Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 50

Văn bản gốc(Tây Tạng)

Trang 12 / 16 (50.000 ký tự/trang)
གིས་བཤད། །ཕྱི་ནང་གཏོར་མ་རྒྱ་ཆེན་འདི། །རྒྱས་པར་གཏོར་མ་ཆེན་པོ་བསྟན། །བསྡུས་པ་ལ་སོགས་མན་ངག་འདི། །སྒྲུབ་པ་པོ་ཡི་དོན་དུ་བསྡུས། །ཐམས་ཅད་ལྡན་པའི་གཏོར་མ་ལ། །ཧཱུཾ་གི་འོད་ཟེར་འཕྲོས་པར་
ཡིས། །རཾ་གྱིས་བསྲེགས་ཏེ་ཡཾ་གིས་བུས། །ཁཾ་གིས་བཀྲུས་ཏེ་དག་པ་ལས། །སྟོང་པའི་ངང་ལས་ཡཾ་ལས་རླུང་། །མ་དང་བརྟེན་པའི་དངོས་པོ་དང་། །ཨ་ལས་བདེ་སྐྱོད་ནང་དུ་ནི། །བཾ་ལས་བདུད་རྩིའི་ཆུ་རྒྱུན་འབྱུང་། །དེ་དབུས་ཐབས་དང་ཤེས་རབ་འབར། །གཏོར་མའི་རྫས་ནི་ཡིག་
འབྲུ་བཅུ། །སྐུ་གསུང་ཐུགས་ཀྱི་ས་བོན་དང་། །རྡོ་རྗེ་ཟླ་བའི་དཀྱིལ་འཁོར་བཅས། །ཐབས་དང་ཤེས་རབ་ཡི་གེས་མཚན། །ཧཱུཾ་གི་འོད་ཀྱིས་རླུང་སྔོན་བསྐྱེད། །འབར་དང་ཁོལ་བས་ཡབ་ཡུམ་བཞི། །སྐུ་གསུང་ཐུགས་ཀྱིས་བསྡུས་ཤིང་སྦྱངས། །སྤྲོས་པས་ཡེ་ཤེས་བདུད་རྩི་འབེབས། །
ཨོཾ་ཨ་ར་ལླི་ཧོཿ། ཛཿ་ཧཱུཾ་བཾ་ཧོཿ། བདེ་གཤེགས་བདུད་རྩི་སྤྱན་དྲངས་ནས། །ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ལན་བདུན་གྱིས་བརླབ། །གདན་གསུམ་ལྡན་པའི་རིན་ཆེན་མཛེས། །ཧཱུཾ་ལས་འོད་ཟེར་ཛཿའཕྲོས་ནས། །རིགས་དྲུག་བཀུག་སྟེ་འོད་དུ་ཞུ། །ཡིག་འབྲུ་ལྔ་ལས་རིགས་

ལྔ་ཡི། །བདེ་གཤེགས་ཀླུ་གཉན་མཁའ་འགྲོ་རྣམས། །བསྐྱེད་ཅིང་མ་ལུས་དབང་བསྐུར་ནས། །བླ་མ་མི་བསྐྱོད་གཟུགས་འཛིན་རྣམས། །བདེ་འཚམ་རིམ་པར་བཞུགས་པ་རྣམས། །དེ་ལ་ཕྱག་འཚལ་མཆོད་བྱས་ན། །རང་གི་རྩ་བའི་སྔགས་ལ་ནི། །གསུམ་དང་བདུན་
དང་ཉི་ཤུ་གཅིག །ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པའི་སྔགས་ལ་བཏགས་ལ་དབུལ་ལོ། །མ་མ་སརྦ་ཤ་ཏྲཱུཾ་ཨ་མུ་ཀ་མ་ཧི་མན་ཙི་མེ་ཏེ་ས་མ་བ་བུ་གཾ་རུ་བྷི་ར་པྲི་ཡཾ་བྷ་ཀྵ་བ་ལིཾ་ཨི་དཾ་གྲྀ་ཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་རཀྟ་པི་པ་ཏི། ཨ་ཏི་ཀྲ་སྭ་མ་ཡེ་སྭཱ་ཧཱ། གསང་བའི་སྔགས་དེས་ཀྱང་མགྲོན་
མ་ལུས་པ་ལ་དབུལ་བར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨ་ཎཱཾ། ཨཱདྱ་ནུཏྤ་ནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། རིགས་དྲུག་མ་ལུས་ཀུན་ལ་བྱིན། །དེ་ནས་བསྟོད་པ་དང་། བཤགས་པ་དང་། ཕྲིན་ལས་བཅོལ་ཞིང་སྨོན་ལམ་གདབ། །སྤྱི་ཡི་གཏོར་མ་རྒྱ་ཆེ་ཡང་། །སྨན་ལྔ་འབྲུ་ལྔ་རིན་
ཆེན་ལྔ། །འབྲས་སྣུམ་ཁུར་བ་ལ་སོགས་ལ། །ཐམས་ཅད་མ་སྤྱད་སྣོད་དུ་བླུགས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །པཾ་ལས་པདྨ་དཀར་པོ་སྟེ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །ཕྱོགས་སྐྱོང་རིགས་དྲུག་འཁོར་དང་བཅས། །སྤྱན་དྲངས་གདན་ལ་བཞུགས་སུ་གསོལ། །
ཨོཾ་ཨིནྡྲཱ་ཡ་ཧཱུཾ་ཛཿ། ཨགྣ་ཡེ་ཧཱུཾ་ཛཿ། ཡ་མ་ཡེ་ཧཱུཾ་ཛཿ། ནེེ་ཪྼྀ་ཏ་ཡེ་ཧཱུཾ་ཛཿ། བ་རུ་ཎཱ་ཡ་ཧཱུཾ་ཛཿ། བཱ་ཡ་བེ་ཧཱུཾ་ཛཿ། ཀུ་བེ་རཱ་ཡ་ཧཱུཾ་ཛཿ། ཨཱི་ཤ་ནཱ་ཡ་ཧཱུཾ་ཛཿ། ཧེ་ཏ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ། སཱུརྱ་ཙནྡྲཱ་ཡ་ཧཱུཾ་ཛཿ། སྤྱན་དྲངས་བ་ལིཾ་ཡོངས་སུ་དབུལ། །བསྟོད་དང་དངོས་གྲུབ་བླང་བ་དང་། །ཐ་མ་ཚིགས་
བཅད་བསྔོས་བྱས་ནས། །སྨོན་ལམ་རྫོགས་པར་གདབ་པར་བྱའོ། །གཏོར་མའི་མན་ངག་གཞུང་དོན་འདི། །སྒྲུབ་པ་པོ་ཡི་དོན་དུ་བྲིས། །ཚིག་དང་དོན་གྱི་ངེས་པ་རྣམས། །རིགས་ལྔ་བདེ་བར་གཤེགས་པ་དང་། །མཁའ་འགྲོ་རྣམས་ལ་བཟོད་པར་གསོལ། །སྔོན་བྱང་མེད་
དང་གོ་རིམས་བྲལ། །འདི་ནི་བར་ཆོད་སྦྱོར་བ་སྟེ། །དེ་ནས། བར་ཆོད་སྦྱོར་བ་ཡོངས་སྤངས་ནས། །དངོས་གྲུབ་ཀླུ་མོ་མཁའ་འགྲོས་འབྱུང་། །བདག་གིས་འདི་བརྩམས་བསོད་ནམས་ཀྱིས། །རགས་དང་ཕྲ་བའི་རྟོག་པ་ཀུན་སྤངས་ནས། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །གསང་

ཆེན་ལམ་ལ་རབ་གནས་ནས། །གོས་སྔོན་དངོས་གྲུབ་ཐོབ་པར་ཤོག །གཏོར་མའི་རྒྱན་གྱི་མན་ངག་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་མ་ཡཱ་ལཾ་ཀཱ་ར། བོད་སྐད་དུ། དམ་ཚིག་གི་རྒྱན། ཕྱག་ན་རྡོ་རྗེ་ལ་ཕྱག་
འཚལ་ལོ། །དམ་ཚིག་མེད་དང་འཆལ་པར་གཏོང་། །སོམ་ཉི་ལ་སོགས་བསལ་བའི་ཕྱིར། །དམ་ཚིག་རྣམས་ནི་མདོར་བསྡུས་ནས། །གསང་བའི་བདག་ལ་འདུད་དེ་བཤད། །སྔགས་པས་སྲུང་བའི་དམ་ཚིག་ནི། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཉའམ་སྟོང་གི་དུས་
དག་ཏུ། །ཡན་ལག་བརྒྱད་པ་ཉེར་གནས་ཏེ། །ལོ་གཅིག་པའམ་ཟླ་གཅིག་བྱ། །དེ་ནས་ཇི་སྲིད་སེམས་བསྐྱེད་དེ། །བསླབ་པ་ལྔ་པོ་ལེགས་བཟུང་ནས། །ལོ་གཅིག་ཟླ་གཅིག་བར་དག་ཏུ། །སྡོམ་པ་བརྟན་པོར་གཟུང་བར་བྱ། །དེ་ནས་དགེ་ཚུལ་དགེ་སློང་གི། །བསླབ་པ་ལ་ནི་
ལེགས་གནས་ཏེ། །མི་གཏོང་ལོའམ་ཟླ་བའམ། །སྡོམ་པ་ཉམས་པ་བླང་བར་བྱ། །སོ་སོར་ཐར་པའི་སྡོམ་པ་ལ། །གང་ཞིག་གིས་ནི་ལེགས་གནས་ན། །མཁས་པ་རྣམས་ཀྱིས་དུས་ཀུན་དུ། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །གང་ཞིག་གིས་ནི་དེ་གོམས་འགྱུར། །གང་ཚེ་གོང་
མའི་བསླབ་གནས་པས། །དེ་ཚེ་འོག་མའི་མིང་དང་བྲལ། །དང་པོ་སྦྱིན་པ་བསླབ་བྱ་སྟེ། །དངོས་པོ་བཅུ་གཉིས་ཡང་དག་ལྡན། །བཟོད་དང་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་གསུམ་སྟེ་གསུམ་དུ་བསྟན། །གཞན་གྱི་མྱ་ངན་སངས་ལ་སོགས། །སེམས་ཅན་དོན་འགྱུར་
ཐམས་ཅད་ཀུན། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །སྡོམ་པ་ལོ་འམ་ཟླ་བ་རུ། །བརྟན་ནས་སྔགས་ཀྱི་དམ་ཚིག་བླང་། །སྤྱི་དང་ཁྱད་པར་གཉིས་སུ་ཤེས། །དང་པོ་དག་ནི་བཤད་བྱ་སྟེ། །དང་པོར་སློབ་དཔོན་མཉེས་པར་བྱ། །ཡི་དམ་སྤོང་ལེན་མི་བྱ་སྟེ། །ལུས་དང་ངག་ཡིད་སྐུ་གསུང་
ཐུགས། །ཕྱག་རྒྱ་ཆེ་ལ་རབ་ཏུ་གནས། །དམ་པ་རྣམས་ནི་སྨད་མི་བྱ། །གསང་བའི་དོན་ཡང་བསྟན་མི་བྱ། །རྟགས་ཆེན་སྐུ་ཡང་མི་བསྟན་ཏེ། །བཟླས་དང་སེམས་ཉམས་བསྟན་མི་བྱ། །རྡོ་རྗེ་དྲིལ་བུ་ཕྲེང་བ་དག །སྐད་ཅིག་ཙམ་ཡང་སྤང་མི་བྱ། །གྲོགས་པོའི་སེམས་ནི་དཀྲུག་

མི་བྱ། །ཁྱད་པར་གྲོགས་ལ་སྨོས་ཅི་དགོས། །ཚོགས་དང་གཏོར་མ་སྦྱིན་སྲེག་བྱ། །མཎྜལ་ཚ་ཚ་ལ་སོགས་པ། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཆོས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་། །སྤང་བར་འགྱུར་བ་སྨོས་ཅི་དགོས། །ཤ་ཆེན་ཁྲག་
དང་ཁུ་བ་དང་། །དྲི་ཆེན་དང་ནི་དྲི་ཆུ་དང་། །བླང་དང་སྤང་བར་བྱ་བ་མིན། །རྩ་བ་བྱང་ཆུབ་སེམས་མི་བཏང་། །ཆོས་ལ་སྨོད་པ་སྤང་བར་བྱ། །དད་ལྡན་བསམ་པ་སུན་མི་དབྱུང་། །བུད་མེད་རྣམས་ནི་སྨད་མི་བྱ། །སྤང་དང་བླང་བར་བྱ་བ་མིན། །བགྲོད་མིན་ལ་ནི་བགྲོད་པ་མིན། །སྤོང་བ་མི་
སྤོང་གྱུར་པ་དང་། །བླང་བྱ་མི་ལན་སྤང་བར་བྱ། །དུག་ལྔ་སྤོང་བ་སྤང་བར་བྱ། །བླང་བ་ཡང་ནི་སྤང་བ་མིན། །དུག་ལྔ་མ་སྤངས་པར་སྤྱད་བྱ། །དམ་པ་མ་ཡིན་བསྟེན་མི་བྱ། །འདུ་འཛིའི་ནང་དུ་འཇུག་མི་བྱ། །དགོངས་པ་ཅན་གྱི་གཞི་རྣམས་ཀུན། །བླ་མ་མེད་པར་བསྟེན་མི་བྱ། །
དཀྱིལ་འཁོར་ལ་སོགས་སྦྱོར་བ་ཡིས། །གཞན་ལ་ཕན་འདོགས་བྱེད་པ་རྣམས། །ཆོ་ག་རྫོགས་པར་བྱ་བར་བྱ། །འཇུག་ཀྱང་ལྷག་ཆད་འགྱུར་བ་ཡི། །དུས་མ་ཡིན་པའི་སྤྱོད་པ་སྤང་། །དུས་ཀྱང་གཞན་དང་མི་མཐུན་སྤང་། །གྲོགས་སུ་འགྱུར་ན་སྨོད་
པ་སྤང་། །རྟག་ཏུ་མི་དང་སྤྱོད་པ་བསྟུན། །དང་པོ་དཀའ་ཐུབ་བསྟེན་པ་སྟེ། །ཐ་མའི་དུས་སུ་སྤང་བར་བྱ། །ཆང་སོགས་ཉེས་པར་གྱུར་པ་སྤང་། །ཐབས་ལྡན་དངོས་གྲུབ་སྦྱོར་བར་འགྱུར། །གང་ཚེ་བཅོམ་ལྡན་རྡོ་རྗེ་ཅན། །དེ་བཞིན་སངས་རྒྱས་ཐམས་ཅད་ཀུན།
བསླབ་པ་འདི་ལ་བརྟེན་པས་འགྲུབ། །བསླབ་པ་དག་ལ་མི་གནས་པར། །རྟག་ཏུ་བྱ་བ་རྣམས་ལ་འཇུག །སྐྱེས་བུ་དེ་ནི་བདུད་ཀྱིས་བསླུས། །གང་ཞིག་བཟོད་པ་མི་བསྟེན་པའི། །རྣལ་འབྱོར་འབྲས་བུ་མི་འདོད་འདུ། །དགྲ་སོགས་ཉེས་པ་ཅི་བྱས་པ། །
རང་གི་ཞེ་སྡང་ཁྲོས་རྦད་པས། །ཉེས་ན་ཞེ་སྡང་ཁྲོ་བར་རིགས། །དགྲ་རྣམས་གཞན་དུ་བྲོས་ཕྱིར་མིན། །དེ་ཕྱིར་དེ་ལ་ཉེས་པ་མེད། །བཟོད་ན་དགེ་རྩ་ཀུན་གྱི་མཆོག །ང་རྒྱལ་ལ་སོགས་ཉོན་མོངས་ཀུན། །བསྐྱེད་པ་དོན་མེད་སྤང་དོན་ཅན། །དེ་ཕྱིར་ཉོན་མོངས་

སྤང་བར་བྱ། །ཁྱད་པར་ཐོད་པའི་ཕྲེང་བ་ཅན། །གོས་སྔོན་པོ་དང་རཀྴ་དང་། །རུས་པའི་ཕྲེང་བ་བླང་བར་བྱ། །དུས་ཀུན་དུ་ནི་རང་ལྷ་མཆོད། །རྟག་ཏུ་བླ་མ་མཉེས་པ་བྱ། །རྟག་ཏུ་རང་ལྷའི་བསྙེན་པར་བྱ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་སྔགས་ཀྱི་སྤྱོད་པ་བསྟེན། །
རྟག་ཏུ་ཆོས་ཀྱི་དམ་པ་བླང་། །རྟག་ཏུ་ཁྲུས་ཀྱི་ཆོ་ག་བྱ། །སྲོག་གཅོད་པ་ཡི་སེམས་ཅན་པས། །ཀུན་དུ་རྒྱུག་པར་བྱེད་པ་བླ། །དེ་བས་མཁས་པས་དུས་ཀུན་དུ། །སྲོག་གཅོད་པ་ནི་སྤང་བར་བྱ། །གྲོང་ཁྱེར་འཇུག་དང་གཏོར་མ་གཏང་། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །དམ་
ཚིག་རྟག་ཏུ་སྲུང་བྱེད་པའི། །རྣལ་འབྱོར་དེ་ལ་དངོས་གྲུབ་འབྱུང་། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །དམ་ཚིག་གདུག་པ་ཟིལ་གྱིས་ནོན། །དམ་ཚིག་ཐུབ་དཀའ་གདུག་པ་འཇོམས། །དེ་བས་མཁས་པས་དུས་ཀུན་དུ། །དངོས་གྲུབ་འགྲུབ་འགྱུར་དམ་ཚིག་བསྟེན། །གང་དག་དམ་
ཚིག་མེད་ཅིང་སྦྱོར་བ་ཀུན་སྤང་བ། །རྟག་ཏུ་དངོས་གྲུབ་སྦྱོར་སྤངས་སྡུག་བསྔལ་ཐམས་ཅད་བསྐྱེད། །འགྲོ་བའི་སྡུག་བསྔལ་སེལ་མཛད་སངས་རྒྱས་རྡོ་རྗེ་ཅན། །རྟག་ཏུ་ཐུབ་བྱེད་སྡོམ་གནས་རྟག་ཏུ་བདེ་བའི་མཆོག །བླ་མེད་ལམ་མཆོག་གསང་ཆེན་དེ་ཉིད་སྤང་། །མི་གནས་དངོས་
གྲུབ་མེད་ཅིང་ཚ་གྲང་སྡུག་བསྔལ་མྱོང་། །དོན་ནོར་སྨྲ་བ་ཉམས་ཤིང་སློབ་དཔོན་བཀའ་སོགས་བཅག །སྤྱི་ནས་བླ་མེད་བླང་ཞིང་མཁའ་འགྲོས་སྙིང་འདྲེན་ན། །གནོད་བྱེད་མེ་དབལ་རྟག་ཏུ་དགྲ་བཞིན་སྤང་། །ཡིད་བཞིན་ནོར་བུ་རང་གི་སྲོག་བཞིན་བླང་། །སྲུང་དང་བླང་སོགས་
བཅའ་ཐབས་མཁས་པས་བྱ། །དེས་ནི་རྟག་ཏུ་བདེ་ལྡན་སྡུག་བསྔལ་སྤང་། །བདག་གིས་ཐབས་འདི་བརྩམས་པར་མི་རིགས་ཀྱང་། །བསླབ་པ་གནས་ཕྱིར་ནོར་བུ་ལེན་བྱེད་བརྩམས། །འདི་ལས་བདག་གིས་བསོད་ནམས་ཅི་ཐོབ་པ། །དེས་ནི་ཐམས་ཅད་བདེ་བར་གནས་པར་ཤོག །
དམ་ཚིག་གི་རྒྱན་རྫོགས་སོ།། །།སྤྱིར་སྡོམ་པ་ལ། བསྙེན་གནས་སྡོམ་པ་ཉ་སྟོང་ངམ་ཚེས་བརྒྱད་གང་རུང་ལ་བླང་ངོ་། །དགེ་བསྙེན་སྡོམ་པ་ལ། དབྱེ་ན་སྣ་འགའ་སྲུང་བའི་དགེ་བསྙེན་རྩ་བ་ལྔ་ནས་འགའ་སྲུང་བའོ། །ཚངས་པར་སྤྱོད་པའི་དགེ་བསྙེན་ནི། རྩ་བ་ལས་འདོད་ཆགས་

