Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 53

Văn bản gốc(Tây Tạng)

Trang 1 / 18 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། ས་ཧཱ་ཛ་གཱི་ཏི། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་གླུ། བླ་མ་དམ་པ་ལ་ཕྱག་འཚལ་ལོ། །སྟོང་པའི་ནགས་ལས་མེ་ཏོག་རབ་རྒྱས་པ། །མེ་
ཏོག་གཅིག་ལ་ཁ་དོག་སྣ་ཚོགས་ཏེ། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །དེ་ལ་རྩ་བ་མེད་ཅིང་ཡལ་འདབ་མེད། །གྲོགས་དག་སེར་
ཁ་བཟང་པོའི་ཕྱོགས་རྒྱལ་ལྟོས། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །གེ་སར་བླངས་པས་སྒྱུ་འཕྲུལ་མཁན་པོ་ཡིན། །རྡོ་རྗེ་དབང་
ཕྱུག་ཆོས་ཀྱི་དབྱིངས་ལ་མཆོད། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །མཆོག་དང་དགའ་བྲལ་རྣམ་པར་བརྟགས་ཏེ་ཟུང་། །བླ་མ་
དམ་པའི་ཞབས་ལ་གུས་པས་མཆོད། །དཔེ་མེད་མེ་ཏོག་སྐྱེས་ན་ཕྱོགས་ལས་རྒྱལ། །རིན་ཐང་མེད་པའི་མེ་ཏོག་ལོངས་ཤིག་དང་། །རྣལ་འབྱོར་གྱི་དབང་ཕྱུག་ཤཱནྟ་དེ་བས་མཛད་པ་རྫོགས་སོ།། །།

བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས་དང་། ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭཱ་སྭ་བྷཱ་བ་དྲྀཥྚི་གཱི་ཏི་ཀ་དོ་ཧ་ནཱ་མ། བོད་སྐད་དུ། རང་བཞིན་གྱི་དོ་ཧ་མཛོད་ཀྱི་
གླུའི་ལྟ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་མེད་བདུད་རྩི་ཀུན་འདུས་གྲུབ་ཐོབ་ཀྱི། །དྲི་མེད་དགོངས་པ་ལྟ་སྤྱོད་ལ་སོགས་ནི། །ཉམས་ལེན་ཐབས་དེ་ཀུན་ལ་ཕན་པའི་ཕྱིར། །བདེ་གཤེགས་
རྣམས་ལ་ཕྱག་འཚལ་བཤད་པར་བྱ། །དངོས་པོ་ཡང་ནི་མ་ཡིན་ཞིང་། །དངོས་མེད་ལ་ནི་མ་སྐྱེས་པའི། །འདི་ལྟ་བུ་ཡི་རང་བཞིན་ནི། །སུ་ཞིག་གིས་ནི་རྟོགས་པར་འགྱུར། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །འདི་ལྟ་བུ་
ནི་ངོ་མཚར་ཆེ། །ཁམས་གསུམ་གནས་སུ་ལོངས་སྤྱོད་ཀྱང་། །དེ་ཉིད་གནས་ནི་རྟོགས་པ་མེད། །དེ་ཡི་ཁ་དོག་རིགས་དང་ནི། །དབྱིབས་ཀྱང་བདག་གིས་རྟོགས་པ་མེད། །དེ་ལྟ་བུ་ཡི་རང་བཞིན་ནི། །དངོས་པོར་མ་
གྲུབ་ཇི་ལྟར་བསྟན། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །འདི་ལྟ་བུ་ནི་ངོ་མཚར་ཆེ། །ཁམས་གསུམ་གནས་སུ་ལོངས་སྤྱོད་ཀྱང་། །དེ་ཉིད་གནས་ནི་རྟོགས་པ་མེད། །བདག་གིས་གཞན་ལ་ཇི་ལྟར་དྲི། །ཆུ་གཏིང་ཟླ་བའི་གཟུགས་

བརྙན་ནི། །དོན་དམ་སྒྱུ་མར་རྟོགས་པ་མེད། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །འདི་ལྟ་བུ་ནི་ངོ་མཚར་ཆེ། །ཁམས་གསུམ་གནས་སུ་ལོངས་སྤྱོད་ཀྱང་། །དེ་ཉིད་གནས་ནི་རྟོགས་པ་མེད། །ལཱུ་ཡི་པ་ནི་སྨྲ་བར་བྱེད། །བདག་གིས་གཞན་ལ་ཇི་ལྟར་དྲི། །དེ་ཡི་རང་བཞིན་རྟོགས་པ་
མེད། །རང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ལཱུ་ཡི་པས་མཛད་པ་རྫོགས་སོ། ༄༅༅། །རྒྱ་གར་སྐད་དུ། བི་ཀ་ལྤ་པ་རི་ཧ་རསྟི་ཀ་ནཱ་མ། བོད་སྐད་དུ། རྣམ་རྟོག་སྤང་བའི་གླུ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བོ་ལ་གསང་
བའི་རྡོ་རྗེ་ལ། །འདུས་པ་སེམས་ཀྱི་རང་བཞིན་ནི། །ཐིག་ལེ་གསང་བའི་རྩ་ལ་བྲེང་། །ཀཀྐོ་ལ་ཡི་ཁ་སྦྱོར་ལ། །ཀྱེ་ཧོ་རེ་ནི་འབར་བར་བྱེད། །ཀྲྀ་པི་ཏ་ཡི་སྒྲ་སྒྲོགས་པས། །རྩ་དྲུག་འཁོར་ལོ་ཧཱུཾ་གིས་བཅིང་། །སྐུ་གསུམ་དྷཱུ་ཏཱིར་བདག་མེད་རྟོགས། །རང་བྱུང་མེ་ཏོག་ལྡན་པ་ཡི། །
ག་པུར་བོ་ལ་བསྲེས་བྱས་ནས། །ཀ་རུ་ཀའི་བདུད་རྩི་འཐུང་བར་གྱིས། །ཀ་ལི་ཛེ་ར་སྐལ་བར་ལྡན། །རྣལ་འབྱོར་ཚོགས་སུ་བསྲེ་བར་བྱ། །འདུ་དྷུ་ར་སྐལ་བར་མི་ལྡན་ཏེ། །སྤོངས་ཤིག་རྣལ་འབྱོར་དམ་ཚིག་གོ། །བཞི་མཉམ་གླ་རྩི་ལུས་བྱུགས་ནས། །རྟོག་པ་རྣམས་ནི་སྤང་བར་
བྱ། །དཔའ་བོ་དཔའ་མོའི་ཚོགས་དག་ཏུ། །ཧེ་རུ་ཀ་ཡི་ང་རྒྱལ་ལྡན། །ཤ་ཝ་ཞིང་ཆེན་ཁུར་བྱས་ནས། །མ་ལ་རིགས་སྐྱེས་བྲམ་ཟེ་ལ། །ཀུན་ཏུ་ཕྲད་པའི་རྣལ་འབྱོར་པ། །རྟོག་པ་མི་བྱ་ལུས་ལ་གནས། །ཀྱེ་ཧོ་སྐལ་ལྡན་མཆོད་པར་གྱིས། །ལི་ལ་བདག་མེད་སེང་གེ་ཡིས། །
སྟོང་ཉིད་དོན་ནི་རྟོགས་པར་འགྱུར། །རྣམ་རྟོག་སྤང་ཕྱིར་རྣལ་འབྱོར་ཀྱེ། །བདག་ནི་གན་རྐྱལ་ཉལ་བྱས་ནས། །ལག་པ་བསྣོལ་ནས་བྲང་ལ་སྦྱར། །རང་རིག་ནམ་མཁའི་ཕྱོགས་སུ་གཏད། །ལི་ལ་སྐྱེས་ཏེ་གཉིས་མེད་རྟོགས། །རྟོག་མེད་རྣལ་འབྱོར་གྲུབ་པ་ཐོབ། །ལི་ལ་པ་ཡིས་
རྟོགས་ནས་གྲོལ། །རྣམ་རྟོག་སྤང་བའི་གླུ་ཞེས་བྱ་བ་སློབ་དཔོན་ལི་ལ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀརྨ་ཙཎྜ་ལཱི་ཀ་དོ་ཧ་གཱི་ཏི་ནཱ་མ། བོད་སྐད་དུ། ལས་ཀྱི་གཏུམ་མོའི་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། དོན་ཐམས་ཅད་གྲུབ་པ་ལ་ཕྱག་འཚལ་ལོ། །

ནང་ནས་གཏུམ་མོའི་མེ་སྦར་བས། །དབུས་ནས་བདུད་རྩི་འབབ་པར་བྱེད། །རང་བྱུང་སྡོང་བུ་སྐྱེས་པ་ཡིས། །རྩེ་མོའི་རི་ལ་ཕྱིན་ཏེ་གནས། །མགོན་པོའི་བདུད་རྩི་འབབ་པར་བྱེད། །འཁོར་བའི་སྡུག་བསྔལ་ཡུན་རིང་བཅོམ། །གཤིན་རྗེར་འགྲོ་བའི་འཇིགས་
པ་སྤངས། །སངས་རྒྱས་ཡོན་ཏན་ཕྲེང་བ་འབྱུང་། །བདེ་བ་ཆེན་པོ་རྒྱས་པ་ཡིས། །ཐམས་ཅད་ཀྱིས་ནི་ཁྱབ་པར་འགྱུར། །འཁོར་བའི་སྡུག་བསྔལ་ཡུན་རིང་བཅོམ། །གཤིན་རྗེར་འགྲོ་བའི་འཇིགས་པ་སྤངས། །རྡོ་རྗེས་བརྐོས་ཤིང་བགོས་པ་ལ། །ཉི་ཟླ་གཉིས་ནི་བསྲེས་
བྱས་ནས། །ནམ་མཁའི་དབྱིངས་སུ་ཐིམ་པར་འགྱུར། །བདེ་བ་ཆེན་པོའི་གྲོང་དུ་ཕྱིན། །ཀུན་དབུས་སངས་རྒྱས་ཡོན་ཏན་གྱིས། །རིན་ཆེན་འབྱུང་བའི་གནས་སུ་བརྟོལ། །འཁོར་བའི་སྡུག་བསྔལ་ཡུན་རིང་བཅོམ། །གཤིན་རྗེར་འགྲོ་བའི་འཇིགས་པ་སྤངས། །འབྱུང་རྒྱུའི་རླུང་ནི་
བཀག་པ་ཡིས། །རིན་ཆེན་གསལ་བའི་གནས་སུ་ཕྱིན། །བརྟགས་ཤིང་བརྟགས་ཤིང་དཔྱད་པ་ཡིས། །བི་རཱུ་བདག་གིས་འགྲུབ་པར་འགྱུར། །འཁོར་བའི་སྡུག་བསྔལ་ཡུན་རིང་བཅོམ། །གཤིན་རྗེར་འགྲོ་བའི་འཇིགས་པ་སྤངས། །ལས་ཀྱི་གཏུམ་མོའི་དོ་ཧ་མཛོད་ཀྱི་གླུ་ཞེས་
བྱ་བ་སློབ་དཔོན་བི་རཱུ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷ་བ་ན་དྲྀཥྚི་ཙཱརྱ་ཕ་ལ་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། ལྟ་སྒོམ་སྤྱོད་པ་འབྲས་བུའི་དོ་ཧའི་གླུ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དངོས་པོ་སྣ་ཚོགས་རང་གི་སེམས་ཉིད་ཡིན། །
འཁོར་འདས་ཐམས་ཅད་རྣལ་འབྱོར་དབྱེར་མེད་པ། །སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་སྟེ། །དཔེར་ན་ཆུ་དང་དེ་ཡི་རླབས་བཞིན་ནོ། །དངོས་དང་དངོས་མིན་སྤངས་པའི་སེམས་ཉིད་འདི། །རྟོགས་པའི་རྣལ་འབྱོར་སྐད་ཅིག་གཅིག་ལ་ནི། །སྒྲོན་མེ་ཆུང་ངུ་ཞིག་གིས་མུན་པ་
ལྟར། །འཁོར་བའི་དུག་ལྔ་རང་བཞིན་རབ་རིབ་སེལ། །ཟུང་འཇུག་ཕྱག་རྒྱ་བློ་འདས་ཆེན་པོ་ནི། །བདེ་གསལ་མི་རྟོག་ནམ་མཁའ་ལྟ་བུ་སྟེ། །ཁྱབ་ཅིང་རྒྱ་ཆེན་སྙིང་རྗེ་ཆེན་པོའི་ངོ་། །སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་བཞིན། །གསལ་ཡང་ཐ་སྙད་མཐའ་དབུས་ཀུན་དང་བྲལ། །གང་

གིས་མ་གོས་དྲི་མེད་རེ་དོགས་བྲལ། །ལྐུགས་པའི་རྨི་ལམ་བཞིན་དུ་སྨྲ་མི་ཤེས། །ཚད་མེད་བདེ་ཆེན་རང་བཞིན་ཡེ་ཤེས་ནི། །ཉི་ཟླའི་འོད་བཞིན་ཕྱོགས་དང་བྲལ་བ་མེད། །ཀྱེ་ཧོ་རྣལ་འབྱོར་རང་འབྱུང་ངོ་མཚར་ཆེ། །གཉུག་མ་མ་བཅོས་སེམས་ནི་ཆོས་སྐུ་སྟེ། །བཅོས་པའི་སེམས་
ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་བདེ་བའི་ཕྱོགས་སུ་ཡན་པར་མཐོང་། །རང་བཞིན་གྲུབ་པའི་ལམ་ཐོབ་རྣལ་འབྱོར་བདེ། །རྣམ་རྟོག་བྲལ་བས་ཞེ་འདོད་འབྱུང་མི་སྲིད། །རྟ་མགྲིན་གྲུབ་ཐོབ་བདག་ཉིད་སར་ཧས་སྨྲས། །ཀྱེ་ཧོ་རྣལ་འབྱོར་ལྟ་བའི་ཉམས་ལེན་གྱིས། །དེ་ཡི་རང་
བཞིན་གང་ཞིག་སྒོམ་འདོད་ན། །རང་ལུས་རི་བོ་འདི་ནི་གནས་ཀྱི་མཆོག །སེམས་ཉིད་དུས་ཀྱི་རྣལ་འབྱོར་སྒྲུབ་པ་པོ། །དབང་པོ་རྣམས་བཅིངས་མཚམས་བཅད་བདེ་བར་འགྱུར། །གཡེང་བ་རྣམས་ཀྱང་ཆེད་དུ་སྤང་མི་བྱ། །ཏུག་ཕྲད་སེམས་སུ་ཤེས་ན་ཡི་དམ་ལྷ། །ཤེས་པ་མ་
བཀུག་རྟོག་པ་རིམ་གྱིས་སྤངས། །སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་འདབ་མ་བཞིན་དུ་གློད་ལ་ཞོག །བྱ་བ་སྤོངས་ལ་རང་སེམས་རང་གིས་ལྟོས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །རྣམ་རྟོག་རྣམས་ཀྱི་རྩ་བ་སེམས་ཡིན་ཏེ། །དེ་མེད་ཕྱིར་ན་
རྣམ་རྟོག་ཡོད་མིན་ནོ། །དྲན་པ་དྲན་མེད་བསྒོམ་པའི་རྣལ་འབྱོར་ཏེ། །སེམས་འདི་རྟག་པར་མ་གྲུབ་རང་ལ་ཐིམ། །བསྒོམ་འདོད་མེད་པས་སངས་རྒྱས་འབྲས་བུ་ཐོབ། །རྣལ་འབྱོར་བུ་ཆུང་ལྟ་བུར་རྟོག་པ་མེད། །ལྡུམ་རའི་བུང་བས་མེ་ཏོག་རོ་མྱང་ལྟར། །ནགས་ནས་ནགས་སུ་
འཁྱམ་པ་སེང་གེ་བཞིན། །ཀུན་དུ་རྒྱུ་བ་སྣ་ཚོགས་རླུང་ལྟར་ནི། །སེམས་ཉིད་བག་དང་ལྡན་པ་སྤྱོད་པའི་མཆོག །རང་བཞིན་མི་དགག་སྨྱོན་པ་ལྟ་བུར་སྤྱོད། །རྒྱབ་ཏུ་མི་ཆགས་མདུན་དུ་ཞེན་པ་མེད། །མདོར་ན་ལྟ་སྒོམ་སྤྱོད་པ་ཉམས་ལེན་ལ། །ཇི་ལྟར་ཕན་པའི་སྤྱོད་པས་
རྣལ་འབྱོར་སྤྱོད། །སྣ་ཚོགས་སྣང་བ་སེམས་ཀྱི་ངོ་བོ་འདི། །ཏུག་ཕྲད་ཙམ་གྱིས་མ་གྲུབ་ཕྱག་རྒྱ་ཆེ། །སྣང་ལ་མི་སྣང་འབྲས་བུ་སངས་རྒྱས་འབྱུང་། །དེ་ལ་སེམས་ན་དངོས་གྲུབ་དམ་པ་ཡིན། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས་པ་འདི། །རྣམ་རྟོག་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་

