པར་བྱའོ། །ཏིང་ངེ་འཛིན་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་རྣམས་ཀྱི་བཅིང་བ་བཤད་ཅེས་བྱ་བ་ནི་བཅིང་བའི་མཚན་ཉིད་སོ་སོའི་ཆས་ཕྱེ་བ་རབ་ཏུ་བཤད་པ་ནས་བཤད་པའོ། །རྡོ་རྗེ་བཅིང་ལས་ལེགས་
བྱུང་བ། །ཞེས་གསུངས་པས་ན་རྡོ་རྗེ་བསྡམས་པ་བཅིངས་ལ་སྐྱིལ་མོ་ཀྲུང་ལ་གནས་པའོ། །སྐྱིལ་མོ་ཀྲུང་ལ་ཇི་ལྟར་འདུག་ཅེ་ན། གན་རྐྱལ་དུ་ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་གྱི་ཚུལ་གྱིས་རྡོ་རྗེ་བཅིང་བར་སྐྱིལ་མོ་ཀྲུང་གི་སྟེང་དུ་བཀན་ཏེ་གཞག་པ་འདི་ནི་རྡོ་རྗེ་སེམས་
དཔའི་དམ་ཚིག་གི་ཕྱག་རྒྱའོ། །གཡས་གཅུས་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བཅིངས་ལ་གཡས་ལོགས་སུ་གཅུས་པ་འདི་ནི་རྡོ་རྗེ་རྒྱལ་པོའིའོ། །སླར་གཅུས་པ་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བཅིངས་ལ་དེ་ཉིད་གཡོན་ལོགས་སུ་གཞག་པ་འདི་ནི་སླར་གཅུས་པ་སྟེ་ཆགས་པའིའོ། །

སྙིང་གར་གནས་པ་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བའི་ཕྱག་རྒྱ་ཉིད་སྙིང་གར་གཞག་པ་ནི་བཞི་སྟེ། རྡོ་རྗེ་ལེགས་པའིའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་སོགས་ཏེ་ལེགས་པའི་བར་གྱིའོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་དེ་ཉིད་ཀྱི་ཕྱག་
རྒྱའོ། །དཔྲལ་བར་གཞག་པ་དང་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་དཔྲལ་བར་གཞག་ཅིང་གནས་པ་ནི་རྡོ་རྗེ་རིན་ཆེན་གྱིའོ། །ལྷག་པར་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་རྒྱབ་ཏུ་གཞག་པ་ནི་རྡོ་རྗེ་གཟི་བརྗིད་ཀྱིའོ། །རྡོ་རྗེ་བསྡམས་པ་ཕྲག་པ་
གཡོན་ལོགས་སུ་གཞག་པ་ནི་རྡོ་རྗེ་དཔལ་གྱིའོ། །རྐེད་པར་སྦྱར་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་བཞད་པའི་ཚུལ་གྱིས་ཁར་བསྐོར་བ་ནི་བཞད་པའི་འོ། །ཁར་བཞག་ཅེས་བྱ་བ་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་ཁར་གཞག་པ་ནི་རྡོ་རྗེ་ཆོས་ཀྱིའོ། །སྙིང་གར་རལ་གྲི་ཞེས་པ་
རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་སྙིང་གར་རལ་གྲི་འཛིན་པའི་ཚུལ་གྱིས་གཞག་པ་ནི་རྡོ་རྗེ་རྣོན་པོའིའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་སྙིང་གར་བརྐྱང་ལ་གཞག་པ་ནི་སྙིང་གར་རྒྱས་པ་སྟེ་རྡོ་རྗེ་རྒྱུའིའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་ཚིག་འབྱིན་པའི་ཚུལ་གྱིས་ཁ་ནས་འདྲེན་པ་ནི་ཁ་ནས་དབྱུང་
བ་སྟེ་སྨྲ་བའིའོ། །རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་སྤྱི་བོར་ག