རང་གི་བུད་མེད་མིན་པ་སྤངས་པའོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ལ་ལུགས་གཉིས་ཏེ། རྩ་བ་ལྔ་ཀ་སྲུང་བའོ། །ཡོངས་སུ་རྫོགས་པའི་དགེ་བསྙེན་ལ། དགེ་ཚུལ་གྱི་སྡོམ་པ་ནས་ཕྱི་དྲོའི་ཁ་ཟས་ཀྱི་བར་དུ་བྱ་བ་ནས། ཁྱིམ་པའི་རྟགས་སྤང་བ་དེ་གཉིས་མིན་པ་
བཅུའོ། །དགེ་ཚུལ་གྱི་སྡོམ་པ་ལ་བཅུ་གསུམ་མོ། །དགེ་སློང་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། །བྱང་ཆུབ་སེམས་ཀྱི་སྡོམ་པ་ལ་ཉི་ཤུ་ཐམ་པ། སྔགས་ཀྱི་དམ་ཚིག་ལ་རང་གི་དམ་ཚིག་དང་སྔགས་པའི་གཉིས་སོ། །དེ་ཚོ་ཡོད་ཚད་ཡར་ལྡན་དུ་བརྩི་སྔགས་ཀྱི་
སྡོམ་པའི་ཁོག་ཏུ་བརྩི་གསུངས།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ན་ནོ་པི་ཀ །བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས། དཔལ་ལྡན་གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །འགྲོ་བ་སེམས་
ཅན་མུན་འཐོམས་པའི། །ཀུན་ནས་དཀྲིས་པའི་ཉོན་མོངས་ཀུན། །སྒྲོན་མེས་གསལ་ཕྱིར་སྒྲུབ་པའི་ཐབས། །དཔལ་ལྡན་རྡོ་རྗེ་འཛིན་ལ་གུས་བཏུད་དེ། །བླ་མ་བརྒྱུད་པའི་མན་ངག་ནི། །ཀླུ་ཡི་བྱང་ཆུབ་ཉིད་ཀྱིས་རིམ། །བཞིན་བཤད་རིགས་རྣམས་འོས་སུ་གྲུབ་པ་ཡི། །སྔགས་
པ་ཡོན་ཏན་ཀུན་ལྡན་པའི། །ཡིད་འོང་བཀྲ་ཤིས་བདེ་གནས་སུ། །བླ་མེད་རྒྱུ་རུ་རག་གནས་ལ། །སྙིང་གར་ཉི་ལ་ཧཱུཾ་བཞག་སྟེ། །བྱིན་བརླབས་བལྟས་ཏེ་བཀའ་བསྒོ་ལ། །འོད་ཀྱིས་བགེགས་ལ་ཐོག་རྣམས་དབབ། །བྷྲཱུཾ་གྱི་ཚིག་དང་ཡང་དག་ལྡན། །ཧཱུཾ་ལས་འོད་ཟེར་ཧ་འཕྲོས་
པས། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །མེ་ཡི་ཁང་པ་ཡོངས་སུ་དབུབ། །བཛྲ་ཙཀྲ་ཧ་ན་དང་། །ཛྭ་ལ་རཾ་ཡང་ཡོངས་སུ་བརྗོད། །གཡས་པའི་རཾ་དང་གཡོན་པའི་ཨ། །སྙིང་རྗེས་བགེགས་གསོས་བྱེར་བར་འགྱུར། །རྒྱུད་འོས་གྱུར་ནས་རང་བྱུང་གི །དེ་འོད་ལས་བྱུང་ཉིད་ཉིད་ཀྱིལ་དུ། །
སློབ་དཔོན་སངས་རྒྱས་བཅས་སྤྱན་དྲང་། །བླ་མ་མི་བསྐྱོད་གཟུགས་འཛིན་ལ། །ཕྱག་འཚལ་ཕྱི་ནང་བཞི་ཡིས་མཆོད། །སྡིག་པ་བཤགས་ནས་སྡོམ་པ་གཟུང་། །ཡི་རང་བསྐུལ་དང་གསོལ་བ་གདབ། །བསྔོ་དང་སྐྱབས་འགྲོ་སེམས་བསྐྱེད་དེ། །ཚད་མེད་བཞི་པོ་ཡོངས་སུ་

བསྐྱེད། །རྒྱུ་དང་མི་རྒྱུའི་རྣམ་པ་ཀུན། །ཐམས་ཅད་ཡོངས་སུ་དག་པ་ལས། །རང་བྱུང་སྔགས་བསྐྱེད་འབྱུང་བ་ཡི། །གཞལ་ཡས་ལམ་ལྡན་རབ་ཏུ་བཅས། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་རིན་ཆེན་མཛེས། །དྲ་བ་དྲ་ཕྱེད་ཕ་གུ་དང་། །དར་དཔྱངས་རྟ་བབས་རྣམས་དང་
ལྡན། །སེང་གེ་འཁོར་ལོ་ཉི་ཟླའི་གདན། །དེ་སྟེང་ཧཱུཾ་ལས་རྡོ་རྗེར་གྱུར། །དེ་ལས་དཔལ་ལྡན་གཉིས་ཀྱི་བདག །ཉོན་མོངས་ཀུན་སེལ་གཏུམ་པོའི་གཟུགས། །རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན། །མཐིང་ག་གོས་སྔོན་སྐུ་ལ་གསོལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །ཐུན་མོང་ལས་
དང་རྗེས་མཐུན་ནོ། །མཆོག་ཀྱང་ཐོགས་པ་མེད་པར་རོ། །སྦྲུལ་བཞིས་ལུས་ལ་རྣམ་པར་བརྒྱན། །སྤྱན་དམར་མཆེ་གཙིགས་སྦྲུལ་ནག་ཟ། །རིན་ཆེན་དཔའ་བོའི་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་ཁྲོ་བོ་བརྗིད་པའི་ཞལ། །གསུས་ཁྱིམ་ཆེ་ཞིང་འཇིགས་པ་ཅན། །དེ་གསལ་མདུན་དུ་ཡེ་
ཤེས་དགུག །བགེགས་བསལ་མཆོད་དང་གཏོར་མས་མཉེས། །ཨེ་མ་ཧོ་དཔལ་ལྡན་གོས་སྔོན་ཅན། །ལུས་ཀྱི་རྟོག་པ་བསལ་བའི་ཕྱིར། །ཡེ་ཤེས་ཐུགས་རྗེ་ཆེན་པོའི་དང་། །བདག་ལུས་ཡེ་ཤེས་སྐུར་བྱིན་རློབས། །ཞེས་གསོལ་བ་གདབ་བོ། །དེ་ནས་སྐུ་གསུང་ཐུགས་གནས་
སུ། །ཡིག་འབྲུ་གསུམ་ལས་འོད་བྱུང་ནས། །མི་སྡུག་ཡིག་འབྲུ་འོད་ཀྱི་གཟུགས། །བསྡུས་ཤིང་བསྲེགས་ཏེ་སྦྱངས་པ་ལས། །ཡེ་ཤེས་གསུམ་ནི་གནས་སུ་བཞག །ཡེ་ཤེས་རིགས་ལྔས་བྱིན་གྱིས་བརླབས། །དབང་བསྐུར་མི་བསྐྱོད་རིགས་ལྔས་བརྒྱན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་
ཨ་བྷི་ཥིཉྩ། ཞེས་བྱ་བའི་སྔགས་ཀྱིས། ངག་ཡོངས་སུ་དག་པར་བྱས་ཏེ། གསང་སྔགས་བཟླས་སོ། །གསལ་བ་རྣམ་གཉིས་རགས་དང་ཕྲ། །བདག་དང་གཞན་གྱི་རྣམ་པ་ལ། །གསལ་བར་བྱེད་པ་དེ་ཉིད་དོ། །རྒྱུད་རྣམས་སྦྱངས་པའི་བཟླས་པ་ནི། །རགས་པ་དང་ནི་ཕྲ་བའོ། །རགས་
པ་གཉིས་ཏེ་བ་ཐག་དང་། །བ་ཐག་མེད་དེ་གཉིས་ཀ་ལ། །མགལ་མེ་ཕྲེང་བ་ཉི་མའི་ཚུལ། །ཕྲ་ཡང་གསུམ་དུ་འབྱུང་བ་ནི། །ཧཱུཾ་བསྐུལ་བསྲེག་པ་རཾ་ཡིན་ཏེ། །ལྟེ་བར་བཀྲུ་བ་སྤྱི་བོ་ཨ། །མཚན་མ་འདོད་པའི་བཟླས་པ་ལ། །རྣམ་པ་ལྔར་འདིས་མ་བྱས་པ། །འོད་ཟེར་དཀར་དམར་

འཕྲོ་འདུ་དང་། །བ་ཐག་གཟིངས་དང་དམིགས་པ་མེད། །སྙིང་གར་བསྐོར་རོ་མཚན་མ་འབྱུང་། །རཾ་དང་ཧཱུཾ་ལས་མེ་བྱུང་བས། །ཡེ་ཤེས་ལུས་སུ་གསལ་བར་སྣང་། །གྲུབ་རྟགས་ཐོན་པའི་རྟགས་གསུམ་ལས། །འོད་སྒྲ་སྐུ་སྟོན་སྒྱུ་མ་དང་། །ཚོགས་དང་གཏོར་མས་བཟློག་
པར་བྱ། །དེ་རྗེས་སངས་རྒྱས་ལུང་སྟོན་འབྱུང་། །གྲོགས་ནི་ཁྲུས་དང་སྲེག་དང་ཚེ། །བདུད་རྩི་ཀློག་འདོན་མཎྜལ་དང་། །ཚོགས་དང་སྦྱིན་སྲེག་གསད་པ་དང་། །ཚ་ཚ་གཏོར་མ་ལ་སོགས་པ། །འདི་ཡང་གྲོགས་སུ་འགྲོ་བ་ཡིན། །དེ་ནས་གསེར་ལ་སོགས་པ་འགྲུབ། །མཆོག་འདོད་པ་
ཡི་སེམས་ཅན་གྱིས། །ཐབས་དང་ཤེས་རབ་འཁོར་ལོ་བཞི། །སྙིང་ནས་སྦྱོར་བ་གསུམ་གྱི་རྩ། །ཡི་གེ་ཐིག་ལེས་ཡང་དག་མཚན། །དབུས་སུ་ཐབས་དང་ཤེས་རབ་འབར། །དབུ་མ་དབྱིངས་ནས་སྤྲུལ་པ་རུ། །ཡེ་ཤེས་གསལ་བར་དབྱིངས་ལ་ཐུག །དེ་ཚེ་མི་གནས་བསམ་དང་བྲལ། །
འགྲོ་བའི་ཚེ་དབང་གང་གི་རྩ། །ཁ་ཕྱེ་བ་ཡི་ནང་ནས་ཐིག་ལེ་བསམ། །བ་ཐག་ཕུག་ནས་ཐིག་ལེ་ལ། །ཐིམ་མོ་དེ་ལ་བློ་གཏད་པས། །མཐའ་འདས་རང་བཞིན་མེད་པའོ། །འཇུག་པ་བ་ཐག་བཞི་པོ་ཡང་། །སྲིད་གསུམ་འཇོམས་པའི་རང་བཞིན་ཏེ། །སྟོང་པ་བ་ཐག་བཞི་པོར་ཐིམ། །དབང་
པོ་ཐིག་ལེ་མེད་པ་ལ། །དབུ་མ་ཆེན་པོའི་དབྱིངས་ཉིད་དུ། །ཡེ་ཤེས་ཕྲ་མོ་ལས་ཀྱིས་སྤྲོས། །འབྱུང་འཇུག་ཕྲ་བའི་བ་ཐག་ནི། །སྐོར་བདུན་འོང་དང་འགྲོ་བ་འགྲུབ། །རྟགས་ལྔ་ལ་བཟླ་ཕྱག་རྒྱ་ཡི། །ཡེ་ཤེས་ཆེན་པོ་ཐོབ་པར་འགྱུར། །འདི་ནི་གང་ཟག་སྣོད་ཅན་ལ། །གང་ཟག་ཚུལ་འཆོས་
གཡོ་ཅན་རྣམས། །གསང་སྔགས་ཕྲག་ཁྱེར་ངན་སོང་རྒྱུ། །དེ་ལ་སྦྱིན་པར་མི་བྱའོ། །ཚུལ་བཞིན་བསྒྲུབ་པའི་གང་ཟག་ལ། །དངོས་གྲུབ་ཀླུ་མོ་མཁའ་འགྲོས་སྟེར། །བརྒྱུད་པའི་རིམ་པ་མན་ངག་འདི་བཀོད་པས། །ཚིག་དང་དོན་ལ་ཉེས་པ་ཡང་ཡོད་སྲིད། །རིགས་ལྔ་བདེ་བར་གཤེགས་
པ་དང་། །མཁས་པ་རྣམས་ལ་བཟོད་པར་གསོལ། །ཁེངས་པ་རྙེད་པ་བཀུར་སྟིར་ལ་སོགས་མིན། །ཕྱི་རབས་རྩོད་པའི་དུས་སུ་སེམས་ཅན་དངོས་གྲུབ་འབྱུང་། །འདི་བརྩམས་པ་ཡི་བསོད་ནམས་ཀྱིས། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །རགས་དང་ཕྲ་བའི་རྟོག་པ་

ཀུན་སྤངས་ནས། །ཡོངས་སུ་དག་པའི་ས་ཐོབ་ཤོག །དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མནྟྲ་ཨ་ལཾ་ཀཱ་ར་ནཱ་མ་ཊཱི་ཀཱ། བོད་སྐད་དུ། སྔགས་པ་རྒྱན་གྱི་འགྲེལ་པ་ཞེས་བྱ་བ། བཅོམ་ལྡན་འདས་
རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །དུས་མཐའ་རྩོད་པ་རྒྱས་དུས་སུ། །ཉི་ཟླ་ལྟ་བུའི་མཐུ་མངའ་ཞིང་། །ཐམས་ཅད་སེལ་ཅིང་སྣང་བ་ཡི། །དུས་གསུམ་སངས་རྒྱས་ཀུན་གྱི་དང་། །རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །བླ་མའི་མན་ངག་བརྩོན་པ་ཡི། །ཉི་མས་མུན་པ་སེལ་བ་བཞིན། །ཚིག་
སྒྲིབ་སྣང་བར་བྱེད་པ་ཡི། །རྩ་བའི་འགྲེལ་དུ་གསུངས་པ་ཡིན། དེ་ལ་མྱུར་དུ་ནས་བཤད་པའི་བར་དུ་མ་བཀྲལ་ལོ། །གང་ཞིག་རྣལ་འབྱོར་པ་ཡིས་ནི། །སྔགས་ལ་གཙོ་ཆེར་བྱེད་པ་ཡི། །རིགས་བཟང་དོན་དང་ལྡན་པ་ཡིས། །ཞེས་པ་ལ། གང་ཞིག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་
འོག་ཏུ་སྔགས་བཟླས་པར་འབྲེལ་ཏོ། །སྔགས་ལ་གཙོ་བོར་ནི་ཞི་གནས་དང་ལྷག་མཐོང་མ་ཡིན་ཏེ། སྔགས་ཁ་ནས་བཟླས་པར་འབྲེལ་ཏོ། །རིགས་བཟང་དོན་ལྡན་ནི་རིན་པོ་ཆེའི་རིགས་ལ་དབང་ལ་སོགས་པ་བཞི་དང་ལྡན་པའོ། །ཡིད་དང་མཐུན་པའི་གནས་དག་ཏུ། སྔགས་ཀྱི་
མི་མཐུན་ཀུན་སྤངས་ནས། །བསྙེན་པའི་གནས་སུ་ལེགས་འདུག་སྟེ། །ཡིད་དང་མཐུན་པའི་གནས་ནི། རང་སྡེ་ཉམས་དགའ་བའི་ཡུལ་ལོ། །སྔགས་ཀྱི་མི་མཐུན་ཞེས་པ་ནི་དགེ་བ་དང་སྡིག་བྱེད་མ་ནག་ལ་སོགས་པའོ། །བསྙེན་པའི་གནས་ནི་བྱང་རིས་སྐྱོབ་པ་ལ་སོགས་པ། སྙན་པ་
ཕུན་སུམ་ཚོགས་པའོ། །དེར་ཚེས་བཞི་ལ་འདུག་ཅེས་འོག་མ་དང་འབྲེལ་ཏོ། །སེམས་སྦྱང་ལྷག་པའི་ལྷར་གྱུར་ཏེ། །བསྲུང་དང་ཚོགས་བསག་སྟོང་པར་བསྒོམ། །ཞེས་པ་ལ། སེམས་སྦྱང་ལྷག་པའི་ལྷ་ནི་སེམས་ནི་སྨོན་འཇུག་སྟེ། ཐེག་པ་ཆེན་པོར་སེམས་བསྐྱེད་པའོ། །འཇུག་པའི་
རིམ་པ་ཡང་སྟོང་པ་ཉིད་ལས་རང་ལྷག་པའི་ལྷར་ཧཱུཾ་གིས་བསྐྱེད་པར་འབྲེལ་ཏེ་རང་གིས་སོ། །བསྲུང་བ་ནི་བཀའ་བསྒོ་ཞིང་བསྐྲད་པ་དང་མ་སོང་བ་ལ་བསད་པའི་ཐོག་དབབ་ཅིང་རྡོ་རྗེ་ལ་སོགས་པའི་བསྲུང་བའི་གཞི་བསྒོམ་པར་འབྲེལ་ཏོ། །དེ་ནི་ངག་དང་ལུས་ཀྱི་ལས་སུ་གསུངས་ཏེ།