འདྲ། །དེ་ཡང་སེམས་ལས་གཞན་ན་བཙལ་དུ་མེད། །ཡིད་ལ་མི་གཞག་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་མ་རེ་རྟོགས་ན་ཕྱག་རྒྱ་ཆེ། །མ་རྟོགས་རྟོག་པ་ནམ་མཁའི་སྤྲིན་དང་འདྲ། །རྟོགས་ན་དེ་ཉིད་རང་བཞིན་སྟོང་པ་ཡིན། །ལྟ་སྤྱོད་འབྲས་བུ་དབྱེར་མེད་ལྷན་
ཅིག་སྐྱེས། །རང་བཞིན་དབྱེར་མེད་རྟོགས་ན་འབྲས་བུའི་མཆོག །ལྟ་སྒོམ་སྤྱོད་པ་འབྲས་བུ་དོ་ཧའི་གླུ་ཞེས་བྱ་བ་སློབ་དཔོན་ས་ར་ཧ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭཾ་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། དོ་ཧ་མཛོད་ཀྱི་དེ་ཉིད་ཀྱི་གླུ་ཞེས་བྱ་བ།
འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བརྟགས་ན་བདག་གཞན་དངོས་པོ་མེད། །བྱིས་པ་ལྐུགས་པའི་རྨི་ལམ་འདྲ། །དེ་ཉིད་རྟོགས་པ་ཤིན་ཏུ་དཀའ། །བྱིས་པ་རྒྱན་པོ་རྩེ་བ་འདྲ། །ཐ་ཀ་ན་ནི་སྨྲ་བར་བྱེད། །དེ་ཉིད་ཚིག་གིས་བརྗོད་པ་དཀའ། །སྣང་སྟོང་རྟོག་པ་མ་སེལ་བར། །ཐར་
པ་ཐོབ་པར་ག་ལ་འགྱུར། །ལུས་ངག་ཡིད་གསུམ་དབྱིངས་སུ་ནི། །དེ་ཉིད་མཉམ་པར་མ་ཤེས་ན། །དེ་ཉིད་རྟོགས་པར་ཤིན་ཏུ་དཀའ། །བྱིས་པ་རྒྱན་པོ་རྩེ་བ་འདྲ། །དངོས་པོ་ཚིག་གིས་བརྗོད་པ་དཀའ། །ཆོས་རྣམས་ཚིག་ཏུ་སྨྲ་བ་ཡང་། །ཚིག་ཙམ་གྱིས་ནི་འགྲུབ་བམ་ཅ། །སེམས་ཀྱི་
དེ་ཉིད་མ་རྟོགས་པར། །ཐམས་ཅད་གཅིག་པར་རྟོགས་པ་མེད། །དོན་དམ་རྟོགས་པ་ཤིན་ཏུ་དཀའ། །བྱིས་པ་རྒྱན་པོ་རྩེ་བ་འདྲ། །ཐ་ཀ་ན་ནི་སྨྲ་བར་བྱེད། །དོ་ཧ་མཛོད་ཀྱི་དེ་ཉིད་ཀྱི་གླུ་ཞེས་བྱ་བ་སློབ་དཔོན་ཀ་ན་རི་ནས་བརྒྱུད་པ་ཐ་ཀ་ནས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཙཱརྱ་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། སྤྱོད་པའི་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྡོང་རོས་ཀྱིས་ནི་ཐིག་ལེ་བྱས། །ཀ་ཙ་རི་ནི་བསྟན་པར་བྱ། །ཀྱེ་མ་རྩེ་མོས་བདུད་བཞི་བཅོམ། །གཟི་བརྗིད་ལྡན་པའི་རྣལ་འབྱོར་པ། །
སྨྲ་བར་བྱེད་པའི་ཁྱབ་འཇུག་གམ། །དྲག་པོ་ཚངས་པ་བསྲུང་མི་ནུས། །ཀྱེ་མ་གལ་ཏེ་སྨྲ་བ་ན། །འཆི་བདག་གིས་ནི་ཟ་བར་འགྱུར། །མ་རུངས་མཁའ་འགྲོའི་ཚོགས་ཀྱིས་བསྲུངས། །ཀྱེ་མ་རྨོངས་པའི་མཁའ་འགྲོ་མ། །གླགས་ཚོལ་བསམ་པས་ཅི་ཞིག་བྱ། །ཀྱེ་ཧོ་བྱོལ་སོང་

མཁའ་འགྲོ་མ། །གླགས་ཚོལ་བསམ་པས་ཅི་ཞིག་བྱ། །ཀྱེ་ཧོ་འབར་བའི་མེར་མ་དུག །གཟི་བརྗིད་ལྡན་པའི་རྣལ་འབྱོར་ལ། །སྨྲ་བར་བྱེད་པ་ཁྱབ་འཇུག་གམ། །དྲག་པོ་ཚངས་པ་བསྲུང་མི་ནུས། །ཇི་ལྟར་སྤུ་གྲི་རལ་གྲིའི་སོ། །དེ་བཞིན་ལ་བ་པ་ཡི་ཞབས། །དམ་ཚིག་སྤྱོད་པ་
ངོ་མཚར་ཆེ། །གཟི་བརྗིད་ལྡན་པའི་རྣལ་འབྱོར་ལ། །སྨྲ་བར་བྱེད་པ་ཁྱབ་འཇུག་གམ། །དྲག་པོ་ཚངས་པ་བསྲུང་མི་ནུས། །སྤྱོད་པའི་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ་སློབ་དཔོན་ཀཾ་ཀ་བ་ལ་ནས་བརྒྱུད་བ་སློབ་དཔོན་ཀདྐ་ནས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧ་ཛཱ་ཨཱ་ནནྡ་གཱི་ཏི་ཀ་དྲྀཥྚི་ནཱ་མ།
བོད་སྐད་དུ། ལྷན་ཅིག་སྐྱེས་དགའི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གཉིས་སྦྱོར་དུག་པོ་བྲང་ལ་བསྟབས། །བྷ་དྷེ་པ་ནི་གཉིད་དུ་ལོག །ཇི་ལྟར་ཀུན་ལ་མཁས་པ་ཡིས། །དུག་པོ་དེ་ནི་ཇི་ལྟར་ཁྱེར། །ཚེམ་བུ་ཐོབ་པར་གྱུར་པ་ན། །ཆགས་སྡང་གཏི་
མུག་གནས་སུ་དག །ཚེམ་བུ་འདི་ལ་དབྱེ་བའམ། །རིན་གྱི་གྲངས་ཀྱིས་ཆོད་པ་མེད། །ད་ནི་བདག་གི་ཚེམ་བུ་འདི། །ནམ་མཁའ་དང་ནི་མཉམ་པར་འགྱུར། །ཚེམ་བུ་ཐོབ་པར་འགྱུར་བ་ན། །ཆགས་སྡང་གཏི་མུག་གནས་སུ་དག །བྷ་དྷེ་ཚེམ་བུ་ཚོལ་དུ་ཕྱིན། །ཐམས་ཅད་དུ་
ནི་བཙལ་བས་ན། །བདག་ཉིད་ཀྱང་ནི་དམིགས་མེད་འགྱུར། །ཚེམ་བུ་ཐོབ་པར་འགྱུར་བ་ན། །ཆགས་སྡང་གཏི་མུག་གནས་སུ་དག །ལྷན་ཅིག་སྐྱེས་དགའི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་པ་སློབ་དཔོན་བྷ་དྷེས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སུ་
ག་ཏ་དྲྀཥྚ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། བདེ་གཤེགས་ཀྱི་ལྟ་བའི་གླུ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཐམས་ཅད་དུ་ནི་བདག་ཕྱག་འཚལ། །སྐྱེ་འགག་སྡུག་བསྔལ་སྒྲོལ་ཕྱིར་མཛད། །དྷ་མ་པ་ནི་སྨྲ་བར་བྱེད། །བདེ་གཤེགས་
སྤྱི་བོར་བཀུར་བ་ཡིས། །བདག་ཉིད་དོན་དམ་དེ་ཉིད་རྟོགས། །ཚངས་པའི་གནས་བཞི་ལྷ་ཁང་དུ། །འདི་རུ་བདག་ནི་རབ་ཏུ་འབྱུང་། །ཆོས་རྣམས་ཐམས་ཅད་ཁོང་དུ་ཆུད། །དྷ་མ་པ་ནི་སྨྲ་བར་བྱེད། །བདེ་གཤེགས་སྤྱི་བོར་བཀུར་བ་ཡིས། །བདག་གིས་དོན་དམ་དེ་ཉིད་རྟོགས། །རི་རབ་དང་

ནི་རྩྭ་ཡི་ཚོགས། །ཇི་ལྟར་སྲང་ལ་གཞལ་ལམ་ཅི། །དེ་བཞིན་ཕྱི་རོལ་ཐམས་ཅད་ཀྱིས། །ལྟ་བ་འདི་དང་མཉམ་མམ་ཅི། །དྷ་མ་པ་ནི་སྨྲ་བར་བྱེད། །བདེ་གཤེགས་སྤྱི་བོར་བཀུར་བ་ཡིས། །བདག་གིས་དོན་དམ་དེ་ཉིད་རྟོགས། །ནོར་བུ་རིན་ཆེན་བོར་ནས་ནི། །སུ་དག་
མཆིང་བུ་ལེན་པར་བྱེད། །སངས་རྒྱས་ཆོས་དང་དགེ་འདུན་ནི། །བརྟགས་ན་བདེན་གཉིས་ཡིན་པར་སྨྲ། །དྷ་མ་པ་ནི་སྨྲ་བར་བྱེད། །བདེ་གཤེགས་སྤྱི་བོར་བཀུར་བ་ཡིས། །བདག་གིས་དོན་དམ་དེ་ཉིད་རྟོགས། །བདེ་གཤེགས་ཀྱི་ལྟ་བའི་གླུ་ཞེས་བྱ་བ་སློབ་དཔོན་དྷ་མ་པས་མཛད་པ་རྫོགས་
སོ།། །༄༅༅། །རྒྱ་གར་སྐད་དུ། བཱ་ཡུ་ཏ་ཏྭཾ་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་ཀྱི་དོ་ཧའི་གླུ་ཞེས་བྱ་བ། གཉིས་མེད་བདེ་ཆེན་ལ་ཕྱག་འཚལ་ལོ། །བརྟན་གཡོ་རླུང་གི་གཞལ་ཡས་ཁང་། །སེམས་ཀྱི་རྡོ་རྗེ་གདན་དུ་བཞུགས། །སྟོང་པ་ཉིད་ནི་ཟབ་མོ་ལ། །
ཀྱེ་ཧོ་ལྷན་ཅིག་སྐྱེས་པ་ཡི། །དགའ་མོ་བདག་གི་དཔང་དུ་གསོལ། །སྲིད་པ་འདི་ནི་རབ་གཡོས་ན། །སླར་ཡང་ཇི་ལྟར་ཕྲད་པར་འགྱུར། །སྐྱེ་བོ་ལྷན་ཅིག་སྐྱེས་པ་ཡི། །མཛེས་མ་བདག་གི་དཔང་དུ་གསོལ། །ཁྱེད་ནི་བཞུགས་ན་བདག་གིས་ནི། །ཇི་ལྟར་བདག་གིས་གཞན་ལ་བཙལ། །
གྲུ་ནི་འབྱིང་བར་འགྱུར་བ་ལ། །ཡོངས་སུ་དྲང་བར་འདོད་པ་ལ། །ཀྱེ་ཧོ་ལྷན་ཅིག་སྐྱེས་པ་ཡི། །དགའ་མོ་བདག་གི་དཔང་དུ་གསོལ། །སྲིད་པ་འདི་ནི་རབ་གཡོས་ན། །སླར་ཡང་ཇི་ལྟར་ཕྲད་པར་འགྱུར། །ཁྱེད་ཀྱི་སླད་དུ་བདག་གིས་ནི། །རིགས་ལྔའི་གྲོང་ནི་བསང་བྱས་ཀྱང་། །ཁྱོད་
ཀྱི་ཞལ་ནི་བདག་གིས་ནི། །སྐད་ཅིག་གཅིག་ཀྱང་མ་མཐོང་ངོ་། །ཀྱེ་ཧོ་ལྷན་ཅིག་སྐྱེས་པ་ཡི། །དགའ་མོ་བདག་གི་དཔང་དུ་གསོལ། །སྲིད་པ་འདི་ནི་རབ་གཡོས་ན། །སླར་ཡང་ཇི་ལྟར་ཕྲད་པར་འགྱུར། །ཀྱེ་ཧོ་ལྷན་ཅིག་སྐྱེས་པ་ཡི། །མཛེས་མ་བདག་གི་དཔང་དུ་གསོལ། །ཁྱེད་
ཀྱི་སླད་དུ་བདག་གིས་ནི། །ཕྱག་རྒྱ་དགོས་ཏེ་ཅུང་ཙམ་ཡང་། །རིགས་ངན་བྲམ་ཟེའི་བསམ་པ་མེད། །ཀྱེ་ཧོ་ལྷན་ཅིག་སྐྱེས་པ་ཡི། །དགའ་མོ་བདག་གི་དཔང་དུ་གསོལ། །སྲིད་པ་འདི་ནི་རབ་གཡོས་ན། །སླར་ཡང་ཇི་ལྟར་ཕྲད་པར་འགྱུར། །རྒྱ་མཚོའི་ནང་དུ་གཟིངས་བཅས་པ། །

ཐོད་པ་ཅན་ན་ཀ་ཧྞ་ལས། །མ་ཧིས་གདམས་ངག་ཐོབ་པར་འགྱུར། །སྲིད་པའི་བཅིང་བ་ཡོངས་སུ་བཅད། །ཀྱེ་ཧོ་ལྷན་ཅིག་སྐྱེས་པ་ཡི། །མཛེས་མ་བདག་གི་དཔང་དུ་གསོལ། །རླུང་གི་དེ་ཉིད་ཀྱི་དོ་ཧའི་གླུ་ཞེས་བྱ་བ་སློབ་དཔོན་ནག་པོ་ནས་བརྒྱུད་པ་སློབ་དཔོན་མ་ཧི་པས་མཛད་
པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་སནྟི་ཏི་ལ་ཀ་དོ་ཧ་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། དཔྱིད་ཀྱི་ཐིག་ལེ་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སེ་བྷུ་སྐུ་གསུམ་ལ་སོགས་ཀྱི། །སོས་ཀའི་མེ་ཏོག་མཐོང་བ་ཡི། །གཞོན་ནུ་བདག་
ནི་མྱོས་པར་འགྱུར། །ཧེ་རུ་ཀ་ལ་ཆགས་པ་ཡིས། །སོས་ཀའི་དང་པོ་དང་པོ་འདིར། །ཁྱོད་ཀྱིས་བདག་ནི་བསྲུང་བར་མཛོད། །གདུང་བས་འགུམ་པར་མ་མཛད་ཅིག །མེ་ཏོག་ཨཾ་བྷ་ཀ་རུ་ཎ། །དྲི་བསུང་ལྡན་པས་དགྱེས་པར་འགྱུར། །ཤ་རིས་པས་ནི་བརྡུངས་པས་བརྡུངས། །མེ་མར་
ཁུར་ནས་ཙཎྜ་ལཱི། །རི་མོ་བདག་ལ་འབབ་བོ་ཞེས། །ཀ་ན་པ་ནི་གཤེགས་པར་རེ། །སོ་གའི་དང་པོ་དཔྱིད་དུས་ལ། །ཁྱོད་ཀྱིས་བདག་ནི་བསྲུང་བར་མཛོད། །གདུང་བས་འགུམ་པར་མ་མཛད་ཅིག །ཕྱོགས་བཅུར་བལྟས་ན་བདག་གིས་ནི། །ཁྱོད་ལས་གཞན་ནི་མཐོང་བ་མེད། །གདུང་
བའི་མོ་ཡིས་བདག་གིས་ནི། །བདག་གི་ལུས་ཀྱང་བསམ་པ་མེད། །རྣལ་འབྱོར་མ་བརྒྱད་ལས་བཞི་ནི། །བདག་ཅག་གསོལ་བ་བཏབ་པ་ཡིས། །བཅོམ་ལྡན་འདས་ནི་བཞེངས་པར་མཛོད། །དཔྱིད་ཀྱི་ཐིག་ལེ་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ་སློབ་དཔོན་ནག་པོ་ནས་བརྒྱུད་པ་སློབ་དཔོན་ས་ར་
ཧས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙ་ཏུར་གཱི་ཏི་ཀ་ནཱ་མ། བོད་སྐད་དུ། རྡོ་རྗེ་བཞིའི་གླུ་ཞེས་བྱ་བ། དཔལ་སངས་རྒྱས་ལ་ཕྱག་འཚལ་ལོ། །མི་མཐུན་སེམས་ནི་ཁྱོད་མ་བསྒོམ། །དེ་ཉིད་དེ་བཞིན་ཉིད་མ་འཛིན། །འབྲས་བུ་རེ་བ་སྒོམ་མ་བྱེད། །
མི་དམིགས་ཕྱག་རྒྱ་ཆེན་པོ་བསྒོམ། །གལ་ཏེ་མནོལ་ལ་གནས་མེད་ན། །དེ་ནི་དཔལ་གྱི་ཐེག་ཆེན་མིན། །འབྲས་བུ་རེ་བ་སྒོམ་མ་བྱེད། །མི་དམིགས་ཕྱག་རྒྱ་ཆེན་པོ་བསྒོམ། །ཕུང་པོ་ཁམས་ཏེ་ཕྱག་རྒྱ་ཆེ། །དམ་ཚིག་འཁོར་ལོ་དེ་རང་བཞིན། །འབྲས་བུ་རེ་བ་སྒོམ་མ་བྱེད། །མི་