མཐར་ཕྱིན་པར་བྱེད་པའོ། །ཚོགས་བསག་ཅེས་པ་ནི་བསོད་ནམས་ཀྱི་ཡན་ལག་བཅུ་སྟེ། རྟེན་དང་བའི་ངོ་བོས་བཤགས་པར་འབྲེལ་ཏོ། །སྟོང་པ་ནི་ཡེ་ཤེས་ཀྱི་ཡན་ལག་སྟེ། མེད་ཅིང་མི་དམིགས་པ་སྟེ་ཕྱི་ནང་ངོ་། །དེ་ལས་རང་གི་སེམས་ཉིད་ནི་ཡི་གེ་ཧཱུཾ་གི་
རྣམ་པ་ལས། བྷྲཱུཾ་འཕྲོས་གཞལ་ཡས་ཁང་པར་གྱུར། །ཞེས་པ་ལ་སྟོང་པ་དེའི་ངང་ལས་སེམས་ཉིད་ཧཱུཾ་བྱུང་སྟེ། དེ་ལས་གཞལ་ཡས་ཁང་གི་བྷྲཱུཾ་རྣམ་པར་བསྐྱེད་པའོ། །ཡང་ན་ནི་རང་གི་སྒྲུབ་ཐབས་ལས་བྱུང་བ་བཞིན་བསྐྱེད་པར་གསུངས་སོ། །དེ་སྟེང་ཧཱུཾ་ལས་ཆོ་ག་གསུམ། །དཔལ་
ལྡན་གཏུམ་པོའི་གཟུགས་སུ་སྣང་། །ཞེས་པ་ལ། གདན་ལྔ་དང་ལྡན་པའི་ཐོག་ཏུ་ཧཱུཾ་ལས་ཆོ་ག་གསུམ་གྱིས་གཏུམ་པོ་ནི་མིའུ་ཐུང་གི་གཟུགས་བསྐྱེད་པར་གསུངས་སོ། །གཡས་ན་རྡོ་རྗེ་རྩེ་ལྔ་པ། །གཡོན་པས་བྱ་ཁྱུང་ངེས་པར་བསྣམས། །སྐུ་མདོག་སྔོན་པོ་དཔའ་བོའི་ཆས། །ཞེས་པ་ལ། གཡས་པའི་
ཕྱག་ན་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། རིགས་ལྔ་ཡང་ཡོངས་སུ་གཟུང་ངོ་། །གཡོན་ན་བྱ་ཁྱུང་བསྣམས་པ་སྟེ། ཀླུའི་གདོན་དྲུག་འདུལ་བར་བྱེད་པའོ། །སྐུ་མདོག་སྔོན་པོ་ན་བཟའ་སྔོན་པོ་སྟེ། །རང་གི་ངོ་བོ་ཕྱིར་བྱུང་བ་དེས་འདུལ་བའོ། །དཔའ་བོའི་ཆས་ནི་རཀྟ་སོ་
རིས་ཚོམ་བུ་དང་། །སྟག་ལ་སོགས་པ་བརྒྱད་དུ་གསུངས། །ཞེས་ལུང་ལས་འབྱུང་བ་སྟེ། དཔའ་བོའི་ཆས་བརྒྱད་དོ། །གཡོན་བརྐྱང་གཡས་བསྐུམ་འགྱིང་བག་ཅན། །ཞེས་པ་ལ་ཞབས་གཡོན་བརྐྱང་གཡས་བསྐུམ་པ་ནི། སེམས་ཅན་འདུལ་བ་དང་རང་ལ་སྐྱོན་མེད་པར་ཡོངས་སུ་གཟུང་ངོ་། །
འགྱིང་བག་ནི་རང་གི་སྟོབས་ཉེ་བར་སྟོན་པ་སྟེ། ཉམ་ང་མེད་པའི་ལྷ་ཡོངས་སུ་གསལ་བར་བསྒོམ་པར་གསུངས་སོ། །ཡེ་ཤེས་བསྟིམ་དང་བྱིན་བརླབས་ནས། །དབང་བསྐུར་འབྲས་བུ་ལྔ་དང་ལྡན། །ཞེས་པ་ནི་ཧཱུཾ་ལས་ཡེ་ཤེས་པ་སྤྱན་དྲངས་ཏེ། བགེགས་ཉེ་བར་ཞི་བར་བྱ་སྟེ་
རང་གི་ལུས་ངག་ཡིད་གསུམ་ལ། ཡི་གེ་གསུམ་གསལ་བར་བྱ་སྟེ། བསྟིམ་པ་དང་དབང་བསྐུར་བ་ནི་ཆུ་དང་དབུ་རྒྱན་དང་རྡོ་རྗེ་དྲིལ་བུའི་དབང་དང་ལྔས། ཀུན་གཞི་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་སྒོ་ལྔའི་རྣམ་ཤེས་གནས་པ་ནི་ཡེ་ཤེས་ལྔ་དང་འབྲས་བུ་རིགས་ལྔ་དང་ལྡན་པར་

གསུངས་སོ། །དེ་ཡང་ལུང་ལས། བདག་ཉིད་གསལ་བར་གྱུར་པ་ནི། །ཡེ་ཤེས་བྱིན་བརླབ་དབང་བསྐུར་ནས། །སྔགས་བཟླས་པ་ལ་ཡོངས་སུ་འཇུག །འབྲས་བུ་ཡོངས་སུ་འབྱིན་པ་ཡིས། །རྡོ་རྗེའི་སྔགས་ཀྱི་བཟླས་པ་བྱ། །བདག་དང་གཞན་པའི་རྣམ་པ་ཡིས། །རགས་པ་དང་ནི་ཕྲ་
བ་ཡིས། །ཞེས་པ་ལ། རྡོ་རྗེས་ནི་བསྒོམ་པའི་རྗེས་ལ་བཟླས་པ་བྱ་སྟེ། དེ་མིན་པར་ནི་མ་ཡིན་ནོ། །བདག་གསལ་བ་དང་གཞན་གསལ་བ་དང་། གཙོ་བོ་གསལ་བ་ནི་བདག་ཁྱབ་བྱེད་མིན་པས་གཙོ་བོ་ལ་བདག་ཅེས་བྱ་བའི་སྒྲ་འཇུག་པས་དེ་སྐད་གསུངས་སོ། །དེ་ནི་གཞལ་ཡས་
ཁང་དང་དུར་ཁྲོད་མི་རོ་ལ་སོགས་པ་གསལ་བའོ། །རགས་པ་ནི་རྣམ་པ་ཅི་གསལ་བ་ཕྲ་བ་ནི་སྤྱན་དང་སྨིན་མ་དང་། ཞག་གི་ཟོ་རིས་ལ་སོགས་པ་ཡོངས་སུ་གཟུང་ངོ་། །ཤིན་ཏུ་ཕྲ་བའི་རྣམ་པ་སྟེ། སེམས་དཔའ་སུམ་བརྩེགས་གཞལ་ཡས་ཁང་། །གསལ་བར་བྱེད་པ་དེ་ཉིད་
དེ། །རྣལ་འབྱོར་ཚུལ་གྱིས་ཡོངས་སུ་སྒྲུབ། །ཅེས་པ་ལ། ཤིན་ཏུ་ཕྲ་བ་ནི་རིན་པོ་ཆེ་ནང་གི་ཡེ་ཤེས་དང་རྡོ་རྗེ་དང་ཧཱུཾ་གི་རྣམ་པར་གསུངས་སོ། །དེ་ཡང་ཡེ་ཤེས་པའི་ངོ་བོ་གསུམ་དུ་གསུངས་ཏེ་བརྩེགས་མར་འདུག་པས་བརྩེགས་མའོ། །གཞལ་ཡས་ཁང་རགས་པ་གསལ་བ་སྟེ།
གོང་གི་དོན་གྱིས་ཡོངས་སུ་གསལ་བས་འདིར་མ་བྲིས་སོ། །རྣལ་འབྱོར་ནི་རང་གི་ཞི་གནས་ཀྱི་ལྷ་གསལ་བ་སྟེ། བལྟ་བར་བྱ་བའི་ངོ་བོའི་རིགས་པས་ཟིན་པ་ནི། ཐུན་བཞིའི་ཚུལ་དུ་བྱེད་པ་ནི་ཆེན་པོའི་རྣལ་འབྱོར། དེ་ཡང་སྟོང་པ་ཉིད་ལ་ཞུགས་རྣལ་འབྱོར། །ཞེས་གསུངས་སོ། །འདོད་
ཆགས་ཞེ་སྡང་ནི་ཞེས་པ་ནས་སྤང་བར་བྱ་བའི་བར་ལ། དྲུག་རྩ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དྲུག་དང་། ཁྲོ་བ་ལ་སོགས་པ་ཉི་ཤུ་ཉེ་བའི་ཉོན་མོངས་པ་རྣམས་སྔགས་པས་སྤངས་ཏེ། དེ་དང་འབྱར་བའི་སྔགས་ནི་དངོས་གྲུབ་མི་འབྱུང་བར་གསུངས་སོ། །དེ་ནས་དེ་བསྐྱེད་པའི་
རྒྱུ་དང་འབྲས་བུ་གཉིས་ཀ་སྤང་བར་གསུངས་ཏེ། ཀུན་ཀའི་རྒྱུ་རུ་འགྲོ་བ་ནི་ཆང་ངོ་། །དེས་ན་ཆང་ནི་ཉོན་མོངས་པའི་རྩ་བར་གསུངས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་བཞིན་རེག་བྱ་ལ་སོགས་པ། །གཡེང་བར་གྱུར་པ་མ་ལུས་པ། །སྔགས་ཀྱི་དུས་སུ་སྤང་བར་བྱ། །ཞེས་པ་ལ་

སྒྲུབ་པ་པོས་འདོད་པའི་ཡོན་ཏན་ལྔ་པོ་གཡེང་བའི་རྒྱུ་ཡིན་པས་དེས་དེ་ནི་ཡོངས་སུ་སྤང་བར་གསུངས་ཏེ་དགྲ་ཡིན་པའི་ཕྱིར་རོ། །སྒྲ་ཆེན་པོ་དང་སྒྲ་ཆུང་དང་། །སྐྱེན་པ་དང་ནི་བུལ་བ་དང་། །མི་གསལ་ཡན་ལག་ཉམས་པ་དང་། །གསང་སྔགས་བར་དུ་སྒྲ་ཞུགས་དང་། །
དམིགས་པ་མ་རྫོགས་འཇོག་པ་དང་། །སྔགས་ཀྱི་དུས་སུ་སྤང་བར་བྱ། །ཞེས་བྱ་བ་ལ་སྒྲ་ཆེ་བ་ནི། ནམ་མཁའི་སྒྲ་སྟེ་གསང་བའི་མན་ངག་ཉམས་པའོ། །ཆུང་བ་ནི་སྔགས་ཀྱི་བརྗོད་པ་ཉམས་པ་སྟེ་སྤང་བའོ། །སྐྱེན་པ་དང་བུལ་བ་ནི་སྒྲ་དམའ་ཞིང་ཉམས་པ་སོགས་སྐྱོན་དུ་མ་
ལས་ནུས་པ་འབྱུང་བའི་རྒྱུ་ནི་རྒྱུ་གཅིག་ལས་མ་ཡིན་ཏེ། སྒྲ་མི་གསལ་ཞིང་ཡི་གེ་མཐུ་ཉམས་པ་དང་བར་དུ་མི་ཚིག་གིས་མ་ཆོད་པར་བྱ་སྟེ་མི་ཚིག་གིས་བར་ཆོད་པ་ནི་སྔགས་མ་ཡིན་ཏེ། མཐུ་མེད་པའི་ཕྱིར་རོ། །དེས་ན་དེ་རྣམས་སྐྱོན་ཡིན་པས་སྤང་བར་གསུངས་སོ། །དེ་རྩ་བའི་རྒྱུད་
ལས། སྒྲ་ཆེ་འབྱུང་པོའི་བར་ཆོད་འབྱུང་། །སྒྲ་ཆུང་ནུས་པ་ཆུང་བར་འགྱུར། །སྐྱེན་འགྱུར་ལུས་ཀྱི་ཕྲད་པ་ཉམས། །བུལ་འགྱུར་སྔགས་ཀྱི་གྲོངས་མ་སྐྱོལ། །མི་གསལ་ཡན་ལག་ཉམས་པ་ཡིས། །བཟླས་པའི་མཐུ་རྣམས་མེད་པར་འགྱུར། །གསང་སྔགས་ཞུགས་ན་གདུག་པའི་བར་
ཆོད་འབྱུང་། །ཞེས་གསུངས་སོ། །དམིགས་པ་མ་རྫོགས་འཇོག་པ་དང་། །སྔགས་ཀྱི་དུས་སུ་སྤང་བར་བྱ། །རྗེས་ཀྱི་རྣལ་འབྱོར་མ་ལུས་པར། །ཞེས་པ་ལ་དམིགས་པ་མ་རྫོགས་པར། །དམ་བཅས་པའི་གྲངས་ལས་འདས་པའོ། །དེ་མ་རྫོགས་པར་ནི་བཟླས་པ་བྱ་བ་སྟེ་མི་བྱ་
བ་ནི་སྤང་བར་གསུངས་སོ། །རྗེས་ཀྱི་རྣལ་འབྱོར་ནི་ཐུན་བཞིའི་རྣལ་འབྱོར་གྱིས་ཕྱག་བཙལ་བ་ལ་སོགས་པ་ཡོངས་སུ་བྱས་པ་འགྲོ་འདུག་ཉལ་བའི་སྤྱོད་ལམ་གྱིས་བསྒྲུབ་པར་གསུངས་སོ། །དུས་དང་གྲངས་དང་མཚན་མ་དང་། །རོ་དང་དབང་བསྐུར་ལ་སོགས་པ། །ཞེས་
བྱ་བ་ལ། དུས་ནི་ལོའམ་ཟླ་བའི་བར་དུའོ། །གྲངས་ནི། ཉིས་འབུམ་སུམ་འབུམ་བཅུ་ལ་སོགས། །ཉི་ཤུ་རྩ་བའི་གྲངས་སུའོ། །བསྙེན་པ་ཉེ་བསྙེན་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོའི་ཚུལ་དུ་བསྒྲུབ། །ཅེས་གསུངས་སོ། །རོ་དང་དབང་བསྐུར་ནི་ཤི་བའི་རོ་ལ་དང་པོ་བགེགས་བསྐྲད་ཁྲུས་བྱས་

རྒྱན་གདགས་ཏེ་རྒྱུན་ཆགས་དང་རྩ་མ་ལུས་པར་བྱ་སྟེ། །སྔགས་ཟློས་ཤིང་རྣལ་འབྱོར་པ་རྣམ་པ་གསུམ་བསྒྲུབ་པ་ལ་རོ་ལྷའི་ངོ་བོར་བསྐྱེད་ལ་ཞག་བདུན་གྱི་ནང་པར་སྲེག་ཁང་མེའི་གཞལ་ཡས་ཁང་དུ་མཆོད་པར་འབྲེལ་ཏོ། །དེ་ནི་རོའི་ཆོ་གའོ། །དབང་གི་བསྙེན་པ་ནི་གོང་དུ་མཚན་མ་ཐོབ་པས་
གཙོ་བོར་འབུམ་དང་འཁོར་རྣམས་ཁྲི་རུ་གསུངས་སོ། །སེམས་དཔའ་སུམ་བརྩེགས་གསལ་བ་ཡིས། །རང་ཉིད་ཐིག་ལེའི་ངོ་བོ་ཡིས། །འོད་ཟེར་ལ་ནི་ཡིག་འབྲུ་ཞོན། །འོད་དཀར་ཞི་བའི་ཚུལ་དུ་བཟླས། །ཞེས་པ་ལ་སེམས་དཔའ་སུམ་བརྩེགས་ནི་སྐུ་དང་གསུང་དང་ཐུགས་གསལ་
བ་ལས། རང་ཉིད་ཧཱུཾ་གི་ཐིག་ལེ་ལས་སྔགས་དང་འོད་གསལ་བ་ནི་འོད་ཟེར་ལ་ཡིག་འབྲུ་ཞོན་ནས་སྙིང་གར་མགལ་མེ་བཞིན་བསྐོར་བའོ། །དེ་ལས་འོད་ཟེར་ཉི་མའི་ཚུལ་གྱིས་འོད་དེ་ཡང་དཀར་པོས་སྡིག་པ་འཁྲུང་པའོ། །དེ་ནི་འོད་དཀར་པོས་ཞི་བར་བྱ་བར་གསུང་། ཡང་ནི་འོད་
འཕྲོས་སྐུ་གསུམ་གྱི། །རང་བཞིན་ཚུར་འདུས་གདུག་རྩུབ་སྦྱོང་། །ཞེས་པ་ལ་ཡང་ནི་གོང་མ་བཏགས་པ་ཡིན་ཏེ། འོད་འཕྲོས་ནས་ཡེ་ཤེས་འཁོར་ལོའི་གནས་གསུམ་འོད་ཟེར་གྱིས་སྐུ་གསུམ་མཉེས་ནས་ཚུར་ལ་འདུས་པས་གནོད་པའི་གདུག་སེམས་དང་རང་གི་བག་ཆགས་ལ་སོགས་པ་སྦྱོང་བའོ། །
ཡང་ན་དམིགས་པ་མེད་པ་ལས། །འཕྲོ་དང་འདུ་བས་བྱེད་པ་ཡིན། །ཞེས་པ་ལ་དམིགས་པ་ནི་དངོས་པོའོ། །དངོས་པོ་ལ་མེད་པར་ཡེ་ཤེས་པ་ལས་འོད་འཕྲོས་ནས། ཚུལ་བྱིན་དང་འོད་ཟེར་དང་སྐུའི་རྣམ་པར་གསུངས་ཏེ་མན་དག་གོ། །འོད་ཟེར་དཀར་དམར་འཕྲོ་འདུ་ཡིས། །རྣམ་སྨིན་ལ་
སོགས་བསྲེག་ཅིང་སྦྱོང་། །ཞེས་པ་ལ་རང་གི་ཐིག་ལེ་ལས་འོད་ཕར་འཕྲོས་པས་མཉེས་ཏེ་དཀར་དམར་འདུས་པས་ནི་བསྲེག་ཙང་སྦྱོང་བའི་ལས་སོ། །རྣམ་པར་སྨིན་པ་དང་ནུས་མཐུ་ལ་སོགས་པ་སྦྱོང་ཞིང་བསྲེག་པའོ། །དེས་ནི་ཞི་བ་དང་དྲག་པོར་གསུངས་ཏེ། མི་སྨྲ་བའི་ངོ་བོས་བཟླས་
པར་གསུངས་སོ། །འཁོར་དང་ཉེ་འཁོར་སུམ་འཁོར་སོགས། །མཚན་མ་འདོད་པ་རྣམ་པ་ལྔ། །ཞེས་བྱ་བ་ལ། རང་ཉིད་འཁོར་ལ་མོས་ན་འཁོར་གང་ཡང་རུང་བ་བསྐྱེད་ལ་བཟླས་པར་གསུངས་སོ། །ལྔ་པོ་དེ་ནི་གོང་དུ་བསྙེན་པའི་བཟླས་པར་གསུངས་སོ། །སུམ་འབུམ་