དམིགས་ཕྱག་རྒྱ་ཆེན་པོ་བསྒོམ། །གཉིས་མེད་ཡོན་ཏན་རྒྱལ་འདི་ཡིན། །གཉིས་མེད་ཡོན་ཏན་རྣལ་འབྱོར་གསུང་། །འབྲས་བུ་རེ་བ་སྒོམ་མ་བྱེད། །མི་དམིགས་ཕྱག་རྒྱ་ཆེན་པོ་བསྒོམ། །ཤཱ་རིའི་ཡུལ་དུ་སྐུ་འཁྲུངས་པ། །ཨ་བ་དྷཱུ་ཏཱི་གཉིས་མེད་རྡོ་རྗེས་
མཛད་པ་ཨ་མ་ར་སིང་གི་གླུ་རྫོགས་སོ།། ༄༅༅། །གང་ཡང་མི་སྐྱེ་མི་འགག་དངོས་པོ་བཅིང་བ་མེད། །ཁམས་གསུམ་གྲོལ་མེད་འཁྲུལ་པ་རྣམས་ལ་སྣང་། །རྩ་བ་སེམས་ཉིད་སྣ་ཚོགས་འཁྲུལ་པའི་རང་བཞིན་ནི། །ཐོག་མེད་འཁྲུལ་པའི་རང་བཞིན་གཞིགས་ན་
རྙེད་མི་འགྱུར། །དངོས་རྣམས་གདོད་ནས་སྐྱེ་མེད་མཐོང་བ་གང་ཞིག་ཡིན། །སུ་ཞིག་སྐྱེ་བར་འགྱུར་དང་འགག་དང་བཅིང་བ་སེམས། །རྩ་བ་སེམས་ཉིད་སྣ་ཚོགས་འཁྲུལ་པའི་རང་བཞིན་ནི། །ཐོག་མེད་འཁྲུལ་པའི་རང་བཞིན་གཞིགས་ན་རྙེད་མི་འགྱུར། །སེམས་ནི་ནམ་མཁའ་དྲི་མེད་
དང་འདྲ་སློབ་དཔོན་གསུང་། །སྲིད་པ་གསུམ་པོ་དེ་འདྲའི་རང་བཞིན་ཡིན། །རྩ་བ་སེམས་ཉིད་སྣ་ཚོགས་འཁྲུལ་པའི་རང་བཞིན་ནི། །ཐོག་མེད་འཁྲུལ་པའི་རང་བཞིན་གཞིགས་ན་རྙེད་མི་འགྱུར། །རང་བཞིན་མི་རྟོག་རང་རིག་ཉམས་སུ་མྱོང་བས་འགྲུབ། །རང་བཞིན་འོད་གསལ་འཁྲུལ་པས་
ཅི་ཕྱིར་རྨོངས་པར་འགྱུར། །རྩ་བ་སེམས་ཉིད་སྣ་ཚོགས་འཁྲུལ་པའི་རང་བཞིན་ནི། །ཐོག་མེད་འཁྲུལ་པའི་རང་བཞིན་གཞིགས་ན་རྙེད་མི་འགྱུར། །བླ་མ་མཻ་ཏྲིའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཟབ་མོ་ཟབ་མོ་འཇིག་རྟེན་ཀུན་སྨྲ་ཡང་། །
མ་སྐྱེས་པ་ལ་དགའ་བ་འགའ་ཞིག་འདུག །ཀྱེ་སེམས་ཀྱི་ཟབ་མོ་ཤེས་པར་དཀའ་བས་ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །མི་གནས་སེམས་ནི་མི་དམིགས་པ་ལ་བཞག །རྣལ་འབྱོར་མེ་ཡིས་དངོས་པོ་ཐམས་ཅད་བསྲེག །ཀྱེ་སེམས་ཀྱི་ཟབ་མོ་ཤེས་པར་དཀའ་བས་
ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །རྣལ་འབྱོར་འདོད་པ་བླ་མས་བསྟན་དུ་མེད། །བླ་མའི་བྱིན་རླབས་གོང་ན་མེད་པ་ལེན། །ཀྱེ་སེམས་ཀྱི་ཟབ་མོ་ཤེས་པར་དཀའ་བས་ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །དཔལ་གྱི་བདེ་བ་ཆེན་པོ་ཚོལ་འདོད་ན། །

དབུས་མ་ཚོལ་འདོད་མིག་མེད་ཁྲོན་པར་ལྟུང་། །ཀྱེ་སེམས་ཀྱི་ཟབ་མོ་རྟོགས་པར་དཀའ་བས་ན། །ལྷན་ཅིག་སྐྱེས་པ་གཞིགས་ན་མེད་པ་ཡིན། །ས་ར་ཧ་པའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །སྟོང་པ་དང་ནི་སྙིང་རྗེའི་རང་བཞིན་འདྲེས། །
སྟོང་ཉིད་དབྱེར་མེད་རྒྱུན་མི་འཆད་པར་ཡོད། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་མཐོང་། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག །ནམ་མཁའ་ནམ་མཁར་སྦྱོར་བ་དེ་མ་མཐོང་། །འཁོར་བས་བཅིངས་པའི་ས་ལ་དེ་མི་གནས། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་
མཐོང་། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག །དེ་འདྲའི་རྣལ་འབྱོར་རྩ་བའི་ཁྱིམ་ལས་གཡོ། །སྙིང་རྗེའི་རོ་ཆེན་དྲི་མ་མེད་པ་ཡིན། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་མཐོང་། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག །ས་ར་ཧས་བརྗོད་གང་གཞན་
ཅི་ཕྱིར་བྱེད། །ཉིན་དང་མཚན་དུ་ནམ་མཁའ་འཇོ་ཕྱིར་འགྲོ། །བདག་གིས་སྟོང་པའི་རྣལ་འབྱོར་མ་དེ་མཐོང་། །ནམ་མཁའ་བཞོས་ཤིང་བཞོས་ཤིང་འཐུང་ཞིང་འདུག །ས་ར་ཧའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མདའ་
འཛིན་ཏེ། །ཆོས་རྣམས་མཚོན་པར་རབ་ཤེས་ནས། །ང་ཡིས་ལྷན་སྐྱེས་མདའ་འཕངས་རྒྱབ། །འབེན་མེད་གཅིག་ཀྱང་ཕོག་པ་མེད། །ལྷན་ཅིག་སྐྱེས་པའི་གཏམ་གསོན་ཅིག །ཐམས་ཅད་དངོས་བོར་སྦྱོར་བའི་མདའ། །ང་ཡིས་ལྷན་སྐྱེས་མདའ་འཕངས་རྒྱབ། །འབེན་མེད་
གཅིག་ཀྱང་ཕོག་པ་མེད། །དེ་རྣམས་ནས་ནི་ཚོར་བ་མེད། །དེ་ཡི་འདི་ཡིན་གཉིས་མེད་སོང་། །ང་ཡིས་ལྷན་སྐྱེས་མདའ་འཕངས་རྒྱབ། །འབེན་མེད་གཅིག་ཀྱང་ཕོག་པ་མེད། །གླ་སྟེར་འགྲོན་བུ་ཉི་ཤུ་མེད། །དེ་འདྲའི་ཁོལ་པོ་བི་རཱུ་བྱེད། །ང་ཡིས་ལྷན་སྐྱེས་མདའ་འཕངས་
རྒྱབ། །འབེན་མེད་གཅིག་ཀྱང་ཕོག་པ་མེད། །བི་རཱུ་བྱེད་པའི་རྡོ་རྗེའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །རྡུལ་ཚོན་དཀྱིལ་འཁོར་བུམ་པ་རྡོ་རྗེ་སོགས། །གྲོལ་བར་མི་ལྟ་ཕུང་པོ་འགྲངས་པའི་ཐབས། །ཀ་ན་པས་བརྗོད་དེ་འདྲ་སུ་ཞིག་བྱེད། །ཐམས་

ཅད་བརྫུན་པས་སླུ་བ་ཡིན་པར་འདོད། །ཀ་ན་པའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཀྱེ་བྲམ་ཟེ་རལ་ཅན་སྐྱེས་བུ་སང་གྷ་བ། །སངས་རྒྱས་ཡེ་ཤེས་དག་ལ་མོས་པར་གྱིས། །དེ་འདྲའི་སྐྱེས་བུའི་སེམས་ནི་དགའ་བ་
ཡིན། །བརྟན་གཡོ་ཐམས་ཅད་དྲི་མེད་རིན་པོ་ཆེ། །མི་གནས་རང་བཞིན་བུང་བ་ཁྱོད་ནི་བསྒོམ། །ཡང་དག་བླ་མའི་མན་ངག་ནན་ཏན་གྱིས། །དེ་འདྲའི་སྐྱེས་བུའི་སེམས་ནི་དགའ་བ་ཡིན། །བརྟན་གཡོ་ཐམས་ཅད་དྲི་མེད་རིན་པོ་ཆེ། །མི་གནས་རང་བཞིན་བུང་བ་མ་སྐྱེས་པ། །རྨི་ལམ་
བུད་མེད་དེ་བཞིན་མེད་པ་སྟེ། །དེ་འདྲའི་སྐྱེས་བུའི་སེམས་ནི་དགའ་བ་ཡིན། །བརྟན་གཡོ་ཐམས་ཅད་དྲི་མེད་རིན་པོ་ཆེ། །མི་གནས་རང་བཞིན་བུང་བ་དེ་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་དངོས་གྲུབ་འགྲུབ། །དེ་འདྲའི་སྐྱེས་བུའི་སེམས་ནི་དགའ་བ་ཡིན། །བརྟན་གཡོ་ཐམས་ཅད་
དྲི་མེད་རིན་པོ་ཆེ། །མི་གནས་པའི་དོན་ཐུགས་སུ་ཆུད་པ་བླ་མ་རྗེ་བཙུན་དྷིཥྚི་ཛྙཱ་ནའི་ཞལ་སྔ་ནས་རྡོ་རྗེའི་གླུ་ཞེས་བྱ་བ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཇི་ལྟར་བལྟས་པ་དེ་ལྟར་མཐོང་བ་མེད། །བརྫུན་པ་མེད་པའི་སླུ་བ་འབའ་ཞིག་སྟེ། །བསམ་མི་
ཁྱབ་ཅིང་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །ཇི་ལྟར་དེ་ལྟར་གློ་བུར་གང་ལ་བཞག །འདོད་པའི་མདུང་གིས་རང་ལ་ཅི་སྟེ་ཟུག །བསམ་མི་ཁྱབ་ཅིང་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །ལྷན་ཅིག་སེམས་ཏེ་
མཁའ་ལུས་བདེ་སྙིང་ལུས། །གཉིས་མེད་གཉིས་ཡིན་སྟོང་དང་སྙིང་རྗེའི་སེམས། །བསམ་གྱིས་མི་ཁྱབ་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །དེ་ནི་མི་སྐྱེ་མི་འགག་རྐྱེན་མེད་དེ། །རང་བཞིན་རྟོགས་ན་རྩ་བའི་སེམས་ཤེས་ཡིན། །བསམ་གྱིས་
མི་ཁྱབ་གྲུབ་སྨྲ་ཧེ་རུ་པ། །སྐྱོབ་པའི་སེམས་ཀྱིས་རང་བཞིན་གཟུགས་མི་ཤེས། །བླ་མ་དྷིཥྚི་ཛྙཱ་ནའི་ཞལ་སྔ་ནས་ཀྱི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཀྱེ་མ་ཁམས་གསུམ་སེམས་ཅན་རྣམས། །རྣམ་རྟོག་སྒྲོག་གིས་དམ་བཅིངས་ཏེ། །འཁོར་

བའི་མྱ་ངན་འདམ་བུ་རུ། །ཕྱོགས་བཅུ་ཀུན་དུ་རྣམ་པར་འཁྱམ། །ཨེ་མ་ཁམས་གསུམ་བདེ་བར་གཤེགས། །གདོད་མ་ཉིད་ནས་གྲོལ་བ་ཆེ། །རྣམ་དག་ཞིང་ནི་བདེ་བ་ཅན། །སངས་རྒྱས་རོལ་མོ་རབ་ཏུ་སྟོན། །ཀྱེ་མ་རྣམ་རྟོག་སྡུག་བསྔལ་ལམ། །ཕྱིན་པའི་དུས་མེད་སྨོན་པ་
བཞིན། །བདེ་བྲལ་འདོད་པ་སྡུག་བསྔལ་ཉིད། །མཉམ་ཉིད་དོན་ལ་རབ་ཏུ་གོལ། །ཨེ་མའོ་ལམ་མེད་ལམ་གྱི་མཆོག །ལྷུན་རྫོགས་ནམ་མཁའི་བྱ་བཞིན་དུ། །རེ་དོགས་མེད་ལ་ཕྱག་རྒྱ་ཆེ། །སྐྱོན་ཡོན་དབང་གིས་བསླད་དུ་མེད། །ཀྱེ་མའོ་བསྐལ་པ་གྲངས་མེད་གསུམ། །དེ་
ཉིད་བཙལ་བས་མི་རྙེད་དེ། །རྨོངས་པ་ནམ་མཁའི་མཐའ་ཚོལ་བཞིན། །སངས་རྒྱས་ཞེས་བྱ་རྙེད་མི་སྲིད། །ཨེ་མའོ་སྐད་ཅིག་གཅིག་ཉིད་ལ། །མ་བྲལ་འབྲས་བུ་རང་ལ་རྙེད། །རང་རིག་ཡེ་ཤེས་སྟོབས་པོ་ཆེ། །འཇིག་རྟེན་དབང་སྒྱུར་ཀུན་གྱི་རྗེ། །རྫོགས་སོ།། །།
༄༅། །མཁའ་ལ་བ་འཇོ་འཇོ་བྱེད་བླ་མ་སྟེ། །འཐུང་བའི་བེའུ་ནི་རང་གི་སེམས་ཉིད་ཡིན། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །བ་འཇོ་སྣོད་གསོལ་ག་རེ་མཱ་མ་ཀཱི །བ་འཇོ་སྣོད་ནི་དྲི་མེད་ལྷན་ཅིག་སྐྱེས། །མཁའ་ལ་
རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །མཁའ་ལ་བཞོས་ཤིང་བཞོས་ཤིང་སྣོད་བཀང་བཞག །བཟུང་བར་མི་ནུས་འདི་ལྟར་གླང་པོ་ལྔ། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །མཁའ་
ལ་བ་འཇོ་འཇོ་བྱེད་འདིར་མ་མཐོང་། །ཇི་ལྟར་ནང་དུ་ཆུས་གང་ཀ་ལི་པ། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །གཎྜ་རིའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །མེ་ཏོག་གཅིག་རྒྱས་ཁ་དོག་
སྣ་ཚོགས་པ། །སྟོང་པའི་ལྗོན་ཤིང་དག་ལས་ཤིན་ཏུ་རྒྱས། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག །དེ་ཤིང་རྩ་བ་ཡལ་ག་ལོ་མ་མེད། །ལྟོས་དང་ཟླ་ཉལ་འགྲོ་ནི་བཟང་པོའི་དུས། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་

ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག །གེ་སར་གཅོད་མཁས་སྒྱུ་མའི་མཁན་པོ་ཡིན། །ཆོས་དབྱིངས་རྡོ་རྗེ་དབང་ཕྱུག་མཆོད་པ་འབུལ། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག །མཆོག་དགའ་དང་ནི་
དགའ་བྲལ་གཞིག་ནས་ལོངས། །ཡང་དག་བླ་མའི་ཞབས་བཏུད་ནན་ཏན་གྱིས། །བཙན་པོ་དཔེ་མེད་མེ་ཏོག་རབ་རྒྱས་པ། །རིན་ཐང་མེད་པའི་མེ་ཏོག་འདི་སྣོམས་ཤིག །མ་ཏི་ཙི་ཏྲིའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །འདས་
དང་མ་འོངས་ད་ལྟར་གྱི། །དགེ་དང་མི་དགེའི་ལས་རྣམས་ལ། །དགའ་དང་མི་དགའ་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་བཞིན། །ཆོས་ཉིད་ཟབ་མོ་རྣལ་འབྱོར་ཡུལ། །སྒོམ་དང་མི་སྒོམ་བྱང་ཆུབ་སེམས། །ལྡན་དང་མི་ལྡན་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་
བཞིན། །སངས་རྒྱས་དང་ནི་སེམས་ཅན་གྱི། །སྤྱོད་པའི་ལམ་ནི་འདི་ཡིན་ཞེས། །མཐུན་དང་མི་མཐུན་ཁྱོད་མ་བྱེད། །རང་དགའ་ཡེ་ཤེས་སེང་གེ་བཞིན། །བདེ་དང་སྡུག་བསྔལ་འབྲས་བུའི་ཆོས། །འཁོར་དང་མྱ་ངན་འདས་པ་ལ། །རེ་དང་དོགས་པ་ཁྱོད་མ་བྱེད། །རང་དགའ་
ཡེ་ཤེས་སེང་གེ་བཞིན། །རྫོགས་སོ།། ༄༅། །བདག་ནི་འདུག་སྟེ་ཤི་དང་མ་ཤི་མེད། །བདག་གི་ཡིད་ལ་དོན་གཅིག་འཇུག་པ་མེད། །ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་བ་མེད་དེ་བ་ད་སྨྲ། །གྲུ་གཉིས་སྣ་ལ་རྐང་པ་རབ་བཞག་ནས། །ལུས་འགྱལ་
གྱུར་ཏེ་སེམས་ལ་སྡུག་བསྔལ་སྐྱེ། །ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་བ་མེད་དེ་བ་ད་སྨྲ། །མི་གང་རྩ་བ་ཁྲོན་པས་བསྐོར་གྱུར་ཀྱང་། །ཤིང་གཅིག་ལ་ནི་འབྲས་བུ་གཉིས་མི་འབྱུང་། །ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་བ་མེད་དེ་བ་ད་སྨྲ། །
མིག་སྨན་རི་ལུ་བཅུད་ལེན་རྐང་དངོས་གྲུབ། །དེ་རྣམས་ལ་ནི་བདག་ཅི་ལེ་ལོར་གྱུར། །ཀ་ནའི་རལ་གྲིས་ཞགས་པ་རབ་བཅད་པས། །ད་ལྟ་རེ་བ་མེད་དེ་བ་ད་སྨྲ། །རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཀྱེ་ཡུལ་རྣམས་ཐམས་ཅད་ལྟ་འདོད་ན། །རི་

པོ་ཆེན་པོའི་ཁ་ནས་ལྟོས། །ཆོས་རྣམས་ཐམས་ཅད་སྐྱེ་འགག་མེད། །རང་སེམས་རིག་ན་རི་རབ་རྩེ། །ཆུ་རྣམས་ཐམས་ཅད་འཐུང་འདོད་ན། །རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུང་། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུ། །མཐའ་དབུས་མེད་པའི་རྒྱ་མཚོ་ཆེ། །བརྟན་གཡོ་ཐམས་ཅད་བསྲེག་
འདོད་ན། །འཇིག་པའི་དུས་ཀྱི་མེ་ཆེན་སྤོར། །རྣམ་རྟོག་བརྟན་གཡོ་ཐམས་ཅད་དེ། །ལྷུན་གྲུབ་ཡེ་ཤེས་སེམས་ཀྱི་མེ། །འཇིགས་མེད་བདེ་བའི་གནས་འདོད་ན། །དགོན་པ་ཆེན་པོའི་གནས་སུ་འདུག །འཁོར་བ་རྣམ་དག་བདེ་བའི་གནས། །བྱང་ཆུབ་སེམས་ནི་དགོན་པ་ཆེ། །
ཨཱ་ཙཱརྱ་དཔའ་བོ་རྣམ་པར་སྣང་མཛད་ཀྱི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །རང་བཞིན་བདག་མེད་མ་དེ་ནི། །བདག་གི་གོ་རིམས་བྱེད་པ་ཡིན། །ཆགས་པ་མེད་པ་དེ་ཡིས་ནི། །ཉོན་མོངས་ཞི་བར་བྱེད་པ་ཡིན། །སྐྱེ་དང་འཆི་བ་སྲིད་པ་ཡིན། །འཁྲུལ་
པ་རྣམས་ནི་སྤོང་བ་ཡིན། །བདེ་བ་ཆེན་པོ་སྟེར་བྱེད་པའི། །ལེན་གྱི་འཁྲུལ་པ་མ་ཡིན་ནོ། །དེས་ན་ཁ་དོག་དབྱིབས་མེད་དེ། །ཚད་ཀྱང་ཡོད་པ་མ་མཐོང་ངོ་། །འདོད་པ་མེད་པ་དེ་ཡིས་ནི། །ང་རྒྱལ་སྐྱེ་བ་མི་འདོད་དོ། །གང་ཚེ་བདག་མེད་མ་དེ་ནི། །བདག་གི་སྙིང་ལ་ཞུགས་པ་ན། །
བདག་དང་གཞན་རྣམས་མ་ལུས་པའི། །དབྱེ་བ་ཡོད་པར་མ་མཐོང་ངོ་། །འགྲོ་བ་མེད་ཅིང་འོང་བ་མེད། །གར་ཡང་གནས་པ་མ་ཡིན་ཏེ། །ནམ་མཁའ་ཡི་ནི་ངོ་བོ་ལྟར། །ཡོངས་སུ་གསལ་བར་སྣང་བ་ཡིན། །ཐུབ་པ་ཆེན་པོའི་རྣལ་འབྱོར་པ། །མ་ལུས་པ་དང་རལ་པ་ནི། །དེ་
ནི་མེ་ལི་བདག་མེད་མར། །དེ་ལྟར་བདག་མེད་སྨྲ་བ་ཡིན། །ནཱ་རོ་པཎྜི་ཏའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །སེམས་ཅན་ཉོན་མོངས་གདུང་བས་ས་སྟེངས་བསྐོར་བའི་ལྷ། །དེ་ལྟ་ན་ཡང་བདེ་ཆེན་ཆུང་མའི་ལུས་མི་འདོར། །ཀྱེ་ཀྱེ་དཔེ་
མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ་གཙོ་བོའི་འཇིག་རྟེན་ལྷ། །ཤིན་ཏུ་ངོ་མཚར་བདུད་ཀྱི་ཆུང་མ་དེ་མི་ལེན། །གཞན་ལས་ཁྱད་འཕགས་གཟུགས་མཆོག་མངའ་བའི་ལྷ། །ཀྱེ་ཀྱེ་དཔེ་མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་

མི་འབྲལ་གཙོ་བོ་འཇིག་རྟེན་ལྷ། །འགྲོ་བ་བརྒྱ་ཕྲག་མང་པོ་ནད་ཀྱིས་ཐེབས་ལ་བསྐོར། །དེ་དག་བདེ་སྟེར་ལྷ་ནི་ཁམས་གསུམ་མེ་ལོང་ཡིན། །ཀྱེ་ཀྱེ་དཔེ་མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ་གཙོ་བོའི་འཇིག་རྟེན་ལྷ། །མཉམ་
མེད་མཉམ་པའི་བདེ་གསོལ་མ་ཏི་དོ་ཧ་ན། །རྒྱལ་བའི་ཡོན་ཏན་མང་ལྡན་ཀཱརྵ་པ་ཎའི་ལྷ། །ཀྱེ་ཀྱེ་དཔེ་མེད་ཆུང་མ་ལ་ནི་རབ་ཏུ་ཆགས། །བསྐལ་པ་དཔག་མེད་མི་འབྲལ་གཙོ་བོའི་འཇིག་རྟེན་ལྷ། །ལཱུ་ཡི་པའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་
འཚལ་ལོ། །སྒྱུ་མའི་ནགས་ཚལ་མང་པོ་དེ་དང་དེར། །རི་དགས་གསད་ཕྱིར་བློན་པོ་ཌོམྦི་འགྲོ། །ལོག་འགྲོ་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །མདའ་ལྔ་ཡོད་དེ་ལྔ་ཀ་ཤར་གྱིས་བཏོན། །ཌོམྦི་གཞུ་བཀང་གཟུང་ནས་རྣམ་པར་
འདུག །ལོག་ལྟའི་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །གཞུ་མེད་རྒྱུད་མེད་སྨྱུག་མེད་མདེའུ་མེད། །ཌོམྦི་ཐེ་ཚོམ་མེད་དེ་ངེས་པར་བསད། །ལོག་ལྟའི་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་
ཞུགས། །རྒྱལ་བ་རིགས་ལྔ་དབུ་རྒྱན་བྱས་ནས་སུ། །རི་དགས་བསད་པ་སླར་ལ་སོས་པར་བྱ། །ལོག་ལྟའི་རི་དགས་གར་འགྲོ་ང་ཡིས་མཐོང་། །ཌོམྦི་མདའ་རྣོན་བཀང་ནས་ནང་དུ་ཞུགས། །ཌོམྦིའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །
ངན་པ་ངན་པ་འཇིག་རྟེན་ཀུན་སྨྲ་ཡང་། །གཅེས་པའི་ཡོན་ཏན་དྲི་མེད་ཟབ་མོ་ཡོད། །ཨུཏྤལ་ཆུ་ནང་བཏུས་ན་ཆུས་མི་རེག །དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། །ཚོང་དུས་དང་ནི་གྲོང་དང་ཆུ་འགྲམ་ནི། །གང་དུ་ཕྱིན་ནས་ལུས་འགྱེལ་དེ་མི་ཤེས། །ཨུཏྤལ་ཆུ་ནང་བཏུས་ན་ཆུས་
མི་རེག །དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། །འཇིག་རྟེན་ངན་པར་སྨྲ་བ་དེ་བརྫུན་ཡིན། །ཁྲོས་པས་གངྒཱ་བབ་པ་རྒྱུན་ལས་བཟློག །ཨུཏྤལ་ཆུ་ནང་བཏུས་ན་ཆུས་མི་རེག །དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། །ཉི་མ་གཏའ་མར་བཅུག་ནས་ཆང་ནི་འཐུངས། །ཨནྡ་འཇིགས་

བྱས་བྷེ་མེའི་ས་ར་བཤིག །ཨུཏྤལ་ཆུ་ནང་བཏུས་ན་ཆུས་མི་རེག །དེ་འདྲའི་མང་པོའི་སྒྱུ་མཁན་བི་རཱུ་པ། །བི་རཱུ་པའི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །ལྟོས་དང་སྐྱེ་བ་གནས་པ་མེད་པ་ན། །དེ་ཚེ་ལྷན་ཅིག་སྐྱེས་དང་ཁྱད་པར་མེད། །དེ་
ཉིད་མི་མཐུན་པ་དེ་རྣམ་པར་སྨྲོས། །འདི་ལྟར་ཁམས་གསུམ་བདེ་བར་གཤེགས་པ་ལྔ། །དེ་ཡི་ཚེ་ན་གང་གིས་བཅིངས་པར་སེམས། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །ཇི་ལྟར་མི་མཐུན་པ་དེ་རྣམ་པར་སྨྲོས། །འདི་ཀུན་རྩ་བའི་རང་བཞིན་མ་རྙེད་སྟོར། །དེའི་ཚེ་ནམ་
མཁའི་རང་བཞིན་མི་འཆིའམ། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །དེ་ཉིད་མི་མཐུན་པ་དེ་རྣམ་པར་སྨྲོས། །རྨོངས་པར་མ་བྱེད་གཉིས་མེད་མདུད་པ་ཡིས། །ཅིས་ཏེ་སྟོང་པའི་ཁུ་ཚུར་བརྫུན་གྱིས་བཅིངས། །དེ་ཉིད་རང་བཞིན་ཤིན་ཏུ་གོ་གྱུར་ནས། །ཇི་ལྟར་མི་མཐུན་པ་དེ་རྣམ་པར་
སྨྲོས། །ལྭ་བ་པའི་གླུ་རྫོགས་སོ།། ༄༅། །ཇི་ལྟར་ཏིལ་ལ་ཏིལ་མར་ཁྱབ་པ་བཞིན། །དེ་བཞིན་ཁམས་གསུམ་འཇམ་དཔལ་སྐུ་ཡིས་གང་། །དེ་ཤེས་ལྷུན་གྲུབ་རྣལ་འབྱོར་བསྒོམ་པ་ཡིས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང་། །བདེ་གཤེགས་ཀུན་གྱི་བཙུན་མོ་
མིང་མེད་མ། །སྣ་ཚོགས་གཟུགས་ཅན་སྙིང་རྗེ་ཅན་དེ་དང་། །ལྷན་ཅིག་འགྲོགས་ན་སྡུག་བསྔལ་ཐམས་ཅད་སེལ། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང་། །ནམ་མཁའ་ནམ་མཁའི་མཚན་ཉིད་ཅི་འདྲ་བར། །སེམས་ཀྱི་ཆོས་ཉིད་དེ་འདྲ་བླ་མ་གསུང་། །བླ་མེད་དོན་དེ་མི་ཤེས་
བསྒོམ་མི་ནུས། །བདེ་བ་ཆེན་པོ་ཆོས་ཀྱི་གླུ་འདི་ལོང་། །ཉི་མ་མེ་ཤེལ་རས་བལ་འདུས་ཇི་བཞིན། །ལུང་དང་མན་ངག་དེ་བཞིན་བསྟེན་པ་ལས། །རང་རིག་ཡེ་ཤེས་མེ་ནི་འབར་བར་འགྱུར། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང་། །གླེགས་བམ་ཆོས་དང་གཞན་ལག་གནས་པའི་
ནོར། །ཆོས་ནོར་མིན་ཏེ་དགོས་པའི་དུས་ན་མེད། །འཕགས་པའི་ནོར་ཆེན་རང་གི་སེམས་ལ་ཆོངས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང་། །བདེ་དང་སྡུག་བསྔལ་གནས་སྐབས་ཐམས་ཅད་དུ། །ཡིད་བཞིན་ནོར་འདྲའི་དེ་ཉིད་བྱང་ཆུབ་སེམས། །འཇམ་དཔལ་ཀུན་འདུལ་ཉིན་

མཚན་ནན་ཏན་བྱོས། །བདེ་ཆེན་དམ་པ་ཆོས་ཀྱི་གླུ་འདི་ལོང་། །མ་ཧཱ་སུ་ཁ་ཏའི་གླུ་རྫོགས་སོ།། ༄༅། །དཔལ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཤིན་ཏུ་ངོ་མཚར་བདག་གིས་གཏམ། །གླང་ཆེན་བཙོངས་ནས་གཉིད་ལོག་ལྟར། །གང་
ཞིག་ནོར་ཡོད་མེལ་ཚེ་བྱེད། །ཀུན་ཁྱབ་དཔའ་བོ་པྲ་ས་ར། །ཆོས་དང་ཆོས་མིན་གཏམ་མི་འདྲི། །རང་བྱུང་རང་བཞིན་གཡོ་བ་མེད། །གླང་ཆེན་བཙོངས་ནས་གཉིད་ལོག་ལྟར། །གང་ཞིག་ནོར་ཡོད་མེལ་ཚེ་བྱེད། །ཀུན་ཁྱབ་དཔའ་བོ་པྲ་ས་ར། །རྣལ་འབྱོར་མཻ་ཏྲིའི་དབྱེ་ཤེས་
པས། །ཐོག་མེད་དུས་བསགས་སྐྱོན་ཀུན་བྲལ། །གང་ཞིག་ནོར་ཡོད་མེལ་ཚེ་བྱེད། །ཀུན་ཁྱབ་དཔའ་བོ་པྲ་ས་ར། །རྣལ་འབྱོར་པྲ་ས་རའི་གླུ་རྫོགས་སོ།། ༄༅། །སྟོང་པ་ལ་གནས་སྙིང་རྗེའི་བདག་ཉིད་ཅན། །ཞིང་ན་བཞུགས་པའི་ཐབས་དང་ཤེས་རབ་ཚོགས། །
གཟུགས་བརྙན་ལྟ་བུར་ཤེས་པར་བྱ། །སྙིང་རྗེའི་རོ་ཡིས་ཐ་དད་རྩོད་པ་སྤངས། །དེར་ནི་ཀུན་རྫོབ་ཡུལ་གྱི་ཤ་རྣམས་བཟའ། །ཤིན་ཏུ་རྣམ་དག་སྟོང་པའི་ཆང་ནི་བཏུང་། །སྐྱེ་འགྲོ་སྐལ་ལྡན་རྣམས་ལ་དོན་འདི་བསྟན། །སྐལ་མེད་རྣམས་ལ་ཤིན་ཏུ་གསང་བར་བྱ། །རྣམ་ཐར་བྱུག་པས་
ཕྱི་ནང་བརླན་བྱས་ལ། །ཡུལ་གྱི་ལོངས་སྤྱོད་ལ་ནི་ཅི་བདེར་སྤྱད། །ཕན་ཚུན་འགྲོ་དང་འོང་བའི་ཆོས་རྣམས་ལ། །དག་དང་མ་དག་ཡིད་ལ་མི་བྱའོ། །བྱང་ཆུབ་སེམས་ཀྱི་ཕྲེང་བས་རྣམ་བརྒྱན་ལ། །གསང་བའི་དཀྱིལ་འཁོར་ནང་དུ་འཇུག་བྱ་སྟེ། །ཐབས་དང་ཤེས་རབ་སྦྱོར་བ་རྒྱུན་མི་
འཆད། །ལྷན་ཅིག་སྐྱེས་པའི་གཡུང་མོ་མི་སྤང་ངོ་། །ཀླུ་སྒྲུབ་ཀྱི་གླུ་རྫོགས་སོ།། ༄༅། །སངས་རྒྱས་ལ་ཕྱག་འཚལ་ལོ། །རྣམ་རྟོག་འཇིག་པའི་ཆོམ་རྐུན་འཇིགས་ཤེས་ན། །ཚུལ་ཁྲིམས་ནོར་ཆེན་བསྲུང་ཕྱིར་མེལ་ཚེ་གྱིས། །ཀྱེ་སྙོམ་ལས་མ་བྱེད་སེམས་
ཀྱི་མེལ་ཚེ་གྱིས། །གཏི་མུག་གཉིད་ཀྱིས་འཁོར་བའི་མཚན་མོ་རིང་། །ཀྱེ་སྙོམ་ལས་མ་བྱེད་སེམས་ཀྱི་མེལ་ཚེ་གྱིས། །གཉིད་ལོག་ན་ནི་ཁྱིམ་ནང་ཆོམ་རྐུན་འགྲོ། །ཁྱོད་ཀྱི་ཚུལ་ཁྲིམས་ནོར་ཆེན་འཕྲོག་པར་འགྱུར། །ཚུལ་ཁྲིམས་ནོར་དེ་མེད་ན་ཏིང་འཛིན་མེད། །དེ་མེད་ན་ནི་

ཉི་མ་འཆར་བ་མེད། །དེ་ཉིད་ཉི་མ་བསྒོམ་པས་མེལ་ཚེ་གྱིས། །སྐད་ཅིག་གཅིག་ཀྱང་ནོར་ཆུང་གཞན་མ་བྱེད། །དེ་ཡི་དུས་ན་དེ་ཉིད་ཉི་མ་འཆར། །འདི་ལྟར་དེ་ཚེ་འཁོར་བའི་ནམ་ལངས་འགྱུར། ཀྱེ་སྙོམ་ལས་མ་བྱེད་སེམས་ཀྱི་མེལ་ཚེ་གྱིས། །དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ་
རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཥོ་ཌ་ཤ་བིནྡུ་བྷཱ་བ་ན་ནཱ་མ། བོད་སྐད་དུ། ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཞེས་བྱ་བ། ཡུམ་བདག་མེད་མ་ལ་ཕྱག་འཚལ་ལོ། །རང་ལུས་ཁོང་སྟོང་བསམ་བྱས་ནས། །མཚན་མེད་ཨ་བ་དྷཱུ་ཏཱི་ལ། །འཁོར་
ལོ་བཞི་ནི་བསམ་པར་བྱ། །ཡི་གེ་དྲུག་ཅུ་རྩ་བཞི་ནི། །སྤྲུལ་པའི་འཁོར་ལོར་བྱིན་གྱིས་བརླབས། །བདེ་གཤེགས་ལྔ་དང་ལྷ་མོ་རྣམས། །འདབ་བརྒྱད་པདྨར་དགོད་པར་བྱ། །ཁམས་དང་ཕུང་པོ་དག་པའི་ཕྱིར། །དབྱངས་ཅན་བཅུ་དྲུག་ལོངས་སྤྱོད་བསྒོམ། །དེ་རྣམས་
ཉིས་འགྱུར་སྤྱི་བོ་རུ། །བདག་ཉིད་བསྲུང་བའི་མན་ངག་གོ། །བཅུ་དྲུག་ཐིག་ལེ་རབ་ཏུ་འབར། །རྩ་བརྒྱད་ཐིག་ལེ་རྒྱུ་བ་ཡིན། །བཞི་པོ་ཞུ་སྟེ་རོལ་པ་གཉིས། །གཉིས་ཀྱི་ཕྱེད་ནི་བདག་མེད་མ། །བཅུ་དྲུག་ཕྱེད་ཕྱེད་གྲངས་ཡིན་ནོ། །ཀ་ནས་བརྩམས་ནས་མ་ཡི་བར། །རེག་
བྱེད་ཉི་ཤུ་རྩ་ལྔ་ཡིན། །ཡ་ནས་བརྩམས་ནས་ཧ་ཡི་བར། །མི་རེག་མིང་ཅན་བརྒྱད་ཡིན་ནོ། །བསྡུས་པ་ཨཱ་ཕྲེང་ཀཱ་ཕྲེང་གཉིས། །སྤྲུལ་པའི་འཁོར་ལོར་བསམ་པར་བྱ། །ཉི་མའི་འོད་ཀྱིས་དྲོས་ཙམ་ན། །ཁམས་གསུམ་སྲེག་ཅིང་ཞུ་བར་བསམ། །ཚེས་ཀྱི་རིམ་པའི་རྗེས་
འབྲངས་ནས། །རི་བོང་ཅན་གྱིས་རྒྱས་པར་འགྱུར། །མཁའ་འགྲོ་ལོངས་སྤྱོད་བདག་ཐིམ་ནས། །དགའ་བའི་བདག་ཉིད་སྐད་ཅིག་ལ། །དཔའ་རྒྱལ་སྙིང་རྗེ་ཆེན་པོ་སྐྱེ། །ཡང་དག་ཟུང་འཇུག་གྲུབ་པ་ཡིས། །སྒྲབ་པ་ཐམས་ཅད་དག་པར་འགྱུར། །སྐྱེ་འགག་མེད་པའི་རྣལ་
འབྱོར་ནི། །ཀཾ་ཀ་ལི་བདག་གྲུབ་པ་ཐོབ། །ཀྱེ་ཧོ་མ་ཡེངས་རྣལ་འབྱོར་པ། །རང་གི་སེམས་ལ་ཉམས་ལེན་གྱིས། །སློབ་དཔོན་ཀཾ་ཀ་ལི་པས་མཛད་པ་འཁོར་ལོ་བཞིའི་ཉམས་ལེན་གྱི་ཞལ་གདམས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཧྱ་ཨནྟར་

བོ་དྷི་ཙིཏྟ་བནྡྷ་ནཱ་མ། བོད་སྐད་དུ། ཕྱི་ནང་བྱང་ཆུབ་སེམས་བཅིང་བའི་མན་ངག་ཅེས་བྱ་བ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །ལྷན་ཅིག་སྐྱེས་ཏེ་མུན་པས་བསྒྲིབས། །ཀུན་དུ་སྐྱེ་བའི་ཉམས་ལེན་ནི། །བདག་
གིས་འདི་རུ་བཤད་པར་བྱ། །སྤྱི་བོའི་གཙུག་ནས་བོ་ལའི་བར། །སྣ་ཚོགས་རྩ་ནི་བསྒོམ་པར་བྱ། །དེ་ནས་བདེ་ཆེན་འཁོར་ལོ་རུ། །སྒོ་ངའི་ཁོག་པ་ལྟ་བུ་ཡི། །བྱང་ཆུབ་སེམས་ལ་སེམས་གཏད་ནས། །བོ་ལའི་རྩེ་ལ་རྒྱལ་ལོ་ཙམ། །གསལ་ལ་སྲན་རྡོག་ཙམ་དུ་བསྒོམ། །
བདེ་ཆེན་སྒོ་ངའི་རྩ་ལ་ནི། །བྱང་ཆུབ་སེམས་ནི་འཛག་པར་བྱ། །ལྟེ་བའི་བར་དུ་རྣལ་འབྱོར་ཀྱེ། །གཉིས་མེད་བདུད་རྩིས་བཀང་བྱས་ནས། །ཤེས་པ་བདེ་བའི་མཆོག་ཏུ་འགྱུར། །སྒོམ་པའི་སྤྱོད་ཡུལ་ཕར་མི་སྤྲོ། །སེམས་ནི་ཚུར་ལ་བཀུག་མི་བྱ། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །
སེམས་ནི་རང་གྲོལ་གནས་པ་སྟེ། །དངོས་པོའི་བྱ་བ་བྲལ་འགྱུར་བ། །རྣལ་འབྱོར་ཡིད་ཀྱི་ཞེན་པ་ཆོད། །མི་ནཱ་བདག་གིས་རྟོགས་པས་གྲོལ། །བྱང་ཆུབ་ཀྱི་སེམས་བཅིང་བའི་མན་ངག་ཅེས་བྱ་བ་སློབ་དཔོན་མི་ནཱ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
བཱ་ཡུ་ཏཏྟྭཾ་བྷཱ་བ་ནོ་པ་དེ་ཤ་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །གྷོ་ར་ཁ་ནི་བ་ལང་བསྲུང་། །བ་རྫི་བ་ལང་འཚོ་བར་བྱེད། །འཚོ་བར་བྱེད་ཅིང་གཉིས་མེད་འགྱུར། །ཉི་མ་དང་ནི་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས་
པར་འགྱུར། །གྷོ་ར་ཁ་ནི་སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ། །གལ་ཏེ་རྒྱབ་ཀྱི་སྒལ་ཚིགས་སུ། །དྲག་ཏུ་བཅིངས་པས་རྣལ་འབྱོར་པས། །སྐད་ཅིག་ཙམ་གྱིས་ཁམས་སུ་གྲུབ། །གཞོམ་དུ་མེད་ཅིང་ཀུན་ནས་དངས། །སྟོང་ཉིད་དངོས་པོ་རྣམ་པར་གསལ། །ཉི་མ་དང་
ནི་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས་པར་འགྱུར། །གྷོ་ར་ཁ་ནི་སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ། །ཤིང་བུ་གཏིང་དུ་ནུབ་པ་དང་། །ཕ་ཝང་གྱེན་དུ་འབྱུང་བར་འགྱུར། །དགའ་བས་བདག་ནི་བསྒྲུབས་སོ་ཞེས། །གྷོ་ར་ཁ་ནི་སྨྲ་བར་བྱེད། །ཉི་མ་དང་ནི་ཟླ་བ་གཉིས། །

རོ་གཅིག་པར་ནི་འདྲེས་པར་འགྱུར། །གྷོ་ར་ཁ་ནི་སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ། །ནོར་བུ་ཐམས་ཅད་རྡོ་རྗེས་འབིགས། །གྷོ་ར་ཁ་ཡི་རྣལ་འབྱོར་ནི། །བླ་མའི་དྲིན་གྱིས་གྲུབ་པ་ཡིན། །ཉི་མ་དང་ནི་ཟླ་བ་གཉིས། །རོ་གཅིག་པར་ནི་འདྲེས་པར་འགྱུར། །གྷོ་ར་ཁ་ནི་
སྒྲ་གཅན་གྱིས། །ཉི་མ་ཟོས་པ་ངོ་མཚར་ཆེ། །རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་གྷོ་ར་ཁས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཡུ་ཏཏྟྭཾ་བྷཱ་བ་ན་ནཱ་མ། བོད་སྐད་དུ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ། བླ་མ་
རྣམས་ལ་ཕྱག་འཚལ་ལོ། །དུར་ཁྲོད་མ་ནི་ལྷན་སྐྱེས་རྟོགས་པ་མེད། །ཕྲ་ཞིང་མི་དམིགས་རང་བཞིན་ཡིད་འོང་བ། །པདྨའི་དབུས་འགྱུར་སྣ་ཚོགས་རོལ་མཛད་དེ། །དུས་ཀྱི་སྟོབས་ཀྱིས་དཔའ་བོ་གཉིས་མེད་པ། །ནམ་མཁར་ཁྱབ་ཅིང་ཐིམ་པར་དམིགས་པ་མེད། །མཉམ་
པའི་བདེ་རྟོགས་སྐད་ཅིག་གཅིག་ལ་ནི། །ཁམས་གསུམ་གཡོ་ཞིང་བདེ་ལྟ་རྟོགས་པ་སྟེ། །བླ་མའི་བཀའ་ཡིས་གང་ཡང་ལྷན་སྐྱེས་སོ། །བླ་མས་མ་རྟོགས་ལྷན་སྐྱེས་གཞན་དུ་མིན། །ཡོན་ཏན་རྣམས་ལ་ང་རྒྱལ་མ་བྱེད་ཀྱེ། །ལྷན་ཅིག་སྐྱེས་པའི་གཉིད་ལོག་མྱོས་འགྱུར་བ། །
དམ་ཚིག་གླང་ཆེན་ལྟ་བུར་སྤྱོད། །དབང་པོ་སྒོ་དགུའི་སྔགས་ཀྱིས་ལམ་བཀག་པས། །བརྟན་པའི་བུམ་པས་དེ་ནི་མྱ་ངན་འདས། །པདྨའི་གེ་སར་རླུང་གི་འབྱུང་འཇུག་འདི། །བརྟན་པར་བཅིངས་ན་མགོན་པོ་འཆགས་པར་འགྱུར། །རླུང་ཉིད་ཐིམ་པས་མི་འགྱུར་ཁ་དོག་མེད། །
འབྲེལ་མེད་དྲན་སེམས་ཉིད་ནི་སྟོང་པ་ལ། །བསྒོམས་དང་བསྒོམ་རྒྱུ་སྒོམ་བྱེད་དེ་ལ་མེད། །གཡོ་བའི་སེམས་ཉིད་ཏིང་ངེ་འཛིན་གྱིས་ནི། །སེམས་ཀྱི་རྒྱལ་པོ་བརྟན་མེད་མཁའ་ལ་ལྡིང་། །མཉམ་པར་ནོན་ཅིག་ལུས་ཀྱི་འཁྲུལ་འཁོར་བྱ། །སེམས་ཉིད་བདེ་ཆེན་བཀྲམ་པས་མྱ་ངན་
འདས། །གཏི་མུག་ཞགས་པས་བཅིངས་ཤིང་གཞན་དག་སྤོངས། །སྐད་ཅིག་གཅིག་ལ་འཁོར་བའི་ཆགས་པ་བྲལ། །དེ་ཉིད་བཅིངས་པས་བྱ་བ་བྲལ་འགྱུར་བ། །འགྲོ་བ་དྲུག་ཏུ་ཡང་དག་སྐྱེ་མི་ལེན། །གང་ཞིག་རྩ་སྒོར་མ་ཡེངས་གནས་པ་དེས། །དྲག་པོའི་རྐུན་མས་དེ་ལ་

འཇིགས་པ་མེད། །གང་ཞིག་བརྫུན་རྐུ་བརྫུན་མི་མྱ་ངན་མེད། །སྔགས་ཉིད་རང་གི་ལུས་ལ་གནས་པ་སྟེ། །བདེ་བ་ཐམས་ཅད་རྣལ་འབྱོར་དྲན་པར་གྱིས། །བདེ་བ་རྟོགས་པས་རྣལ་འབྱོར་སྐྱེས་འགྱུར་བ། །ཁྱིམ་གྱི་བདག་མོ་རང་ལུས་རང་བཞིན་ཚིམ་གནས་ལ། །
རླུང་གི་སེམས་ཉིད་པདྨའི་ཆུ་དང་འདྲ། །འབྱུང་བ་རྣམས་ནི་དེ་ཡིས་མྱོང་འགྱུར་བས། །དེ་ཕྱིར་གཡོ་བའི་སེམས་ལ་རྣལ་འབྱོར་པའི། །སྒོ་དགུ་བཀག་ནས་ནན་ཏན་གྱིས། །རྣལ་འབྱོར་གྱིས་ནི་གཏི་མུག་བཅད་བྱས་ལ། །གནས་ཀྱི་ཡོན་ཏན་རྟོགས་པས་ཆགས་མེད་འགྱུར། །
སྤྲིན་ལྟར་ཆོ་འཕྲུལ་རང་བཞིན་ཀུན་བརྟགས་ཀྱི། །གཏི་མུག་གནས་ཀྱི་གཏི་མུག་བསྲེགས་བྱས་ནས། །ལྷན་ཅིག་སྐྱེས་པའི་གནས་ལ་རྣལ་འབྱོར་ཐིམ། །ཐམས་ཅད་ནུབ་པས་སྟེང་འོག་ལམ་འགགས་པས། །གནས་ཀྱི་ཉམས་ཀྱིས་འཁོར་བ་མྱ་ངན་འདས། །དེ་ནི་རྣལ་
འབྱོར་བླ་མའི་དྲིན་གྱིས་རྟོགས། །ཉིན་མཚན་བླ་མ་སྤྱི་བོར་བསྒོམ་བྱས་ནས། །ལྷན་ཅིག་སྐྱེས་པ་ཉིད་དུ་གནས་འགྱུར་བ། །ཡང་ནས་ཡང་དུ་ནམ་མཁའི་བདུད་རྩི་རྔུབ། །རྗེས་འབྲང་བཀུར་སྟི་དྲི་མེད་སྐུ་ཐོབ་པས། །ཀ་བ་གཅིག་ལ་གཞལ་ཡས་སྒོ་དགུ་སྟེ། །ལམ་གྱི་སྒྱུ་
ལུས་བདག་གིས་གཅིག་ཏུ་རྟོགས། །དེ་ཡིས་བདུད་བཞི་བར་གཅོད་སེལ་བར་འགྱུར། །དེ་ཕྱིར་དགེ་སྦྱིན་ཁྲིམས་སོགས་དགོས་མི་འགྱུར། །དགེ་སྦྱོང་ཆོས་སྨྲས་ལྷ་ཉིད་བསྒོམ་པ་སྟེ། །ཆོས་ཀྱི་རོ་ནི་སུས་ཀྱང་རྟོགས་པ་མེད། །སྐུ་གསུམ་བརྟན་པར་འདོད་ན་རྣལ་འབྱོར་ཀྱེ། །ཕྱི་
ནང་བྱང་ཆུབ་སེམས་ཀྱི་རླུང་ཉིད་བསྒོམ། །དུག་ལྔའི་ཡན་ལག་བཅད་པས་མྱུར་དུ་ནི། །བྱང་ཆུབ་སེམས་ཀྱི་ལམ་ལ་ལེགས་པར་འཇུག །རྣལ་འབྱོར་བརྟན་པ་ཐོབ་སྟེ་སྐྱེ་མི་འགྱུར། །རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཙོ་ར་གྷིས་མཛད་པ་རྫོགས་སོ།། །།
༄༅། །རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ནི་ནིཥྤན་ན་ཀྲ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་གཞུ་རུ་ཐོགས། །དངོས་པོ་ཐམས་ཅད་འབེན་དུ་བཙུགས། །གཉིས་སུ་མེད་པའི་མདའ་ཡིས་བརྒྱབ། །བསྒོམ་