ཞེས་པ་ནས་ཚད་ཀྱི་བར་ལ་གཅིག་ལ་སོགས་པ་འབུམ་དང་། ཉིས་འབུམ་ནི་གྲངས་ཀྱི་བཟླས་པར་གསུངས་ཏེ། རྩ་བ་ན་གསལ་བས་མ་བྲིས་སོ། །དེ་ཡི་གྲོགས་འགྱུར་བཟླས་པ་ནི། །སྡིག་པ་དབྱུང་དང་བསྲེག་པ་ནི། །བཀྲུ་བའི་དོན་ལ་དམིགས་པ་སྟེ། །རགས་དང་
ཕྲ་བའི་དབང་དག་ཏུ། །དྲུག་དང་དགུ་རུ་ཤེས་པར་བྱ། །ཞེས་པ་ལ། བསྙེན་པའི་གྲོགས་ལུས་ངག་ཡིད་ཀྱི་སྡིག་པ་དབྱུང་བ་དང་བསྲེག་པ་དང་བཀྲུ་བ་སྟེ། གདོན་པ་ནི་སྙིང་ག་དང་ལྟེ་བར་བསྲེག་པ་དང་། སྤྱི་བོ་ནས་བཀྲུ་བར་གསུངས་སོ། །རགས་པའི་དབང་དུ་དྲུག་གིས་བཀྲུ་
བ་མ་ཡིན་ཏེ་དངོས་པོ་འདོན་པ་དང་བསྲེག་པ་ནི་རགས་པར་གསུངས་པ་བཀྲུ་བའི་ཆ་དང་འབྲེལ་བས་དགུ་རུ་གསུངས་སོ། །སྡིག་པ་དབྱུང་བ་ལ་སོགས་ཀྱང་། །མི་དྲུག་གཟུགས་དང་དེ་བཞིན་དུ། །ཡི་གེའི་གཟུགས་དང་འོད་ཀྱི་གཟུགས། །དེ་དག་དབྱུང་གཏོར་བསྲེག་ཅིང་བཀྲུ། །
ཞེས་པ་ལ། སྡིག་པ་ནི་ལུས་ངག་ཡིད་ཀྱི་ལས་སམ་རྣམ་པར་སྨིན་པའི་སྒྲིབ་པའོ། །ལུས་ནི་སྡོམ་མམ་སྡིག་པའི་གཟུགས་སོ། །ངག་གི་ཀཾ་དམ་དུའོ། །ཡིད་ནི་འོད་དཔུང་ནག་པོར་གསུངས་སོ། །དེ་ཡང་སྙིང་ལས་ཨུ་སཏ་ཡ་མཐའ་ཅན་གྱིས་གདོན་པ་དང་། ལྟེ་བའི་ཧཾ་ལས་མེ་འབར་ནས་
ཛྭཱ་ལ་རཾ་གྱི་སྔགས་ཀྱིས་བསྲེག་པར་གསུངས་སོ། །བཀྲུ་བ་ནི་ཨ་ལས་སྤྱི་བོ་ནས་ཆུ་འབེབས་པས་ཤུ་ཏོའི་སྔགས་ཀྱིས་བཀྲུའོ། །ཧཱུཾ་དང་ཧཾ་དང་ཨ་ཡིས་ནི། །གདོན་དང་བསྲེག་དང་བཀྲུ་བ་ནི། །མ་ལུས་ལས་རྣམས་འགྲུབ་པར་གསུངས། །དམིགས་པ་གསར་རྙིང་བྱེ་བྲག་གིས། །མགལ་
མེ་ཕྲེང་བ་ཉི་མའོ། །ཞེས་པ་ལ། དམིགས་པ་གསར་པ་ནི་རྣལ་འབྱོར་པ་ཐོག་མར་མགལ་མེ་ལ་བརྟེན་པར་གསུངས་པ་ནི་ཕྲེང་བ་དང་ཉི་མའོ། །མཆོག་གིས་ནི་གསུམ་ཚང་བ་ལ་བཟླས་པར་གསུངས་སོ། །སྔགས་ཀྱི་དངོས་གྲུབ་ནས་གྲོགས་སུ་འགྲོ་བའི་བར་ལ་རྩ་བ་ན་གསལ་
བས་མ་བྲིས་སོ། །རྗེས་ཀྱི་རྣལ་འབྱོར་ཚུལ་དང་ལྡན། །བསྙེན་སྒྲུབ་ཆེན་པོ་ལ་སོགས་པས། །ཡོངས་སུ་བསྒྲུབས་པས་དངོས་གྲུབ་འབྱུང་། །ཞེས་པ་ནི། རྗེས་ཀྱི་རྣལ་འབྱོར་ནི་སྤྱོད་ལམ་གྱི་རིམ་པའི་དུས་སུ་ཚ་ཚ་ལ་སོགས་པ་ཡོངས་སུ་བྱའོ། །དེ་ནས་བསྙེན་པ་དང་།

ཉེ་བསྙེན་དང་། སྒྲུབ་པ་ཆེན་པོ་ལ་སོགས་པས་ཡོངས་སུ་བསྒྲུབ་བོ། །དེ་བསྒྲུབ་ན་དངོས་གྲུབ་ཡོངས་སུ་འབྱུང་བར་གསུངས་སོ། །སྐུ་གསུམ་ཞེས་པས། འདི་ཡང་སྒྲུབ་པའི་རྟགས་སུ་གསུངས། །ཞེས་པའི་བར་དུ་དངོས་དང་རྨི་ལམ་ན་གྲུབ་རྟགས་བསྟན་པ་ཡིན་པས་བརྗོད་པ་མེད་
དེ་གསལ་བར་མ་སྨྲས་སོ། །དེ་དག་བཟླས་པ་ནས་ཤེས་པར་བྱ་བའི་བར་དུ་བཟླས་པའི་དངོས་ཏེ་བཟླས་པའི་སྔགས་སུ་གསུངས་སོ། །མིག་གི་མངོན་ཤེས་བསྒྲུབ་པ་ནི། །སྐུ་གསུང་ཐུགས་ཀྱི་རྣམ་པ་ལ། །ཡེ་ཤེས་འཕྲོ་འདུས་བྱིན་རླབས་སྡུད། །བསྙེན་པ་སྐྱོལ་བས་དེ་བཞིན་བྱ། །ཞེས་པ་
ལ། ད་ནི་ཁྱད་པར་གྱི་བཟླས་པ་གསུངས་ཏེ། མིག་གི་མངོན་ཤེས་འདོད་པས། རང་ལ་སྐུ་གསུང་ཐུགས་ཀྱི་ཡི་གེ་བཀོད་ལ། ཡེ་ཤེས་པའི་འོད་ཟེར་འཕྲོས་ཤིང་ཚུར་འདུས་པས་མིག་གི་སྒྲིབ་པ་དག་པས་ཤའི་སྤྱན་དང་ལྡན་པར་གསུངས་ཤིང་། མཚན་མའི་བསྙེན་
པ་སྐྱོལ་བས་འགྲུབ་པར་གསུངས་སོ། །རྣ་བ་དང་ནི་དབང་པོ་གཞན། །གོང་མ་དེ་བཞིན་སྦྱོར་ཤེས་བྱའོ། །ཞེས་པ་ལ། རྣ་བ་ལ་སོགས་པ་གཞན་རྣམས་ལ་ནི། སྐུ་གསུམ་མམ་ཨཱཿདང་ཧཱུཾ་གིས་འཕྲོས་པ་དང་འདུས་པས། དེའི་དངོས་པོར་དག་པར་བྱས་ཏེ། སྣང་བ་དག་
པར་བསྒྲུབ་པར་གསུངས་སོ། །གང་ཞིག་ཕྲིན་ལས་རྣམ་བཞི་ལས། དང་པོ་ཞི་བ་གསུངས་པ་ནི། །ཞི་བ་ནི་ཞི་བའི་སྟེ་དགྲ་བགེགས་ཞི་བར་འདོད་པའོ། །ཁ་དོག་དཀར་པོའི་འཕྲོ་འདུ་ཡིས། །རང་གི་སྡིག་དང་བག་ཆགས་དང་། །གཞན་གྱི་གདུག་རྩུབ་ཞི་བར་བྱེད། །ཅེས་པ་
ལ། ཁ་དོག་དཀར་པོ་འཕྲོས་པས་རང་གི་སྡིག་པའི་དངོས་པོ་དང་། ཀུན་ནས་དཀྲིས་པའི་བག་ཆགས་ཞི་བ་དང་། གཟུགས་དང་སྒྲ་མེད་ཁམས་ཀྱི་གནོད་བྱེད་ཀྱི་དབལ་དང་གདུག་རྩུབ་ཞི་བར་སོང་ཞེས་གསུངས་སོ། །ཚེ་དང་རིགས་རྒྱུད་ལོངས་སྤྱོད་རྣམས། །རྒྱས་པར་འདོད་པ་འོད་
ཟེར་སེར། །ཞེས་པ་ནི་དེ་ལ་དེས་ཚེ་རིང་བ་དང་། རང་གི་རིགས་རྒྱུད་དར་བ་དང་། ལོངས་སྤྱོད་ནི་ལྷའི་ལོངས་སྤྱོད་དང་ལྡན་པར་འདོད་པ་རྣམས་ཀྱིས་འོད་དང་ལྷ་དང་སེར་པོའི་འཕྲོ་འདུ་ལ་བརྟེན་ཏེ། །རང་གི་སྙིང་པོ་ལ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པ་གདགས་སོ། །བདེ་གཤེགས་འོད་བསྐུལ་

རང་ལུས་ཀྱི། །རང་བཞིན་ཚེ་རྣམས་རྒྱས་པར་བྱེད། །ཅེས་པ། རང་གི་འོད་རིན་ཆེན་གོས་སྔོན་ཅན་ལ་འཕྲོས་ཏེ། དེས་ཧཱུཾ་གི་དངོས་པོ་གསལ་བར་སྦྱངས་པ་ནི་ཉི་མ་དང་ཟླ་བའི་བར་དུ་ཨཱ་ལི་དང་ལྡན་པས་གསུངས་སོ། །དཀར་དམར་ཁུ་བའི་འཕྲོ་འདུ་ཡིས།
འཇིག་རྟེན་རིགས་རྒྱུད་རྒྱས་པར་བྱེད། །ཅེས་པ་ལས། རང་དང་ལྡན་པའི་འོད་ཡེ་ཤེས་འཁོར་ལོ་ལ་ཕོག་པས་ཐིག་ལེ་ཨཱ་ལི་དང་ཀཱ་ལིའི་ངོ་བོར་སྤྱན་དྲངས་པའི་ངོ་བོ་དེས་དེ་ལ་སྲུང་བ་དང་འབྲེལ་ཏེ། ལས་དེས་བུ་ལ་སོགས་པ་དར་ཞིང་རྒྱས་པར་འགྱུར་རོ། །ནོར་དང་རྫས་
ནི་རྒྱས་འདོད་པས། །རིན་ཆེན་བཅུད་ཀྱི་ཚུལ་དུ་སྒྲུབ། །ཅེས་པ་ལ། ནོར་དང་རྫས་རྒྱས་ནས་བདེ་བར་གཤེགས་པ་མཆོད་པར་འདོད་པས། རཾ་གྱིས་བདུད་རྩི་སྟེར་བ་བུམ་པ་ཁ་རྒྱན་དང་ལྡན་པའི་ནང་དུ། རྒྱལ་པོ་བསྐྱེད་ལ་མཆོད་པས་མཆོད་དེ། ཨོཾ་བཻ་ཤྲ་བ་ཎ་ཡེ་ས་མ་ཡ་བ་ཤཾ་ཀུ་རུ་
ཧོཿ། ཞེས་པ་དང་འབྲེལ་པ་ནི་སྒྲུབ་པའོ། །བྱ་གྲུབ་ཡེ་ཤེས་ངོ་བོ་སྟེ། །རིན་ཆེན་མཆོད་རྟེན་ནེའུ་ལེ་བསྣམས། །སྒྲུབ་པའི་དགོས་འདོད་སྐོང་མཛད་མ། །རྣམ་ཐོས་ནོར་སྟེར་ཁྱོད་ལ་བསྟོད། །ཅེས་པ་དང་འབྲེལ་ཏོ། །དེའི་ནོར་ནི་སུམ་ཆ་གསུམ་དུ་སྤྱོད་པར་གསུངས་སོ། །ཁ་དོག་
དམར་པོའི་འོད་ཟེར་གྱིས། །དམིགས་པ་མ་ལུས་དབང་དུ་སྡུད། །ཅེས་པ་ལ། འོད་ཟེར་དམར་པོ་ཁ་དོག་དམར་པོ་ལྷ་ལ་ཕོག་པས་གང་དམིགས་པ་ནི་ལྷ་དང་ཀླུ་དང་སྲིན་པོ་ལ་སོགས་པ་དབང་དུ་སྡུད་དེ་དེ་ཡང་བ་ཤཾ་ཀུ་རུ་ཧོཿཞེས་པ་དང་འབྲེལ་ཏོ། །ཚར་གཅོད་དུས་ཀྱི་སྦྱོར་བ་ནི། །འཁོར་
ལོ་འོད་ཟེར་སྐུར་གྱུར་ཏེ། །བཀུག་ཅིང་ཐོ་བ་ལ་སོགས་པས། །ཞེས་པ་ལ། གྲུ་གསུམ་དང་ལྡན་པའི་དཀྱིལ་འཁོར་དུ་ལིངྒའི་གཟུགས་བཅུག་ལ་ཡེ་ཤེས་ཀྱི་འཁོར་ལོ་ལས་འོད་ཟེར་དམར་པོ་འཕྲོས་པའི་འོད་ལས་ལྕགས་ཀྱུ་ཐོགས་པ་མང་པོ་འཕྲོས་ནས་རང་དབང་མེད་པར་བཀུག་སྟེ་
ཐིམ་པ་ནི་བསྡིགས་པ་སྟེ། སྔགས་བཞིས་བསྟིམས་ལ་ཐོ་བ་དང་། རལ་གྲི་ལ་སོགས་པས་ཕབ་ནས་མེད་པར་བྱས་པའོ། །དྲག་པོའི་མཚོན་ཆ་ཐོག་ཕབ་པས། །སྤྱི་བོ་གཙུག་གནས་རྣམས་སུ་ནི། །ཕུང་པོ་གཞིག་པའི་སྦྱོར་བ་བྱ། །ཞེས་པ་ལ། ལུས་ངག་དྲག་པོ་དང་བཅས་པའི་

ཁྲོ་བོས་མཚོན་ཆའི་ཐོག་འབེབས་པའོ། །སྤྱི་གཙུག་ནས་རྐང་པའི་མཐིལ་དུ། ཕུར་པ་བརྒྱབ་ཅིང་དེའི་ཕུང་པོ་ལྔ་ལ་སོགས་པ་འཇིག་པར་འགྱུར་ཏེ་དེ་ནི་ཕུང་པོ་བཤིག་པའོ། །ས་བོན་འཇོམས་དང་འབྱེད་བྱེད་པས། །འགྲུབ་པར་འགྱུར་བར་གསུངས་པ་ཡིན། །ཞེས་པ་ལ་ས་བོན་འཇོམས་པ་ནི་
བྱང་སེམས་བསྐམ་པ་སྟེ། རཾ་ལས་མེ་འབར་བ་དང་ཕུར་པ་ཡང་བརྡེག་པར་གསུངས་སོ། །འབྱེད་པ་ཡང་ལྷ་དང་དབྲལ་བ་སྟེ། དོང་དུ་གུ་གུལ་སྦྱར་མ་བདུག་ཅིང་། བནྡྷ་ཀུ་རུ་ཤག་ཤག་ཨཱརྱ་ཨ་ཙ་ལ་ཤག་ཤག་ཅེས་པས་སྔགས་ཀྱིས་འབྱེད་པར་གསུངས་སོ། །དེ་ལ་སོགས་
པའི་སྦྱོར་བ་རྣམས། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་པས་བསྲེག་པ་དང་མནན་པ་དང་འཕངས་པ་ལ་སོགས་པ་མཁས་པས་ཤེས་པར་བྱའོ། །དེ་རྣམས་སྔགས་ཀྱི་མཐའ་ལ་ནི། །ཞེས་པ་ནས། མན་ངག་གོ་བར་བྱས་ལ་ཤམ་བུའི་སྔགས་གསད་པ་དང་སྲུང་བ་ལ་སོགས་པ་བླ་མའི་
མན་ངག་ལས་ཤེས་པར་བྱའོ། །མཁས་པའི་ཚིག་ཅེས་པ་ནི་མ་བྲིས་སོ། །བདག་གིས་གཞན་དོན་རྒྱས་པ་ནི། །བྲིས་པས་མ་ལེགས་ཉེན་སྲིད་པས། །བླ་མ་མཁས་པ་དེ་ལ་བཟོད་པར་གསོལ། །ཀླུ་མོ་མཁའ་འགྲོས་བྱིན་གྱིས་བརླབས་པ་དང་། །སེམས་ཅན་བདག་པས་དམན་ལ་ཕན་
པར་བྱ་ཕྱིར་དང་། །རང་མོས་ཤུགས་ཀྱིས་གཞུང་འདི་བརྩམས། །འདི་བརྩམས་པ་ཡི་དགེ་བ་ཡིས། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །སྔགས་ཀྱི་མི་མཐུན་ཟད་གྱུར་ནས། །ཡོངས་སུ་དག་པའི་ས་ཐོབ་ཤོག །སྔགས་ཀྱི་རྒྱན་གྱི་འགྲེལ་པ་མཆོག་རབ་ཀྱིས་མཛད་པ་རྫོགས་
སོ།། །།བླ་མ་དམ་པའི་མན་ངག་སྙན་ནས་སྙན་དུ་ཐོབ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ས་མ་ཡ་ཨཱ་ལཾ་ཀཱ་ར་ནཱ་མ་ཊཱི་ཀཱ། བོད་སྐད་དུ། དམ་ཚིག་རྒྱན་གྱི་རྣམ་པར་བཤད་པ་ཞེས་བྱ་བ། །སྟོན་ཀའི་ཟླ་བ་དྲི་མེད་འོད། །མ་སྐྱེས་རྡོ་རྗེ་ཡེ་ཤེས་ཉིད། །
རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ས་གཞི་དང་ནི་ཡོངས་བསྐྱེད་ལ། །འབྲས་བུ་འབྱིན་པའི་ནུས་པའོ། །ཏིང་འཛིན་རྒྱུ་དང་རབ་སྦྱོར་བའི། །བདག་པོ་གྲོགས་ལ་སོགས་པ་ཡིས། །འདི་ཡང་འབྲས་བུ་འབྱིན་པའི་གྲོགས། །རྟེན་མེད་འབྲས་བུ་འབྱིན་འདོད་པ། །མི་འབྱུང་ས་བོན་མེས་