དང་སྒོམ་རྒྱུ་དམིགས་པ་མེད། །བསྣུན་པས་སྐྱེ་བ་དམིགས་མི་འགྱུར། །བདག་གཞན་གཉིས་ཀྱི་མཐའ་ཡང་བཅད། །གཉིས་སུ་མེད་པའི་མདའ་ཡིས་བརྒྱབ། །བསྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད། །སྟོང་པའི་གཞུ་ནི་བཀང་བྱས་ནས། །ཤོར་མེད་མདའ་ནི་རྡེག་པར་བྱེད། །
བསད་དང་གསད་བྱ་གཉིས་ཀ་མེད། །གཉིས་སུ་མེད་པའི་མདའ་ཡིས་བརྒྱབ། །བསྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད། །ནམ་མཁའི་ཆོ་འཕྲུལ་ཆེན་པོ་ཡིས། །ཆོས་ཉིད་ཐམས་ཅད་བསྡུས་བྱས་ནས། །གཉིས་སུ་མེད་པའི་མདའ་ཡིས་བརྒྱབ། །བསྒོམ་དང་སྒོམ་རྒྱུ་
གཉིས་ཀ་མེད། །བི་རཱུས་འདི་ལྟར་འཁོར་བྱས་ནས། །གཅིག་ནས་ཉི་ཤུའི་བར་དུ་ནི། །དངོས་པོ་ཅིར་ཡང་ཞུགས་པ་མེད། །ཡི་གེ་སྟོང་པ་གསོས་སུ་བྱིན། །གཉིས་སུ་མེད་པའི་མདའ་ཡིས་བརྒྱབ། །བསྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད། །རྡོ་རྗེ་མཁའ་འགྲོའི་རྫོགས་
པའི་རིམ་པ་ཞེས་བྱ་བ་སློབ་དཔོན་བི་རཱུ་པ་ནས་བརྒྱུད་པ་སློབ་དཔོན་བྷི་ན་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙ་ཏུར་ཡོ་ག་བྷཱ་བ་ན་ནཱ་མ། བོད་སྐད་དུ། རྣལ་འབྱོར་བཞིའི་ཉམས་ལེན་གྱི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་
འཚལ་ལོ། །སེམས་དང་སེམས་ཉིད་རྒྱུ་མེད་དེ། །བསྒྲུབ་བྱ་སྒྲུབ་བྱེད་ཐིག་ལའི་ངོ་། །འབྲས་བུ་མ་གྲུབ་མྱ་ངན་འདས། །དཔལ་ལྡན་དཔའ་བོ་ཡི་གེ་མེད། །ལྟེ་བར་གསང་བའི་གེ་སར་ལ། །ཨཱ་ལི་ཀཱ་ལི་ལ་བརྟེན་ནས། །རྣལ་འབྱོར་བཞི་ཡི་ཉམས་ལེན་བཤད། །ལྟེ་
བ་ཡེ་ཤེས་འཁོར་ལོ་རུ། །རྩ་ནི་བརྒྱད་ཀྱི་ཐིག་བཏབ་ནས། །ཨཱ་ཕྲེང་ཀཱ་ཕྲེང་མཉམ་བསམས་ནས། །མཁའ་འགྲོ་བརྒྱད་ཀྱི་མེ་ལྕེ་སྦར། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ནམ་མཁའི་དབྱིངས་ཀྱི་འོད་ལས་ནི། །གཉིས་མེད་ཟུང་འཇུག་འཛག་བྱས་པས། །དཔའ་བོ་རྣམས་
ཀྱི་ལམ་ནས་རྒྱུ། །དེ་འགག་རྣལ་འབྱོར་མཚན་མ་མེད། །བརྟན་པའི་རྣལ་འབྱོར་གྲུབ་འགྱུར་བ། །སངས་རྒྱས་རྣམས་ཀྱི་ས་ལམ་ཐོབ། །ཨཱ་ལི་ཀཱ་ལིའི་རྣལ་འབྱོར་རོ། །ཨ་ཧོ་བཟླས་པའི་རྣལ་འབྱོར་པ། །དངོས་དང་དངོས་མེད་བྲལ་འགྱུར་བས། །ཕྱི་ནང་དུག་གི་རྣམ་

པ་སེལ། །རྣལ་འབྱོར་འདི་ནི་བརྟན་གྲུབ་ན། །ཟླ་བ་དྲུག་ནས་འགྲུབ་འགྱུར་བའི། །རྡོ་རྗེ་སེམས་དཔའ་དང་མཉམ་མོ། །དེ་ནི་རིག་པའི་རྣལ་འབྱོར་རོ། །སེམས་ཉིད་གནས་སུ་པདྨ་ནི། །མཉམ་པ་ཉིད་ནི་དམར་པོར་བསམ། །པད་འདབ་བཞི་ལ་ཐིག་ལེ་ནི། །
དབུས་སུ་རྒྱུ་མེད་ཐིག་ལེ་ཡིན། །དེ་དག་རྣམས་ཀྱི་ཁ་དོག་ནི། །ཤར་དུ་དམར་དང་བྱང་དུ་སེར། །ནུབ་ཏུ་དཀར་དང་ལྷོ་རུ་གནག །སྣ་ཚོགས་འོད་གསལ་དབུས་སུ་འཕྲོ། །སྔར་བཤད་སྔགས་དང་བཅས་པ་ནི། །སྒོམ་ན་རྣལ་འབྱོར་དབང་ཕྱུག་དེ། །སྐད་ཅིག་གཅིག་ལ་རྫོགས་
སངས་རྒྱས། །དེ་ནི་མཉམ་ཉིད་རྣལ་འབྱོར་རོ། །མི་བསྐྱོད་ཆུ་དང་རྣམ་སྣང་དང་། །ཕྱི་ནང་བདུད་རྩི་ལྔ་ཡིས་ནི། །སྔགས་པའི་ཐབས་ཀྱི་རྣལ་འབྱོར་ཀྱི། །ཏན་ཏི་བདག་གིས་གྲུབ་པ་ཐོབ། །རྣལ་འབྱོར་བཞིའི་ཉམས་ལེན་ཅེས་བྱ་བ་སློབ་དཔོན་ཏན་ཏི་པས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། པྲཛྙོ་པཱ་ཡ་བི་ནིཤྩ་ཡ་ས་མུད་ཡཾ་ནཱ་མ། བོད་སྐད་དུ། ཐབས་དང་ཤེས་རབ་གཏན་ལ་ཕབ་པའི་བསྡུས་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་སྤྲིན་ལྟར་རྟོག་པ་སེལ་ཅིང་རང་བཞིན་དྲི་མ་མེད། །ནང་པ་རྣམས་ཀྱི་མཉམ་དང་མི་
མཉམ་གཉིས་མེད་ཆོས་སྐུ་དེ། །གཟུགས་ལྡན་སྣ་ཚོགས་ལོངས་སྐུའི་རང་བཞིན་རྣམས་ཀྱི་རྒྱུར་གྱུར་པ། །ཐབས་དང་ཤེས་རབ་གཉིས་མེད་སྤྲུལ་སྐུ་དེ་ལ་ཕྱག་འཚལ་ནས། །ལྷམ་མཁན་རིག་འཛིན་བདག་གཞན་དོན་དུ་རྣམ་པར་བསྡུ་བྱས་ནས། །མ་རྟོགས་སེམས་ཅན་རྣམས་
ལ་ཕན་ཕྱིར་མ་ལུས་དེ་ཉིད་ནི། །བདག་གིས་བཤད་བྱ་བློ་ལྡན་རྣམས་ཀྱིས་གུས་པས་མཉན་པར་གྱིས། །དངོས་པོའི་རྟོག་པ་ལ་བརྟེན་ནས། །དངོས་མེད་བདག་མེད་ཡང་དག་འབྱུང་། །གཉི་ག་རྟོག་པ་མཉམ་མོད་ཀྱི། །བྱིས་པ་རྣམས་ལ་དྲང་ཕྱིར་གསུངས། །དེ་ལ་ཉོན་
མོངས་ཐམས་ཅད་དེ། །སྐྱེ་འཇིག་སྡུག་བསྔལ་དེ་ལས་འབྱུང་། །བདག་གཞན་གཉིས་ཀྱི་འཛིན་པ་ཡིས། །ཐར་པ་ཐོབ་པར་མི་འགྱུར་བས། །དེ་ཕྱིར་དངོས་པོ་སྤང་བྱ་ཞིང་། །དངོས་མེད་ལ་ཡང་བརྟེན་མི་བྱ། །རྣལ་འབྱོར་དངོས་པོ་ལ་བརྟེན་ན། །འཁོར་བ་ཉིད་ལས་གཞན་དུ་

མིན། །ཕན་ཚུན་འབྲེལ་ཕྱིར་དེ་དག་མིན། །དེ་མིན་བདག་གཞན་གྲུབ་པ་མེད། །དཔེར་ན་ནམ་མཁའི་མེ་ཏོག་བཞིན། །དེ་ཕྱིར་དངོས་དང་དངོས་མེད་ནི། །བརྫུན་པའི་ཆོ་འཕྲུལ་སྤང་བར་བྱ། །རང་བཞིན་མ་གྲུབ་དྲི་མ་མེད། །དེ་ཕྱིར་ཕ་རོལ་ཕྱིན་མར་གྲགས། །ཁྱབ་བྱེད་སྙིང་
རྗེ་དབྱེར་མེད་དེ། །རྣལ་འབྱོར་པ་ཡི་ཐབས་ཡིན་ནོ། །ཆུ་དང་འོ་མ་འདྲེས་པ་ལྟར། །ཐབས་དང་ཤེས་རབ་གཉིས་མེད་པ། །འཛིན་བྱ་འཛིན་བྱེད་ཐོག་མཐའ་མེད། །དྲི་མེད་དངོས་པོའི་མཚན་མ་བྲལ། །གཉིས་དང་གཉིས་མིན་ཞི་བའི་བདག །དེ་རྣམས་ལ་གནས་བདེ་བའི་
མཆོག །རང་རིག་ཡེ་ཤེས་ཆོས་ཀྱི་དབྱིངས། །ཞི་དུལ་ཕ་རོལ་ཕྱིན་མ་ཡིན། །ཐེག་པ་གསུམ་དང་སྐུ་གསུམ་ལྡན། །སྔགས་ནི་འབུམ་སྡེ་གྲངས་ལས་འདས། །དཀྱིལ་འཁོར་རྒྱལ་མཆོག་ཕྱག་རྒྱ་དང་། །འཇིག་རྟེན་འདས་དང་འཇིག་རྟེན་རྣམས། །ལྷ་དང་ལྷ་མིན་བརྒྱ་བྱིན་
དང་། །མི་དང་ཡི་དགས་དུད་འགྲོ་སོགས། །དཔེར་ན་ཆུ་ཡི་རླབས་བཞིན་ཏེ། །དེ་ལས་བྱུང་ཞིང་ཐིམ་པར་འགྱུར། །དེ་ཕྱིར་ཐབས་དང་ཤེས་རབ་ཀྱིས། །གཉིས་མེད་དོན་ནི་བསྒོམ་པར་བྱ། །མི་མཉམ་པ་ཡི་སྔགས་ཉིད་ཀྱིས། །སྟོང་ཉིད་བསྒོམ་པར་མི་བྱ་ཞིང་། །དེ་བཞིན་
དངོས་པོ་བསྒོམ་མི་བྱ། །དེ་དག་གཉིས་ཀྱི་འཛིན་པ་ནི། །མྱ་ངན་འདས་ཀྱང་འཁོར་བ་ཡིན། །དེ་ནི་མི་རྟག་སྤང་བྱས་པས། །དམིགས་མེད་སྟོང་ཉིད་འགྲུབ་འགྱུར་རོ། །བརྗོད་བྲལ་ནམ་མཁའི་སྙིང་རྗེ་སྟེ། །དེ་ཉིད་ཡིད་བཞིན་ནོར་བུ་ལྟར། །འགྲོ་བའི་དོན་ནི་བྱམས་པ་
ཡིན། །ནམ་མཁའ་ཀུན་ལ་ཁྱབ་པ་བཞིན། །གཉིས་མེད་སེམས་ནི་དགའ་བ་ཡིན། །དངོས་དང་དངོས་མེད་གཉིས་དག་ལ། །བསྒོམ་པའི་བཏང་སྙོམས་དེ་ཉིད་ནི། །དངོས་མེད་དོན་དམ་བསྒོམ་པར་བྱ། །བྱ་བ་དང་ནི་བྱེད་པ་པོ། །བསྒོམ་དང་སྒོམ་རྒྱུ་གཉིས་ཀ་མེད། །
སྦྱིན་དང་སྦྱིན་བྱ་གཉིས་མ་གྲུབ། །འཛིན་བྱ་དང་ནི་འཛིན་པ་པོ། །བརྟགས་པས་ཉོན་མོངས་དངོས་པོ་མེད། །དེ་ཉིད་ལྡན་པའི་རྣལ་འབྱོར་པ། །བྱང་ཆུབ་སེམས་ནི་གྲུབ་འགྱུར་རོ། །ཆགས་པས་བསྒྲིབས་པས་འཁོར་བ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟོག་པ་དང་བྲལ་མྱ་

ངན་འདས། །དེ་ཕྱིར་སེམས་ནི་བརྟན་བྱས་ནས། །བློ་དང་ལྡན་པས་བསྒོམ་པར་བྱ། །བླ་མའི་ཞལ་གྱི་པདྨ་ལས་ཐོབ་གདམས་ངག་བྲིས། །བདག་ཉིད་གྲུབ་པ་གང་ཞིག་དགེ་བའི་འབྲས་བུ་དེས། །འགྲོ་དྲུག་ཉོན་མོངས་འདམ་ལས་རྒལ་ཞིང་དྲི་མེད་པ། །བྱང་
ཆུབ་སེམས་ལ་གནས་ཤིང་གྲུབ་པ་ཐོབ་པར་ཤོག །ཐབས་དང་ཤེས་རབ་གཏན་ལ་ཕབ་པའི་དངོས་གྲུབ་བསྡུས་པ་ཞེས་བྱ་བ་སློབ་དཔོན་ཙ་མ་རིས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྭ་བྷཱ་བ་ཨ་སིདྡྷི་ནཱ་མ་ཨུ་པ་དེ་ཤ། བོད་སྐད་དུ། རང་
བཞིན་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཨེ་མ་ཇི་ལྟར་མཁས་པ་ཡིས། །ལྷ་ཁང་འདི་ནི་བཞེངས་པར་བྱ། །ཀ་བ་གཅིག་ལ་སྒོ་དགུ་པའི། །ཤིང་མཁན་གང་གིས་ཁང་པར་བྱས། །ཇི་ལྟར་ནམ་ཞིག་ལྷ་ཁང་དེར། །འཇིག་པར་འགྱུར་
བ་མི་ཤེས་ན། །ལྷ་ཁང་ནང་ནས་ཕུག་རོན་ནི། །གནས་ནི་གང་དུ་ཚོལ་བར་བྱེད། །ཇི་ལྟར་ནམ་ཞིག་ལྷ་ཁང་དེར། །འཇིག་པར་འགྱུར་བ་མི་ཤེས་ན། །གང་གིས་གཡོགས་ཤིང་ཞལ་ཞལ་བྱས། །སྒོ་རབ་བསྡམས་པ་དེ་ལྟར་ན། །ཀ་བ་སྲིན་གྱིས་ཟོས་པ་ན། །ཇི་ལྟར་ནམ་ཞིག་ལྷ་ཁང་
དེར། །འཇིག་པར་འགྱུར་བ་མི་ཤེས་སོ། །གང་གིས་གཡོགས་ཤིང་ཞལ་ཞལ་བྱས། །ལྷ་ཁང་ནང་ནས་ཕུག་རོན་ནི། །གནས་ནི་གང་དུ་ཚོལ་བར་བྱེད། །མར་དང་སྦྲང་རྩིའི་ཟས་བྱིན་ཡང་། །རིགས་ངན་གྱི་ནི་སྤྱོད་པ་འདྲ། །དེ་བཞིན་རྡོ་རྗེ་འགྲོ་བར་བྱེད། །ཇི་ལྟར་ནམ་ཞིག་ལྷ་ཁང་དེར། །
འཇིག་པར་འགྱུར་བ་མ་ཤེས་སོ། །ལྷ་ཁང་ནང་དེའི་ཕུག་རོན་ནི། །གནས་ནི་གང་དུ་ཚོལ་བར་བྱེད། །སྣ་ཚོགས་མདོག་ཅན་ཕུག་རོན་ནི། །ལྷ་ཁང་བུམ་པ་སྤངས་ནས་ནི། །དཔའ་བོའི་སྒོ་ནས་སྨྲ་བར་བྱེད། །ཇི་ལྟར་ནམ་ཞིག་ལྷ་ཁང་དེར། །འཇིག་པར་འགྱུར་བ་མ་ཤེས་སོ། །ལྷ་ཁང་ནང་ནས་
ཕུག་རོན་ནི། །གནས་ནི་གང་དུ་ཚོལ་བར་བྱེད། །ལྷ་ཁང་བུམ་པ་སྤངས་ནས་ནི། །དཔའ་བོའི་སྒོ་ནས་སྨྲ་བར་བྱེད། །སེམས་ཀྱི་རྣམ་འཕྲུལ་ཡིན་ནོ་ཞེས། །འཕགས་པ་ཀླུ་སྒྲུབ་སྨྲ་བར་བྱེད། །རང་བཞིན་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་