བསྲེགས་བཞིན། །དེ་ན་འདི་ཡི་དོན་འདི་བྲི། །ཞེས་པའོ། །དེ་ནས། དམ་ཚིག་མེད་དང་འཚལ་བར་གཏོང་། །སོམ་ཉི་ལ་སོགས་བསལ་བའི་ཕྱིར། །དམ་ཚིག་རྣམས་ནི་མདོར་བསྡུས་ནས། །གསང་བའི་བདག་བཏུད་དེ་ནི་བཤད། །ཅེས་པ་ནི་རྩ་བའི་དོན་བཤད་པའི་
དོན་དགོངས་སོ། །དེ་ལ་དམ་ཚིག་མེད་པ་ནི་བསྒོམ་པ་དང་། བསྒྲུབ་པ་དང་། སྦྱིན་སྲེག་ལ་སོགས་པ་རྣམས་འབྲས་བུ་མེད་དེ་ས་བོན་མེའམ་ཆུ་ལ་གཏོར་བ་བཞིན་ནོ། །སོམ་ཉི་བསལ་བ་ནི། བླང་བ་དང་། སྲུང་བ་དང་བཅོས་པ་ནི་སྤྱི་དང་ཁྱད་པར་རོ། །དམ་ཚིག་མདོར་བསྡུས་པ་ནི། ཉན་ཐོས་
སྡོམ་པ་དང་། ཐེག་པ་ཆེན་པོའི་དོན་བྱེད་པ་དང་། གསང་སྔགས་སོ། །གསང་བའི་བདག་ལ་བཏུད་དེ་བཤད། །ཅེས་པ་ནི་བཀྲ་ཤིས་པའི་ཡན་ལག་སྟེ། མཆོད་པའི་ཚུལ་གྱིས་ཉོན་མོངས་ཟིལ་གྱིས་མནན་ན་པར་ཆད་མི་འབྱུང་སྟེ། དེ་ནས་བཤད་ཅེས་པས་འོག་མ་དང་འབྲེལ་ཏོ། །སྔགས་
པས་བསྲུང་བའི་དམ་ཚིག་ནི། ཞེས་པ་ནི། སྔགས་པ་ནི་རིན་པོ་ཆེའི་རིགས་ཀྱི་གང་ཟག་ལ་དབང་བསྐུར་བའོ། །ཡིད་སྐྱོབ་ཅིང་འཛིན་པས་ན་དེའི་དོན་ཡོད་པས་ན་སྔགས་པས་སོ། །སྲུང་བ་ནི་སྡོམ་པ་བསྲུང་ཞེས་པའོ། །དམ་ཚིག་ནི་གོང་མའི་དོན་ལས་མི་འདའ་ཞེས་པའི་དོན་ཏོ། །ཉན་ཐོས་
དང་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་དོན་ལས་འདས་ན། མནར་མེད་སྐྱེ་བས་དོན་བསྲུང་ཞེས་བྱ་བ་སྟེ། སྔགས་པ་རྣམས་སོ། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཉའམ་སྟོང་གི་དུས་དག་ཏུ། །ཡན་ལག་བརྒྱད་པ་ཉེར་གནས་ཏེ། །ལོ་གཅིག་པའམ་ཟླ་གཅིག་བྱ། །ཞེས་པ་
ལ། བྱང་ཆུབ་སེམས་དཔའ་ནི་བདག་གཅིག་པུ་འཁོར་བ་ལས་བསྒྲལ་ལོ། །ཞི་བ་མྱ་ངན་ལས་འདས་པ་ཐར་པ་ཐོབ་པར་བྱ། ཞེས་པ་ཉན་ཐོས་ཀྱི་སེམས་བསྐྱེད་དོ། །ཉའམ་སྟེང་ནི་ཞེས་པ་ལ། སྡོམ་པ་དང་ལྡན་པའི་དགེ་སློང་གཅིག་ལ། ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཟླ་བ་འོང་ངོ་
ཅོག་གི་ཉའམ་སྟོང་ལ། དེ་དང་འབྲེལ་པའི་སྡོམ་པ་བླང་། །ཞེས་པའོ། །ཡན་ལག་བརྒྱད་ཅེས་པ་ནི། སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་། །གླུ་གར་རོལ་མོ་རྒྱན་བྱུག་པ། །མལ་སྟན་ཆེ་དང་ཁ་ཟས་སྤོང་། །འདི་ནི་སྡོམ་པའི་ཚུལ་ཁྲིམས་

སོ། །ཡང་ན་སྡོམ་པ་གསུམ་དང་ལྡན་པའི་བླ་མ་ལ། ཕྱག་སྔོན་དུ་འགྲོ་བས། བླ་མས། སྲོག་ཆགས་རྣམས་ནི་གསད་མི་བྱ། །ཞེས་པས་སྡོམ་པ་བྱིན་ཏེ། ལོ་གཅིག་ཟླ་གཅིག་བར་དུ་བསྲུང་། །ཞེས་པ་གོང་མ་བཞི་དང་འབྲེལ་ལོ། །དེ་ནས་ཇི་སྲིད་སེམས་བསྐྱེད་དེ། །བསླབ་པ་ལྔ་པོ་ལེགས་
གཟུང་སྟེ། །ལོ་གཅིག་ཟླ་གཅིག་བར་དག་ཏུ། །སྡོམ་པ་བརྟན་པོར་གཟུང་བར་བྱ། །ཞེས་པ་ལ། དེ་ནས་ཇི་སྲིད་སེམས་བསྐྱེད་ཅེས་པ་ལ། སྨོན་འཇུག་གཉིས་ཀྱིས་དགེ་བསྙེན་དུ་སེམས་བསྐྱེད། དགེ་སློང་ངམ་བླ་མ་རྣམས་ཀྱི་མདུན་དུ། ཕྱག་སྔོན་དུ་འགྲོ་བས། དགེ་བསྙེན་གྱི་ལས་
ཀྱིས། དེའི་སྡོམ་པ་བླངས་ཏེ། ཚངས་པར་སྤྱོད་པའི་དགེ་བསྙེན་ནི། ཡན་ལག་བརྒྱད་པོ་ཇི་སྲིད་འཚོའི་བར་དུ་བསྲུང་བའོ། །སྣ་འགའ་སྲུང་བ་ཕལ་ཆེན་ནོ། །རྩ་བ་བཞི་དང་མྱོས་པའི་ཁུ་བ་དང་། བསླབ་པ་ལྔ་པོ་ལེགས་པར་བསྲུང་བར་གསུངས་པ། དེ་ཡང་ལོ་དང་ཟླ་བའི་བར་དུ་སྡོམ་
པ་གོང་མ་དེ་བརྟན་པོར་གཟུང་ཞེའོ། །དེ་ནས་དགེ་ཚུལ་དགེ་སློང་གི། །བསླབ་པ་ལ་ནི་ལེགས་གནས་ནས། །མི་གཏོང་ལོའམ་ཟླ་བའམ། །སྡོམ་པ་ཉམས་པ་བླང་བར་བྱ། །ཞེས་པ་ལ། དེ་ནས་དགེ་ཚུལ་གྱིས་མཁན་པོ་དང་བཙུན་པ་ལ། བར་ཆད་ཀྱི་ཆོས་ཡོངས་སུ་བསལ་ཞིང་། དཀོན་
མཆོག་ལ་ཕྱག་དག་གིས་སྤོང་བ་བཅུ་འཁོར་དང་བཅས་པས་བླང་ཞིང་བསྲུང་ཞེས་པའི་དོན་ཏོ། །དགེ་སློང་གིས་བཙུན་པ་གསུམ་གྱི་མདུན་དུ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བླངས་པ་དང་། བསྲུང་བ་དང་བཅས་པའོ། །དེ་ནས། རང་གི་བསླབ་པ་ལེགས་པར་བསྲུང་། །ཞེས་པའོ། །
དེ་ནས་སྔགས་ཀྱི་དམ་ཚིག་གི་ཆེད་དུ། མི་གཏོང་བར་ལོའམ་ཟླ་བའི་བར་དུ་སྡོམ་པ་ཉམས་པ་བླང་ཞིང་བཤགས་ཞེས་སོ། །སོ་སོར་ཐར་པའི་སྡོམ་པ་ལ། །གང་ཞིག་གིས་ནི་ལེགས་གནས་ན། །མཁས་པ་རྣམས་ཀྱིས་དུས་ཀུན་དུ། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་པ་ནི། སོ་སོར་
ཐར་པའི་སྡོམ་པ་ནི། འདུ་བྱེད་ཤེས་པ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའོ། །བག་ཆགས་ལ་སེམས་བསླན་པས་བརྟན་པར་བྱས་ཏེ། རྟེན་གྱི་གང་ཟག་གི་སྡོམ་པ་ལེགས་པར་གནས་པར་བྱས་ཏེ། མཁས་པ་ནི་བླང་བ་དང་བསྲུང་བ་དང་། བཅའ་བ་ཤེས་པས་བཅའ་ཞེས་པའོ། །སྲོག་གི་

ཕྱིར་ཡང་མི་གཏོང་སྟེ། ཕུང་པོ་སྲོག་དང་བྲལ་ཡང་རང་གི་སྡོམ་པ་མི་གཏོང་བའོ། །གང་ཞིག་གིས་ནི་དེ་གོམས་འགྱུར། །གང་ཚེ་གོང་མའི་བསླབ་གནས་པས། །དེ་ཚེ་འོག་མའི་མིང་དང་བྲལ། །ཞེས་པ་ལ། གང་ཞིག་གིས་ནི་དེ་གོམས་འགྱུར་ནི། རྟེན་གྱི་གང་
ཟག་དེས་བསྙེན་གནས་དང་། དགེ་བསྙེན་དང་སོ་སོར་ཐར་པའི་སྡོམ་པ་ལ། དང་པོར་རིམ་པར་གོམས་པར་བྱ། །ཞེས་པའོ། །གང་ཚེ་གོང་མའི་བསླབ་གནས་ན། །འོག་མའི་མིང་དང་བྲལ་བ་ནི། །སྤང་བ་ཆེན་པོ་ཆེན་པོ་ལ་གནས་ན། ཆུང་ངུའི་སྤང་བྱ་ནི། སོར་མེད་དེ་གོང་མ་ཁྱབ་བྱ་ལ་དོན་
ཁྱད་པར་གནས་པ་སྟེ། འོག་མའི་དོན་གོང་མ་ལ་འབྲས་བུའི་ཚུལ་དུ་ཁྱབ་ཅེས་པ་ནི། རྩ་དང་རྒྱུད་དང་ལོ་མ་དང་འབྲས་བུ་དང་ས་བོན་གྱིས་ཁྱབ་ཅེས་པའོ། །གོང་མ་གཙོ་བོ་ཡིན་པའི་ཕྱིར་ཡང་འོག་མའི་མིང་དང་བྲལ་ཞེས་པའོ། །དང་པོ་སྦྱིན་པ་བསླབ་བྱ་སྟེ། །དངོས་པོ་བཅུ་གཉིས་ཡང་དག་
ལྡན། ཞེས་པ་ནི། སེམས་ཅན་དོན་བྱེད་ཚུལ་ཁྲིམས་སྟོན་པ་ཡིན་ཏེ། བླ་མའམ་དཀོན་མཆོག་གི་མདུན་དུ། བཀྲ་ཤིས་པས་སེམས་ཅན་དོན་བྱེད་ཚུལ་དུ་སེམས་བསྐྱེད་ནས། ཇི་ལྟར་དུས་གསུམ་མགོན་པོ་ཡིས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །ཆོ་གས་སྡོམ་པ་བླང་བ་
ནི། །ཕ་རོལ་ཕྱིན་དྲུག་ཚུལ་དུ་སྤྱད། །ཅེས་པའི་ཚིག་དང་འབྲེལ་ཏོ། །སྦྱིན་པ་ལ་དངོས་པོ་བཅུ་གཉིས་ནི།ཆོས་ཀྱི་སྦྱིན་པ་ལ་དོན་བཤད་པ་དང་། སྨྱུ་གུ་དང་སྣག་ཚ་དང་པོ་ཏི་བཞིའོ། །ཟང་ཟིང་ལ་ནོར་དང་དབྱིག་དང་ཟས་དང་གོས་ཏེ་གཉིས་པའོ། །སྐྱབས་ཀྱི་སྦྱིན་པ་ལ། སྲོག་དང་ལམ་
འཕྲང་དང་འཇིགས་སྐྱབས། བྱམས་པ་དང་བཞི་སྟེ་བཅུ་གཉིས་སོ། །ཚུལ་ཁྲིམས་ལ་ནི་རྣམ་དགུ་སྟེ། །བཟོད་དང་བརྩོན་འགྲུས་བསམ་གཏན་དང་། །ཤེས་རབ་གསུམ་སྟེ་གསུམ་དུ་བསྟན། །ཞེས་པའི་དོན་ལ། སྡོམ་པ་དང་དགེ་བ་དོན་བྱེད་དེ། དེ་ཡང་ལུས་ངག་ཡིད་གསུམ་སྤངས་པ་དང་འབྲེལ་ཏེ། བཟོད་
པ་ནི་ཆོས་ཟབ་མོ་ལ་སེམས་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །བརྩོན་འགྲུས་ནི་གོ་ཆ་དང་སྦྱོར་བ་དང་མཐར་ཕྱིན་པ་གསུམ་མོ། །བསམ་གཏན་ནི་ཉེས་པ་སྤོང་བ་དང་། དབང་འབྱོར་པ་དང་། རྣམ་པར་གནས་པ་གསུམ་མོ། །

ཤེས་རབ་ནི་ཐོས་པ་བསམ་པ་བསྒོམ་པའོ། །གཞན་གྱི་མྱ་ངན་སངས་ལ་སོགས། །སེམས་ཅན་དོན་འགྱུར་ཐམས་ཅད་ཀུན། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་པ་ལ། གཞན་གྱི་མྱ་ངན་ལས་ལས་ངན་པ་བསགས་པའི་སྡིག་པའི་གང་ཟག་རྣམས་ཏེ། དང་པོ་བརྩོན་འགྲུས་དང་ཤེས་རབ་དང་སྙིང་རྗེ་
དང་ལྡན་ཞིང་སྔར་གྱི་ལས་ངན་པ་སེལ་ཅིང་ཐར་པ་དང་བདེ་བར་གྲོལ་ལོ་ཞེས་བྱའོ། །སེམས་ཅན་སྲོག་གི་ཕྱིར་ཡང་མི་གཏོང་ནི། སེམས་ཅན་དོན་དང་འབྲེལ་པ་སྲོག་གི་སྐྱབས་ལ་སོགས་པ། རང་གི་སྲོག་དང་བསྔོ་ཞེས་པའོ། །སྡོམ་པ་དེ་ལོའམ་ཟླ་བའི་བར་དུ། བརྟན་ནས་སྔགས་ཀྱི་དམ་
ཚིག་བླང་། །ཞེས་པ་ལ། སྡོམ་པ་དེ་རྣམས་རིམ་པས་ལེན་པ་ནི་གང་ཟག་སྤྲོས་བཅས་ལ་དགའ་བའི་དོན་དུ་གསུངས་པའོ། །ཐེག་པ་ཆེན་པོའི་རིགས་ཅན་ལ་ནི། སྡོམ་པ་གསུམ་གདན་ཐོག་ཏུ་བླང་། །ཞེས་པའོ། །སྔགས་ཀྱི་དམ་ཚིག་བླང་བ་ནི། །བླ་མ་སྡོམ་པ་གསུམ་དང་ལྡན་པ་ལས་དབང་
བླང་ཞིང་། དབང་བཞི་དང་འབྲེལ་པའི་དམ་ཚིག་གསུམ་པའོ། །སྤྱི་དང་ཁྱད་པར་གཉིས་སུ་ཤེས་ནི། སྤྱི་གསང་སྔགས་ཕྱི་ནང་གི་དམ་ཚིག་དང་། ཁྱད་པར་གསང་བའི་བདག་པོའི་དམ་ཚིག་གོ། །དང་པོ་དག་ནི་བཤད་བྱ་ནི། སྔགས་སྤྱིའི་དམ་ཚིག་གོ། །དང་པོ་སློབ་དཔོན་མཉེས་
པར་བྱ། །ཡི་དམ་སྤང་ལེན་མི་བྱ་སྟེ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །ཕྱག་རྒྱ་ཆེ་ལ་རབ་ཏུ་གནས། །ཞེས་པ་ལ། དང་པོ་དབང་གི་དུས་སུ་བླ་མ་ཡོ་བྱད་དང་སྤྱོད་པས་མཉེས་པར་བྱ་བའོ། །དབང་ཐོབ་པར་བྱ་སྟེ། ཕྱིས་དེ་བཞིན་དུ་བླ་མ་དང་དམ་པ་རྣམས་ལ། རང་གིས་ལུས་
ངག་ཡིད་ཀྱི་ཉེས་པ་མེད་ཅིང་མོས་པར་བྱ། ཞེས་པ་དང་ཉེས་པ་ཆེ་ཆུང་གི་ཚོགས་དང་། གཏོར་མ་བརྒྱད་དང་འབུམ་ལ་སོགས་པས་བཤགས་པ་བྱའོ། །ཡི་དམ་སྤོང་ལེན་མི་བྱ་ནི། །ཤེས་པས་གོང་མའི་ལྷ་སྤངས་ན། །རྩ་བ་ཆད་དེ་ངན་སོང་འགྲོ། །ཞེས་པ་ནི་དེ་ནི་མནར་མེད་པའོ། །
ཤུལ་གྱི་དོན་ལ་ལྷ་སྔ་མའི་འབྲས་བུ་ཡོད་པ་བསྟིམས་ཏེ་གཉིས་མེད་བྱས་ནའམ། གཉིས་སྣང་མེད་པར་གཅིག་གི་ངོ་བོ་བྱུང་ན་མ་སྤངས་པའོ། །ལུས་ངག་ཡིད་ཕྱག་རྒྱ་ཆེན་པོ་ནི། །ལུས་ལྷ་དང་ངག་གི་རྡོ་རྗེའི་བཟླས་པ་དང་། སེམས་ཕྱག་རྒྱ་ཆེན་པོ་དང་མི་འབྲེལ་པ་སྟེ་མི་དགེ་

བ་བཅུ་མེད་པ་ནི་ཕྱག་རྒྱ་ཆེན་པོ་ལ་རབ་ཏུ་གནས་ཞེས་བྱའོ། །དམ་པ་རྣམས་ནི་སྨད་མི་བྱ། །གསང་བའི་དོན་ཡང་བསྟན་མི་བྱ། །རྟགས་ཆེན་སྐུ་ཡང་མི་བསྟན་ཏེ། །བཟླས་དང་སེམས་ཉམས་བསྟན་མི་བྱ། །ཞེས་པ་ལ། དམ་པ་རྣམས་ནི་བླ་མ་དམ་པའམ་སངས་
རྒྱས་འབྱུང་བའི་བླ་མ་དམ་པ་སྟེ། དེ་ལ་སྨད་ན་སངས་རྒྱས་ལ་མཉེས་པ་མི་བགྱིས་པ་སྟེ། ཆོས་མེད་པའི་ཡུལ་དུ་སྐྱེ་ཞེས་པའོ། །གསང་བའི་དོན་ནི་གསང་སྔགས་ཀྱི་དོན་དང་། དབང་གཉིས་པ་གསུམ་པའི་མན་ངག་རྣམས་དང་། རྡོ་རྗེའི་སྤུན་མ་ཡིན་པ་ལ་མི་བསྟན་པ་སྟེ། བསྟན་ན་
སྔགས་ཀྱི་དངོས་གྲུབ་ཡལ། །ཞེས་པའོ། །རྟགས་ཆེན་སུ་ཡང་མི་བསྟན་ཏེ། །རང་གི་ལྟག་པའི་སྐུའི་རྟགས་རྣམས་ཕྱི་པ་ལ་མི་བསྟན་ཏེ། བསྟན་ན་ལྷག་པའི་ལྷའི་དངོས་གྲུབ་མི་འབྱུང་བའོ། །བཟླས་ན་སེམས་ཉམས་མི་བསྟན་ན། །རང་གི་རྡོ་རྗེ་སྤུན་མིན་པ་ལ་བཟླས་པའི་སྤྱོད་པ་དང་།
མན་ངག་དང་དོན་རྣམས་བསྟན་ན། དེའི་དེ་ཉིད་མི་འབྱུང་ཞེས་པའོ། །ཉམས་དང་དངོས་དང་རྨི་ལམ་དང་འབྲེལ་པའི་སེམས་ཉམས་མི་བསྟན་ཏེ། དེའི་དངོས་གྲུབ་ཡལ་ཞེས་པའི་དོན་དང་འབྲེལ་ཏོ། །བླ་མ་དང་རྡོ་རྗེ་སྤུན་ལ་མ་ཡིན་ཏེ། རང་ཡིན་པའི་ཕྱིར་རོ། །དེ་ནི་རྩ་བའི་དམ་
ཚིག་བསྟན་པ་ཡིན་པའི་ཕྱིར་གོང་གི་ཏོན་ཏོ། །རྡོ་རྗེ་དྲིལ་བུ་ཕྲེང་བ་དག །སྐད་ཅིག་ཙམ་ཡང་སྤང་མི་བྱ། །གྲོགས་པོའི་སེམས་ནི་དཀྲུག་མི་བྱ། །ཁྱད་པར་གྲོགས་ལ་སྨོས་ཅི་དགོས། །ཞེས་པ་ལ། རྡོ་རྗེ་དྲིལ་བུ་རྟག་ཏུ་བཅང་སྟེ་མཆོད་རྫས་ཡིན་པ་དང་འབྲེལ་པའི་དོན་ཡིད་ལ་བྱ་བའི་
ཕྱིར་རོ། །ཕྲེང་བ་ནི་བླ་མ་དང་ལྷ་དང་ལམ་ཁྱད་པར་ཅན་ཕྲེང་ཞིང་ཡིད་ལ་བྱ་ཞེས་པའི་དོན་ཏོ། །སྐད་ཅིག་ཀྱང་མ་བརྗེད་པར་ཡིད་ལ་བྱའོ། །གྲོགས་པོའི་སེམས་ནི་རྡོ་རྗེའི་སྤུན་དེ་དབང་དང་། དམ་ཚིག་ཡོངས་སུ་གཟུང་ངོ་། །སེམས་ཅན་གནས་གཅིག་ཏུ་སྐྱེས་པ་ཡང་ཉེ་བའི་སྤུན་
ཡིན་པས་གནོད་པ་མི་བྱ་ཞེས་པའོ། །ཁྱད་པར་གྲོགས་ནི་དབང་དང་མན་ངག་གཅིག་པ་དང་། གྲོལ་བས་མི་བྱ་ཞིང་མཉེས་པའོ། །ཡང་ན་དབང་གསུམ་པའི་རྟེན་ཏེ། དེ་ཉིད་དུ་ཁྲིད་པའི་གྲོགས་ཡིན་པའི་ཕྱིར་རོ། །གྲོགས་ནི་སྲིད་པ་བར་དོ་སྐྱོབ་པ་དང་། གནས་པ་གསུམ་དུ་

འགྲོགས་པའི་ཕྱིར་གྲོགས་སོ། །བསྲུང་བའི་ཕྱིར་བསྲུང་བའོ། །ཚོགས་དང་གཏོར་མ་སྦྱིན་སྲེག་དང་། །མཎྜལ་ཚ་ཚ་ལ་སོགས་པ། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཚོགས་དང་གཏོར་མ་དང་ཚ་ཚ་ལ་སོགས་པ་རྣམས། ལུས་ལ་མེ་འབར་བས་མྱུར་བར་བྱ་སྟེ། དུས་རྐྱེན་
གྱིས་འདས་ན་བསྒྲུབ་པའི་སྐལ་བ་དང་མི་ལྡན་པས་མྱུར་བར་བྱ་ཞེས་པའི་དོན་སྟོན་ཏོ། །དེ་ནི་རྩ་བ་དང་ཡན་ལག་ཉམས་ན་བསྐང་བ་ཡིན་ཏེ། ཉེས་པའི་རིམ་པ་བདུན་དང་ཉི་ཤུ་རྩ་གཅིག་དང་། བརྒྱ་རྩ་བརྒྱད་སྟོང་དང་ཁྲི་དྲུག་འབུམ་གྱིས་ཉེས་པའི་རིམ་པ་དང་སྦྱར་ནས་འདག་ཅེས་པའོ། །
ཆོས་ཀྱི་སྤྱོད་པ་གཞན་རྣམས་ཀྱང་སྤང་བར་འགྱུར་བ་སྨོས་ཅི་དགོས་ནི། ཀློག་འདོན་དང་ཉན་པ་བསྐྱབ་པ་སྟེ། ཐར་པའི་ལམ་དང་དགེ་བའི་སྟོབས་འབྱིན་པའི་ཕྱིར་ཏེ། །མི་སྤང་བར་སྤྱད་པ་དང་འབྲེལ་ཏོ། །ཤ་ཆེན་ཁྲག་དང་ཁུ་བ་དང་། །དྲི་ཆེན་དང་ནི་དྲི་ཆུ་དང་། །བླང་དང་སྤང་བར་བྱ་བ་
མིན། །རྩ་བ་བྱང་ཆུབ་སེམས་མི་གཏོང་། །ཞེས་པ་ལ། ཤ་ཆེན་ཁྲག་དང་ཁུ་བ་ལ་དྲི་ཆེན་དང་དྲི་ཆུ་ལ་དྲོད་ཀྱི་ནུས་པ་མེད་པར། སྐྱེ་བོ་ཕལ་པའི་མདུན་དུ་སྤྱད་པ་མ་ཡིན་ཏེ། ཁྱི་ཕག་དང་འདྲ་བའི་ཕྱིར་རོ། །སྤང་ན་ཉན་ཐོས་དང་འདྲ་བས་སྤང་བ་མ་ཡིན་ནོ། །གསང་སྔགས་སྤང་བ་དང་
བླང་བའི་ལམ་མིན་ཏེ་དེ་ནི་རྟོག་པ་ཡིན་པས། འདི་ནི་བདེ་བའི་ལམ་ཡིན་ཏེ། རྟོག་མེད་ཅེས་པའི་དོན་ཏོ། །རྩ་བ་བྱང་ཆུབ་སེམས་མི་གཏོང་ནི་ཀུན་རྫོབ་དང་དོན་དམ་སྟེ། དགེ་བའི་འབྲས་བུའི་རྩ་བ་མ་ལུས་པའི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན་པས་སྤངས་ན་ངན་སོང་དུ་འགྲོ་ཞེས་པའོ། །
ཆོས་ལ་སྨོད་པའང་སྤང་བར་བྱ། །དད་ལྡན་བསམ་པ་སུན་མི་དབྱུང་། །བུད་མེད་རྣམས་ལ་སྨད་མི་བྱ། །སྤང་དང་བླང་བར་བྱ་བ་མིན། །ཞེས་པ་ལ། ཆོས་དང་སྨོད་པ་རང་དང་གཞན་གྱི་གྲུབ་པའི་མཐའ་སྟེ། སྨད་ཅིང་སྤངས་ན་རྣམ་པར་སྣང་མཛད་རིང་བའི་རྒྱུའོ། །དད་ལྡན་བསམ་
པ་སུན་མི་དབྱུང་ནི་ཐེག་པ་ཆེ་ཆུང་གི་རིགས་ཅན་ཏེ། ཆུང་ངུ་ནི་ཆེན་པོར་འགལ་ཏེ་སུན་མ་ཕྱུང་བའོ། །གཞན་ནི་ལམ་གཉིས་ངན་སོང་སུན་འབྱིན་པ་ནི་དེ་ནི་རྒྱུ་ལ་འཇུག་པ་སྟེ། རྒྱུ་འབྲས་སུན་འབྱིན་པའོ། །བུད་མེད་ནི་བུད་མེད་དེ་ཆགས་བཅས་རྣམས་དབང་གསུམ་པའི་དུས་རིན་པོ་

ཆེའི་རིགས་ཀྱི་གང་ཟག་རྣམས་ལ་མི་སྨད་ཅེས་པའོ། །ཡེ་ཤེས་ངོས་འཛིན་མེད་པར་དེ་སྤང་བའང་མིན་བླང་བའང་མིན། གང་ཟག་གཉིས་ཀྱིས་སོ། །བགྲོད་མིན་ལ་ནི་བགྲོད་པ་མིན། །སྤང་བ་མི་སྤོང་འགྱུར་བ་དང་། །བླང་བྱ་མི་ལེན་སྤང་བར་བྱ། །ཞེས་པ་ལ། ཐེག་པ་
ཆེན་པོའི་ལམ་ལ་ཞུགས་པའི་གང་ཟག་གིས། མུ་སྟེགས་དང་ཉན་ཐོས་ཀྱི་ལམ་ངན་པས་ཕྱིས་མི་བགྲོད་པའོ། །སྤང་བ་ཕྱིས་མི་སྤོང་བར་འགྱུར་པའོ། །ཉོན་མོངས་པ་དང་ལས་ཀྱིས་ཉོན་མོངས་པ་རྣམས་ཏེ། དེའི་གཞི་རྣམས་སྤང་ཞེས་པའོ། །བླང་བྱ་མི་ལེན་ནི་བསྐྱེད་རྫོགས་ཀྱི་དོན་དེ་བརྩོན་
འགྲུས་ཀྱིས་འཇུག་ཅེས་པའོ། །དུག་ལྔ་སྤོང་བ་སྤང་བར་བྱ། །བླང་བ་ཡང་ནི་སྤང་བ་ཡིན། །དུག་ལྔ་མ་སྤངས་པར་སྤྱད་བྱ། །ཞེས་པ་སྟེ། ལུང་ལས། ཕ་དང་མ་ནི་གསད་པར་བྱ། །རྒྱལ་པོ་ངན་པ་བཀུར་མི་བྱ། །བྲམ་ཟེ་གྲོང་ཁྱེར་གཞོམ་པར་བྱ། །སེམས་ཅན་དོན་དུ་གཞན་དག་གི །བུད་
མེད་བསྟེན་ཅིང་མི་གཙང་སྤྱད། །སྲོག་ཆགས་ཀྱང་ནི་གསད་པར་བྱ། མ་བྱིན་བླང་ཞིང་བརྫུན་སྨྲ་དང་། །གཞན་ལ་ཕྲག་དོག་མྱོས་འགྱུར་བཏུང་། །འདིས་ཀྱང་གྲོལ་བར་འགྱུར་བ་སྟེ། །དགོངས་པས་བཤད་པ། ཞེས་ནི་དུག་ལྔ་སྤང་བ་ཞེས་པ་སྟེ་རང་ཀ་རུ་མི་སྤྱད་ཅེས་པའོ། །གསང་བ་
ཐེག་པ་ཆེན་པོའི་གང་ཟག་སྐྱེས་བུ་རྣམས་ཀྱིས་ནི། དུག་ལྔ་མཐུན་རྐྱེན་གྱིས་བླང་ཞིང་སྤྱད་པར་སྤང་མི་བྱ། འགལ་རྐྱེན་དགྲ་རུ་ཡང་མི་གཟུང་སྟེ། སྤང་བྱ་བླང་བྱ་རུ་བྱས་ནས་ལམ་བགྲོད་ན་ཐེག་པ་ཆེན་པོའི་རིགས་མིན་ཏེ་ཆུང་ངུའོ། །དགྲ་དང་གཉེན་དུ་མ་བཟུང་བ་ནི་སྤངས་པ་ཤུགས་ཏེ་
བཏང་སྙོམས་ཆེན་པོའོ། །དེ་ནི་ཐེག་པ་ཆེན་པོ་མི་སླུ་བའི་ལམ་ལ་ཞུགས་པའོ། །དམ་པ་མ་ཡིན་བསྟེན་མི་བྱ། །ཞེས་པ་ནས། རྟག་ཏུ་མི་དང་སྤྱོད་པ་བསྟུན། །ཞེས་པའི་བར་ལ། ལོག་པའི་བླ་མ་མི་བསྟེན་པ་དང་། རྡོ་རྗེ་སློབ་དཔོན་གྱི་ལས་ཀྱི་རིམ་པ་དང་། དེ་ཡང་རྩ་བ་ན་གསལ་བས་མ་བྲིས་སོ། །
དང་པོ་དཀའ་ཐུབ་བསྟེན་པ་སྟེ། །ཐ་མའི་དུས་སུ་སྤང་བར་བྱ། །ཆང་སོགས་ཉེས་པར་གྱུར་པ་སྤང་། །ཞེས་པ་དང་པོ་བསྟེན་པ་ལོའམ་ཟླ་བ་རུ་བརྟན་པར་གཟུང་ལ་དགེ་སློང་གི་བསླབ་པའི་དུས་སུ་བསྙེན་གནས་ལོགས་སུ་མི་གོས་ཏེ་སྤང་བའོ། །ཡང་ན་དང་པོ་སྡོམ་པ་གསུམ་ལ་གནས་པར་