སོ།། ༄༅༅། །རྒྱ་གར་སྐད་དུ། ཤ་ཏ་ཨཀྵ་ར་བྷཊྚཱ་ར་ཀ་སྱ་ས་ཏྭཾ་ཏྲཻ་ཡ་བྷཱ་བ་ན། བོད་སྐད་དུ། རྗེ་བཙུན་ཡི་གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་བསྒོམ་པའི་ཐབས། བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྣམས་ཀྱི་ལམ། །དགེ་བ་གསུམ་གྱི་
བདག་ཉིད་ཅན། །སྐུ་གསུང་ཐུགས་ལ་ཕྱག་འཚལ་ཏེ། །བློ་དམན་དང་ལྡན་སྒྲུབ་བརྩོན་ཞིང་། །བླ་མའི་གདམས་ངག་དང་བྲལ་ལ། །ཕན་ཕྱིར་སྒྲུབ་ཐབས་གསུམ་བསྲེས་བརྩམ། །ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ།
ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། བཛྲ་མཱ་མེ་མུཉྩ། ཧེ་རུ་ཀ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ། དེ་ལ་བསྒོམ་པའི་མན་ངག་ནི། །རང་སྙིང་དབུས་གུར་ཕྲ་བ་ཡི། །ཧཱུཾ་གི་དཀྱིལ་
དུ་མཐེ་བོ་ཚད། །ཊཾ་ཡིག་དཀར་འོད་ལྟ་བུ་ནི། །དེ་ཡི་སྤྱི་བོར་གནས་པར་བསམ། །ཧཱུཾ་ལས་བྱུང་བའི་འོད་ཟེར་ནི། །ཏིང་འཛིན་སེམས་དཔའི་སྙིང་ག་ཡི། །ཁ་སྦྱོར་ནམ་མཁའི་དབུས་སུ་ནི། །འོད་ཀྱི་དཀྱིལ་འཁོར་བསྒོམ་པར་བྱ། །ཨོཾ་དང་ཧཱུཾ་གི་སྦྱོར་བ་ལས། །པདྨ་རྡོ་རྗེ་རྣམ་པར་
བསྒོམ། །ཨོཾ་ནི་དུ་བའི་མདོག་ལྟ་བུ། །དམ་ཚིག་སེམས་དཔའ་ཤེས་པར་བྱ། །དེ་གཉིས་ཉེ་བར་སྦྱོར་བ་ལས། །ཨ་ནི་ཡེ་ཤེས་སེམས་དཔའ་བསྒོམ། །རང་བཞིན་འོད་གསལ་སྟོང་པ་ཉིད། །ཐིག་ལེའི་ངོ་བོ་ཡི་གེ་མེད། །གཉིས་དང་གཉིས་མིན་ཞི་བ་ཉིད། །ནམ་མཁའ་
ལྟ་བུར་དྲི་མ་མེད། །འདི་ལྟ་བུ་ནི་མགྲིན་པར་བསྒོམ། །གཉིས་ཀྱང་འོད་ཟེར་གཅིག་ལ་སྤྲོ། །དུ་བ་མེ་ཁྱེར་མར་མེའི་ནང་། །མཁའ་སྣང་དང་ནི་སྨིག་རྒྱུའོ། །ཁ་དོག་ལྔ་པའི་འོད་ཟེར་ནི། །དབང་པོའི་གཞུ་འདྲའི་ངོ་བོ་ཉིད། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྡོ་རྗེ་རྒྱལ། །
རྡོར་སེམས་དྲུག་པ་ཧེ་རུ་ཀ །མགྲིན་པར་བསྡུས་ཏེ་རྣམ་པར་གནས། །དེ་ལྟར་བླ་མེད་རྒྱུད་རྣམས་ལ། །བསྙེན་པའི་སེམས་དཔའ་གསུམ་གྱིས་ནི། །སྒྲུབ་པའི་གདམས་ངག་ཞལ་གྱི་ལུང་། །རིམ་པ་ཇི་བཞིན་བཤད་བྱས་ནས། །ད་ནི་རྣལ་འབྱོར་རྒྱུད་བཞིན་དུ། །སྒྲུབ་པའི་ཞལ་

གདམས་བཤད་པར་བྱ། །རྣལ་འབྱོར་རྒྱུད་དུ་དབང་ཐོབ་པའི། །ཤེས་རབ་ལྡན་པའི་རྣལ་འབྱོར་པས། །བདེ་བར་སྟན་ལ་འདུག་བྱས་ལ། །ཨོཾ་ཨཱཿཧཱུཾ་གི་སེམས་དཔའ་ནི། །གསུམ་གྱི་དོན་ལ་འདི་ལྟར་བརྩམ། །ཐོག་མར་རྡོ་རྗེ་སྐྱིལ་ཀྲུང་བཅས། །ཏིང་
འཛིན་རྒྱལ་བཅས་སྣ་རྩེར་ལྟ། །ཨོཾ་ཨཱཿཧཱུཾ་ནི་བརྗོད་བྱས་པས། །གནས་གསུམ་དུ་ནི་རྣམ་པར་བསམ། །དེ་ནས་སོ་སོའི་ཁ་དོག་གི །འོད་ཟེར་ལྕགས་ཀྱུ་ལྟ་བུ་ནི། །སྤྲོས་པས་སངས་རྒྱས་སྲས་བཅས་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲང་ཞིང་། །དེ་ལ་ལྔའམ་བདུན་པས་
མཆོད། །གསུམ་ལ་སྐྱབས་འགྲོ་ལ་སོགས་བྱ། །དེ་ནས་སྤྲིན་བྲལ་ནམ་མཁའ་ལ། །གནས་པའི་སྐར་མ་ལྟ་བུ་ནི། །ཡིག་བརྒྱའི་སྔགས་ནི་འདི་ཡིན་ཏེ། །ཨོཾ་ཤྲཱི་བཛྲ་ལ་སོགས་པ། །དེ་ནས་འདི་ལྟའི་སྔགས་བརྗོད་བྱ། །ཨོཾ་དང་སྭ་བྷཱ་བ་ཤུདྡྷཿ། །སརྦ་དྷརྨཱ་སྭ་བྷཱ་བ། །
ཤུདྡྷོ྅ཧཾ་ཞེས་བརྗོད་བྱས་པས། །སྐར་མ་ལྟར་གསལ་དག་པར་བསམ། །ཨོཾ་དང་ཙིཏྟ་པྲ་ཏི་བེ། །དྷཱཾ་དང་ཀ་རོ་མི་བརྗོད་པས། །དེ་ལ་ནམ་མཁར་ཧཱུཾ་ལས་ནི། །སྣ་ཚོགས་པདྨ་བསམ་པར་བྱ། །དེ་ནས་ཡི་གེ་ཨོཾ་གྱིས་ནི། །ནམ་མཁར་ཟླ་བའི་དཀྱིལ་འཁོར་བསམ། །དེ་ཡི་
སྟེང་དུ་ཨཱ་བརྗོད་པས། །རང་ཉིད་སྐར་མ་ལྟར་གསལ་བ། །ཟླ་བའི་སྟེང་དུ་རྣམ་པར་བསམ། །དེར་རྗེས་ཨོཾ་དང་བོ་དྷི་ཙིཏ། །ཏ་དང་ཨུཏྤཱ་ད་ཡཱ་མི། །བརྗོད་དེ་རང་ཉིད་ཡི་གེ་ཨཱ། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ཡི་རང་བཞིན་གསལ་བ་ཡི། །བྱང་ཆུབ་ཀྱི་ནི་སེམས་ཡིན་
པས། །འགྲོ་བ་རྣམས་ལ་ཁྱབ་བྱེད་ཅིང་། །གསལ་བར་བྱེད་པའི་བདག་ཉིད་བསམ། །དེ་རྗེས་གསུམ་པ་ཡི་གེ་ནི། །ཧཾ་ཞེས་བརྗོད་པས་སྤྱི་བོ་ཡི། །ཚངས་པའི་བུ་གར་ཧཱུཾ་བསམས་ལ། །དེ་ལས་བྱུང་བའི་རྡོ་རྗེ་ནི། །རྩེ་ལྔ་པ་ནི་རྣམ་བསམས་ཏེ། །བརྟན་བྱེད་སྔགས་འདི་བརྗོད་པར་བྱ།
ཨོཾ་དང་ཏིཥྛ་བཛྲ་ཧཱུཾ། །དེ་ཞུ་བ་ལས་རྡོ་རྗེ་སེམས། །བདག་ཉིད་འདི་ཡི་རིགས་ཅན་ནི། །ཡིན་པར་ཡང་ནི་རབ་བསམས་ཏེ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །དེ་ལ་ཤྲཱི་ནི་དཔལ་གྱི་དོན། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །དེ་ལྟར་

ཨོཾ་གྱི་ཡི་གེ་ཡིས། །དམ་ཚིག་སེམས་དཔར་རྣམ་པར་བསྟན། །ཡང་ན་འདི་ལྟར་ཤེས་པར་བྱ། །ཨོཾ་ནི་ཟླ་བ་དེ་སྟེང་དུ། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །དེ་ཡི་དབུས་ཀྱི་རྩེ་མོ་ལ། །དབྱངས་ཡིག་དང་པོ་ལས་བྱུང་བའི། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །ཞལ་ཕྱག་ལ་སོགས་སྔ་
མ་བཞིན། །དེ་ནི་ཨོཾ་སྟེ་དམ་ཚིག་སེམས། །ཐོག་མར་དགེ་བ་བཀྲ་ཤིས་པའོ། །ད་ནི་ཏིང་འཛིན་སེམས་དཔའ་ནི། །བསྒོམ་པ་རྣམ་པར་བརྩམ་པར་བྱ། །ཨོཾ་དང་ཡ་ཏ་ཏེ་ཏ་ཐཱ། །ག་ཏ་ཏ་ཐཱ་ཧཾ་ཞེས་པ། །བརྗོད་པས་མདུན་དུ་ཧཱུཾ་སྔོན་བསམ། །དེ་བྱུང་འཁོར་ལོ་བཅུ་དྲུག་
རྩིབས། །དེ་ཡི་དབུས་བྱུང་རྡོ་རྗེ་ནི། །རྒྱ་གྲམ་དེ་དབུས་པཾ་ལས་ཀྱང་། །སྣ་ཚོགས་པདྨ་འདབ་བརྒྱད་པ། །དེ་ཡི་གེ་སར་སྟེང་དུ་ནི། །ཧཱུཾ་བྱུང་རྡོ་རྗེ་སེམས་དཔར་བསམ། །དེ་ནས་ཤར་གྱི་འདབ་མ་ལ། །ཚངས་ཡིག་དང་པོ་བྲིས་པ་ཡི། །མཱ་མེ་མུཉྩའི་སྔགས་བརྗོད་པས། །
རང་གི་ས་བོན་ལས་བྱུང་བའི། །མི་བསྐྱོད་མགོན་པོ་བསམ་པར་བྱ། །རང་གི་ས་བོན་ལས་བྱུང་བའི། །རིན་ཆེན་འབྱུང་ལྡན་གཡས་འདབ་ལ། །ཨོཾ་དང་བཛྲ་སཏྭ་ཏྭེ། །ནོ་པ་ཏིཥྛ་བརྗོད་པས་སོ། །ཨོཾ་དང་དྲྀ་ཌྷོ་མེ་བྷ་བ། །བརྗོད་པས་རྒྱབ་དཀྱིལ་པད་འདབ་ལ། །ས་བོན་ལས་བྱུང་འོད་དཔག་མེད། །གཡོན་གྱི་པདྨའི་
འདབ་མ་ལ། །ཨོཾ་དང་སུ་ཏོཥྱོ་མེ་བྷ་བ། །བརྗོད་པས་དོན་གྲུབ་ས་བོན་ལས། །མེ་ཡི་ཕྱོགས་ཀྱི་འདབ་མ་ལ། །རྣམ་སྣང་ཡི་གེ་དང་བཅས་པའི། །ཨ་ནུ་རཀྟོ་མེ་བྷ་བ། །བརྗོད་པས་རང་གི་ས་བོན་ལས། །རྡོ་རྗེ་སེམས་མ་སྐུ་མདོག་དཀར། །ཞལ་གཅིག་སྤྱན་གཉིས་གཡོན་དུ་གཟིགས། །ཕྱག་གཉིས་དཀུར་བརྟེན་གཙོ་དང་
མཚུངས། །གཡས་པའི་ཕྱག་ན་རྡོ་རྗེ་འབར། །བདེན་བྲལ་ཨོཾ་དང་སུ་པོཥྱོ། །མེ་བྷ་བ་བརྗོད་རིགས་ཅན་མ། །ས་བོན་ལས་བྱུང་སྐུ་མདོག་སེར། །ཕྱག་གཡོན་སྔར་བཞིན་གཡས་པ་ཡིས། །རིན་ཆེན་འཛིན་ཅིང་གཡོན་དུ་གཟིགས། །རླུང་ཨོཾ་སརྦ་སིདྡྷིམྨེ། །པྲ་ཡཙྪ་བརྗོད་ཆོས་མ་
དམར། །གཡས་བདག་གཡོན་པ་སྔ་མ་བཞིན། །གཡོན་དུ་གཟིགས་ཏེ་དབང་ལྡན་དུ། །རིག་བྱེད་ཚིག་གི་དང་པོ་དང་། །སརྦ་ཀརྨ་སུ་ཅ་མ། །ཙིཏྟཾ་ཤྲེ་ཡཿཀུ་རུ་བརྗོད། །ས་བོན་ལས་བྱུང་ལས་མ་ནི། །ལྗང་སེར་སྣ་ཚོགས་རྡོ་རྗེ་གཡས། །ཕྱག་གཡོན་མཐུན་ལ་གཡོན་