བྱས་ལ། འཇིག་རྟེན་མཆོག་གི་ཡེ་ཤེས་སྐྱེས་ཙམ་ན། དཀའ་ཐུབ་མི་དགོས་ཀུན་བརྟགས་ཡིན་པའི་ཕྱིར་རོ། །ཆང་སོགས་ཉེས་པར་གྱུར་པ་ནི། །སྔགས་པའི་བྱང་ཆུབ་སེམས་དཔའི་རྩ་བ་ལྔ་རྒྱུན་དུ་སྤང་ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་སྔགས་ཟློས་པ་རྣམས་ཀྱིས་བྲག་བཙོང་ལ་སོགས་
དང་། མི་ནག་སྡིག་བྱེད་དང་གསུར་ཆེན་ལ་མི་འགྲོགས་སོ། །ཐབས་ལྡན་དངོས་གྲུབ་སྦྱོར་བར་འགྱུར་ན། གྲང་བ་ཅན་གྱི་ནད་སེལ་བའི་སྨན་ཕུལ་དག་རེ་བཏུང་བའམ། དེ་རུ་ཡང་རུལ་སུམ་སྐྱོན་སྤངས་པའོ་ཞེས་ནད་གཞིའི་རྟེན་མི་བྱེད་པ་བཏུང་ངོ་། །ཡང་ན་བདུད་རྩི་བསྒྲུབ་པ་བཞིན་
བཏུང་ཞེས་སོ། །གང་ཚེ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་པ་ནས། དེ་ཕྱིར་ཉོན་མོངས་སྤང་བར་བྱའི་བར་དུ་རྩ་བར་གསལ་བས་མ་བྲིས་སོ། །ཁྱད་པར་ཐོད་པའི་ཕྲེང་བ་ཅན། །ཞེས་པ་དང་པོ་བླ་མ་ལ། དཀྱིལ་འཁོར་མེ་ཏོག་སྔོན་པོར་བཅས། །ཞེས་པ་དང་པོ་ཁྱད་པར་གྱི་སྡོམ་པ་བླངས་
ལ་འཕགས་པ་གོས་སྔོན་པོ་ཅན་གྱི་སྡོམ་པ་བསྲུང་ཞེས་པའོ། །དེ་ནས་ཁྱད་པར་གཞན་དང་མི་འདྲ་བའི་ཐོད་སྤྱི་ཕུད་དང་འདྲ་བའི་སྡོམ་པ་བསྲུང་ཞེས་པའོ། །ཐོད་ནི་བཟང་པོ་སྟེ། དེས་ཕྱག་རྒྱ་ཆེན་པོའི་ལམ་ལ་ཕྲེང་བ་དང་ཕྲེང་ཐག་བཞིན་འབྲེལ་པས་ཀྱང་ཕྲེང་བའོ། །དམ་ཚིག་
ལ་ཕྲེང་བ་དང་འདྲ་བར་ཕྲེང་ཞེས་སོ། །གོས་སྔོན་པོ་དང་རཀྴ་དང་། །རུས་པའི་ཕྲེང་བ་བླང་བར་བྱ། །ཞེས་པ་ལ། གོས་སྔོན་པོ་དང་ཟེར་བས་ངོ་ཚ་ཁྲེལ་ཡོད་གོས། སྟོད་གཡོགས་སྟེང་དུ་གོན་པ་ནི་གོས་སྔོན་པོའི་རིགས་སོ། །རཀྴ་ནི་གནོད་སྦྱིན་སྐྲག་པའི་རྒྱན་སྦྲུལ་དང་
སྟག་དང་བྱ་ཁྱུང་གིས་མཚན་པ་ལ་སོགས་པ་ཁྲོ་བོའི་རྒྱན་བསམ་ཞེས་སོ། །རུས་པའི་ཕྲེང་བ་ནི་རིན་པོ་ཆེ་བཻ་ཌཱུརྱའི་རྒྱན་ཕྲག་པ་གཡས་ལ་ཟར་བུ་ཆགས་སུ་བསམ་མོ། །ཡང་ཕྲེང་བ་ནི་ཕྲེང་བ་སྟེ་ཤིང་ཀུར་རུས་བྱང་ཆུབ་སྒྲིབ་སེལ་གྱི་འབྲས་བུ་དང་དྲག་པོ་ལ། འབོར་ཉེ་
རུས་པ་ཡང་བགྲང་ཞེས་ཏེ། རྒྱན་གྱི་དམ་ཚིག་གོ། །དུས་ཀུན་དུ་ནི་རང་ལྷ་མཆོད། །རྟག་ཏུ་བླ་མ་མཉེས་པར་བྱ། །རྟག་ཏུ་རང་ལྷའི་བསྙེན་པ་བྱ། །རྟག་ཏུ་རང་གི་དམ་ཚིག་བསྲུང་། །དུས་ཞེས་པ་ནི་དུས་ཀུན་དུའོ། །ལྷ་མཆོད་ནི་ཉིན་མཚན་དུ་རང་གི་ལྷག་པའི་ལྷ་ལ་ཕྱི་ནང་དག་དང་

བས་མཆོད་ཅིང་དང་བ་དང་མོས་པས་མཉེས་པར་བྱ་སྟེ། འཇིག་རྟེན་པའི་ལྷ་ལ་མི་མཆོད་ཅེས་སོ། །རྟག་ཏུ་བླ་མ་མཉེས་པ་ནི། །དབང་གི་དུས་སུ་ཡོན་གྱིས་བླ་མ་མཉེས་པ་ལས་དབང་ཐོབ་པར་བྱ་སྟེ། ཕྱིས་བླ་མ་དང་མ་ཉམས་པར་དམ་པའི་ཆོས་དང་མཐུན་པས་བླ་མ་
མཉེས་པར་བྱ་ཞེས་པའོ། །རང་ལྷའི་བསྙེན་པ་བྱ་བ་ནི། སྒྲུབ་པ་དང་ལས་སྦྱོར་མིན་པར་རྒྱུན་དུ་རྩ་སྔགས་བཟླས་ཏེ། སྔགས་དེ་ནི་སྦྱོང་ཞིང་ནུས་པ་བསྐྱེད་པའོ། །དེས་ནི་སྐུ་གསུང་ཐུགས་ཀྱི་བྱིན་ཉེ་བའོ། །རྟག་ཏུ་རང་གི་དམ་ཚིག་ནི་འཕགས་པ་གོས་སྔོན་པོ་ཅན་དང་འབྲེལ་པའི་དམ་
ཚིག་རྣམས་ཏེ་མི་དགེ་བ་ལས་ལོག་པའི་ཐ་ཚིག་གོ། །རྟག་ཏུ་སྔགས་ཀྱི་སྤྱོད་པ་བརྟེན། །རྟག་ཏུ་ཆོས་ཀྱི་དམ་པ་བླང་། །རྟག་ཏུ་ཁྲུས་ཀྱི་ཆོ་ག་བྱ། །ཞེས་པ་ལ། རྟག་ཏུ་སྔགས་སྤྱོད་པ་ནི་ཟས་དང་། གཏོར་མ་དང་ཁྲུས་དང་སྤྱོད་ལམ་གོས་དང་ཏིང་ངེ་འཛིན་ལ་སོགས་པ་རྣམས་དང་ནམ་དུ་
ཡང་མི་འབྲལ་བར་བསྟེན་ཞེས་པའོ། །རྟག་ཏུ་ཆོས་ཀྱི་དམ་པ་བླང་ནི་འབྲས་བུ་གསང་སྔགས་ཀྱི་ཆོས་ལ་ཆོག་མ་ཤེས་པར་བྲི་བ་དང་མཉན་པ་དང་བསམ་པ་སྟེ། །ཐེག་པ་འོག་མ་པའི་དོན་དང་མ་འབྲེལ་ཞེས་པའི་དོན་ཏོ། །རྟག་ཏུ་ཁྲུས་ཀྱི་ཆོ་ག་བྱ་ནི་ཕྱི་ནང་གི་ཁྲུས་སྟོང་པ་ཉིད་
ཆེན་པོ་དང་། ཕྱི་ལྷ་ཞུ་བ་སྟེ། རིགས་ལྔ་དང་འབྲེལ་ཞེས་པའོ། །སྲོག་གཅོད་པའི་སེམས་ཅན་པས་ཀུན་དུ་རྒྱུག་པར་བྱེད་པ་བླ་ཞེས་པ་ལ། སྲོག་གཅོད་པ་དང་གཅོད་དུ་སྩལ་བ་དང་། ཡི་རང་བའི་ལས་ཀྱི་ལས་རྣམས་ཀྱིས། ཚ་བ་དང་ཚ་བའི་སེམས་ཅན་རྣམས་སུ་སྐྱེ་སྟེ། ཕྱིས་
དེ་ནི་མནར་དུ་མི་འདོད་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་སྲོག་ཕོངས་ཤིང་སྲོག་གི་ཟུག་རྔུ་ཤིན་ཏུ་མི་བཟོད་པའི་ཕྱིར། རྒྱུ་དེས་ན་འབྲས་བུ་ཡང་ངན་སོང་གསུམ་དུ་འགྲོ་ངེས་སོ། །སྡུག་བསྔལ་ཡང་སྤང་དུ་མེད་དེ། གཙོ་བསྲེག་དུས་གཅིག་ལ་མྱོང་བའོ། །དེ་ནས་དགེ་
བའི་ནང་ན་སྲོག་གི་སྦྱིན་པ་ཆེ་ཞེས་རྒྱལ་བས་གསུངས་སོ། །དེས་ན་སྲོག་གཅོད་པའི་སེམས་ཅན་པས། སྤང་ཞིང་ཟས་ཚོལ་བ་བླ་སྟེ་བཟང་ཞེས་པའོ། །དེ་ནས་སྲོག་གཅོད་པའི་ལས་རྣམ་སྨིན་ཆེ་ཞིང་ཆེ་བས་སྲོག་གཅོད་པ་སྤོང་ངོ་། །གྲོང་ཁྱེར་འཇུག་དང་གཏོར་མ་

གཏོང་། །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་པ་ལ། གྲོང་ཁྱེར་དུ་འཇུག་སྟེ་རྙེད་པའི་ཕྱིར་སྦྱིན་སྲེག་དང་གཏོར་མ་དང་། གཙོར་ཆང་དང་བྲག་བཙོང་དང་། རྟ་རྐྱང་ཤ་ལ་སྤྱོད་པ་དང་བཅས་པ་ང་མཁས་ཞེས་ཟེར་བ་ནི། ཆོས་ཟོང་དུ་ཁྱེར་ཏེ། དེ་ནི་རོ་མྱགས་མེའི་འདམ་དུ་སྐྱེས། །ཞེས་སོ། །
ཡང་ཆོས་ཀྱི་མཆོག་གི་ཡེ་ཤེས་ཡོད་པ་དེ་རྣམས་ཀྱིས་ནི་གྲོང་ཁྱེར་དུ་གཏོར་མ་ལ་སོགས་པས་ཕན་གདགས་པའོ། །དམ་ཚིག་རྟག་ཏུ་སྲུང་བྱེད་པའི། །རྣལ་འབྱོར་དེ་ལ་དངོས་གྲུབ་འབྱུང་། །དམ་ཚིག་ནི་སྤྱི་དང་ཁྱད་པར་གྱི་དམ་ཚིག་སྟེ་དེ་བསྲུངས་ན་དེ་ལ་མཆོག་གི་དངོས་གྲུབ་དང་
ཐུན་མོང་གི་དངོས་གྲུབ་རི་ལུ་ལ་སོགས་པ་འགྲུབ་ཅེས་སོ། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །དམ་ཚིག་གདུག་པ་ཟིལ་གྱིས་གནོན། །དམ་ཚིག་ཐུབ་དཀའ་གདུག་པ་འཇོམས། །དེ་བས་མཁས་པ་དུས་ཀུན་དུ། །དངོས་གྲུབ་རྒྱུར་འགྱུར་དམ་ཚིག་བསྟན། །ཞེས་པ་ལ། དམ་ཚིག་
ཆེ་ནི་དམ་ཚིག་དང་ལྡན་ན། ཉོན་མོངས་རྡོ་རྗེ་ཕ་ལམ་དང་འདྲ་བར་འཇོམས་ཞེས་པའོ། །དམ་ཚིག་བསྲུངས་པའི་གང་ཟག་གིས་གདུག་པ་ལས་ཀླུའི་གདོན་ལ་སོགས་ཏེ། ནད་གཞི་མི་འབྱུང་ཞེས་པའོ། །དཀའ་ཐུབ་དམ་ཚིག་ནི་སྡོམ་པ་གསུམ་ལྡན་ནི་ཤིན་ཏུ་དགའ་བས་
དཀའོ། །བར་དུ་གཅོད་པའི་བདུད་སེལ་བས་རིང་དུ་མི་གནས་ཞེས་པའོ། །དེ་བས་ན་མཁས་པས་ནི་བླང་བ་དང་། བཤགས་པའི་དོན་ཤེས་པའོ། །དངོས་གྲུབ་འགྲུབ་པའི་རྒྱུ་དམ་ཚིག་ཡིན་པས་བསྲུང་ཞེས་པས་གོང་མ་རྣམས་དང་འབྲེལ་ཏོ། །གང་དག་དམ་ཚིག་མེད་ཅིང་
སྦྱོར་བ་ཀུན་སྤངས་པ། །རྟག་ཏུ་དངོས་གྲུབ་སྦྱོར་སྤངས་སྡུག་བསྔལ་ཐམས་ཅད་སྐྱེད། །ཅེས་པ་ལ། གང་དག་དམ་ཚིག་མེད་པ་ནི། །སྡོམ་པ་གསུམ་བླངས་ནས་མི་སྲུན་པ་སྟེ་ཉམས་པ་རྣམས་སོ། །སྦྱོར་བ་ཀུན་སྤོངས་ནི་ཉམས་ན་བཤགས་པ་ལ་མི་འཇུག་ཅིང་ཆོས་ཀྱི་སྤྱོད་པ་གཞན་
འདོར་བའོ། །རྟག་ཏུ་དངོས་གྲུབ་སྦྱོར་སྤངས་ནི། །དམ་ཚིག་སྦྱོར་བ་མེད་ན་མཆོག་ཐུན་མོང་གི་དངོས་གྲུབ་མེད་ཅེས། བླ་མ་དམ་ཚིག་ཉམས་པའི་ཆོས་ཟབ་པ་དང་དབང་དང་མན་ངག་ལ་སོགས་པས་རང་ཉིད་ཀྱང་མི་གྲོལ་ཏེ། ས་བོན་ཉམས་པ་ལ་མྱུ་གུ་སྔོན་པོ་མི་འབྱུང་བའི་ཕྱིར་

རོ། །གཞན་ཡང་ངེས་པར་གྲོལ་བར་མི་འགྱུར་ཏེ། །གོང་གི་རྒྱུ་ཉམས་པས་འབྲས་བུ་འབྱིན་མི་ནུས་པའི་ཕྱིར་རོ། །དེས་ན་དམ་ཚིག་ཉམས་པའི་མི་དང་ལུང་པ་གཅིག་གི་ཆུ་ལ་ཡང་མི་བཏུང་སྟེ། སྡུག་བསྔལ་ཐམས་ཅད་བསྐྱེད་པའི་རྒྱུ་དམ་ཚིག་ཉམས་པ་ཡིན་པའི་ཕྱིར་རོ། །
འགྲོ་བའི་སྡུག་བསྔལ་སེལ་མཛད་སངས་རྒྱས་རྡོ་རྗེ་ཅན། །རྟག་ཏུ་ཐུབ་བྱེད་སྡོམ་གནས་རྟག་ཏུ་བདེ་བའི་མཆོག །བླ་མེད་ལམ་མཆོག་གསང་ཆེན་དེ་ཉིད་སྤངས། །ཞེས་པ་ལ། འགྲོ་བ་ནི་རིགས་དྲུག་སྟེ་གཅིག་ནས་གཅིག་ཏུ་འགྲོ་བའི་ཕྱིར་རོ། །སྡུག་བསྔལ་ནི་གསུམ་མམ་བརྒྱད་དོ། །
དེ་སེལ་བ་ནི་སངས་རྒྱས་རྡོ་རྗེ་ཅན་ནོ། །རྟག་ཏུ་ཐུབ་བྱེད་ནི། ཤཱཀྱ་ཐུབ་པའི་བསྟན་པ་ལ། དེའི་སྡོམ་པ་གསུམ་ལ་མ་གནས་པར་ལམ་གཞན་མེད་ཅེས་སོ། །རྟག་ཏུ་བདེ་བའི་མཆོག་ནི། ལམ་དེ་ལ་གནས་པས། རྒྱུ་དང་འབྲས་བུ་དུས་གཉིས་བདེ། །ཞེས་པའོ། །བླ་མེད་
ལམ་ནི་འབྲས་བུ་ལམ་དུ་བྱེད་པའི་ཐེག་པའོ། །གསང་ཆེན་རྣལ་འབྱོར་ཆེན་པོའི་ལམ་མོ། །དེ་ཉིད་སྤངས་པ་ནི་རྡོ་རྗེ་འཆང་གི་ངོ་བོ་སྤངས་པ་ཡིན་པའི་ཕྱིར་རོ། །མི་གནས་དངོས་གྲུབ་མེད་ཅིང་ཚ་གྲང་སྡུག་བསྔལ་མྱོང་། །དོན་ནོར་སྨྲ་བ་ཉམས་ཤིང་སློབ་དཔོན་བཀའ་སོགས་བཅག །
སྤྱི་ནས་བླ་མེད་བླང་ཞིང་མཁའ་འགྲོས་སྙིང་ནས་འདྲེས། །ཞེས་པ་ལ་མི་གནས་ནི་སྡོམ་པ་དམ་ཚིག་ཉམས་པས་དངོས་གྲུབ་རྣམ་གཉིས་མེད་པ་འབྲས་བུ་ཚ་གྲང་གིས་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ཞེས་པ་སྟེ། དེས་ན་ཀྱི་ཧུད་བར་མེད་པའི་སྡུག་བསྔལ་འདི་ལྟ་བུ་ཀྱི་
ཧུད་ཨེ་བཟོད་ཐབས་མེད་པའི་ཚེ་རིང་ཞིང་ཐར་བའི་ཐབས་མེད་ན། དེའི་རྒྱུ་ནི་དོན་ན་སྡོམ་པ་ཉམས་ཤིང་ལྟ་བ་ལོག་རྨིག་ཟླུམ་ཤ་ལ་སོགས་པ་འཕྲལ་དུ་སྲོག་དང་བྲལ་བའི་ཤ་མི་བཟའ་བ་དང་། ཆང་ནི་དུག་ལྔ་བསྐྱེད་པའི་རྒྱུ་ཡིན་པས། ཉོན་མོངས་པ་ཀུན་ནས་སློང་བའོ། །
ཤེས་པ་མྱོས་བྱེད་ནི་མ་ཡིན་ནོ། །དུག་ལྔ་ལ་སོགས་པ་གཡེང་བའི་རྒྱུ་མ་ལུས་པ་སྤངས་ལ། སེམས་ཅན་མ་ལུས་པ་ལ་སྙིང་རྗེ་ཆེན་པོས་སྒྲུབ་ཅེས་ཏེ། སྣོད་ལས་སུ་མ་རུང་བའི་གང་ཟག་གི་རྣམ་པའོ། །སྨྲ་བ་ཉམས་པ་ནི་ཁས་བླངས་ན་དཀོན་མཆོག་བསླུ་བ་ཡིན་པའི་ཕྱིར་དང་། གཞུང་བཞིན་