དུ་གཟིགས། །ཡུམ་བཞིའི་དབུ་རྒྱན་རིགས་ཀྱི་བདག །དེ་རྗེས་འཁོར་ལོའི་རྩིབས་ལ་ནི། །དབང་ལྡན་ལས་བརྩམས་གཡོན་སྐོར་དུ། །རྡོ་རྗེ་སེམས་དཔའ་ལ་སོགས་པ། །སེམས་དཔའ་བཅུ་དྲུག་རིམ་བཞིན་བསྐྱེད། །ཧཱུཾ་ཧ་ཧ་ཧ་ཧ་ཧོ། བྷ་ག་བཱན་བཛྲ་སཏྭ་
ནི། །ཀུན་ལ་ཁྱབ་པར་བྱེད་པའི་ཚིག །མ་ནི་འདྲེན་པའི་དོན་ཡིན་ཏེ། །མེ་ནི་བདག་ཏུ་རྣམ་པར་བཤད། །མུཉྩ་འཛིན་པར་བརྗོད་ཅིག་པའོ། །དེ་ཕྱིར་བདག་ནི་གཟུང་ལ་དྲངས། །ཁྱད་པར་བྱུང་བ་རྡོ་རྗེ་སེམས། །སྐུ་མདོག་ལྗང་གུ་གཡོན་དུ་གཟིགས། །གཡས་པ་རྡོ་རྗེ་རྩེ་ལྔ་
པ། །གཡོན་པ་དྲིལ་བུ་དཀུར་བརྟེན་ཏེ། །པདྨའི་གདན་ལ་བརྟེན་པའོ། །ཛྲཱ་ལས་རྡོ་རྗེ་རྒྱལ་པོ་སེར། །ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཀྱུ། །ཁ་ཅིག་གཡས་པ་ལྕགས་ཀྱུ་སྟེ། །ཕྱག་གཡོན་དཀུར་ནི་བརྟེན་པ་འཆད། །ས་བྱུང་ཆགས་པ་སྐུ་མདོག་དམར། །གཡས་མདའ་
གཡོན་ནི་གཞུ་འཛིན་པའོ། །སྟྭཾ་ལས་ལེགས་པ་མ་རྒད་མདོག །སྐྱབས་སྦྱིན་གཡས་ལ་གཡོན་དཀུར་བརྟེན། །བྷ་འབྱུང་རྡོ་རྗེ་རིན་ཆེན་སེར། །དབང་བསྐུར་ཕྲེང་བ་གཉིས་ཀྱིས་འཛིན། །ག་ལས་རྡོ་རྗེ་ཉི་མ་དམར། །སྙིང་གར་ཕྱག་གཉིས་ཉི་མ་འཛིན། །བཱན་ལས་རྒྱལ་མཚན་
ནམ་མཁའི་མདོག །ཡིད་བཞིན་ནོར་བུའི་རྒྱལ་མཚན་ནི། །ཕྱག་གཉིས་ཀྱིས་ནི་འཛིན་པའོ། །མ་བྱུང་བཞད་པ་སུནྡྷ་རི། །མདོག་ཅན་རྒྱལ་མཚན་སོ་ཡི་ནི། །ཕྲེང་བས་མཚན་པ་འཛིན་པའོ། །ཧཱ་ལས་ཆོས་ནི་དཀར་དམར་མདོག །གཡོན་གྱི་པད་སྡོང་གཡས་ཀྱིས་འབྱེད། །ས་
བྱུང་རྣོན་པོ་གུར་གུམ་མདོག །ཕྱག་གཡོན་པོ་ཏི་གཡས་རལ་གྲི། །མ་ལས་བྱུང་བའི་རྡོ་རྗེ་རྒྱུ། །སྐུ་མདོག་སེར་ལ་ཆོས་འཆད་རྒྱ། །ཡ་ལས་རྡོ་རྗེ་འོད་མདོག་དམར། །གཡོན་དུ་གཡས་པས་ལྕེ་འཛིན་པ། །ས་ལས་རྡོ་རྗེ་ལས་ལྗང་སེར། །ཕྱག་གཉིས་རྡོ་རྗེ་རྩེ་གསུམ་པ། །
གར་སྟབས་ཀྱིས་ནི་སྤྱི་བོར་འཛིན། །ཏྭ་ལས་བསྲུང་བ་སྐུ་མདོག་སེར། །གཉིས་ཀྱིས་རྡོ་རྗེ་གོ་ཆ་འཛིན། །ཏྭ་བྱུང་རྡོ་རྗེ་གནོད་སྦྱིན་ནག །ཕྱག་གཉིས་ཀྱིས་ནི་ཞལ་ཕྱོགས་སུ། །མཆེ་འཛིན་བདུད་རྣམས་འཇིགས་བྱེད་རྒྱལ། །ཨ་ལས་རྡོ་རྗེ་ཁུ་ཚུར་དཀར། །རྡོ་རྗེ་འཆིང་བྱེད་

གཉིས་ཀྱིས་འཛིན། །དེ་ནི་ཧཱུཾ་གི་རང་བཞིན་ཅན། །ཏིང་འཛིན་སེམས་དཔར་ཤེས་པར་བྱ། །ཨ་ནི་ཡེ་ཤེས་སེམས་དཔའ་སྟེ། །དེ་ཡི་སྦྱོར་བ་བཤད་པར་བྱ། །ཕྱག་རྒྱ་སྔ་མ་ལ་གནས་ནས། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ལས། །འོད་ཟེར་སྤྲོ་བའི་སྦྱོར་བ་ཡིས། །ཨོཾ་ཤྲཱི་བཛྲ་སཏྭ་
དང་། །ས་མ་ཡ་ཧཾ་ཞེས་བརྗོད་པས། །དམ་ཚིག་སེམས་དཔར་བདག་ཉིད་བསམ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས། །རང་མདུན་ནམ་མཁར་ཟླ་དཀྱིལ་ལ། །གནས་པའི་ཡེ་ཤེས་སེམས་དཔའ་དགུག །ཡང་ནི་ས་མ་ཡ་སྟྭཾ་ཞེས། །ཏིང་ངེ་འཛིན་དང་ཡེ་ཤེས་ཕྲེང་། །དེ་ཡང་
མདུན་གྱི་ནམ་མཁའ་ལ། །ཟླ་སྟེང་ཨ་ནི་དཀར་པོ་ཡི། །ངོ་བོར་ཞུགས་པའི་ཡེ་ཤེས་སེམས། །བཀུག་སྟེ་གཙོ་བོའི་ཐུགས་ཀར་བསྟིམ། །ཡང་ན་ཕྱག་རྒྱ་སྔ་མ་ཡིས། །འདི་ལྟའི་རྡོ་རྗེ་སེམས་དཔའ་དགུག །ཨ་ནི་ཟླ་བའི་དཀྱིལ་འཁོར་སྟེ། །ཧཱུཾ་ནི་རྡོ་རྗེ་རྩེ་ལྔ་པ། །དེ་ཡི་དབུས་
ཀྱི་རྩེ་མོ་ལ། །ཨོཾ་ནི་ཡེ་ཤེས་སེམས་དཔའ་སྟེ། །དེ་ཉིད་རྡོ་རྗེ་སེམས་དཔར་བཤད། །རྩེ་མོ་བཞི་ལ་རིགས་བཞི་སྟེ། །མཚམས་བཞིར་ལྷ་མོ་རྣམ་པ་བཞི། །འོད་ཀྱི་ཚུལ་དུ་རྣམ་པར་གནས། །དེ་ནས་ཟླ་བ་རྡོ་རྗེ་ལ། །རྡོ་རྗེ་ཧཱུཾ་ནི་ཨོཾ་ལ་སྟེ། །དེ་ལ་རྩེ་བཞིའི་འོད་དབུས་ལ། །
མཚམས་ཀྱང་དབུས་ལ་ཐིམ་པ་དང་། །དེ་ནི་ཏིང་འཛིན་སེམས་དཔའ་ལ། །ཐིམ་པར་གྱུར་པར་རྣམ་བསམ་བྱ། །དེ་ནི་དམ་ཚིག་སེམས་དཔའ་ལ། །དེ་ཡང་གཉིས་མེད་དོན་དུ་བཤད། །དེ་རྗེས་ཡི་གེ་ཧཱུཾ་གྱུར་པས། །རྡོ་རྗེ་ལྕེ་ནི་རྡོ་རྗེ་ཡིས། །འོད་དེར་སྤྲོ་བར་རྣམ་བསམ་བྱ། །དེ་ཡིས་
ཕྱི་ནང་དག་བྱས་ནས། །བདག་ཉིད་ལ་ནི་དབང་བསྐུར་ཏེ། །དེ་རྗེས་བཟླས་པ་ཅི་ནུས་བྱ། །བཟས་པའི་རིག་པ་འདི་ལྟ་སྟེ། །ཨོཾ་ཤྲཱི་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ།
སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། བཛྲ་སཏྭ་མཱ་མེ་མུཉྩ། བཛྲཱ་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཿ། དེས་ནི་དམ་ཚིག་བསྲུང་བར་གསུངས། །ཡི་གེ་བརྒྱ་པ་བཏུས་པ་ཡི། །སྒོ་ནས་སེམས་དཔའ་གསུམ་གྱི་དོན། །སྒྲུབ་ཐབས་དགེ་བ་གསུམ་ལྡན་

པ། །རྣལ་འབྱོར་རྒྱུད་དང་མཐུན་པར་བསྟན། །ད་ནི་བྱ་བའི་རྒྱུད་གསུངས་པའི། །སེམས་དཔའ་གསུམ་གྱི་སྦྱོར་བ་བརྩམ། །ཐོག་མར་རྣལ་འབྱོར་དབང་ཕྱུག་གིས། །ཕུང་པོ་ལྔ་ཡི་ང་རྒྱལ་བྱ། །དེ་རྗེས་སྔགས་ནི་འདི་ལྟར་བརྗོད། །ཨོཾ་མ་ཎི་དྷ་རི་བཛྲཱི་ཎི།
མ་ཧཱ་པྲ་ཏི་ས་རེ། རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། །ལུས་ཀྱི་དཀྱིལ་འཁོར་བསྒོམ་བྱས་ལ། །དེ་རྗེས་བྱམས་སོགས་དྲན་བྱས་ནས། །མདུན་དུ་ལམ་སྐྱེས་གྲུ་བཞི་སྟེ། །དེ་དབུས་སྣ་ཚོགས་པདྨ་བསམ། །དེ་སྟེང་ཨོཾ་ལས་བྱུང་བ་ཡི། །ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ། །ཨུཏྤལ་
ཕྱག་རྒྱས་བཀུག་པ་ཡི། །ཨུཏྤལ་རིགས་བརྒྱ་བསམ་པར་བྱ། །ཕྱག་རྒྱ་དེ་ནི་དམ་ཚིག་གི །སེམས་དཔར་ཡང་ནི་རྣམ་པར་བཤད། །དེ་རྗེས་ཡེ་ཤེས་སེམས་དཔའ་ནི། །སྔགས་འདི་ཡིས་ནི་དགུག་པར་བྱ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བ་ཏི། པྲ་སཱ་དྷ་ན་ཙ་དྷ་ཡཾ་ཀུ་རུ་ཨ། པཱུ་ཛཾ་གྲྀཧྞ། ཨ་
ཏྲ་སནྣི་ཧི་ཏོ་བྷ་བ། འདི་བརྗོད་ཨངྐུའི་ཕྱག་རྒྱ་ཡིས། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བྱ། །ད་ནི་ཏིང་འཛིན་སེམས་དཔའ་ཡི། །སྦྱོར་བ་འདི་ལྟར་ཤེས་པར་བྱ། །ཨོཾ་བྷ་ག་བ་ཏི་ས་མ་ཡེ་ཤྭ་རི་སརྦ་བུདྡྷ་མ་ཏེ། ཏཱ་རེ་ཨ་དྷིཥྛ་ནཱཉྩ་མེ་ཀུ་རུ་སྭཱ་ཧཱ། ཏཱཾ་ཡིག་ཧཱུཾ་གིས་བརྒྱན་པ་ལས། །
བྱུང་བའི་སྒྲོལ་མ་ལྗང་གུ་ནི། །ཞལ་གསུམ་ཕྱག་དྲུག་སྤྱན་གསུམ་སྟེ། །མི་བསྐྱོད་པ་ཡི་དབུ་རྒྱན་ཅན། །རྒྱན་རྣམས་ཀྱིས་ནི་ལེགས་པར་སྤྲས། །གཡས་ཞལ་དཀར་ལ་གཡོན་ཞལ་གནག །གཡས་གསུམ་ཕྱག་མཚན་རིམ་པར་ནི། །མི་འཇིག་སྦྱིན་དང་མདའ་དང་ནི། །རྡོ་
རྗེ་རྩེ་ལྔ་རྣམ་པར་འཛིན། །གཡོན་གསུམ་རིམ་བཞིན་སྡིགས་མཛུབ་དང་། །གཞུ་དང་ཨུཏྤལ་ཤེས་པར་བྱ། །སྣ་ཚོགས་པདྨའི་སྟེང་དུ་ནི། །པདྨའི་སྟེགས་རྒྱའི་བཞུགས་སྟབས་ཀྱིས། །མཁའ་ལྡིང་ལྔ་ལ་བརྟེན་པའོ། །དབུས་ཀྱི་མཁའ་ལྡིང་དཀར་པོ་སྟེ། །ལག་པ་གཉིས་
ཀྱིས་བུམ་པ་འཛིན། །གཡས་སུ་ནག་དང་སེར་པོ་སྟེ། །གཡོན་པ་ལྗང་དང་དམར་པོ་ཡང་། །རིམ་པ་བཞིན་དུ་ཤེས་པར་བྱ། །དེ་ནི་ཏིང་འཛིན་སེམས་དཔར་བཤད། །རང་ལུས་ལ་ནི་རྣམ་དག་དོན། །ཡི་གེ་གསུམ་གྱི་བྱིན་གྱིས་བརླབས། །ཨོཾ་དཀར་སྤྱི་བོའི་གཙུག་ཏུ་སྟེ། །མགྲིན་

བར་ཨཱཿཡིག་དམར་པོ་བསམ། །ཧཱུཾ་ནག་སྙིང་གའི་པདྨ་རུ། །དེ་ལྟར་རང་ལུས་རྣམ་བསམ་བྱ། །ས་བོན་རྣམས་ལ་ལེགས་བསྐོར་བའི། །ཡི་གེ་བརྒྱ་པ་བཟླས་པར་བྱ། །ཨོཾ་བྷ་ག་ཝ་ཏི་ཏཱ་རེ། ས་མ་ཡ་མ་ནུ་པཱ་ལ་ཡ། ཏཱ་ར་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་
ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བ་ཏཱི་བཛྲ་ཏཱ་རེ་མཱ་མེ་མུཉྩ་ཏཱ་ར། བྷ་ག་ཝ་ཏི་མ་ཧཱ་ས་མ་ཡ་སཏྭ་ཨཿ། འདི་ལྟར་མི་སྐྱོའི་བར་དུ་བཟླས། །སྨོན་ལམ་རྒྱ་ཆེན་བཏབ་བྱས་ལ། །ཨོཾ་གཙྪ་སྟྭཾ་བུདྡྷ་
བི་ཥ་ཡཾ་པུ་ན་ར་ག་མ་ན་ཡཙྪ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་དོན་ནི། ཨོཾ་ཁྱེད་ནི་སངས་རྒྱས་གནས་སུ་གཤེགས། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའོ། །ཧཱུཾ་གིས་དགུག་ཅིང་ཛཿཡིས་གཤེགས། །བཾ་གྱིས་བཅིངས་ཤིང་ཧོཿས་དགྱེས་པའོ། །དེ་ལྟར་བྱ་བའི་རྒྱུད་ལ་
ནི། །བརྟེན་པའི་སེམས་དཔའ་གསུམ་དོན་བཤད། །ད་ནི་རྒྱུ་ཡི་ཐེག་པ་ལས། །གྲགས་པའི་སེམས་དཔའི་དོན་བཤད་བྱ། །ཡང་ན་གཅིག་ཀྱང་ལྡན་པས་ཀྱང་། །འཇིག་རྟེན་ཆོས་ལ་བློ་ལྡོག་སྟེ། །རྣམ་པར་དབེན་པའི་ས་ཕྱོགས་སུ། །བདེ་བར་སྟན་ལ་འདུག་ནས་སུ། །འདི་
ལྟར་བསྒྲུབ་པའི་སྦྱོར་བ་བརྩམ། །དང་པོ་མཎྜལ་ལ་སོགས་བཤམ། །སེམས་བསྐྱེད་སྔོན་དུ་སོང་བ་ཡིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སྐྱབས་ཀྱི་དམ་པ་བླ་མེད་པའི། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བརྗོད་ལུས་ཡིད་སྦྱོར་ལྡན་བྱ། །དེས་ནི་
བྱང་ཆུབ་སེམས་དཔའ་ཡི། །དགེ་བསྙེན་དུ་ནི་མིང་འགྱུར་ཏེ། །དེ་རྗེས་བྱང་ཆུབ་སེམས་བསྐྱེད་དེ། །བདག་དང་ཐ་མི་དད་པ་ཡི། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ཀྱང་ནི་བསྒོམ་པར་བྱ། །དེ་ཡི་རྗེས་ལ་བླ་མ་ལ། །དང་བ་བསྐྱེད་དེ་དད་པ་བསྒོམ། །དེ་ལྟར་བྱས་
བས་འབྲས་བུ་ནི། །འཁོར་བ་ལས་ནི་གྲོལ་འགྱུར་ཏེ། །བར་ཆད་རྣམས་ཀྱང་མི་འབྱུང་ངོ་། །གདམས་ངག་དོན་ནི་རྣམ་པ་གཉིས། །བསྒོམ་དང་དེ་བཞིན་བཟླས་པའོ། །སྒོམ་དོན་དང་པོ་མལ་ནས་ལངས་བྱས་ཏེ། །དེ་རྗེས་དཀོན་མཆོག་གསུམ་ནི་རྗེས་དྲན་བྱ། །དེ་ནས་བདག་ཉིད་ཐོག་

མར་ཁྲུས་བྱས་ཏེ། །རང་གི་ལག་མཐིལ་གཡོན་པར་ཨོཾ་ལས་ནི། །ཟླ་བའི་དཀྱིལ་འཁོར་དེ་ཡི་སྟེང་དུ་ཧྲཱིཿ། །དེ་ལས་བྱུང་བ་འོ་མའི་མདོག་ཅན་གྱི། །བདུད་རྩིའི་ཆུ་བསམ་ཨོཾ་ཧྲཱིཿསྭཱ་ཧཱ་ཡི།