མ་བྱས་པའི་ཕྱིར་རོ། །སློབ་དཔོན་བཀའ་སོགས་བཅག་པ་ནི། བླ་མའི་ངག་མ་མཉན་ཞིང་གསུངས་པ་ལས་བླ་མ་རྒྱབ་ཏུ་གཤེ་ཤིང་ནོར་དང་རྫས་ལ་མ་གནང་བར་ལོངས་སྤྱད་པ་ནི། ཡི་དགས་ཀྱི་སེམས་ཅན་དམྱལ་བའོ། །བླ་མའི་ཁྱད་པར་གྲོགས་ལ་སྤྱད་ཅིང་། བླ་མ་ལ་རྒྱབ་ཀྱིས་ཕྱོགས་
ན། སྤྱི་ནས་རྐང་པ་སོག་ལེ་འབར་བས་འདྲ་ཞིང་། ཐར་ཐབས་མེད་པའི་སྡུག་བསྔལ་མྱོང་བ་སྟེ། རྒྱུ་འབྲས་སོ། །ཚེ་འདི་ལ་མཁའ་འགྲོས་སྙིང་ནས་འདྲེན་ཞེས་པའོ། །གང་ཟག་ལ་ལ་ནི་ཚེ་འདི་ལ་གྲགས་པ་སྙན་ཞིང་བདེ་ཞིང་འཇིག་རྟེན་ཆོས་ལ་དགའ་བ། ཚུལ་འཆོས་གཡོ་ཅན་རྣམས་
སྔ་མའི་བདེ་བའི་ལས་ཀྱིས་འདིར་བདེ་ཞེས་ཏེ། ཚེ་འདི་འདས་ནས་སྡུག་བསྔལ་མྱོང་ཞེས་སོ། །གནོད་བྱེད་མེ་དབལ་རྟག་ཏུ་དགྲ་བཞིན་སྤང་། །ཞེས་ཏེ། དམ་ཚིག་ཉམས་པ་བསྲུང་ཞེས་པའོ། །ཡིད་བཞིན་ནོར་བུ་རང་གི་སྲོག་བཞིན་བཙའ། །སྲོག་དང་འདྲ་བའི་དམ་ཚིག་ཅེས་
སོ། །དང་པོ་བླང་བསྲུང་ཉམས་པ་བཤགས་པར་བྱ་སྟེ། མཁས་པ་ནི་ཤེས་པ་དང་དད་པ་ཅན་ནོ། །གང་ཟག་དེས་བདེ་བ་ལ་གནས་ཤིང་སྡུག་བསྔལ་སྤང་ཞེས་པའོ། །བདག་གིས་ཐབས་འདི་ནས། བདེ་བ་ལ་གནས་པར་ཤོག་གི་བར་རྩ་བ་ན་གསལ་ཞིང་ཚང་བས་མ་བཀྲོལ་ལོ། །
བདག་གིས་འགྲེལ་འདི་བརྩམས་པར་མི་རིགས་ཀྱང་། །སེམས་ཅན་དམན་པ་རྣམས་ལ་ཕན་པ་དང་། །དམ་ཚིག་ཉེས་དམིགས་མཐོང་བས་སུ། །སྡོམ་པ་དག་ལ་གནས་པར་འགྱུར། །རང་ཉིད་སྡོམ་པ་ལ་མོས་པས། དད་པའི་དབང་གིས་འགྲེལ་འདི་བརྩམས། །མ་ལེགས་
ཉེས་པ་ཤོར་སྲིད་ན། །བླ་མ་མཁས་པ་རྣམས་ལ་བཟོད་པར་གསོལ། །འཕགས་པ་གོས་སྔོན་དངོས་གྲུབ་ཉིད། །བདག་གིས་མྱུར་དུ་ཐོབ་གནས་པས། །མ་ལུས་མྱུར་དུ་ཐོབ་པར་ཤོག །ཤེས་བྱ་སྒྲིབ་པ་ཕྲ་མོ་རྩད་ནས་རྣམ་གཅོད་ཅིང་། །ཅུང་ཞིག་དེ་ཉིད་རྩད་ནས་མ་ཆོད་
ཀྱང་། །རགས་དང་ཕྲ་བའི་རྟོག་པ་འོག་མནན་ནས། །དྲོད་དང་རྩེ་མོ་ཆོས་ཀྱི་ཕྱག་རྒྱ་དང་། །གསང་སྔགས་ཟབ་མོ་དག་གི་ལམ་ལ་རབ་གནས་ནས། །སྡོམ་པ་གསུམ་གྱིས་ལམ་གྱི་ཕྱག་རྒྱ་ཆེར་གྲོལ་ནས། །སེམས་ཅན་མ་ལུས་འཁོར་བའི་འདམ་ལས་འདོན་པར་ཤོག །

བདག་གིས་འགྲེལ་འདི་བརྩམས་པའི་དགེ་བ་ཡིས། །མ་ལུས་སེམས་ཅན་ཐམས་ཅད་ཀུན། །མཛེ་དང་ཤུ་བ་གཡན་ལ་སོགས། །ནད་ཀྱི་ཟུག་རྔུ་རྩད་ནས་འབྱུང་བ་དང་། །འཁོར་བའི་ཆུ་རྒྱུན་བསྐམས་ནས་ཀྱང་། །བདག་དང་མཐའ་ཡས་སེམས་ཅན་
རྣམས། །གོས་སྔོན་དངོས་གྲུབ་ཐོབ་པར་ཤོག །དམ་ཚིག་རྒྱན་གྱི་འགྲེལ་པ་མཆོག་རབ་མ་རྫོགས་སོ།། །།ཟངས་དཀར་ཚུལ་ཁྲིམས་གཞོན་ནུས་བསྒྱུར་བ་ལགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནོ་པི་ཀ་ཊཱི་ཀ་ནཱ་མ། བོད་སྐད་དུ།
འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་བའི་སྡུག་བསྔལ་ཆུ་བོ་སྐེམས་མཛད་པ། །མཐུ་ལྡན་བདེ་བ་ཆེན་པོའི་བདག་ཉིད་དེ། །ཉི་ཟླ་ལྟ་བུར་འགྲོ་དོན་མཛད་པའི་མཆོག །
སྨན་མཆོག་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །རང་བཞིན་རིག་པ་སྟོང་པ་ཆེན་པོ་དང་། །གཉུག་མ་བདེ་བ་སྙིང་རྗེ་ཆེན་པོ་དང་། །བདེ་བ་ཆེན་པོ་མཐའ་བྲལ་རྡོ་རྗེ་འཛིན། །ཕྱག་རྒྱ་ཆེན་པོ་རང་བཞིན་འབྲས་བུ་དངོས། །དེ་ཉིད་ཐོབ་པའི་ལམ་ནི་ཡོད་དང་མེད་པ་ཡི། །ཕྱག་རྒྱ་བཞི་པོ་
ལམ་གྱིས་གྲོལ་བའོ། །དེ་བཞིན་སྟོང་པའི་རང་བཞིན་ཆེན་པོ་ནི། །སྟོང་པ་བདག་མེད་ལམ་གྱིས་གྲོལ་ཞེས་གསུངས། །དེ་བཞིན་ཚོགས་ལམ་སྦྱོར་བའི་གནས་སྐབས་དང་། །མཐོང་ལམ་སྒོམ་ལམ་མཐར་ཕྱིན་ལམ་གྱིས་ནི། །གནས་པའི་ཡེ་ཤེས་བྱང་ཆུབ་ངོ་བོའི་ལམ། །ཐོབ་ཅིང་
གྲོལ་བར་ཁ་ཅིག་དེ་སྐད་གསུང་། །ད་ནི་རྩ་བའི་དོན་བཤད་པར་བྱ་སྟེ། འགྲོ་བ་སེམས་ཅན་མུན་འཐོམས་པའི། །ཀུན་ནས་དཀྲིས་པའི་ཉོན་མོངས་ཀུན། །སྒྲོན་མེས་གསལ་ཕྱིར་སྒྲུབ་པའི་ཐབས། །དཔལ་ལྡན་རྡོ་རྗེ་འཛིན་ལ་གུས་བཏུད་དེ། །ཞེས་པ་ལ། འགྲོ་བ་ནི་རིགས་དྲུག་
སྟེ། སེམས་པའི་བག་ཆགས་ཀྱིས་སྐྱེ་བ་གཅིག་ནས་གཅིག་ཏུ་ལེན་པའི་ཕྱིར་འགྲོ་བའོ། །སེམས་ཅན་ནི་ཉོན་མོངས་པའི་ཡིད་ཅན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཅན་སྐྱེ་འཇིག་གི་ཆོས་ཅན་ནོ། །མུན་པ་ནི་རྡུལ་དང་མུན་པ་སྙིང་སྟོབས་ལ་སོགས་ཏེ། མཐོང་བས་སྤང་བའི་ཉོན་

མོངས་པ། བསྒོམ་པས་སྤང་བའི་ཉོན་མོངས་པས་ཀུན་ནས་དཀྲིས་ཏེ་བཅིངས་པའོ། །མཐོང་བ་ནི་ལས་དང་ལས་ཀྱི་འབྲས་བུ་མི་ཤེས་པ་སྟེ་མ་རིག་པའོ། །ཀུན་ནས་དཀྲིས་པའི་ཉོན་མོངས་ནི། དང་པོ་ནས་སྒོ་ཀུན་ནས་ཤེས་པ་ལ། རྩ་བའི་ཉོན་མོངས་དང་ཉེ་བའི་ཉོན་མོངས་པ་
རྣམས་ཀྱིས་དཀྲིས་པའོ། །སྒྲོན་མེས་གསལ་བའི་ཕྱིར་ནི། ཉོན་མོངས་པའི་གཉེན་པོ་བདེན་པ་རྣམས་ཀྱི་རང་བཞིན་གསང་སྔགས་འདི་ཉིད་དེ། བསྐྱེད་པ་དང་རྫོགས་པ་ལ་སོགས་པ་ཟག་པ་ཟད་པ་ནི་གསལ་བར་བསྟན་པའི་སྒྲོན་མའོ། །སྒྲུབ་པའི་ཐབས་ནི་འགྲུབ་པ་དང་གྲུབ་
པར་བྱེད་པ་སྟེ་དོན་ཐོབ་པའོ། །དཔལ་ལྡན་ནི་ཡོན་ཏན་རྣམ་པ་གཉིས་ཏེ་རྒྱུ་དང་འབྲས་བུ་ལས་གྲུབ་ཅིང་ཐོབ་པའོ། །རྡོ་རྗེ་ནི་དོན་རྟགས་མཚོན་པ་གསུམ་སྟེ། སྟོང་པའི་རང་བཞིན་ཞེས་པའི་དོན་ནོ། །དེའི་རང་བཞིན་སྟོང་པ་ཉིད་དུ་གནས་པ་ནི་འཛིན་ཅིང་འཆང་བའོ། །བཏུད་པ་
ནི་གཞུང་བཀྲ་ཤིས་ཤིང་མཛེས་པ་དང་འཇུག་པ་སྟེ། ལུས་ངག་ཡིད་ཀྱི་ཡོན་ཏན་གསུམ་དང་ལྡན་པའི་ཡི་དམ་ལྷ་ལ་དད་པས་འདུད་ཅེས་སོ། །བླ་མ་བརྒྱུད་པའི་མན་ངག་ནི། །ཀླུ་ཡི་བྱང་ཆུབ་ཉིད་ཀྱིས་རིམ་བཞིན་བཤད། །ཅེས་པ་ནི་བློ་གྲོས་རིན་ཆེན་ལ་སོགས་ཀྱི་མན་ངག་གི་རིམ་
པའི་དོན་རྣམས་བཤད་པར་བྱ་ཞེས་སོ། །རིགས་རྣམས་འོས་སུ་གྲུབ་པ་ཡི། །སྔགས་པ་ཡོན་ཏན་ཀུན་ལྡན་པས། །ཞེས་པ་རིགས་རྣམས་ནི་རིན་པོ་ཆེའི་རིགས་ཀྱི་གང་ཟག་གོ། །འོས་སུ་གྲུབ་པ་ནི་དད་པ་གསུམ་དང་ལྡན་པའོ། །སྔགས་པ་ནི་དོན་བཞི་ཤེས་པའོ། །ཡོན་ཏན་
ཀུན་ལྡན་པ་ནི། མ་ནོར་བར་དབང་རྣམས་ཐོབ་ཅིང་དམ་ཚིག་སྡོམ་པ་དང་ལྡན་ཏེ་ལམ་གཉིས་ཤེས་པའོ། །ཡིད་འོང་བཀྲ་ཤིས་བདེ་གནས་སུ། །ཞེས་པ་ནི་ཡིད་འོང་བཀྲ་ཤིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བས་བཀྲ་ཤིས་པ་སྟེ། བྱང་སྐྱོབ་ཤར་རི་དམའ་བ་ལྷོ་གཞོལ་ནུབ་དགྱེ་བ་སྟེ།
མདུན་ནས་ཕྱོགས་སྔོ་བ་དང་། སྐད་སྙན་འབྱུང་ཞིང་མེ་ཏོག་འབྱུང་། །འཇིག་རྟེན་རྣམས་ཀྱིས་མ་སྨད་པ། །དེ་ཡི་གནས་སུ་ལེགས་འདུག་སྟེ། །ཡང་ན་ཚོགས་ཙམ་སོགས་པ་ལ། །ཉམས་དགའི་ས་ཕྱོགས་བདེ་གནས་སོ། །བླ་མེད་རྒྱུ་རུ་རབ་གནས་ན། །སྙིང་གར་ཉི་ལ་ཧཱུཾ་བཞག་

སྟེ། །ཞེས་པ་ལ། བླ་མེད་རྒྱུད་རབ་གནས་ནི་ཐོག་མར་སེམས་བསྐྱེད་གཉིས་དང་འབྲེལ་པའོ། །སྙིང་གར་ཉི་ལ་ཧཱུཾ་བཞག་སྟེ་ནི། ནང་གི་ཁྲུས་ནམ་མཁའ་ལྟ་བུ་དང་། ཧཱུཾ་ལས་རང་འདོད་པའི་ལྷ་རུ་གྲུབ་པའོ། །དེ་ལ་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་གནས་པའོ། །བྱིན་
བརླབས་བལྟས་ཏེ་བཀའ་བསྒོ་ལ། །འོད་ཀྱིས་བགེགས་ལ་ཐོག་རྣམས་དབབ། །བྷྲཱུཾ་གྱི་ཚིག་དང་ཡང་དག་ལྡན། །ཞེས་པ་ལ་བྱིན་བརླབས་ནི། སྙིང་ག་སྤྱི་བོ་མགྲིན་པར་བསྒོམ་པ་ཡེ་ཤེས་བསྟིམ་པའོ། །ལྟས་དེ་ནི་ཐུགས་རྗེ་དང་ལྡན་པའི་སྔགས་མིག་གིས་ཕྱོགས་ཀུན་དུ་བལྟ་ཞེས་
སོ། །བཀའ་བསྒོ་ལ་ནི། རྒྱུག་ཤིག་མ་འདུག་ཤིག །འདིར་མཐུ་ལྡན་གྱི་ཁང་པ་ཡིན་ནོ་ཞེས་པར་འགྱུར་བའོ། །འོད་ཀྱིས་བགེགས་ལ་ཐོག་རྣམས་དབབ་ནི་ས་སྦྱོང་བ་རྣམས་ལ་ས་བོན་གྱི་འོད་དཀྱིལ་འཁོར་ལ་ཕོག་སྟེ། འཁོར་ལོ་ལ་སོགས་པའི་ཐོག་ལྔ་དབབ་པའོ། །བྷྲཱུཾ་གྱི་
ཚིག་དང་ཡང་དག་ལྡན་ནི། ཙཀྲ་ཨོཾ་བྷྲཱུཾ་ཧཱུཾ་སྭ་བྷྲཱུཾ་ཧ་བྷྲཱུཾ་ཨ་བྷྲཱུཾ། ཐོག་ལ་ཡང་ནས་ཡང་དུ་ཕབ་སྟེ་བསྒྲལ་བའོ། །ཧཱུཾ་ལས་འོད་ཟེར་ཧ་འཕྲོས་པས། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །མེ་ཡི་ཁང་པ་ཡོངས་སུ་དབུབ། །བཛྲ་ཙཀྲ་ཧ་ན་དང་། །ཛྭ་ལ་རཾ་ཡང་ཡོངས་སུ་བརྗོད། །ཅེས་པ་ཧཱུཾ་ལས་འོད་
ཟེར་ནི་རང་གི་ཉི་མ་འབར་བའི་ཧཱུཾ་ལས་འོད་ཟེར་ལ་ཧ་ལྗང་གུ་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུར་འཕྲོས་ཏེ། རྡོ་རྗེ་ཁང་པ་ཕྱོགས་མཚམས་སུ་ཁ་དོག་དཀར་པོ་ལ་སོགས་པ་ལྔར་གྱུར་ཏེ། ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །འཁོར་ལོ་ནི་འཁོར་ལོའི་ཁང་པ་དྲུག་པ་སྟེ། ཨོཾ་བཛྲ་ཙཀྲ་ཧཱུཾ་ཧཱུཾ་ཞེས་པ་དང་
འབྲེལ་ཏོ། །རལ་གྲི་ནི་མདའ་དང་མཚོན་ཆའི་ཁང་པ་སྟེ། བཛྲ་ཧ་ན་ཧ་ན་ཞེས་པ་དང་འབྲེལ་ཏོ། །མེ་ཡི་ཁང་པ་ཡོངས་སུ་དབུབ་ནི། མེའི་ཁང་པ་ཤིན་ཏུ་འཐམས་པར་གྲུབ་པ་བཛྲ་ཛྭ་ལ་རཾ་ཞེས་པ་དང་འབྲེལ་ལོ། །གཡས་པའི་རཾ་དང་གཡོན་པའི་ཨ། །སྙིང་རྗེས་བགེགས་གསོས་
འབྱེར་བར་འགྱུར། །ཞེས་པ། བསྲུང་བ་གྲུབ་ནས་བགེགས་གསོས་པ་མ་གསོས་ན་སྙིང་རྗེ་དང་བྲལ་བ་ཡིན་པའི་ཕྱིར། གཡས་པའི་རཾ་དང་ནི་མིག་གཡས་པའི་རབ་རིབ་ཀྱི་སྡིག་པ་བསྲེགས་ཏེ་སྙིང་རྗེ་དང་འབྲེལ་ཏོ། །གཡོན་པའི་ཨ་ནི་གཡོན་པའི་ཨས་ཀུན་གཞི་གསོས་ཏེ

གསོད་པའི་དོགས་པ་དང་བཅས་པས་བྲོས་ཏེ་བྱེར་བའོ། །བགེགས་གསོས་འབྱེར་བར་འགྱུར་ཞེས་པ་དང་འབྲེལ་ལོ། །རྒྱུད་འོས་གྱུར་ནས་རང་བྱུང་གི །དེ་འོད་ལས་བྱུང་ཉི་དཀྱིལ་དུ། །སློབ་དཔོན་སངས་རྒྱས་བཅས་སྤྱན་དྲངས། །བླ་མ་མི་བསྐྱོད་གཟུགས་འཛིན་ལ། །ཞེས་པ་
རྒྱུད་འོས་གྱུར་ནས་ནི་ཉི་མའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་མ་ལུས་པའི་སེམས་ཅན་ལ་བསྡུ་བ་བཞིའམ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་དོན་བྱས་ཡེ་ཤེས་པའི་ཐུགས་ཀར་ཐིམ། དེ་ཉིད་དྲངས་ཏེ་རྒྱུད་ལ་ཕོག་པས་སྒྲིབ་པ་རྣམས་དག་པའོ། །དཔེར་ན་ཤེལ་གྱི་ཁ་དོག་དངས་པ་ལ