Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 50
Văn bản gốc(Tây Tạng)
Trang 11 / 16 (50.000 ký tự/trang)
ུ་སྦྱིན། །བདུད་རྣམས་སྦྱོར་བ་མ་ལུས་པ། །ཏིང་འཛིན་གསལ་ཞིང་བརྩོན་འགྲུས་དྲག །བདུད་རྣམས་བཟློག་པའི་མཆོག་ཏུ་གསུངས། །བར་དུ་གཅོད་པ་མ་ཟློགས་ན། །དངོས་གྲུབ་མེད་ཅིང་ཕྱལ་བར་གཏོང་། །དེས་ ན་བཟློག་པ་ཤིན་ཏུ་གཅེས། །བདུད་བཟློག་པའི་ལེའུ་སྟེ་བཅུ་པའོ།། །།མདངས་དང་སྲོག་ལ་བར་ཆོད་བྱེད། །གདུག་པ་མ་ལུས་སེལ་བའི་ཕྱིར། །སྦྱོར་བ་འདི་ཡི་མན་ངག་བསྟན། །གནས་ནི་ཡིད་འོང་ལ་སོགས་སུ། །བསྙེན་པ་རྣམ་གསུམ་རྫོགས་པ་ དང་། །ཞི་བ་ལ་སོགས་སོ་སོ་ཡི། །གང་ལྟར་འདོད་པའི་སྐུ་བསྐྱེད་པ། །བསྡུ་བ་ལ་སོགས་རྫོགས་པ་ཡིས། །ཞི་བ་དང་ནི་རྒྱས་ལ་སོགས། །ཚོགས་དང་གཏོར་མ་བསྔོ་ཞིང་བསྡུ། །དེས་ཀྱང་འདུལ་བར་འགྱུར་བ་ཡིན། །ཡང་ན་དེ་ཡི་སྦྱོར་བ་ལ། །རྐང་པ་གཡས་པ་རལ་གྲི་ ལ། །གཡོན་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །ཁྲོ་བོ་མི་གཡོ་བསྒོམ་བྱ་སྟེ། །གཡོན་པས་བཀུག་ཅིང་གཡས་པས་གཏུབ། །རལ་གྲིས་གསང་སྔགས་བཟླས་པ་དང་། །གདབ་པ་ཡང་ནི་དེ་བཞིན་ནོ། །ཡང་ན་གཟིར་བའི་ཆོ་ག་ནི། །ནད་པའམ་ནི་གཟུགས་དག་ལ། །དམིགས་པས་ ལེགས་པར་བཀུག་བྱས་ནས། །རྐང་པ་གཡས་པ་རི་རབ་ལ། །རྒྱ་གྲམ་འབར་བས་མཚན་པའོ། །རྒྱལ་ཆེན་ཕྱོགས་སྐྱོང་གོང་དང་འོག །བང་རིམ་རྣམས་ལ་ངེས་པར་བསམ། །པུས་མོ་ཆུ་སྲིན་རྒྱལ་མཚན་ཏེ། །མཁའ་ལྡིང་རྒྱལ་པོ་རབ་ཏུ་ཁྲོས། །གནས་ལྔ་ལས་དང་སྦྱོར་བ་ཡིས། ། གཡོན་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །བཀུག་པ་ལ་སོགས་སྦྱོར་བ་ཡིས། །སྙིང་གར་མནན་གྱུར་དྲག་སྔགས་དང་། །འབྱུང་པོ་ཁྲག་ཏུ་འཐོན་འགྱུར་ཏེ། །མ་མོ་མཁའ་འགྲོས་འཐུང་བར་བྱེད། །མི་བཟོད་སྨྲེ་སྔགས་འདོན་པ་དང་། །ལུས་ལས་བྲལ་ཞིང་འབྲོས་པར་འགྱུར། །ཡང་ ན་སྙིང་ནང་རཾ་ལས་མེ། །འབར་ཞིང་ཤིན་ཏུ་འབར་བ་ཡིས། །གནོད་སེམས་གཏོར་ཞིང་འབྲོས་པར་འགྱུར། །ཕྱོགས་སྐྱོང་གང་དང་འདུལ་བ་ཡི། །གོང་མའམ་ནི་ཁྲོ་བོ་བཅུས། །གཟིར་ཞིང་རང་ལ་སྲུང་བར་བྱེད། །ལྷ་ཆེན་པོ་ཡང་འདར་ཞིང་འབྲོས། །བར་ཆད་བྱེད་པ་གཞན་ཡང་ སེལ། །འབྲོས་པར་འགྱུར་བ་སྨོས་ཅི་དགོས། །མདངས་ལ་རྒོལ་བའི་གདུག་པ་ཡང་། །ཁྱད་པར་ཀླུ་ཡི་སྦྱོར་བ་སྟེ། །རིགས་བཞི་ལ་སོགས་ཀླུ་རྣམས་ལ། །གཟིར་བ་མཁའ་ལྡིང་ལྔ་པོ་སྟེ། །དགོངས་དང་བཀའ་བརྒྱུད་གཞན་རྣམས་དང་། །འདིར་ཡང་འོས་པ་རབ་ཏུ་བསྟེན། ། ཡང་སྙིང་པདྨ་འབར་བ་ཙམ། །དུས་གྲངས་ལ་སོགས་བསྐྱར་བ་ཡང་། །ཧ་པ་ལ་སོགས་ག་རུ་ཌས། །ཤིན་ཏུ་གྲུབ་པར་འགྱུར་བ་ཡིན། །ལྔ་ལ་ལྔ་ནི་ལེགས་གནས་ཏེ། །ལྔ་པོ་ཡི་ནི་སྦྱོར་བས་འཛིན། །པུས་མོ་དཔུང་པ་ནུ་འཇིང་དྲུག །ཐོགས་མེད་འཁོར་ ལོ་རབ་ཏུ་བསམ། །བྱིན་རླབས་ནུས་དང་ལྡན་པ་ཡིས། །རྡོ་རྗེས་བརྡེག་ཅིང་ལྕགས་ཀྱུས་འཛིན། །སྦྱོར་བ་འདི་ནི་དམ་པའོ། །གང་ཡང་རུང་བར་འདོད་པ་ཡིས། །ཀླུ་གཉེན་བདེ་གཤེགས་སྐུར་གནས་ཏེ། །གཡས་པ་རྩེ་ལྔ་ཐོགས་མེད་ལྔ། །རང་གི་ས་བོན་འོག་ཏུ་ གནས། །གཡོན་པ་རྩ་ལས་བྱུང་བ་སྟེ། །སུཾ་ལས་རིན་ཆེན་རྡོ་སྟེང་དུ། །ཁྲོཾ་ལས་བྱུང་བ་སྣ་ལྔ་བསམ། །འོད་ཟེར་གྱིས་ནི་ལེགས་བཀུག་སྟེ། །ལུས་དང་བ་སྤུའི་མཚམས་རྣམས་སུ། །ནུས་དང་ལྡན་པར་བྱས་པ་ལ། །བདག་འོད་བུ་ག་དགུ་སོགས་ཞུགས། །ལྟེ་བ་ འཁོར་ལོ་བསྐོར་བྱས་ཏེ། །གཡས་ཀྱི་རྡོ་རྗེ་སྤར་བྱས་ཏེ། །གཡོན་པས་ལེན་པར་བྱེད་ཅིང་འདོན། །གཡོན་སྦྱོར་ལ་སོགས་མན་ངག་ཀྱང་། །མདངས་རྒོལ་ནད་ལ་ཤིན་ཏུ་བསྔགས། །ཡང་ན་མེ་གཉིས་སྲེག་པར་བྱེད། །ཡང་ན་འཁོར་ལོ་བརྒྱད་འབར་བས། །གནས་བརྒྱད་དུ་ནི་ བསམ་བྱས་ཏེ། །བསྲེགས་པ་རླུང་གིས་གཏོར་བྱས་ཏེ། །བཀྲུས་པ་བྱང་ཆུབ་ཐིག་ལེ་ལས། །དཔལ་ལྡན་སྐུར་གྱུར་བྱིན་གྱིས་བརླབ། །དབང་ཐོབ་སྐུ་ཡི་གསང་སྔགས་བཟླས། །ཡང་ན་ཟངས་སོགས་དམར་པོའི་སྣོད། །གཟུགས་བྱས་ཡོངས་སུ་བསྐོར་བ་ལས། །བདུད་རྩི་ གསོ་ཞིང་མཆོད་པ་ལས། །དེ་ནས་རང་གི་གནས་སུ་བསྐྱལ། །དེས་ཀྱང་དུལ་བར་འགྱུར་བ་ཡིན། །ཁྱད་པར་ཅན་གྱིས་བདག་དང་གཞན། །གདུལ་ཐབས་གཉིས་ཕྱིར་བསལ་ཐབས་གཉིས། །མྱུར་དུ་གནོད་སེལ་ནུས་པ་ཡིན། །དེ་བས་འདི་ནི་ཐབས་ཀྱི་མཆོག ། སྦྱོར་བ་གཞན་ལ་ཡོད་པ་མིན། །བར་ཆོད་ཀྱི་བགེགས་བཟློག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།མི་རྒོད་ལ་སོགས་མ་རུངས་པས། །གཙེས་ཤིང་ཆོས་ལ་གནོད་བྱེད་པ། །གནད་ལ་བོར་བའི་དམ་ཚིག་ནི། །དུར་ཁྲོད་མཁའ་འགྲོ་འདུ་གནས་སུ། །དྲག་པོ་གྲུ་གསུམ་ དུག་གིས་བྲི། །རྐང་རྗེས་གོས་སོགས་བག་ཟན་དང་། །བསྲེས་ཏེ་མི་རྒོད་གཟུགས་བྱས་ལ། །དེ་ཡི་སྙིང་གར་མིང་རུས་གཞུག །ཚ་བ་བསྐྱེད་པའི་སྦྱོར་བ་བྱ། །དེ་ལ་ཚོན་སྐུད་རྣམ་ལྔས་བཅིང་། །རབས་ཆད་ཐོད་པར་གཞུག་པ་ཡིན། །རང་བསྐྱེད་རང་གི་ཆོ་ག་རྫོགས། །བདེ་ གཤེགས་མཆོད་དང་ཆོས་སྐྱོང་སྦྱིན། །དེ་ཡང་ནྲྀ་ལས་གཟུགས་སུ་གྱུར། །བདག་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས། །དཔག་ཏུ་མེད་པས་འཇིག་རྟེན་བཀང་། །གཟུང་ནས་ཁྲིད་པར་བྱེད་པ་ལ། །རྡོ་རྗེ་འགུགས་པའི་གསང་སྔགས་བཟླས། །ཁྲོ་བོ་མང་པོ་སྤྲུལ་པ་ཁྲོས། ། གང་གིས་དངོས་པོ་གཟུང་བ་ཡིས། །གཉིས་མེད་བསྟིམ་ལ་ལས་ཀྱིས་མནན། །ཐོགས་ལྔ་ལ་སོགས་མྱོས་སུ་གཞུག །ཡེ་ཤེས་འགོ་བའི་ལྷ་རྣམས་ཀྱིས། །གཤེགས་ཤིང་སྲོག་རྩ་བྲམ་ཟེའི་གཟུགས། །གདུག་པའི་ཁྲོ་མོ་སྦྱར་མས་བདུག །ཁྲོས་པའི་སྟབས་ཀྱིས་ ཁྲག་འབྱིན་ཅིང་། །རང་གིས་རོ་ལ་ཟ་བར་བྱེད། །བདག་དང་ཡེ་ཤེས་ཁྲོ་བོ་ཡིས། །སྤྲུལ་པ་ཐོགས་ལྔས་འབྱེད་པར་བྱེད། །ཕྱི་མ་གསུམ་གྱིས་གསད་པ་དང་། །ཐེག་ཆེན་སྦྱོར་བའི་ལས་བྱ་ཡི། །དཀྱིལ་འཁོར་ཀུན་གྱི་གསང་སྔགས་ཀྱིས། །གསད་ཅིང་མནན་པའི་ལས་ རྣམས་བྱ། །ཡང་ན་གསང་བའི་དམ་པ་ནི། །ལྕགས་དང་རིགས་མཐུན་གྱུར་པ་ལ། །ཁྲོ་བོ་དེ་དང་མཐུན་བྱས་ལ། །དཀྱིལ་འཁོར་གསུམ་དང་འབྲེལ་པ་ཡི། །ཕུར་བུ་ཁོ་ནས་གསད་པ་ཡི། །ཀི་ལིའི་སྔགས་བརྗོད་གདབ་པར་བྱ། །རལ་གྲི་ཐོ་བ་གྲི་རྣམས་ཀྱིས། །གཏུབ་ ཅིང་གསད་དང་རྫས་རྣམས་ནི། །ཡུངས་ཀར་ཡུངས་ནག་ཕྱེ་མ་གསུམ། །བདུག་པའི་འབྲུ་རྣམས་མ་ལུས་ལས། །ཁྲོ་ཆུང་གདུག་པས་བྲབ་ནས་འབྲུབ། །དྲག་སྔགས་བཟླས་ཤིང་ཐུན་རྣམས་བརྡེག །བསྣུན་ཅིང་གཏུབ་པའི་རྫས་དང་གཟུགས། །མནན་སྲེག་གསད་དང་འཕང་ བ་དང་། །ཡང་དང་ཡང་དུ་དགུག་པ་དང་། །ཐུགས་རྗེས་བག་ཆགས་སྦྱང་བའོ། །གཟུགས་ཅན་གདུལ་བའི་ལས་རྣམས་བསྟན། །མཛེ་ཅན་རབས་ཆད་ཐོད་པ་རུ། །འཁོར་ལོ་གཞུང་དང་མཐུན་པ་ལ། །དུག་དང་མྱོས་པའི་ཆུ་སྦྱར་ཏེ། །སྦྲུལ་ནག་སྦྱོར་བ་མཛེ་ཅན་ཁྲག་གིས་ བྱས། །དེ་ལ་དགུག་པ་སྔོན་འགྲོ་བས། །ལུས་ནང་ནང་ནས་ལྕགས་སྦྲང་མང་། །ལུས་ནང་སྦྲུལ་ནག་སྦྱོར་ནས་ནི། །ལྕགས་སྡིག་སྲིན་བུ་ལ་སོགས་པས། །བ་སྤུའི་བུ་གར་སྦྱོར་བྱས་ན། །དེ་ནི་མཛེ་ཡིས་འཆི་བ་ཡིན། །དེ་བཞིན་འཁོར་ལོ་ནག་པོའི་སྟེང། ། གང་ཡིན་སྒོས་སུ་གསལ་བྱས་ནས། །བསམ་གྱིས་མི་ཁྱབ་ཕུང་ལས་བུ། །སྟོང་གསུམ་སྦྲུལ་ནག་དགུག་ཅིང་བསྟིམ། །སྦྲུལ་ལས་ལྕགས་སྦྲང་གཟི་མ་ཡིས། །བ་སྤུའི་བུ་ག་ནས་ཞུགས་པས། །མེ་ཡིས་བསྲེགས་པ་འབྱུང་བ་ཡི། །འདི་ཡང་ཐབས་ཀྱི་དམ་པ་ཡིན། ། བྱང་དུ་བལྟས་པའི་ཆུ་མིག་ཏུ། །ཐོད་པ་དུམ་བུ་དྲུག་ཡོད་པར། །གང་ཡིན་མིང་རུས་སྦགས་ཏེ་གཞུག །སྦྲུལ་ནག་ས་སྲིན་ལ་སོགས་བསྟིམ། །ཡང་ཡང་བཀུག་ལ་མནན་པ་ཡིས། །ཞག་བདུན་གྱིས་ནི་འཆི་བར་འགྱུར། །འདི་ནི་གསད་པའི་དམ་པའོ། །ཡང་ན་མ་མོའི་སྦྱོར་ བ་ཡང་། །བུད་མེད་ཐོད་པ་ལྕང་ལོ་ནང་། །དྲི་རྒོད་སྙིང་ལ་རབ་བསམས་ཏེ། །བདུད་རྩི་ལྔ་བྱས་ལིངྒ་ལ། །ལྔ་པ་ལ་སོགས་ཕྲལ་བྱས་ན། །སྙིང་ནང་མ་མོའི་སྦྱོར་བ་ཡིས། །ཁར་བླུགས་གྱུར་ན་མྱོས་ནས་འཆི། །ཐོད་པ་གླད་པ་འཁོར་ལོ་བསྐོར། །དུག་དང་མྱོས་པ་དུག་ཁྲག་དང་། ། ལུག་དང་གླང་གི་ཁྲག་དག་གིས། །སྨྱོ་བྱེད་སྦྱོར་བ་རབ་བྱས་ཤིང་། །མཁར་བའི་ཐུན་ཡང་རབ་ཏུ་བརྡེག །མ་མ་རཀྵ་ཁ་ཐུན་ཏྲ་མ་ཧི་ཧྲིཾ་ཏི་རུ་ལུ་རུ་ལུ་བྷྱོ། ཞེས་བོད་ཅིང་རྦད་པར་བྱའོ། །དགུག་པ་སྔོན་དུ་སོང་བ་ལ། །མདུན་དུ་མ་མོ་ཁྲག་འཇིབ་པས། །ཕུར་བུས་སྤྱི་བོར་གདབ་ བྱས་ན། །རྐང་པ་ཁྲག་འཐུང་འཇིབ་པ་ཡིས། །དེ་ལྟར་བྱས་པས་སྐྱ་སླམ་འགྱུར། །ཡང་ན་སྤྱི་ཚགས་གྱུར་པ་ལ། །མདུན་དུ་སྐྱི་ཚགས་རྡོ་རྗེ་བརྡེག །ཡང་ནི་ཁ་དོག་ནག་པོ་ལ། །མགོན་པོ་མེ་ཡི་ཕྲེང་བ་བསྐུལ། །སུམ་སྐོར་འོད་ཀྱི་ཕྲེང་བ་ཡིས། །རྡོ་རྗེ་སྤྱི་བོར་ཞུགས་ གྱུར་ནས། །འོད་ཟེར་སྙིང་ནག་སྲེག་པར་བྱེད། །ཐིག་ལེ་དག་ཀྱང་འཇོམས་པ་ཡིན། །ཡང་ན་འོད་ཟེར་ནག་པོ་ཡང་། །ལྟེ་བའི་འཁོར་ལོ་བསྐུལ་བྱས་ཏེ། །མེ་འབར་སྟོབས་ཀྱིས་སྲེག་པ་དང་། །སྤྱི་བོར་ཁུ་བ་བཀུག་ནས་ནི། །རྐང་པ་མེ་ནང་སྲེག་པར་བྱེད། །ཡང་ན་ཟ་བྱེད་ལ་ རུ་སྲེག །ཡང་ན་རྡོ་རྗེ་ཡི་གེ་གསལ། །སྤྱི་ནས་གསང་བ་རྡོ་རྗེ་རྒྱབ། །བཤང་བའི་ཡི་གེ་བཤིག་པ་ཡིན། །ཡང་ན་སྙིང་གར་རཾ་ལས་མེ། །མེ་ནང་མེ་ཡིས་སྲེག་པ་དང་། །དབང་ཕྱུག་ལ་སོགས་བདུད་ཆེན་རྣམས། །ཚེ་ཡི་ཚད་ཀྱང་འཇིག་པར་འགྱུར། །སྦྱོར་བ་འདི་ནི་ བྱས་ཙམ་གྱིས། །གང་ལྟར་འདོད་པ་མྱུར་དུ་གྲུབ། །ཡང་ན་དབང་ཕྱུག་མཐུ་ཆེན་གྱི། །རིག་པ་འདི་ཡི་སྦྱོར་བ་ཡིས། །ནག་པོ་ཚེས་གཅིག་ཟླ་བ་ལ། །དམིགས་པ་ཆུ་ཡི་འོད་ཟེར་ལ། །སྦྱོར་བ་འདི་ནི་བྱས་ཙམ་གྱིས། །དུག་དང་མེ་ཡི་སྦྱོར་བ་ཡིས། །རྟག་ཏུ་འཆི་བར་ འགྱུར་བ་བཞིན། །གང་ཡང་མྱུར་དུ་འགྲུབ་པ་ཡིན། །སྦྱོར་བ་འདི་ཡི་མན་ངག་ཀྱང་། །བླ་མའི་སྲོག་ལ་གནོད་པ་དང་། །དཀོན་མཆོག་བསྟན་པ་བསྣུབ་པ་དང་། །རང་སྲོག་གཅོད་པར་བྱེད་པ་ལ། །སྦྱོར་བ་འདི་ནི་བྱ་བ་ལས། །གཞན་ལ་བྱས་ན་དམ་ཚིག་ཉམས། །བར་ ཆོད་བསལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དངོས་གྲུབ་ཁྱད་པར་འདོད་པ་ཡིས། །སྐུ་གསུང་ཐུགས་ཀྱི་རྟགས་རྣམས་ལ། །རབ་གནས་བྱས་པ་ཐོབ་པར་འགྱུར། །དེས་ན་རབ་གནས་ཆོ་ག་ལ། །ཡིད་དང་མཐུན་པའི་གནས་དག་ཏུ། །དང་པོ་བསྙེན་པ་སྐྱེལ་བ་ ཡིས། །གཙོ་བོ་འབུམ་ལ་འཁོར་རྣམས་ཁྲི། །ཡོ་བྱད་སོགས་ལ་བསྐྱལ་བ་ཡིན། །ལྷ་དང་བུམ་པ་ལ་སོགས་པ། །སྟ་གོན་ལྷག་པར་གནས་པར་བྱས། །སྐུ་གསུང་ཐུགས་ཀྱི་རྟགས་རྣམས་ལ། །དང་ལ་བགེགས་བསལ་བྱུར་ཕུད་ལ། །ཕུར་བུ་སྦྱིན་སྲེག་ཆང་ཕུད་ གཏོར། །མེ་ལ་ཕུལ་ཞིང་བསྐོར་བྱས་ནས། །ཐལ་བའི་སྦྱིན་སྲེག་ཕྱི་རུ་བསྐྱལ། །དབང་སྟེགས་དག་ལ་ཁྲུས་རྣམས་བྱས། །དང་པོ་དྲ་ཆུ་དང་སྦྱར་བའི། །མངར་གསུམ་ཨ་ཀ་རུ་ལ་སོགས། །མེ་ལོང་སྦྱིན་ནམ་དཱུར་བས་བཀྲུ། །ལྷག་གནས་སློབ་མ་ཆོ་ག་རྫོགས། །དཀྱིལ་ འཁོར་བྲིས་ལ་ཡོངས་སུ་བསྒྲུབ། །དང་པོ་དབང་བསྐུར་རབ་གནས་ལ། །སློབ་མ་བཅུག་སྟེ་དབང་བསྐུར་བྱ། །སྐུ་གསུང་ཐུགས་ཀྱི་རྟགས་རྣམས་ལ། །རང་རང་སྐུ་གསུམ་ལྷར་བསྐྱེད་དེ། །བྱིན་གྱིས་བརླབ་ཅིང་དབང་བསྐུར་ནི། །མེ་ལོང་བཞིན་དུ་ཆུ་དབང་བསྐུར། ། དེས་ན་དེ་ལ་དབང་རྣམས་རྫོགས། །རང་གི་སྔགས་སམ་གཞན་རྣམས་ནི། །བཛྲ་སཏྭ་ཞེས་པ་ཡིས། །གང་གི་སྟོབས་ཀྱིས་གོང་དུ་གནས། །ཡང་ན་སྤུ་རྣམས་སོ་སོ་ལ། །རང་གི་བདག་པོ་གཙོ་འམ་གང་བསྐྱེད་ལ། །དབང་བསྐུར་ལ་སོགས་གོང་བཞིན་བྱ། ། ལྷ་ཁང་སྒོམ་པའི་རྟེན་ཡིན་པས། །ཡེ་ཤེས་བྱིན་བརླབ་གོང་བཞིན་བྱ། །རྡོ་རྗེ་དྲིལ་བུ་ཕྲེང་བ་རྣམས། །ཡེ་ཤེས་རྡོ་རྗེ་དྲི་ཕྲེང་རྣམས། །ཨཱ་ལི་ཀཱ་ལི་ཡེ་ཤེས་དང་། །བྱིན་གྱིས་བརླབ་པ་ཙམ་ཡང་བྱ། །དེ་ནས་མཆོད་བསྟོད་ལ་སོགས་པ། །རྒྱས་པར་བྱས་ལ་དཀྱིལ་འཁོར་བསྡུ། །རྡུལ་ ཚོན་ཆུ་བོའི་གཞུང་ལ་དབོ། །དེ་ལྟར་སློབ་དཔོན་དེ་ལ་ཡང་། །ཅི་འབྱོར་པ་ཡི་ཡོན་རྣམས་དབུལ། །དགའ་སྟོན་བྱ་ཞིང་སྨོན་ལམ་གདབ། །དེས་ནི་བསོད་ནམས་ཆེན་པོ་ཐོབ། །སྐུ་གསུང་ཐུགས་ཀྱི་རྟགས་རྣམས་ལ། །རབ་ཏུ་གནས་པ་མ་བྱས་ན། །མུ་སྟེགས་ལྷ་རྟེན་དང་འདྲ་བས། །དེས་ན་ རབ་གནས་བྱ་བ་གཅེས། །རབ་ཏུ་གནས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ལ་དེ་ཡི་སྦྱོར་བ་ཡིས། །ཕྱི་དང་ནང་གི་ཁྲུས་བསྟན་པ། །རྫས་རྣམས་ཚོགས་པའི་བུམ་པ་ལ། །ལྷག་པས་བུམ་པ་སྦྱང་བྱས་ཏེ། །པདྨ་བཞི་སྟེ་གོས་སྔོན་བསྐྱེད། །བསྐྱེད་དེ་ཆོ་ག་རྫོགས་གྱུར་ནས། ། དག་པར་བྱེད་པའི་སྔགས་རྣམས་ཀྱིས། །ཡེ་ཤེས་ཆུ་བོར་བྱིན་བརླབས་ཏེ། །ནམ་མཁའི་ལྷ་མོས་སྣོད་ཐོགས་ནས། །ལྷ་མོས་རྒྱུན་ཕབ་ཆུ་བོ་ཡིས། །གང་ལ་བཀྲུས་པ་ཙམ་གྱིས་ན། །འཐོར་བས་དག་པར་བྱེད་པ་དང་། །དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན། །རྣལ་འབྱོར་རྣལ་ འབྱོར་རྣམས་ཀྱིས་ནི། །དེས་ན་ཁྲུས་ལ་བརྩོན་པར་བྱའོ། །རྡོ་རྗེ་ཁྲུས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ལས་དངོས་གྲུབ་མཆོག་འདོད་པ། །རྣམ་གྲངས་དོན་ནི་རབ་བརྟེན་ལ། །ཐབས་ཀྱི་ལམ་ནི་རབ་ཏུ་བསྟན། །དང་པོར་མཚན་བཅས་མཚན་མེད་ལ། །ནོར་བུ་འཕེལ་ པར་བྱེད་པ་ཡིན། །རྟེན་གྱི་མན་ངག་ཅུང་ཞིག་ཡང་། །གང་ཞིག་སྤྱི་བོ་ཁང་པ་རུ། །བདུན་ཅུ་གཉིས་སམ་དྲུག་ཅུ་བཞི། །སུམ་ཅུ་གཉིས་དང་བརྒྱད་དང་བཞི། །མཁའ་འགྲོ་རྩ་གྲངས་བཞིན་དུའོ། །ཀུན་བརྟགས་རྟོག་པའི་མཚན་ཉིད་དོ། །ཨཱ་ལི་གཉིས་དང་ཀཱ་ལི་གཅིག ། བརྒྱ་དང་འབྱུང་བཞི་ཡང་དག་ལྡན། །དེ་ལྟས་དེ་ལས་ཡེ་ཤེས་འབར། །སྟེང་དང་འོག་ཏུ་རྒྱུ་ཚུལ་ནི། །དབང་པོ་འགག་པར་བྱེད་པ་ཡིན། །ཡང་ན་ཚངས་ནས་སྨིན་མཚམས་བར། །རྩ་ལྔ་ཁ་ཕྱེ་སྦྱོང་བ་ཡིས། །སྐྱེ་མཆེད་ཡུལ་རྣམས་སྦྱོང་བའོ། །སྣང་བ་མཐའ་ཡས་གནས་དག་ཏུ། ། བཞི་བཅུའམ་ནི་སུམ་ཅུ་གཉིས། །བཅུ་དྲུག་བརྒྱད་དུ་སྣང་བ་ལ། །འབྱུང་བཞི་ཨཱ་ལི་བཅུ་དྲུག་ནི། །གཡས་དང་གཡོན་དུ་འཁོར་བར་གནས། །དབུས་ཀྱི་ཨོཾ་ནི་དཔའ་བོའི་བདག །དབང་གི་དགའ་བཞི་སྐྱེད་པ་དང་། །ཡང་ན་བདེ་ཆེན་ཁ་འབྱེད་ཅིང་། །འབྱུང་འཇུག་འདི་ལ་ གནས་པ་ཡིས། །བདེ་བ་ཆེན་པོ་འགྲུབ་པར་འགྱུར། །སྙིང་གར་བརྒྱད་དང་བཅུ་དྲུག་བཞི། །དབུས་སུ་དྷཱུ་ཏཱི་གཡས་གཡོན་དུ། །ལ་ལ་ནཱ་དང་ར་ས་ནཱའོ། །ཨཱ་ལི་ཀཱ་ལི་ཐབས་ཤེས་རབ། །བྱང་ཆུབ་ཐིག་ལེས་ཉོན་མོངས་ཤིང་། །འབྱུང་བ་བཞི་དང་ཡི་གེ་ཡི། །དང་པོ་བརྒྱད་པོས་ ཡོངས་བསྐོར་བ། །ཐིག་ལེ་ལས་བྱུང་འབྱུང་བ་བསྐུལ། །ཐིག་ལེ་ཡེ་ཤེས་ལ་བརྟེན་ནས། །དབང་གི་དགའ་བཞིའི་ཚུལ་དུ་བསྐྱེད། །འབྱུང་བ་དང་ན་འཇུག་པ་དང་། །གནས་པ་སྟོང་པ་བདག་ཉིད་དེ། །གང་ཞིག་འདི་ལ་རྟོག་གནས་ན། །རྣལ་འབྱོར་བདེ་བ་མྱོང་བར་བྱེད། །ཡང་ན་སྙིང་ག་ ནས་སྤྲོ་བའི། །རྩ་ལྔ་ཁྲག་དང་ཆུ་དང་ཡང་། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས། །མདུང་དང་རལ་གྲི་ངེས་པ་ལ། །མགྲིན་ང་པདྨ་ཁ་འབྱེད་པས། །ཕྱོགས་སུ་གཞོལ་ཞིང་སློབ་པ་ཡིན། །ཁ་ཕྱེ་ཐིག་ལེ་འགྲོ་འོང་དག །འབྱུང་དང་འཇུག་པ་འདིར་བསླབས་པས། །རྣལ་འབྱོར་ བདེ་བ་མྱོང་བར་བྱེད། །རེ་རེའམ་ནི་ལྔ་ལྔ་བར། །རྣལ་འབྱོར་སློབ་མ་བདེ་བའི་ལམ། །ལྟེ་བ་སྤྲུལ་པ་དཔའ་བོ་བདག །བརྒྱད་དང་ཉི་ཤུ་སྦྱོར་བ་ཡིས། །ཀཱ་ལི་ཕྱེད་བཅས་བཅུ་བཞི་བརྒྱད། །ཨ་ནས་དགའ་བོ་རླུང་སྟོབས་ཀྱིས། །རྩ་ལྔ་སྙིང་གར་སློབ་པ་དང་། །དཔའ་བོ་འགེགས་པར་ བྱེད་པ་ཡིན། །ཁ་ཅིག་སློབ་པའི་དུས་དག་ཏུ། །བཞི་ནི་སོ་སོར་སློབ་པ་སྟེ། །བཞི་ནི་གཅིག་ཏུ་སློབ་པའོ། །ཉི་མ་རྡོ་རྗེ་རླུང་གིས་གསོར། །ལ་ལ་ཡི་གེ་ཐིག་ལེར་འདོད། །གཅིག་ནི་སྡུད་པར་བསླབས་པ་ཡིས། །སྟོང་པ་མེ་ལས་རྣམ་རྟོག་སྲེག །དབང་གི་དག་པ་དམ་པའོ། །བདེ་ བ་ཆེན་པོ་ཐོབ་པར་བྱེད། །གང་ཡང་སྦྱོང་བ་འདི་དག་ནི། །ཉི་མ་མེ་ནི་ལྟེ་བར་འབར། །ཡི་གེ་ཐིག་ལེས་ཡང་དག་གསོས། །དབང་གི་དགའ་བཞི་དག་པ་ཡིས། །དབྱིངས་ལ་ཐུག་ནས་མར་ལ་བྱུང་། །འོག་གི་བཛྲེ་འཁོར་ལོ་ལ། །དབབ་དང་བཟློག་དང་འགྲུབ་ བ་ཡང་། །འཁོར་ལོ་བཞི་ཡི་དབང་དུ་གསུངས། །རིགས་གཞན་ཆགས་པའི་གང་ཟག་གིས། །རིགས་གཞན་ཕོ་ཉའི་སྦྱོར་བ་བྱ། །གང་ཚེ་རང་གི་རིགས་མཐུན་ནམ། །ལ་ལས་སྐྱེས་པའི་བུ་མོ་དང་། །ཡེ་ཤེས་བུ་མོ་སྤྲུལ་པ་དང་། །གཡོན་གྱི་ཡུམ་དང་སྙིང་ག་ལ། །བྱིན་ གྱིས་བརླབས་དང་གཉིས་མེད་སྦྱོར། །རྟག་ཏུ་དམ་པ་བདེ་བ་དང་། །འདི་ཡི་སྦྱོར་བར་དགའ་བ་རྣམས། །རིམ་གྱིས་ཕྱག་རྒྱའི་དངོས་གྲུབ་འགྲུབ། །འབྱུང་བའི་བུ་མོས་སྦྱོར་བྱས་ཤིང་། །དབབ་དང་བཟློག་པའི་མན་ངག་གིས། །རྩེ་ལ་ཕྱིན་ནས་ནུབ་བྱང་འགྱུར། །ཐ་མ་ལས་ཀྱིས་ དུས་རྣམས་སུ། །རྐེད་པ་ཐ་ཀུས་བཀྱིག་པ་དང་། །དབུས་དང་ལུས་ཀྱི་བཟློག་པ་ཡིན། །ཐབས་ནི་ཀུན་ནས་རྫོགས་པ་རུ། །རི་ལུ་ཕྲེང་བས་མགུལ་ནས་ཐོགས། །སྦྲུལ་གྱི་ཞགས་པའི་སྦྱོར་བ་ཡིས། །ཀུན་ནས་འཕྲོས་པས་དངོས་གྲུབ་འབྱུང་། །གང་ནས་རྣལ་འབྱོར་མ་རྣམས་ ཀྱིས། །རྟག་ཏུ་བདེ་བ་སྟེར་བར་བྱེད། །ཡེ་ཤེས་བོགས་དང་དབང་བསྐུར་གཉིས། །གཞན་གྱི་ལས་སུ་མ་གསུངས་ཏེ། །དེ་ནས་དེ་སྤངས་དངོས་གྲུབ་འབྱུང་། །ཞེས་པའོ། །སྣ་ཚོགས་ཐབས་ཀྱི་སྒོམ་པ་ཡིས། །འདོད་པ་རྡོ་རྗེ་བཞིན་དུ་འགྲུབ། །ཞིང་ཁམས་གང་དང་གང་ ཡང་རུང་། །སྤྲུལ་པ་བྱིན་བརླབས་ཕྱོགས་བཅུར་འགྱེད། །འདི་ཡི་སྦྱོར་བ་དག་འགྱུར་ན། །ཞིང་ཁམས་གཙང་མར་སྐྱེ་བར་འགྱུར། །མན་ངག་ངན་སོང་འཁོར་བའི་རྒྱུ། །མཚན་མ་དང་བཅས་པའི་རྫོགས་རིམ་གྱི་ལེའུ་བསྟན་པ་སྟེ་བཅོ་ལྔ་པའོ།། །།ཡང་ན་འཁོར་ལོ་ སྦྱོར་སྤངས་པས། །བཅུ་དྲུག་བརྒྱད་དང་བཞི་ཡི་དང་། །དབུས་སུ་བྱང་ཆུབ་ཐིག་ལེ་བསྒོམ། །སྟོང་ཉིད་ཡོངས་ཆོད་བྲལ་བ་ལ། །སྒོམ་མེད་གོམས་པར་བྱ་བའི་ཡུལ། །གནས་དང་མི་གཡོ་བདེ་བ་དང་། །རྟོག་བྲལ་རང་བཞིན་སྟོང་པ་ཉིད། །ཐ་སྙད་མ་གྲུབ་བདེ་ཆེན་དང་། ཐིག་ལེ་ཉམས་ལེན་ཤེས་པ་ཡིས། །སྲིད་རྩེ་སྣ་གསུམ་མཐར་ཕྱིན་ནས། །མཐོང་ལམ་བྱང་ཆུབ་མྱུར་དུ་འབྱུང་། །དེ་ལས་སྲིད་གསུམ་བགྲོད་པ་ཡང་། །སྐྱེ་བ་རྨི་ལམ་བར་དོ་རུ། །ཐིག་ལེ་མི་རྟོག་སྟོང་ཉིད་ཡང་། །ཐིག་ལེ་ཡེ་ཤེས་དེ་དང་ལས། །རྣལ་འབྱོར་བདེ་བ་ཆེན་པོ་ཡང་། །མ་ ལུས་ཅིག་ཤོས་མཐའ་དང་བྲལ། །སྲིད་གསུམ་རང་བཞིན་འཕྲོ་བ་ཡང་། །འབྲས་བུ་སྟོང་ཉིད་འབྱིན་པ་སྟེ། །འདི་ནི་རྣམ་ཤེས་འཕོ་འཇུག་གོ། །ཞེས་ལུང་ལས་གསུངས་སོ། །མཚན་མེད་ཀྱི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།གང་ཞིག་འདི་ལ་རབ་བཅོམ་ པས། །ཟླ་བ་དྲུག་གམ་བཅུ་གཉིས་ན། །རྣལ་འབྱོར་པས་ནི་རབ་ཏུ་ཐོབ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །སྤྲུལ་པའི་བྱིན་རླབས་སྣ་ཚོགས་པས། །རྣལ་འབྱོར་པ་དང་རྣལ་འབྱོར་མ། །ཕོ་ཉ་ཚོགས་འཁོར་ཐམས་ཅད་ཀྱིས། །རྟག་ཏུ་བྱིན་བརླབས་བདེ་བ་སྟེར། །བདུད་ དང་གནོད་སྦྱིན་ལྷ་ཀླུའི་ཚོགས། །མ་ལུས་གནོད་པ་ཞི་བར་འགྱུར། །སྡུག་བསྔལ་ནད་ལ་སོགས་པ་རྣམས། །མ་ལུས་མྱུར་དུ་ཐར་བར་འགྱུར། །ཐུན་མོང་དངོས་གྲུབ་མ་ལུས་འགྲུབ། །གཞན་དོན་མ་ལུས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གང་ཡང་གསང་བའི་མན་ངག་ འདི། །དམ་ཚིག་སྡོམ་པ་ཉམས་པ་དང་། །གསང་སྔགས་ཕྲག་ཁྱེར་འཚོང་བ་དང་། །བླ་མ་མི་གུས་ལེ་ལོ་ཅན། །དབྱར་གྱི་ཙནྡན་ལྟ་བུ་སྟེ། །མཁས་པ་བརྟེན་པ་མི་བརྟེན་པར། །གླེགས་བམ་མཐོང་བས་ཁེངས་པ་ལ། །ཙནྡན་སྦྲུལ་གྱི་ཤུན་པ་འདྲ། །གསང་བའི་དོན་དང་ཕྱི་ལམ་ བསྲེ། །ལ་ལ་ལོག་པའི་ཆོས་དང་བསྲེ། །གང་ཞིག་སྟེར་བར་གྱུར་བ་སྟེ། །ཚ་གྲང་ངན་སོང་སྡུག་བསྔལ་མྱོང་། །མཁའ་འགྲོ་བྱད་མ་སྲིན་པོ་དང་། །རོ་ལངས་ལ་སོགས་ཀུན་གྱིས་གསོད། །གསང་བ་འདི་ཡི་དོན་རྣམས་དང་། །རང་སྲོག་གཅེས་དང་ནོར་བུ་དང་། །དྲི་མཆོག་ག་ ཕུར་བཞིན་དུ་བཙའ། །གལ་ཏེ་བཙའ་བ་མ་ཤེས་ན། །སེང་གེའི་འོ་མ་སྣོད་ནང་དུ། །བླུགས་པ་ཇི་བཞིན་འབྲས་བུ་མེད། །གསང་བ་འདི་ཡིས་བརླག་པར་འགྱུར། །གང་གི་དོན་ལས་ལོག་པའི་སྣོད་དང་ལྡན་པ་ལ། །གསང་བ་འདི་ཡི་མན་ངག་ཡང་། །རང་གི་རང་དོན་ལེན་པ་ བཞིན། །དེ་ལ་མ་ལུས་སྦྱིན་པར་བྱ། །ནོར་ལ་བལྟས་ཏེ་གསང་དོན་བཅད། །གསང་བ་སྲིད་པའི་རྒྱུ་ལ་བྱིན། །མ་མོས་བཙོངས་པས་དངོས་གྲུབ་ཡལ། །སེང་གེའི་འོ་མས་སྣོད་འཇིག་བཞིན། །སྲིད་ཚོ་ངན་སོང་གསུམ་དུ་འཁོར། །འབྲས་བུ་ཚ་གྲང་སྡུག་ བསྔལ་མྱོང་། །དེས་ན་བུ་དང་འདྲ་བར་སྦྱིན། །དེས་ནི་འབྲས་བུ་བདེ་བ་འབྱུང་། །གཞན་གྱི་ཤུགས་འབྱུང་མ་ལགས་འདི་ལ་དགའ་བ་སྐྱེས། །ཁམས་གསུམ་སེམས་ཅན་སྲིད་མཚོ་དག་ལ་ས་རྒལ་ཕྱིར་དང་། །རྡོ་རྗེ་བེ་ཅོན་གསང་བའི་དོན་ལ་སོགས་པ་མ་ལུས་པ། ། རང་ཉིད་མོས་དང་གསང་ཐབས་རྣམས། །རྫོགས་པར་ཀུན་ལ་བསྟན་ཕྱིར་བྲིས། །རྙེད་པ་ལ་སོགས་གྲགས་ཕྱིར་མིན། །མན་ངག་བླ་མ་དང་འདྲ་ལམ་འདི་བསྟན། །ལག་ན་རྡོ་རྗེའི་རྒྱུད་ལ་སོགས་པ་མ་ཉམས་བྱ་བའི་ཕྱིར། །གསང་བའི་དོན་རྣམས་ཐབས་ཀྱི་ཡན་ལག་ཏུ། །མན་ངག་ རྒྱས་པར་བསྟན་པའི་ཚོགས་རྣམས་དང་། །ལས་ཀྱི་བག་ཆགས་ངན་པས་མ་གྲོལ་ཡོད་སྲིད་ཅིང་། །ཚིག་དང་དོན་ལ་ཉེས་པ་ཡོད་སྲིད་པས། །རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་མཁས་པ་རྣམས་ལ་བཟོད་པར་གསོལ། །སེམས་ཅན་ལམ་གཉིས་མ་ལུས་བསྒྲལ་ བ་དང་། །བདག་དང་སེམས་ཅན་ཐམས་ཅད་ཀུན། །རགས་དང་ཕྲ་བའི་རྟོག་པ་ཡོངས་ཞི་ནས། །སྡོམ་གསུམ་ལམ་གྱིས་སྲིད་པ་ཡོངས་རྒལ་ནས། །ཚུལ་ཁྲིམས་གཙང་མས་གསང་བའི་དོན་རྣམས་ཞུགས། །ཕྱག་རྒྱ་ཆེན་པོ་དོན་ཉིད་རབ་མཐོང་ཞིང་། །དེ་མ་མཐོང་བའི་ མ་ལུས་སེམས་ཅན་རྣམས། །སྡུག་བསྔལ་སྐྱེད་པའི་ཀུན་འབྱུང་རྩད་གཅོད་ཅིང་། །གཡོན་པ་མཛེ་འབྲས་ནད་རྣམས་རབ་ཏུ་ཞི་བ་དང་། །སྡུག་བསྔལ་རྒྱ་མཚོ་རབ་ཏུ་སྐམས་པ་དང་། །གོས་སྔོན་དངོས་གྲུབ་མྱུར་ཐོབ་ཅིང་། །ཞིང་མཆོག་གཙང་མར་སྐྱེ་བར་ཤོག །དེ་ཁོ་ན་ཉིད་ སྒྲོན་མ་ཞེས་བྱ་བའི་རྒྱན། བླ་མའི་མན་ངག་རྒྱུད་མ་ཆད་པ། དེ་ཁོ་ན་ཉིད་ཉི་ཟླ་སྣང་བ་ཞེས་བྱ་བའི་སྒྲུབ་ཐབས་ཆེན་པོ་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་རོ། །སླད་ཀྱིས་ཀྱང་པཎྜི་ཏས་རྒྱ་གར་ ཕྱོགས་ནས་སྒྲ་རང་འགྱུར་དུ་བསྒྱུར་རོ། །བི་ལ་བཛྲ་ལས་བླ་མ་སྨན་བཙུན་ཁྲོས་པ་ལ་གནང་། དེས་དངོས་ལ་གནང་བ་ལགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱམྦ་ར་དྷ་ར་སརྦ་མཎྜལ་བི་དྷི་ནཱ་མ་ཨ་ཏི། བོད་སྐད་དུ། འཕགས་པ་ལག་ན་རྡོ་ རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྫོགས་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྲུབ་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་སྟོང་པ་ཆེན་པོའི་མཆོག །མངའ་བརྙེས་ཕྱག་ན་རྡོ་རྗེ་ལ། །ཀུན་ནས་དང་བས་ཕྱག་འཚལ་ ཏེ། །དཀྱིལ་འཁོར་ཆོ་ག་བདག་གིས་བཤད། །རྐྱེན་ཐུབ་ས་ནོན་ཡན་ལག་རྫོགས། །ཏིང་འཛིན་དབང་ཐོབ་གཟུགས་བཟང་ཞིང་། །ལོག་པའི་ལམ་སྤངས་མང་པོས་བཀུར། །དེ་སོགས་ཡོན་ཏན་ཀུན་ལྡན་པས། །ཡིད་དང་མཐུན་པའི་དབེན་པའམ། །ཡང་ན་ཉམས་དགའ་ བཀྲ་ཤིས་གནས། །རི་ཟླུམ་དག་གམ་ཆུ་བོའི་འགྲམ། །བྱིན་ཆེ་ཡོན་ཏན་ལྔ་གནས་སུ། །སྟེགས་བུ་སྔོན་པོ་མཛེས་པ་ལ། །མེ་ཏོག་སྔོན་པོ་གཅལ་བཀྲམ་སྟེ། །སྟེང་དུ་གོས་སྔོན་སྐུ་གཟུགས་གཞག །ཡན་ལག་ཡེ་ཤེས་བསྐྱེད་ལྡན་པས། །མཆོད་པའི་ཆོ་ག་སྔོན་བཏང་ ནས། །ཕྱི་ནང་དགུག་དང་བསྟིམས་ལ་གནས། །སྔགས་ཀྱི་བསྙེན་པ་འབུམ་སོགས་བྱ། །ཡང་ན་མཚན་མ་གསུམ་ཐོབ་པས། །བསྒྲུབ་པའི་ཆོ་ག་བརྩམ་པར་བྱ། །རབ་ཏུ་བརྟགས་པའི་ས་གཞི་ལ། །ཟླུམ་ལ་མཛེས་པའི་མཎྜལ་བརྩིག །སྟེང་དུ་དཔལ་ལྡན་དཀྱིལ་འཁོར་ བསྐྱེད། །སྤྱན་དྲང་བྱིན་བརླབས་དབང་བསྐུར་ནས། །ཕྱི་ནང་མཆོད་པ་ཅི་འབྱོར་དབུལ། །སྟོང་པ་དག་ཀྱང་དེ་བཞིན་ནོ། །དེ་ནས་ཕྱོགས་སྐྱོང་སྲུང་མ་དགུག །ཨོཾ་ཨིནྡྲ་ཡེ་ཧཱུཾ་ཛཿ། ཨགྣ་ཡེ་ཧཱུཾ་ཛཿ། ཡ་མཱ་ཡ་ཧཱུཾ་ཛཿ། ནཻཪྼྀ་ཏྱཱ་ཡ་ཧཱུཾ་ཛཿ། བ་རུ་ཎཱ་ཡ་ཧཱུཾ་ཛཿ། བ་ཡ་བེ་ཧཱུཾ་ཛཿ། ཀུ་བེ་རཱ་ ཡ་ཧཱུཾ་ཛཿ། ཨཱི་ཤྭ་ནཱ་ཡ་ཧཱུཾ་ཛཿ། ཧེ་ཏ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ། སཱུརྱ་ཙནྡྲཱ་ཡ་ཧཱུཾ་ཛཿ །དེ་སྐད་ཅེས་བརྗོད་ལ་སྤྱན་དྲང་ངོ་། །དེ་ནས་སངས་རྒྱས་ཐམས་ཅད་དགུག །ཕྱོགས་སྐྱོང་ལ་སོགས་བྱིན་གྱིས་བརླབ། །གཏོར་མ་ཚུལ་བཞིན་བྱིན་བརླབས་ཏེ། །ཅི་བདེར་ཕྱོགས་སྐྱོང་ཚོགས་ལ་དབུལ། ། དེ་ནས་ལས་རྣམས་བཅོལ་བར་བྱ། །ལྷ་དབང་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་ལྷ་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ཉི་ཟླ་དང་། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །རྡོ་རྗེ་སྤྱན་དང་སྙན་མངའ་བ། །རྫུ་འཕྲུལ་ཆེན་པོའི་དོན་ལྡན་པ། །མངོན་ཤེས་ཅན་གྱིས་ མཆོད་པ་བཞེས། །ས་ཕྱོགས་དགེ་བའི་གནས་འདི་རུ། །བདག་གི་དགེ་བའི་གྲོགས་པོ་མཛོད། །བདག་གིས་བཟོད་པ་དེ་ཡིས་ནི། །མི་བསླུ་དམ་ཚིག་དགོངས་མཛད་ལ། །རྟགས་དང་མཚན་མ་བསྟན་དུ་གསོལ། །ཞེས་ལས་བཅོལ་ལོ། །ལག་པ་ས་ལ་རེག་པ་ཡིས། །ས་ཡི་ལྷ་མོ་ དབུས་སུ་བཏོན། །དེ་ལ་བྱིན་བརླབས་མཆོད་པ་བྱ། །དངོས་སུ་ལས་བཅོལ་ཚིག་འདི་བསྒོའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། ། དེ་ལྟར་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་པས་གནང་བ་བྱིན་ནས་ཐིམ་པར་བསམ་མོ། །ས་བསླང་བའོ། །ལེགས་པར་བྱིན་པའི་གནས་ཆེད་དུ། །ས་བདག་ལེགས་པར་བལྟ་བྱས་ལ། །ཟླ་བཞིར་དབང་དུ་ཕྱོགས་བཞིར་བལྟ། །དེ་ཡི་ལྟོ་བའི་ དབུས་ནས་བྲུ། །རོ་ལ་སོགས་པའི་སྐྱོན་རྣམས་བསལ། །མར་གྱི་མདོག་དང་འདྲེས་པར་གྱུར། །མཆོག་ཏུ་གྱུར་པས་བླང་བར་བྱ། །ས་བརྟག་པའོ། །ས་གཞི་བཟང་པོས་བཀང་དུས་སུ། །དག་པར་བྱེད་པའི་གསང་སྔགས་བཟླས། །སྟེགས་བུ་ཁྲུ་ནི་བཅུ་དྲུག་གམ། །བཅུའམ་ལྔ་རུ་ལེགས་ བྱས་ཏེ། །ཤིན་ཏུ་འཐས་པར་བཅག་པར་བྱ། །མཐོན་དམན་མེད་པར་གྱུར་པ་དང་། །བདུད་རྩི་ལྔའམ་བ་ཡི་ལྔ། །དྲི་དང་སྨན་གྱིས་ལེགས་པར་བྱུག །བདག་བསྐྱེད་གསང་སྔགས་བཟླས་པ་ཡིས། །རྩ་བའི་ཡི་གེས་གྲུབ་པར་བྱ། །ས་སྦྱང་བའོ། །དེ་ནས་ས་ལས་འོད་བྱུང་སྟེ །ཡཾ་ ལས་རྒྱ་གྲམ་རླུང་དུ་གྱུར། །དེ་སྟེང་བཾ་ལས་ཆུ་དཀྱིལ་འཁོར། །གསེར་གྱི་ས་གཞི་ལཾ་ལས་བསྐྱེད། །དེ་སྟེང་སུཾ་ལས་རི་རབ་བསྐྱེད། །རིན་ཆེན་སྣ་བཞིའི་རང་བཞིན་ཅན། །དེ་ལ་ལག་པ་བརྡེག་པར་བྱ། །དེ་ཡིས་གསང་སྔགས་འདི་དག་བཟླས། །ཨོཾ་མེ་དཱི་ནཱི་བཛྲཱི་བྷ་བ་བནྡྷ་ནི་ཧཱུཾ་ཕཊ། ཅེས་བཟླས་འོད་དང་ལྡན་བྱས་ཏེ། །འོད་ཀྱིས་སྟོང་གསུམ་ཐམས་ཅད་གསལ། །ས་གཞི་བྱིན་གྱིས་བརླབ་པའོ། །དེང་ནས་བརྩམས་ཏེ་གོས་སྔོན་ཅན། །ཕྱག་རྒྱ་ཆེ་དང་ལྡན་གྱུར་པས། །རྒྱན་རྣམས་ཐམས་ཅད་ཡང་དག་ལྡན། །པདྨ་ལ་སོགས་དབུས་བཏིང་ནས། །དེ་ཡི་སྟེང་དུ་ འདུག་པར་བྱ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །མཆོད་པ་ལྔའམ་ཉི་ཤུ་བརྒྱད། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཏེ། །བསྟིམ་པས་བཀྲག་དང་གཟི་བྱིན་བསྐྱེད། །མངལ་ནས་སྐྱེས་པའི་ཚུལ་ཅན་ནམ། །སྣ་བུག་སྔགས་ཀྱི་ འོད་ཟེར་ལས། །ཡང་ན་ཉི་ཟར་ཚུལ་ཅན་གྱིས། །འཁོར་རྣམས་གསལ་བར་གྱུར་པ་ལས། །ཡེ་ཤེས་བདེ་གཤེགས་སྤྱན་དྲངས་བསྟིམ། །དེ་ནས་གསོལ་བ་ནི། །གསང་བདག་དཀྱིལ་འཁོར་ཆེན་པོའི་ཕྱིར། །བདག་ནི་ས་ཆེན་བཟུང་བར་བྱེད། །ཕྱོགས་བཅུའི་སངས་རྒྱས་ཐམས་ ཅད་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །གསོལ་བ་གདབ་པའོ། །དབང་ཐོབ་གྱུར་ནས་གསང་སྔགས་བཟླས། །སྐུ་ཡི་འོད་ཀྱིས་གསང་སྔགས་རྒྱལ། །རེག་པས་བདུད་དང་སྲིན་པོ་འབྲོས། །བསམ་གཏན་དེ་ལས་མ་ཡེངས་པས། །སྔགས་ཀྱི་ཕྲེང་བས་བཟླས་པ་བྱ། ། ཞེས་པ་ནི་ས་གཟུང་བའི་ཆོ་གའོ། །དེ་ནས་ཕྱོགས་བཞིར་རྣལ་འབྱོར་བཞི། །ཁམས་གསུམ་རྣམ་རྒྱལ་ལ་སོགས་བསམ། །ཤར་ནས་གཙོ་ལ་མཆོད་པ་ཕུལ། །གསོལ་བ་འདི་ཡང་གདབ་པར་བྱ། །རྡོ་རྗེ་རིགས་མཆོག་དཔལ་ལྡན་གོས་སྔོན་ཅན། །དཔལ་ལྡན་དཀྱིལ་འཁོར་ཆེན་པོ་བྲི་ བའི་ཕྱིར། །མཉམ་བའི་ངང་ལས་འབར་བའི་སྐུར་བཞེངས་ལ། །ཞེ་སྡང་རིགས་ཀྱི་བགེགས་རྣམས་བཟློག་ཏུ་གསོལ། །ཞེས་གསོལ་བ་གདབ་པར་བྱའོ། །ལྷོ་ནས་གཙོ་ལ་མཆོད་པ་ཕུལ། །གསོལ་བ་འདི་དག་གདབ་པར་བྱ། །ཨོཾ་རིན་ཆེན་རིགས་མཆོག་དཔལ་ལྡན་གོས་སྔོན་ ཅན། །དཔལ་ལྡན་རིགས་ཀྱི་དཀྱིལ་འཁོར་བྲི་བའི་ཕྱིར། །མཉམ་པའི་ངང་ལས་འབར་བའི་སྐུར་བཞེངས་ལ། །ང་རྒྱལ་རིགས་ཀྱི་བགེགས་རྣམས་བཟློག་ཏུ་གསོལ། །ཞེས་གསོལ་བ་གདབ་པར་བྱའོ། །ནུབ་ནས་གཙོ་ལ་མཆོད་ཕུལ་ལ། །གསོལ་བ་འདི་དག་གདབ་པར་བྱ། ། ཨོཾ་པདྨའི་རིགས་མཆོག་དཔལ་ལྡན་གོས་སྔོན་ཅན། །པདྨའི་རིགས་ཀྱི་དཀྱིལ་འཁོར་བྲི་བའི་ཕྱིར། །མཉམ་པའི་ངང་ལས་འབར་བའི་སྐུར་བཞེངས་ལ། །འདོད་ཆགས་རིགས་ཀྱི་བགེགས་རྣམས་བཟློག་ཏུ་གསོལ། །ཞེས་གསོལ་བ་གདབ་པར་བྱའོ། །བྱང་ནས་གཙོ་ལ་ མཆོད་པ་དབུལ། །གསོལ་བ་འདི་དག་གདབ་པར་བྱ། །ཨོཾ་ལས་ཀྱི་རིགས་མཆོག་དཔལ་ལྡན་གོས་སྔོན་ཅན། །ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་བྲི་བའི་ཕྱིར། །མཉམ་པའི་ངང་ལས་འབར་བའི་སྐུར་བཞེངས་ལ། །ཕྲག་དོག་རིགས་ཀྱི་བགེགས་རྣམས་བཟློག་ཏུ་གསོལ། །ཞེས་ གསོལ་བ་གདབ་པར་བྱའོ། །དེ་ནས་ཕྱོགས་བཞིའི་ཁྲོ་བོ་བཞིས། །དཀྱིལ་འཁོར་གཙོ་ལ་གསོལ་བ་གདབ། །མཉེས་པའི་ཚོགས་ཀྱང་ཅི་ནུས་བྱས། །དེས་ནི་བགེགས་རྣམས་འབྱེར་བར་འགྱུར། །ཞེའོ། །དེ་ནི་གཙོ་བོ་བསླང་བའི་ཆོ་གའོ། །དེང་ནས་བརྩམས་ཏེ་གོས་སྔོན་ཅན། ། ཤིན་ཏུ་ཁྲོ་བའི་གཟུགས་སུ་ལངས། །མིག་གཉིས་ཉི་ཟླའི་དཀྱིལ་འཁོར་དུ། །རཾ་དང་ཨ་གཉིས་བསམ་པར་བྱ། །རྐང་པར་ལྗང་གུ་ཡིག་ཧཱུཾ་ལས། །སྣ་ཚོགས་རྡོ་རྗེ་འོད་ལྡན་བསམ། །མིག་དང་རྣ་བའི་ནང་དུ་ཡང་། །ཁྲོ་བོའི་ཚོགས་ནི་བསམ་པར་བྱ། །ང་རྒྱལ་ཆེན་པོ་བསྐྱེད་ ནས་ནི། །རྡོ་རྗེ་དྲིལ་བུ་བསྐོར་བྱ་ཞིང་། །རྐང་པ་རྡོ་རྗེའི་སྟབས་ལྡན་པས། །ཕྱོགས་མཚམས་སུ་ནི་བལྟ་བྱ་སྟེ། །ཧཱུཾ་ཞེས་འཇིགས་པའི་སྒྲ་སྒྲོགས་བསམ། །ཧ་ཧའི་གད་མོ་ཆེན་པོ་དགོད། །ང་རྒྱལ་བསྐྱེད་པའོ། །གཡོན་པའི་དྲིལ་བུ་དཀུར་བརྟེན་ནས། །གཡས་པས་རྡོ་རྗེ་གསོར་བྱས་ཏེ། ། སངས་རྒྱས་ཐམས་ཅད་མདུན་བསམས་ཏེ། །བཀའ་བསྒོ་བདེན་པ་བརྡར་བར་བྱ། །གང་དག་ས་ཕྱོགས་འདི་ན་གནས་པའི། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། གནོད་སྦྱིན་གྱི་ཚོགས་དང་། ལྟོ་འཕྱེའི་ཚོགས་ལ་སོགས་པ་ཐམས་ཅད་མ་གནས་པར་དེངས་ཤིག །ཧཱུཾ་ང་ནི་ དཔལ་ལྡན་གོས་སྔོན་ཅན། །སངས་རྒྱས་ཀུན་གྱིས་གནང་བ་སྟེ། །ལྷ་དང་ཀླུ་དང་ལྷ་མ་ཡིན། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་དམ་ཚིག་ལས་འདས་ན། །སྟོབས་ཆེན་ཁྲོ་བོ་གོས་སྔོན་གྱིས། །ཀླད་པ་འགས་པར་ གདོན་མི་ཟ། །ཕཊ་ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ནཱཾ། ན་མོ་ནཱི་ལཱམྦ་ར་ཧཱུཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གརྫ་གརྫ། སྤོ་ཊ་ཡ་སྤོ་ཊ་ཡ། སརྦ་བིགྷཱན་བི་ནཱ་ཡ་ཀཱ་ནཱཾ། མ་ཧཱ་ག་ཎ་པ་ཏི་ཛཱི་བནྟཱནྟ་ཀ་རཱ་ཡ་ཧཱུཾ་ཕཊ། བགེགས་བསྐྲད་ པའོ། །དཔལ་ལྡན་གོས་སྔོན་སྙིང་པོ་ལས། །ཡི་གེ་ལྔ་ཡི་སྦྱོར་བ་ཡིས། །མཚོན་ཆ་ལྔ་ཡིས་ཐོག་ཕབ་པས། །གདུག་པ་ཐམས་ཅད་བརྒྱལ་བར་འགྱུར། །ཐོག་འབབ་པའོ། །དེ་ནས་རྐང་པ་རྡོ་རྗེའི་སྟབས། །ལག་པ་གར་སྟབས་བསྐོར་བ་ཡིས། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ ཏེ། །རྡོ་རྗེ་བསྐོར་བ་ལན་གསུམ་མམ། །ཡང་ན་ཇི་ལྟར་ནུས་པ་ཡིས། །བསྲུང་བ་ཁྲོ་བོའི་ཁང་པར་བསམ། །ས་བསྲུང་བའོ། །དེང་ནས་བརྩམས་ཏེ་དཀྱིལ་འཁོར་གྱི། །ལྷ་ཡི་སྟ་གོན་བྱ་བར་གསུངས། །བདུད་རྩི་ལྔ་ཡི་ཐིག་ལེ་ཡིས། །ཐིག་ལེ་ལྷ་ཡི་གནས་སུ་ནི། །གདན་དུ་བསམས་ལ་ དབབ་པར་བྱ། །དེ་སྟེང་ཧཱུཾ་ལས་ཕྱག་མཚན་གྱུར། །དེ་ལས་སོ་སོར་སྐུར་རྫོགས་ཏེ། །དབང་བསྐུར་བྱིན་གྱིས་བརླབ་པར་བྱ། །དེ་ལ་ཕྱི་ནང་མཆོད་པ་དབུལ། །བསྟོད་པ་དག་ཀྱང་དེ་བཞིན་ནོ། །དེ་ནས་གསོལ་བ་གདབ་པར་བྱ། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །རིག་སྔགས་རྒྱལ་ལ་ ཕྱག་འཚལ་ལོ། །བདག་གི་སྙིང་རྗེའི་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འདོད་པ་སྟེ། །སློབ་མ་རྣམས་ལ་ཕན་ཕྱིར་དང་། །ཁྱེད་ལ་མཆོད་པའི་དོན་དུ་ཡང་། །དེ་ལ་བཅོམ་ལྡན་གུས་བདག་ལ། །བྱིན་བརླབས་གནང་བ་མཛད་པར་འོས། །དགོངས་ཤིག་བཅོམ་ལྡན་གོས་སྔོན་ཅན། ། རྡོ་རྗེ་འཆང་ཆེན་སྤྲུལ་པའོ། །བགེགས་རྣམས་མ་ལུས་འདུལ་བའི་བདག །གསང་སྔགས་རིག་སྔགས་ཀུན་གྱི་ལྷ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ནི་སློབ་མ་རྣམས་ཀྱི་ཕྱིར། །དཔལ་ལྡན་གོས་སྔོན་དཀྱིལ་འཁོར་བྲི། །བདག་དང་སློབ་མར་བཅས་པ་རྣམས། །ཐུགས་ རྗེས་ཉེ་བར་གཟུང་དུ་གསོལ། །བདག་ལ་བར་དུ་གཅོད་པའི་བགེགས། །འབྱུང་པོ་ཤ་ཟ་གནོད་སྦྱིན་དང་། །གང་དག་གནོད་སྦྱིན་སེམས་ལྡན་པ། །ཐམས་ཅད་བདག་ལ་བསྲུང་དུ་གསོལ། །ཐུན་མོང་དངོས་གྲུབ་ཐམས་ཅད་དང་། །དེ་བཞིན་མཆོག་ཏུ་གྱུར་པ་དང་། །ཐུགས་རྗེ་ཆེན་པོས་ དགོངས་མཛད་ལ། །བདག་ལ་མྱུར་དུ་སྩལ་དུ་གསོལ། །དེ་སྐད་ཅེས་གསོལ་བ་གདབ་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་སྟ་གོན་གྱི་ཆོ་གའོ། །དེང་ནས་བརྩམས་ཏེ་གོས་སྔོན་གྱི། །རིན་ཆེན་དངུལ་གྱི་བུམ་པའམ། །ཡང་ན་དཀར་པོ་ཁམས་སོགས་ལ། །ནག་ པོ་དང་ནི་ར་རི་མེད། །དེ་ལྟ་བུ་ཡི་བུམ་པ་ལ། །པདྨ་བརྒྱད་དང་ལྡན་པ་ཡི། །དབུས་སུ་སོ་སོའི་སྙིང་པོའམ། །ཡང་ན་སོ་སོའི་ཕྱག་མཚན་དགོང་། །དེ་ཉིད་འོད་དུ་ཞུ་བ་ལས། །དཀར་པོ་ཡི་ནི་ཡི་གེ་པ། །དེ་ལས་བུམ་པའི་གཞལ་ཡས་ཁང་། །ནང་དུ་པདྨ་ཉི་ཟླའི་གདན། །ལྟོ་ཆེ་མགྲིན་ པ་རིང་བ་དང་། །མཆུ་ནི་ཀང་ཀའི་དབྱིབས་ཅན་ལ། །དབུས་སུ་སོ་སོའི་སྙིང་པོ་བསམ། །དེ་ནས་ཕྱག་མཚན་སྐུ་རྫོགས་འགྱུར། །མི་དམིགས་དབྱིངས་ནས་སངས་རྒྱས་བསྐུལ། །གཉིས་མེད་གྱུར་ལ་མཆོད་པ་དབུལ། །གོང་མའི་གསོལ་བ་གདབ་པར་བྱ། །དེ་ནས་སྨན་ལྔ་འབྲུ་ལྔ་དང་། ། རིན་ཆེན་ལྔ་དང་སྙིང་པོ་ལྔ། །ཐུན་མོང་བུམ་པའི་རྫས་སུ་བླུགས། །རྣམ་རྒྱལ་བུམ་པར་ལྷ་ཚོགས་བསྐྱེད། །བཏུང་བ་སྣུམ་པོ་དག་དང་ནི། །མི་འཆི་ལྔས་ཀྱང་དགང་བར་བྱ། །ལས་ཀྱི་བུམ་པར་ཁམས་གསུམ་རྒྱལ། །འོད་ཞུ་དེ་ཡིས་ལས་ཀུན་བྱེད། །སྔགས་ནི་སོ་སོའི་སྙིང་པོའོ། ། དེ་ནས་བུམ་པ་ཐམས་ཅད་ཀུན། །དཔག་བསམ་ཤིང་དང་འབྲས་བུ་ཅན། །ཡོན་ཏན་ལྡན་པས་ཁ་བརྒྱན་ནས། །དེ་ནི་མ་ཉམས་རས་དག་ལ། །ཁ་དོག་ལྔ་དང་ལྡན་པ་ཡིས། །རྣམ་རྒྱལ་བུམ་པ་བཅའ་བར་བྱ། །གཞན་མ་ཁ་དོག་རེ་རེའོ། །ཤར་དུ་འདབ་མ་བརྒྱད་པ་ཡི། །མཎྜལ་བྱས་ཏེ་དེ་རུ་བཞག །བུམ་པ་སྟ་གོན་ གྱི་ཆོ་གའོ། །དེ་ནས་སློབ་མ་བརྟག་པའི་ཆོ་ག་བྱ་སྟེ། ཆགས་དང་གྲོལ་བའི་གང་ཟག་ནི། །ལྷག་པར་གནས་པ་གཅིག་ཏུ་གྱུར། །དང་པོར་ཕྱི་ནང་ཁྲུས་བྱས་ཏེ། །དྲི་ཞིམ་ཕྱུགས་ལ་གོས་བཟང་བརྒྱན། །དེ་ནས་དཀྱིལ་འཁོར་ཕྱི་རིམ་དགོད། །སློབ་དཔོན་ལ་ནི་གསོལ་བ་ གདབ། །སྟོན་པ་ཁྱོད་ལ་བདག་དགའོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དེ་ཉིད་དམ་ཚིག་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་ གསུམ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་སྩལ་པ། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་པའི་ཚིག་འདི་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །ཚུལ་ཆེན་ཁྱོད་ཀྱིས་ཤེས་པར་ གྱིས། །ཤེའོ། །དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ལུས་དབུལ་བ་ནི་གཞན་དུ་ཤེས་པར་བྱའོ། །དེའི་རྗེས་ལ་སྡོམ་པ་བོག་ལ་འཛིན་དུ་གཞུག ། བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཀུར་བར་བགྱི། ། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དམ་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །ཡང་དག་ཉིད་དུ་གཟུང་བར་བགྱི། །ལས་ ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་ངོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །ཞེས་སྡོམ་པ་གཟུང་ངོ་། །དེ་ནས་སློབ་མའི་ཡང་འཕྲོས། །ཕྱག་རྒྱ་ཆེ་དང་ལྡན་གྱུར་ནས། །དེ་བཞིན་གཤེགས་ པའི་གནས་རྣམས་སུ། །དྲི་ཡི་ཐིག་ལེ་རེ་རེ་གདབ། །ལྷ་རྣམས་ཀྱི་ནི་གདན་དུ་བསམ། །སྤྱི་གཙུག་བདེ་གཤེགས་གོས་སྔོན་ཅན། །མགྲིན་པར་པདྨའི་གོས་སྔོན་ཅན། །སྙིང་གར་ཐུགས་ཀྱི་གོས་སྔོན་ཅན། །ལྟེ་བར་རིན་ཆེན་གོས་སྔོན་ཅན། །གསང་བར་ལས་ཀྱི་གོས་སྔོན་ཅན། ། དཔུང་པ་ལ་སོགས་རྐང་ལག་བཞི། །ཁམས་གསུམ་རྣམ་རྒྱལ་ལ་སོགས་བརྟག །དེ་ནས་སྤོས་དང་མེ་ཏོག་དང་། །མར་མེ་དྲི་དང་རྣམ་ལྔ་དབུལ། །དྲི་ཡི་ཆུ་ལ་བདུད་རྩིའམ། །ཁམས་གསུམ་རྣམ་པར་རྒྱལ་བ་བསྐྱེད། །བཅུ་གཅིག་འོད་ཞུ་དག་པའི་ཆུས། །ངག་གི་ཉེས་པ་ སྦྱང་བར་བྱའོ། །བདུད་རྩིའི་ཆུ་ཡང་བླུད་པར་བྱ། །དེ་ནས་སྲུང་སྐུད་བྱིན་བརླབས་ཏེ། །དག་པའི་ཆུ་གཏོར་འོད་ཞུ་བས། །ཁམས་གསུམ་རྣམ་པར་རྒྱལ་བ་བསྐྱེད། །བཀུག་ནས་འོད་དུ་ཞུ་བ་ལས། །འབར་བའི་འོད་ལྔ་ལྡན་པར་བྱའོ། །དེ་ལ་མདུད་པ་ དྲུག་བྱས་ཏེ། །མདུད་པ་རེ་ལ་ལྷ་རེ་བསྟིམ། །རྡོ་རྗེ་དེ་ཉིད་སྔགས་ཀྱིས་གྲུབ། །དཔུང་བ་གཡོན་པར་གདགས་བྱའོ། །དེ་ནས་སོ་ཤིང་བྱིན་བརླབས་ཏེ། །ཨུ་དུ་མྦཱ་ར་པ་ཤའི་ཤིང་། །མ་ཡོ་མགས་འབུས་མ་ཟོས། །སོར་བཅུ་གཉིས་པའི་ཚད་དུ་བྱའོ། །འོད་ཞུ་བསྐྱེད་པ་གོད་ བཞིན་ཏེ། །ཤར་དུ་ཁ་བལྟས་མི་སྨྲ་བར། །བཅའ་དང་བྲུ་བའི་ཆོ་ག་བྱ། །བསམ་པས་བྱང་ཆུབ་སེམས་བསྐྱེད་དེ། །རྟགས་ནི་གསུམ་དུ་ཤེས་པར་བྱ། །དང་པོ་འཇུག་པའི་རྟགས་བསྟན་ཏེ། །བོར་བས་སློབ་དཔོན་ལ་བལྟས་ན། །དེ་ནི་འཇུག་ཏུ་རུང་བར་བཤད། །གལ་ཏེ་རང་ ལ་བལྟས་གྱུར་ན། །དེ་ནི་ཕྱིར་ཡང་དོར་བར་བྱ། །གཉིས་པ་བགེགས་ཀྱི་རྟགས་རྣམས་ལྟ། །གསུམ་པ་དངོས་གྲུབ་གྲུབ་རྟགས་ནི། །སོར་མོའམ་ནི་བོར་བའི་ཚེ། །སྟེང་དུ་ལུས་ན་མཆོག་འགྲུབ་འགྱུར། །ཤར་དུ་ཡང་ནི་དེ་བཞིན་ཏེ། །མཚམས་དང་བྱང་དུ་ཁ་བལྟས་ན། །ཞི་བ་ལ་སོགས་ དངོས་གྲུབ་འགྱུར། །དེ་ནས་ངག་གི་ཉེས་པ་སྦྱང་། །དེ་ནས་ཀུ་ཤ་བྱིན་བརླབས་ཏེ། །ཁམས་གསུམ་རྒྱལ་པོའི་ཁྲོ་བོ་དང་། །ལས་ཀྱི་གོས་སྔོན་ཕྱག་རྒྱ་སྔགས། །དེ་ཡིས་བྱིན་བརླབས་སྔས་དང་སྟན། །དེ་སྟེང་སེང་གེའི་སྟབས་ཀྱིས་ཉལ། །སྤྲོ་བ་བསྐྱེད་པའི་ཆོ་ག་བྱ། །སངས་རྒྱས་ཆོས་ དང་མཐུན་འགྱུར་བའི། །ཨུ་དུམྦཱ་རའི་མེ་ཏོག་ནི། །འབྱུང་འགྱུར་ཡང་ན་མི་འབྱུང་སྲིད། །སྐྱེ་བ་འདི་ཡིས་ཐོབ་པ་ཡིས། །འབྲས་བུ་རྡོ་རྗེའི་ཐེག་པའི་ཆོས། །འབྱུང་འགྱུར་ཡང་ན་མི་འབྱུང་སྲིད། །གསང་སྔགས་དོན་འདི་ཐོབ་པ་ཡིས། །དགའ་བ་ཐམས་ཅད་མཐར་ཕྱིན་ཏེ། །ལས་འཕྲོ་ དང་ནི་ཐུགས་རྗེས་འབྱུང་། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཆེ། །ཐོགས་པ་མེད་པའི་སྐུ་བརྙེས་པ། །འདི་ཡི་ཚུལ་གྱིས་མངོན་པར་བསྒྲུབ། །སེམས་ཅན་སྐལ་བ་ངན་པ་ཡིས། །དེ་ཡི་མིང་ཡང་ཐོས་མི་འགྱུར། །སྤྱད་པར་འགྱུར་བ་སྨོས་ཅི་དགོས། །སང་གི་ཉིན་མོ་ཁྱེད་རྣམས་ཀུན། ། དཀྱིལ་འཁོར་བཟང་པོ་མཐོང་བ་ཡིས། །བླ་མེད་མཆོག་ལ་རེག་པར་འགྱུར། །ཞེས་སྤྲོ་བ་བསྐྱེད་པའི་ཆོས་གཞན་ཡང་བཤད་པར་བྱའོ། །ནང་པར་སྔར་ནི་བློ་ཅན་ལངས། །རྨི་ལམ་ཅི་མཐོང་དྲི་བར་བྱ། །གོས་སྔོན་སྐུ་གཟུགས་མཐོང་བ་དང་། །རི་བོའི་སྟེང་དུ་འདུག་པ་དང་། །མཆོད་ རྟེན་སྐས་ལ་འཛེག་པ་དང་། །མེ་ཏོག་སྟེང་ན་འདུག་པ་དང་། །ཆོས་ཀྱི་བགྲོ་གླེང་བྱེད་པ་དང་། །གླེགས་བམ་དག་ལ་སྤྱོད་པ་དང་། །གཞན་གྱི་དབང་བསྐུར་དཀྱིལ་འཁོར་མཐོང་། །དེ་དང་གཞན་ཡང་བཟང་འགྱུར་དང་། །ཡི་རང་ཚིག་བརྗོད་གལ་ཏེ་རྟགས། །མི་གསལ་བ་རུ་གྱུར་ པ་ན། །ཉམས་པ་རྣམས་ནི་བསྐང་བར་བྱ། །གལ་ཏེ་བར་ཆོད་རྟགས་བྱུང་ན། །དྲག་པོའི་སྦྱིན་སྲེག་བྱ་བ་དང་། །དྲག་པོའི་ཆོགས་དང་འཁོར་ལོས་བཟློག །གོང་མའི་རྟགས་དང་ལྡན་གྱུར་པས། །ཐིག་གདབ་པ་ཡི་ཚོ་ག་བྱ། །ཐིག་སྐུང་ཁ་དོག་ལྔ་ལྡན་ལ། །ཡི་གེ་ལྔས་ནི་ བྱིན་བརླབས་ཏེ། །དེ་ལས་རིགས་ལྔའི་སྐུ་རུ་གྱུར། །ཡེ་ཤེས་རིགས་ལྔ་བཀུག་ཅིང་བསྟིམ། །འོད་ཞུ་ཐིག་སྐུད་སྣ་ལྔར་གྲུབ། །ཡང་ན་ཡེ་ཤེས་བྱང་ཆུབ་སེམས། །ཁ་དོག་ལྔ་དང་ལྡན་པར་དགུག །དེས་ནི་ནམ་མཁའི་ཐིག་གདབ་བོ། །ས་ཡི་ཐིག་ཀྱང་འདི་ལྟ་སྟེ། །དང་པོ་ཚངས་པའི་ ཐིག་གཉིས་གདབ། །དེ་བཞིན་འཁོར་ལོ་རྣམ་བརྒྱད་དང་། །གྲུ་ཆད་ཁྱམས་དང་སྒོ་བཞི་དང་། །རྟ་བབས་ལ་སོགས་སོ་སོར་དབྱེ། །དེ་ནས་ནང་དུ་ཕུར་བུ་གདབ། །མཐའ་སྐོར་དག་ནི་གཉིས་སུ་བསྐོར། །ནང་གི་སྣམ་བུའི་ནང་དུ་ནི། །ཆུ་ཆུང་གཅིག་ལ་སྐོར་གཉིས་བསྐོར། །དབུས་ སུ་བསྐོར་བ་གཅིག་དང་ལྡན། །དེ་ནས་རྡུལ་ཚོན་བརྩམ་པར་བྱ། །དབུས་སུ་མཐིང་ག་ཤར་དུ་དཀར། །ལྷོ་ཡི་པདྨ་འདབ་མ་སེར། །ནུབ་ཀྱི་པདྨ་འདབ་མ་དམར། །བྱང་གི་པདྨ་ལྗང་གུར་བྱ། །མཚམས་ནི་མཐིང་གར་ཡང་དག་ལྡན། །འཁོར་ལོའི་མདོག་ཀྱང་དེ་བཞིན་ནོ། །དབུས་སུ་ རྡོ་རྗེ་དགོད་པ་སྟེ། །ཤར་དུ་འཁོར་ལོ་དགོད་པར་བྱ། །ལྷོར་ནི་རིན་ཆེན་འབར་བ་དགོང་། །ནུབ་ཏུ་པདྨ་དམར་པོ་སྟེ། །བྱང་དུ་སྣ་ཚོགས་རྡོ་རྗེ་སྟེ། །ཡུམ་ནི་སོ་སོར་འཁྲིལ་བའོ། །མཚམས་རྣམས་སུ་ནི་ཁམས་གསུམ་རྒྱལ། །མགོན་པོ་འཕགས་སྐྱེས་རྣམ་ཐོས་སྲས། །སོ་སོའི་ཕྱག་ མཚན་དགོད་པར་བྱ། །གྲུ་ཚད་དང་ནི་ལྷ་མོ་མཚན། །ཁ་དོག་ལྗང་གུའི་ཚོན་གྱིས་བྱ། །ཁྱམས་ཀྱི་ཤར་ནི་དཀར་པོར་བྱ། །ལྟོ་སེར་ནུབ་ནི་རྣམ་པར་དམར། །བྱང་གི་ཁྱམས་ནི་ལྗང་གུའོ། །ཁྱམས་ཏེ་ཇི་བཞིན་སྒོ་དེ་བཞིན། ། ཤར་གྱི་སྒོར་ནི་ལྕགས་ཀྱུ་སྟེ། །ལྷོར་ནི་ཞགས་པ་ནུབ་ལྕགས་སྒྲོག །བྱང་གི་སྒོར་ནི་དྲིལ་བུག་གོང་། །སྒོ་ཁྲུང་ཕྱི་རོལ་ལ་སོགས་པ། །ཁྱམས་དང་ཕ་གུ་དྲ་བ་དང་། །དྲ་བ་ཕྱེད་པས་རྣམ་པར་བརྒྱན། །རྟ་བབས་བཞི་ཡང་དེ་བཞིན་ཏེ། །ཏྭ་ ར་ཎ་བཞི་ཡིས་ཀྱང་བརྒྱན། །རི་མོའི་ཚོོ་ག་རྫོགས་གྱུར་ནས། །དམ་ཚིག་འཁོར་ལོ་རྫོགས་པར་བྱེད། །ཡེ་ཤེས་འཁོར་ལོ་བཀུག་ནས་བསྟིམ། །དེ་ནས་མཆོད་པའི་ཆོ་ག་བརྩམ། །བཛྲ་དྷཱུ་པ་སྔགས་ལས་བྱུང་། །དཀར་མོ་སྤོས་ཀྱིས་ཤངས་ ལ་དབུལ། །བཛྲ་པུཥྤེའི་སྔགས་ལས་བྱུང་། །མཐིང་ག་མེ་ཏོག་སྐུ་ལ་གཏོར། །བཛྲ་ཨཱ་ལོ་ཀེ་སྔགས་ལས་བྱུང་། །དམར་མོ་མར་མེས་དཀྱིལ་འཁོར་གསལ། །བཛྲ་གནྡྷེ་སྔགས་ལས་བྱུང་། །ལྗང་གུ་དྲི་ཆབ་ཕྱག་ཞབས་བསིལ། །དེ་ལ་ སོགས་པའི་མཆོད་པའི་ཚོགས། །ཅི་འབྱོར་ཐམས་ཅད་དབུལ་བར་བྱ། །དང་པོར་སེམས་བསྐྱེད་ཕྱག་འཚལ་ནས། །སྐྱབས་གསོལ་སྡོམ་པ་གཟུང་བར་བྱ། །དབང་བཞིའི་དཀྱིལ་འཁོར་ལྷ་ལས་བླང་། །ཡང་ན་ནམ་མཁའི་དབྱིངས་སུ་བླང་། ། ཐོས་དང་བསམ་པས་བདག་ཉིད་འཇུག་པའོ། །དེ་ནས་སློབ་མ་གཞུག་པར་བྱ། །ཕྱི་རོལ་ཁྲུས་ཀྱི་ཆོ་ག་བྱ། །བུམ་པར་གྱུར་དང་རྫས་རྣམས་དགྲམ། །ཅི་འབྱོར་ཡོན་རྣམས་དབུལ་བར་བྱ། །སེམས་བསྐྱེད་སྡོམ་པ་ལ་སོགས་སྔོན་བཞིན་བྱ། ། སྡོམ་པ་ལེགས་པར་འཛིན་པ་ལ། །བཀའ་བསྒོ་དམ་ཚིག་བདུད་རྩི་བླུད། །ཡིད་འོང་རྣལ་འབྱོར་ཆེན་པོ་ཁྱོད། །གོས་སྔོན་དཀྱིལ་འཁོར་ཆེན་པོར་ཆུད། །ང་ཡིས་ཁྱོད་ལ་དངོས་གྲུབ་འབྱུང་། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ། །ཅེས་བ་ནི་སྤྲོ་བ་ བསྐྱེད་པའོ། །གསང་མཆོག་གོས་སྔོན་དཀྱིལ་འཁོར་འདི། །སེམས་ཅན་དད་པ་མེད་པ་དང་། །གང་ཡང་ལོག་ཆོས་སྤྱོད་པ་དང་། །མནར་མེད་ངན་སོང་རྒྱུད་ཅན་དང་། །རྣ་བར་མིང་ཡང་བསྒྲག་མི་བྱ། །ཞེས་པ་ནི་གདམས་ངག་གོ། །གལ་ཏེ་དེ་ལ་སྨྲས་ གྱུར་ན། །དམ་ཅན་ཆད་པས་བཅད་ནས་ནི། །ཚེ་ཡི་འདུ་བྱེད་འདི་བཀུམ་ནས། །མནར་མེད་དམྱལ་བར་མྱུར་དུ་དེངས། །གོས་སྔོན་ཆེན་པོས་མོད་ལ་སྤོང་། །ཞེས་པ་འདི་ནི་སྐྱོན་བསྟན་པའོ། །དེ་ནས་སྙིང་ནང་སེམས་དཔའ་བསྐྱེད། །བདུད་རྩི་ལྔ་དང་སྦྱར་ བའམ། །ཡང་ན་དྲི་ཡི་ཆུ་བླུད་དེ། །འཐུང་ཞིག་རྡོ་རྗེ་འབར་བའི་ཆུ། །དམ་ལས་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་ཡིས་འགྲུབ། །ཨོཾ་བཛྲ་སཏྭ་ཧཱུཾ་མ་ཧཱ་པཉྩ་ཨ་མྲི་ཏ། །ཁ་ཁ་ཞེས་པ་ནི་མནའ་བསྒགས་པའོ། ། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །གསང་ཆེན་རྡོ་རྗེ་ང་ཡིན་གྱིས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་བརྙས་པར་གྱུར་ན་ནི། །སངས་རྒྱས་ཐམས་ཅད་མཉེས་པ་མིན། །ཚེ་ཡི་འདུ་བྱེད་འདི་བཀུམ་ནས། །དམྱལ་བར་སྐྱེ་བར་གདོན་མི་ཟ། །ཞེས་པ་ནི་མན་ངག་ གོ། །དེ་ནས་རྡོ་རྗེ་སློབ་མ་ཡིས། །སློབ་དཔོན་ལ་ནི་གསོལ་བ་གདབ། །ཆོས་དབྱིངས་བྱིན་རླབས་ལས་བྱུང་བའི། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་སོ། །དེ་ནས་སློབ་མ་མཐའ་ཡས་ལ། །རཾ་དང་བཅས་ པའི་ཡི་གེ་བསམ། །བསྐྱོད་ནས་དྲོད་བསྐུལ་ཆུ་ལ་ཕོག །བསྐོལ་བས་ས་ཡི་དཀྱིལ་འཁོར་ཞུ། །ལུས་ནང་མེ་ཡིས་བསྲེག་བྱས་ནས། །སྡིག་པ་ཚིག་པར་གྱུར་པ་དང་། །བདེ་གཤེགས་བྱང་ཆུབ་སེམས་ཕབ་སྟེ། །སྙིང་ངམ་ལུས་ནང་འཁྱིལ་པར་བསམ། ། དེ་ནས་རྡོ་རྗེ་འཆང་ཆེན་བསྒོམ། །མེ་ཏོག་དཀྱིལ་འཁོར་ལྷ་ལ་དབུལ། །པྲ་ཏཱིཙྪ་ཧོ་ཞེས་བརྗོད། །དེ་ནས་ཕྲེང་བ་མགོ་ལ་བཅིང་། །ཨོཾ་མ་ཧཱ་བ་ལ་བཛྲ། །ཨ་བྷི་ཥིཉྩཱ་མི་ཞེའོ། །རྨད་བྱུང་གསང་བའི་མེ་ཏོག་འདི། །གང་ལ་བབས་པ་རིགས་ཀྱི་ལྷ། །ལས་འཕྲོ་ ཐུགས་རྗེས་འབྱུང་བར་འགྱུར། །གཙོ་བོའི་ཐུགས་སོགས་མཆོག་དངོས་གྲུབ། །དབུས་དང་ཉེ་ན་དངོས་གྲུབ་ཉེ། །རིང་ན་དངོས་གྲུབ་སྟེར་བར་འགྱུར། །ཞེས་པ་ལ་སོགས་པ་ནི་དབབ་པའི་ཆོ་ག་དང་མེ་ཏོག་གོ། །དཔལ་ལྡན་ཆེན་པོ་གོས་སྔོན་ཅན། །ཁྱོད་ཀྱི་མིག་ དབྱེ་བརྩོན་པར་མཛོད། །ཙཀྵུ་པྲ་བེ་ཤ་ཡ་ཕཊ། བརྟབ་པའི་ལྟ་བས་བལྟ་བྱས་ཏེ། །དཀར་པོ་མཐོང་ན་ཞི་བ་འགྲུབ། །སེར་པོ་མཐོང་ན་རྒྱས་པ་འགྲུབ། །དམར་པོ་མཐོང་ན་དབང་གི་ལས། །ནག་པོས་དྲག་པོའི་ལས་འགྲུབ་འགྱུར། །ཁྱོད་ཀྱི་མིག་གིས་ཇི་ལྟར་མཐོང་། །ཞེས་དྲི་ བར་བྱའོ། །དེང་ནས་བརྩམས་ཏེ་དཔལ་ལྡན་ཆེ། །ཁྱབ་ནས་བརྩམས་ཏེ་དཀྱིལ་འཁོར་བསྟན། །དཀྱིལ་འཁོར་མཐོང་བའི་འོག་ཏུ་ནི། །ཡོན་ཕུལ་གསོལ་བ་གདབ་པར་བྱ། །ཇི་ལྟར་དུས་གསུམ་སངས་རྒྱས་ལ། །རྡོ་རྗེ་སེམས་དཔས་དབང་བསྐུར་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་ སླད་དུ། །བདེ་གཤེགས་བུམ་པའི་དབང་མཆོག་སྩོལ། །ཞེས་པ་ནི་གསོལ་བ་གདབ་པའོ། །དེ་ནས་རྡོ་རྗེ་རྒྱལ་པོ་ཡིས། །བུམ་པའི་ཆུ་ནི་བསྡུས་བྱས་ཏེ། །བྱང་ཆུབ་སེམས་ཀྱི་ངོ་བོ་དག །རོལ་མོའི་སྒྲ་དང་བཅས་པ་ཡིས། །སྤྱི་གཙུག་དག་ཏུ་དབང་བསྐུར་རོ། །ཨོཾ་གསང་བ་ གསུམ་ལས་ལེགས་བྱུང་བའི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དྲི་མེད་རྡོ་རྗེ་ཆུ་དབང་གིས། །མི་བསྐྱོད་དངོས་གྲུབ་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་དཪྵ་ཨ་བྷི་ཥིཉྩཱ་མི། ཆུའི་དབང་ངོ་། །ཨོཾ་སངས་རྒྱས་བྱིན་རླབས་ལས་བྱུང་བའི། །ཡིད་བཞིན་ནོར་བུ་འབར་བ་ཆེ། ། དམ་པ་ཐམས་ཅད་འབྱུང་བའི་གནས། །རིན་ཆེན་གྲུབ་པའི་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་བཛྲ་ཨ་བྷི་ཥྀཉྩཱ་མི། ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ་། །ཨོཾ་ཡེ་ཤེས་ལྔ་ཡི་རྟགས་འཆང་བ། །ཐུགས་མཆོག་རྡོ་རྗེ་བླ་མེད་པའི། །དུས་གསུམ་འགྱུར་བ་མེད་པ་ཡི། །སྣང་བ་ མཐའ་ཡས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སམནྟ་ཨ་བྷི་ཥིཉྩཱ་མི། ཞེས་པ་ནི་རྡོ་རྗེའི་དབང་ངོ་། །ཨོཾ་ཆོས་སྐུ་སྒྱུ་མའི་སྒྲ་སྒྲོགས་ཤིང་། །སྟོང་པའི་དོན་ལས་སད་པར་བྱེད། །བླ་མེད་དྲིལ་བུའི་དབང་བསྐུར་བས། །དོན་ཡོད་གྲུབ་པའི་དངོས་གྲུབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲི་ཏཱ་ནུཥྛཱ་ཨ་ བྷི་ཥིཉྩཱ་མི། ཞེས་པ་ནི་དྲིལ་བུའི་དབང་ངོ་། །ཀྱེ་རྡོ་རྗེའི་མིང་གིས་དབང་བསྐུར་བས། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །བྱང་ཆུབ་ཆེན་པོ་ཐོབ་པ་དང་། །རྣམ་པར་སྣང་མཛད་དངོས་གྲུབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ས་མ་ཡ་ཛྙཱ་ཏ་ནཱ་མ་ཨ་བྷི་ཥིཉྩཱ་མི། ཞེས་པ་ནི་མིང་གི་དབང་ངོ་། ། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །མེ་ལོང་གི་ནི་གཟུགས་བརྙན་བཞིན། །རང་བྱུང་ལྷ་ནི་ཤེས་པར་གྱིས། །ཞེས་པ་ནི་མེ་ལོང་ངོ་། །ལུང་ལས། དང་པོ་གསོལ་བ་གདབ་པ་སྟེ། །གསན་ནས་ཡེ་ཤེས་འཁོར་ལོ་གཞུག །སྡིག་པ་དག་པར་ཆུས་བཀྲུས་ ཏེ། །སོ་སོའི་དབང་རྫས་ལག་ཏུ་སྦྱིན། །ཉོན་མོངས་ལྔ་ཡི་དྲི་མ་བཀྲུ། །དབུ་ལ་རིགས་ལྔའི་སངས་རྒྱས་དགོད། །ཅེའོ། །བཅོམ་ལྡན་རྡོ་རྗེ་འཛིན་པའམ། །རྡོ་རྗེའི་དབང་གིས་མངོན་སངས་རྒྱས། །ཡེ་ཤེས་ལྔ་དང་རྡོ་རྗེ་འདི། །ཁྱོད་ཀྱིས་རྟག་ཏུ་བཅང་བར་གྱིས། །ཞེས་པ་ཐུགས་ཀྱི་དམ་ ཚིག་གོ། །གསུང་རྣམས་སྒྲ་བརྙན་ལྟ་བུ་སྟེ། །རྟོག་པ་མེད་པས་སྣ་ཚོགས་སྒྲ། །བརྗོད་བྲལ་དཔག་གིས་མི་ལང་བའི། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ཟུང་། །ཞེས་པ་ནི་གསུང་གི་དམ་ཚིག་གོ། །ཐབས་དང་ཤེས་རབ་གཉིས་མེད་སྒྲ། །མི་ཕྱེད་རྡོ་རྗེའི་ངོ་བོ་འདི། །འཁྱུད་པའི་ཕྱག་རྒྱའི་དམ་ ཚིག་སྟེ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཞེས་པ་ནི་སྐུའི་དམ་ཚིག་གོ། །འདི་ནི་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་རྡོ་རྗེ་འཛིན་ལ་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་ཧཱུཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཏ་ ཡེ་ཧཱུཾ་ཧ་ཧ་ཧ་ཧི། །ཞེས་པ་འདི་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །ཆགས་དང་གྲོལ་བའི་གང་ཟག་གིས། །ཐུན་མོང་དཀྱིལ་འཁོར་ཆོ་ག་ཡིན། །གང་ཟག་རྣམ་པ་གཉིས་པོ་དེ། །དཀྱིལ་འཁོར་འདི་རུ་ཞུགས་ཙམ་གྱིས། །དངོས་གྲུབ་གཉིས་དང་འབྲེལ་བར་བྱེད། །ཀླུ་དང་འབྱུང་པོས་ཟིན་པ་ ལ། །དང་པོ་ཆོ་ག་སྔོན་སོང་ནས། །སྨྲེ་བའི་རྫས་ཀྱིས་དབྲལ་བར་བྱ། །དེ་ནས་བྲལ་བ་གསོ་བ་དང་། །ནད་པ་ཆུ་ཡིས་བཀྲུ་བར་བྱ། །དེ་ལྟར་བྱས་ནས་དཀྱིལ་འཁོར་འདིར། །ཞུགས་པ་ཙམ་གྱིས་མྱུར་དུ་ཐར། །རིམས་དང་འབྲུམ་བུ་ལ་སོགས་པ། །གཏོར་མའི་འཁོར་ལོ་སྔོན་སོང་བས། ། དཀྱིལ་འཁོར་འདི་རུ་ཞུགས་གྱུར་ན། །མྱུར་དུ་ཉེན་ལས་ཐར་བར་འགྱུར། །བུད་མེད་དག་ཀྱང་བུ་འདོད་ན། །དང་པོ་ཆོ་ག་སྔོན་སོང་ནས། །ཁྲུས་ཀྱིས་དག་ནས་གོས་བཟང་བགོ། །དཀྱིལ་འཁོར་འདི་རུ་ཞུགས་པ་ཡིས། །བུས་པའི་གདོན་རྣམས་བཟློག་པ་དང་། ། བུས་པ་དབྱུང་བར་གདོན་མི་ཟ། །ཡི་དགས་བཀོལ་བའི་ཆོ་ག་ཡང་། །ལྷ་ལ་སོགས་པ་བཀུག་གྱུར་ནས། །སྡོམ་པ་ལེགས་པར་བཟུང་ནས་ནི། །དཀྱིལ་འཁོར་འདི་རུ་ཞུགས་གྱུར་ནས། །བདག་གིས་བཅོལ་བ་ཐམས་ཅད་བྱེད། །ཐོགས་པ་མེད་པའི་རྡོ་རྗེ་བཞིན། །རོ་ཡི་ལས་རྣམས་ བྱེད་འདོད་པས། །བླང་དང་བསྲུང་བ་སྔོན་སོང་ནས། །དཀྱིལ་འཁོར་འདི་རུ་བཅུག་གྱུར་ན། །ལོག་ཆོས་དྲུག་དང་ལྡན་པ་ཡང་། །གཙང་བའི་གནས་སུ་ཉེ་བར་འགྲོ། །དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། །དག་པའི་ཆོ་ག་སྔོན་སོང་ནས། །བྱིན་བརླབས་དཀྱིལ་འཁོར་ ཆེན་པོ་འདིར། །དབང་བསྐུར་མཆོད་པ་ཕུལ་གྱུར་ན། །ཤིན་ཏུ་བཀྲ་ཤིས་དོན་ལྡན་ཏེ། །བསྐུར་ཞིང་བསྟིམ་པའི་གནས་སུ་འགྱུར། །ཡོན་ཏན་འབྱུང་བ་འབྱུང་བའི་གནས། །ཆགས་ལམ་པ་དང་གྲོལ་ལམ་པ། །མཛེ་དང་རིམས་ཀྱིས་ཟིན་པ་དང་། །བུད་མེད་དང་ནི་ཡི་དགས་བཀོལ། ། རོ་དང་སྐུ་གཟུགས་ལྷག་པར་གནས། །བརྒྱད་པོ་དཀྱིལ་འཁོར་འདི་ཡིས་བྱེད། །དེ་ཕྱིར་དཀྱིལ་འཁོར་ཆོ་ག་བརྒྱད། །གཅིག་པར་བསྡུ་བའི་ཆོ་གའོ།། །།དེ་ནས་གསང་བའི་དབང་བསྐུར་ཏེ། །དེ་ཡང་བདུད་རྩི་ལྔ་ཡིས་བྱུགས། །སྟེགས་བུའི་སྟེང་དུ་སློབ་དཔོན་དང་། །ཕྱག་རྒྱ་ མ་ནི་སྙོམས་པར་ཞུགས། །སློབ་མས་དེ་ལ་གསོལ་བ་གདབ། །ཨོཾ་རྒྱལ་བ་ཐམས་ཅད་རོལ་པ་ཡིས། །སངས་རྒྱས་ཆུ་ཡི་རྒྱུན་ཕབ་སྟེ། །ཉོན་མོངས་རྟོག་པ་སྦྱངས་པ་བཞིན། །བདག་ལ་བྱང་ཆུབ་སེམས་དབང་གསོལ། །ཇི་ལྟར་རྒྱལ་བའི་དབུ་སྐབས་པ། །བྱང་ཆུབ་སེམས་ ཀྱིས་བསྐུས་པ་བཞིན། །བདག་ལ་བྱང་ཆུབ་སེམས་ཁྲུས་གསོལ། །ཞེས་པ་ནི་གསོལ་བ་གདབ་པའོ། །དེ་ནས་བློ་ལྡན་སློབ་དཔོན་དང་། །སློབ་མ་གཉིས་མེད་སྦྱོར་བྱས་པའི། །བྱང་ཆུབ་སེམས་སུ་གང་གསུངས་པ། །ཡུམ་གྱི་བྷ་གར་བླང་བར་བྱ། །དཔེར་ན་བུང་བ་མེ་ཏོག་ བཞིན། །ཡང་ན་གསང་བའི་རྡོ་རྗེ་སྐེར། །སྦོམ་པོས་དབང་པོ་གཉིས་མནན་ཏེ། །སློབ་མའི་ཁ་རུ་དབ་བ་བར་བྱ། །དཔེར་ན་མ་ལ་བུ་བཞིན་ནོ། །ཡང་ན་སློབ་མ་གང་ཡིན་པ། །གདུགས་ལ་སོགས་དང་ལྡན་བྱས་ནས། །གསང་ཆེན་བདེ་བའི་རྒྱུ་མཆོག་སྟེ། །བདུད་རྩི་ལྔ་དང་ལྡན་བྱས་ ནས། །བཀྲ་ཤིས་བསྟོད་པས་བསྟོད་པ་དང་། །སློབ་མའི་ལྕེ་ལ་སྦྱིན་པར་བྱ། །དེ་ནས་སློབ་མ་ཆེན་པོ་དེས། །བྱང་ཆུབ་བདུད་རྩི་ལྕེས་བླངས་ནས། །སྙིང་གར་འདོད་པ་བསྟེན་པར་བྱ། །བདེ་བ་དེ་ལ་བརྟེན་གྱུར་ནས། །ལྟེ་བའི་དབུས་སུ་བསམ་པར་བྱ། །སློབ་མས་ཀྱང་ནི་འདི་སྐད་ བརྗོད། །འཆི་བར་གྱུར་པ་རབ་སློང་ཞིང་། །རྟོག་པའི་དྲ་བ་སེལ་མཛད་པ། །ཨེ་མ་མཆོག་གི་བདུད་རྩི་ཆེ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །བླ་མེད་བྱང་ཆུབ་མཆོག་ལ་རེག །བདུད་རྩི་མངའ་བདག་ཁྱོད་ལ་བསྟོད། །གསང་ཆེན་དབྱིངས་ལ་ཕྱག་འཚལ་བསྟོད། །བཅུད་ལྡན་ བདུད་རྩི་ཁྱོད་ལ་བསྟོད། །ཅེས་པ་ནི་གསང་བའི་དབང་ངོ་། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། མཎྜལ་དྲི་ཞིམ་ལེགས་བྱུགས་ཏེ། །མཆོག་ཏུ་དཀར་དམར་ཐིག་ལེ་གདབ། །སྟེང་དུ་མཚན་ལྡན་བུད་མེད་བཞག །གནས་རྣམས་སུ་ནི་ལྷ་ཚོགས་དགོད། །དབྱིངས་ནས་བསྟིམ་ པའི་ཆོ་ག་བྱ། །དེ་ནས་སློབ་མས་གསོལ་བ་གདབ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀུན། །ཤེས་རབ་ཕ་རོལ་ཕྱིན་པས་འགྲུབ། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །གསུམ་པའི་དཀྱིལ་འཁོར་བསྟན་དུ་གསོལ། །ཞེས་པ་ནི་གསོལ་བ་གདབ་པའོ། །བུ་ཚུར་ཤོག་ཅིག་རིགས་ཀྱི་ བུ། །གང་ལྟར་དགའ་བའི་དངོས་གྲུབ་ནི། །ཤེས་རབ་མ་ལ་བརྟེན་ནས་འགྲུབ། །རྟག་ཏུ་ཤེས་རབ་དོན་འདོད་པས། །པདྨའི་སྟེང་གི་ལྕེ་ཡིས་རེག །དྲི་ཆེན་དྲི་ཆུ་བཟའ་བར་བྱ། །ཐ་དད་རྟོག་པ་གྱུར་མི་བྱ། །ཁུ་བ་དཀར་དམར་རྣམ་པ་གཉིས། །ལྕེ་ཡི་དབུས་སུ་བརྟན་པར་གཟུང་། ། དཀའ་ཐུབ་མེད་ཅིང་བརྟུལ་ཞུགས་ཆེ། །འདི་དང་ལྡན་པས་འགྲུབ་པར་འགྱུར། །ཞེས་པ་ནི་སྡོམ་པ་དབོག་པའོ། །དེ་ནས་སློབ་མ་ཆེན་པོ་དེས། །རང་གི་བསམ་པའི་བློ་བརྟགས་པ། །ཇི་ལྟར་སྡོམ་པ་གཟུང་བར་བྱ། །སྡོམ་པ་འཛིན་པའི་སློབ་མ་དེ། །དམིགས་མེད་ཡུལ་གྱི་དཀྱིལ་ འཁོར་བལྟ། །རྟག་ཏུ་གཅེར་བུའི་ཚུལ་ཅན་གྱིས། །རྡོ་རྗེ་དྲིལ་བུ་ཁ་ཕྱེ་ལ། །མཐོང་བའི་སློབ་མ་གསོལ་བ་གདབ། །རྨད་བྱུང་བཙུན་མོའི་བྷ་ག་མཆོག །ཡེ་ཤེས་ཐམས་ཅད་བསྐྱེད་པའི་གནས། །མ་སྨིན་མ་གྲོལ་གྲོལ་བའི་སར། །ཡེ་ཤེས་དམ་པ་བསྐྱེད་དུ་ གསོལ། །ཞེས་པ་ནི་གསོལ་བ་གདབ་པའོ། །དེ་ནས་བདེ་བའི་སྟན་བཏིང་ལ། །སེང་གེའི་སྟབས་ཀྱིས་ཉལ་བ་ཡིས། །ལག་པ་སྟེང་འོག་བསྣོལ་ནས་ནི། །མཆོག་དགའ་བ་ཡི་གཏམ་དང་ལྡན། །གནས་དགུ་རུ་ནི་སེན་མོ་གདབ། །ཟུར་གྱིས་སྨེག་དང་ཁ་སྤད་སྩོགས། །ཆགས་པ་བསྐྱོད་པའི་ ཆོ་ག་བྱ། །ཡུམ་གྱི་བྱ་རྒོད་རྩེ་མོ་མཆོག །དབང་པོའི་ལག་པས་བླང་བར་བྱ། །པདྨ་ཁ་བྱེར་གྱུར་པ་དང་། །གཉིས་སུ་མེད་པར་སྦྱར་གྱུར་ཏེ། །བསྐྱོད་པ་དལ་གྱིས་བསྐྱོད་པར་བྱ། །བསྐྱོད་པའི་རླུང་གིས་མེ་བསྐུལ་དེ། །བདེ་ཆེན་བྱང་ཆུབ་སེམས་ཕབ་སྟེ། །སོ་སོའི་གནས་སུ་འོད་ཆན་གཟུང་། །རྡོ་རྗེ་སྐྱེ་རུ་ཕྱིན་པ་དང་། །ཡི་ གེ་འོད་ཀྱིས་བུར་འགྱུར་ཏེ། །ཨོཾ་ཁྱོད་ཀྱི་སྟོབས་ཀྱིས་ཐམས་ཅད་འདུས། །ལོག་པའི་མན་ངག་དེར་བསམ་མོ། །མ་བཟློག་པ་ནི་ལྕེ་ཡིས་བླང་། །གལ་ཏེ་བཟློག་པར་གྱུར་པ་ན། །རྟོག་པ་ཐམས་ཅད་ནུབ་པར་འགྱུར། །དེ་ལས་ལངས་ཏེ་དེ་བཞིན་བསམ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་ ལུང་བསྟན་པར་བྱ་སྟེ། །ཁམས་གསུམ་འགྲོ་རྣམས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །དུས་འདི་ནས་ནི་བཟུང་ནས་ནི། །སྲིད་པའི་གཟེབ་ལས་སྒྲོལ་བར་འགྱུར། །ཉོན་མོངས་སྡུག་བསྔལ་གཏན་བཅད་ནས། །བླ་མེད་བྱང་ཆུབ་མཆོག་ལ་རེག །དེ་རིང་ཕན་ཆད་བུ་ཁྱོད་ ནི། །རྒྱལ་བའི་སྲས་ཀྱི་ཐུ་བོ་ཡིན། །ཞེས་པ་ནི་ལུང་བསྟན་པ་དང་དབུགས་དབྱུང་བའོ། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བའི། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །འཁོར་ལོ་བསྐོར་བས་མྱ་ངན་འདས། །ཅེས་པ་དང་། དུང་དང་རལ་གྲི་པདྨོ་ དང་། །རྡོ་རྗེ་ལ་སོགས་པ་འདི་ནི་རྗེས་སུ་གནང་བའོ། །དེ་ནས་སློབ་མ་དམ་པ་དེས། །རིན་ཆེན་གསེར་དངུལ་བྱི་རུ་དང་། །དུང་དང་མུ་ཏིག་ཀུ་མུ་ཏ། །བ་ལང་རྟ་དང་གླང་པོ་ཆེ། །ཡུལ་དང་བུ་སྨད་ལ་སོགས་པ། །མདོར་ན་རང་ལས་གཅེས་པའི་རྫས། །ཐམས་ཅད་བླ་མ་དེ་ལ་དབུལ། ། བླ་མ་དམ་པར་གྱུར་པའི། །རང་སྲོག་གིས་ཀྱང་མཉེས་བྱེད་ན། །གཞན་པའི་རྫས་ལྟ་སྨོས་ཅི་དགོས། །ཞེས་པ་ནི་ཡོན་དབུལ་བའོ། །དེ་ནས་དམ་ཚིག་དཔོག་བྱ་སྟེ། །གསང་དང་དོན་དམ་ཡང་དག་ལ། །ཐོབ་པར་གྱུར་པའི་སློབ་མ་ཡིས། །དམ་ཚིག་ཡིད་བཞིན་ནོར་བུ་བསྲུང་། །ཡང་དག་ རྡོ་རྗེ་སློབ་དཔོན་ལ། །མི་དགེ་ལོག་པ་སྤྱོད་འདོད་ན། །དེ་ནི་དབང་གིས་ཚིག་ནས་ལྟུང་། །ཐུན་མོང་ཁྱད་པར་མཆེད་དང་ཡུམ། །དེ་ལ་ངན་སེམས་གཟུང་མི་བྱ། །སློབ་དཔོན་རྡོ་རྗེ་མཆེད་གྱུར་ལ། །རང་གི་སྲོག་ཀྱང་ཕན་གདགས་ན། །སྒྲིབ་པ་ཀུན་བྱང་ཚོགས་རྫོགས་ནས། །བར་ཆོད་ ཐམས་ཅད་ཞི་བར་འགྱུར། །དེ་མིན་དབང་གིས་ཚིག་ནས་ལྟུང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དགེ་སློང་ཁྲིམས་ལ་ལྷག་པར་གནས། །སྡོམ་པ་ཐམས་ཅད་ལྷག་པར་བསྲུང་། །འདི་ནི་རྣལ་འབྱོར་ས་གཞི་འདྲ། །རྣལ་འབྱོར་པ་ཡི་རྫས་རྣམས་ལ། །རྟོག་པ་ཐམས་ཅད་སྤང་ བར་བྱ། །གཞན་ཡང་དམ་ཚིག་མཐའ་ཡས་པ། །ཐམས་ཅད་འབད་དེ་བསྲུང་བར་བྱ། །དམ་ཚིག་དངོས་གྲུབ་ཀུན་གྱི་མཆོག །དམ་ཚིག་དངོས་གྲུབ་ཀུན་གྱི་བདག །དམ་ཚིག་གིས་ནི་འབྱུང་པོ་འདུལ། །དམ་ཚིག་རྟོག་པའི་དྲ་བ་གཅོད། །གང་དག་དམ་ཚིག་མི་ལྡན་པ། །དབང་ གིས་ཚིག་ནས་མནར་མེད་པར། །སངས་རྒྱས་བཞུགས་ཀྱི་བར་དུ་གནས། །ཞེས་པ་ནི་དམ་ཚིག་དཔོག་པའོ། །དེང་ནས་བརྩམས་ཏེ་བཀྲ་ཤིས་ཀྱི། །སྨོན་ལམ་རྗེས་སུ་གདབ་པར་བྱ། །བུམ་པའི་ལྷ་དང་དཀྱིལ་འཁོར་ལྷ། །སྦྱན་དང་ནམ་མཁར་གཤེགས་སུ་གསོལ། །དམ་ཚིག་ དཀྱིལ་འཁོར་རང་ལ་བསྡུ། །དཀྱིལ་འཁོར་ཕྱགས་ལ་ཆུ་བོར་དབོ། །སྣོད་རྣམས་དག་པར་བཀྲུ་བར་བྱ། །རང་ཉིད་མི་དམིགས་དབྱིངས་སུ་བསྡུ། །དེ་ལ་ལས་ཀྱི་ལྷར་བསྒྱུར་ལ། །བཟོད་གསོལ་ལུས་སྲུང་ཆོ་ག་བྱ། །དཀྱིལ་འཁོར་ཆེན་པོའི་ཆོ་ག་འདི། །རྒྱུ་དང་འབྲས་བུའི་དོན་ལ་ རྨོངས། །ཡང་དག་དོན་དང་མི་ལྡན་ཞིང་། །འདོད་པ་ལོག་པའི་ལམ་ཞུགས་དང། །དཀའ་ཐུབ་པ་དང་རྟོག་པ་ཅན། །དེ་ལ་ཟུར་ཙམ་བསྟན་མི་བྱ། །གལ་ཏེ་དེ་ལ་བསྟན་གྱུར་ན། །ཚེ་ཡི་འདུ་བྱེད་དེས་བཀུམ་ནས། །དམྱལ་བར་བསྐལ་པ་སྟོང་དུ་གནས། །བདག་འདྲའི་མ་རིག་རྨོངས་པ་ ཡིས། །སྒྲུབ་པའི་ཐབས་འདི་བརྩམས་པར་མི་འོས་ཀྱང་། །སེམས་ཅན་བདག་པས་དམན་ཕྱིར་བདག་གིས་བརྩམས། །འདི་ལས་བདག་གིས་བྱང་ཆུབ་ཅི་ཐོབ་པ། །དེས་ནི་སེམས་ཅན་གོས་སྔོན་གྲུབ་པར་ཤོག །བདག་གི་དགེ་བའི་རྩ་བ་འདིས། །ཁམས་གསུམ་སེམས་ཅན་ ཐམས་ཅད་ཀུན། །ཞིང་མཆོག་གཙང་མར་སྐྱེ་བར་ཤོག །དབང་གི་འབྲས་བུ་སྨིན་གྱུར་ཅིག །སེམས་ཅན་ལས་དང་སྐལ་ལྡན་ནས། །རྡོ་རྗེ་འཆང་ཆེན་ཞལ་མཐོང་ཤོག །དེ་ཡི་ཐེག་པའི་དོན་རྟོགས་ཏེ། །མངོན་པར་རྫོགས་པར་སངས་རྒྱས་ནས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ ཀྱིས། །སེམས་ཅན་འགྲོ་དོན་བྱེད་པར་ཤོག །དཔལ་ལྡན་གོས་སྔོན་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མནྟྲཱ་ལཾ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྔགས་ཀྱི་རྒྱན་གྱི་སྒྲུབ་ཐབས། བཅོམ་ལྡན་ འདས་ཐུགས་ཀྱི་རང་བཞིན་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །སྔགས་རྣམས་བདག་པོ་དཔལ་ལྡན་རྡོ་རྗེ་ཅན། །སྐུ་གསུམ་རང་བཞིན་ཡོན་ཏན་ཀུན་གྱི་མཛོད། །ཉོན་མོངས་གདུང་བ་རྩད་ནས་ཞི་མཛད་ཅིང་། །དུས་གསུམ་སངས་རྒྱས་རང་བཞིན་གོས་སྔོན་ཅན། །གསང་བའི་བདག་ ལ་དང་བས་ཕྱག་འཚལ་ལོ། །མྱུར་དུ་གྲུབ་པར་འདོད་པ་ཡི། །དེ་ཉིད་སྔགས་ནི་བཤད་པར་བྱ། །གང་ཞིག་རྣལ་འབྱོར་པ་ཡིས་ནི། །སྔགས་ལ་གཙོ་ཆེར་བྱེད་པ་ཡི། །རིགས་བཟང་དོན་དང་ལྡན་པ་ཡིས། །ཡིད་དང་མཐུན་པའི་གནས་དག་ཏུ། །སྔགས་ཀྱི་མི་མཐུན་ཀུན་སྤངས་ ནས། །སྙན་པའི་གནས་སུ་ལེགས་འདུག་སྟེ། །སེམས་སྦྱང་ལྷག་པའི་ལྷར་གྱུར་ཏེ། །བསྲུང་དང་ཚོགས་བསག་སྟོང་པར་བསྒོམ། །དེ་ནས་རང་གི་སེམས་ཉིད་ནི། །ཡི་གེ་ཧཱུཾ་གི་རྣམ་པ་ལས། །བྷྲཱུཾ་འཕྲོས་གཞལ་ཡས་ཁང་པར་གྱུར། །དེ་སྟེང་ཧཱུཾ་ལས་ཆོ་ག་གསུམ། །དེ་ལས་དཔའ་ ལྡན་གཏུམ་པོའི་གཟུགས། །གཡས་ན་རྡོ་རྗེ་རྩེ་ལྔ་པ། །གཡོན་པས་བྱ་ཁྱུང་ངེས་པར་བསྣམས། །སྐུ་མདོག་སྔོན་པོ་དཔའ་བོའི་ཆས། །གཡོན་བརྐྱང་གཡས་བསྐུམ་གདུག་པས་བརྒྱན། །ཡེ་ཤེས་བསྟིམ་དང་བྱིན་བརླབས་ནས། །དབང་བསྐུར་འབྲས་བུ་ལྔ་དང་ལྡན། །དེ་རྗེས་སྔགས་ ཀྱི་བཟླས་པ་བྱ། །བདག་དང་གཞན་གྱི་རྣམ་པ་ཡིས། །རགས་པ་དང་ནི་ཕྲ་བ་ཡི། །ཤིན་ཏུ་ཕྲ་བའི་རྣམ་པ་སྟེ། །སེམས་དཔའ་སུམ་བརྩེགས་གཞལ་ཡས་ཁང་། །གསལ་བར་བྱེད་པ་དེ་ཉིད་དེ། །རྣལ་འབྱོར་ཚུལ་གྱིས་ཡོངས་སུ་བསྒྲུབ། །འདོད་ཆགས་དང་ནི་ཞེ་སྡང་དང་། །གཏི་ མུག་ང་རྒྱལ་ཕྲག་དོག་དང་། །ཉོན་མོངས་ཉེ་བའི་ཉོན་མོངས་དང་། །སྔགས་ཀྱི་དུས་སུ་སྤང་པར་བྱ། །གཟུགས་དང་སྒྲ་དང་དྲི་དང་རོ། །དེ་བཞིན་རེག་བྱ་ལ་སོགས་དང་། །གཡེང་བར་གྱུར་པ་མ་ལུས་པ། །སྔགས་ཀྱི་དུས་སུ་སྤང་བར་བྱ། །སྒྲ་ཆེ་བ་དང་སྒྲ་ཆུང་དང་། །སྐྱེན་པ་དང་ནི་ བུལ་བ་དང་། །མི་གསལ་ཡན་ལག་ཉམས་པ་དང་། །གསང་སྔགས་བར་དུ་སྒྲ་ཞུགས་དང་། །དམིགས་པ་མ་རྫོགས་འཇོག་པ་དང་། །སྔགས་ཀྱི་དུས་སུ་སྤང་བར་བྱ། །རྗེས་ཀྱི་རྣལ་འབྱོར་མ་ལུས་པར། །དུས་དང་གྲངས་དང་མཚན་མ་དང་། །རོ་དང་དབང་བསྐུར་ལ་སོགས་པ། ། སེམས་དཔའ་སུམ་བརྩེགས་གསལ་བ་ཡིས། །རང་ཉིད་ཐིག་ལེའི་ངོ་བོ་ཡི། །འོད་ཟེར་ལ་ནི་ཡིག་འབྲུ་ཞོན། །འོད་དཀར་ཞི་བའི་ཚུལ་དུ་བཟླས། །ཡང་ན་འོད་འཕྲོས་སྐུ་གསུམ་གྱི། །རང་བཞིན་ཚུར་འདུས་གདུག་རྩུབ་སྦྱོང་། །ཡང་ན་དམིགས་པ་མེད་པ་ལས། །འཕྲོ་དང་འདུ་བས་བྱེད་ པ་ཡིན། །འོད་ཟེར་དཀར་དམར་འཕྲོ་འདུ་ཡིས། །རྣམ་སྨིན་ལ་སོགས་བསྲེག་ཅིང་སྦྱོང་། །འཁོར་དང་ཉེ་འཁོར་སུམ་འཁོར་སོགས། །མཚན་མ་འདོད་པ་རྣམ་པ་ལྔ། །གོང་དུ་བསྙེན་པའི་དོན་དུ་གསུངས། །སུམ་འབུམ་བདུན་དང་བཅུ་གཉིས་སོ། །འདི་ཡང་གྲངས་ཀྱི་ཚད་དུ་གསུངས། ། དེ་ཡི་གྲོགས་འགྱུར་བཟླས་པ་ནི། །སྡིག་པ་དབྱུང་དང་སྲེག་པ་དང་། །བཀྲུ་བའི་དོན་ལ་དམིགས་པ་སྟེ། །རགས་དང་ཕྲ་བའི་དབང་དག་ཏུ། །དྲུག་དང་དགུ་རུ་ཤེས་པར་བྱ། །སྡིག་པ་དབྱུང་བ་ལ་སོགས་ཀྱང་། །མི་དྲུག་གཟུགས་དང་དེ་བཞིན་དུ། །ཡིག་གཟུགས་དང་ནི་འོད་ཀྱི་ གཟུགས། །དེ་དག་དབྱུང་གཏོར་བསྲེག་ཅིང་བཀྲུ། །དམིགས་པ་གསར་རྙིང་བྱེ་བྲག་གིས། །མགལ་མེ་ཕྲེང་བ་ཉི་མའོ། །སྔགས་ཀྱི་དངོས་གྲུབ་འདོད་དུས་སུ། །ཚོགས་དང་གཏོར་མ་སཱཙྪ་དང་། །ཀློག་འདོན་དགེ་བ་སྐྱོང་ལ་སོགས། །འདི་ཡང་གྲོགས་སུ་འགྲོ་བ་ཡིན། །རྗེས་ཀྱི་ རྣལ་འབྱོར་ཚུལ་དང་ལྡན། །བསྙེན་སྒྲུབ་ཆེན་པོ་ལ་སོགས་པས། །ཡོངས་སུ་བསྒྲུབ་པས་དངོས་གྲུབ་འབྱུང་། །སྐུ་གསུམ་ངོ་བོའི་ཚུལ་ལ་ནི། །འོད་སྒྲ་སྐུ་དང་འགུལ་དང་ལྡེབ། །ཁོལ་དང་གང་དམིགས་དེ་དབང་འགྱུར། །འདི་ཡང་སྒྲུབ་ངའི་རྟགས་སུ་གསུངས། ། གོས་སྔོན་ལུས་ལ་གནས་པ་དང་། །དུང་འབུད་པ་དང་ཆོས་རྣམས་སྟོན། །སྟོང་གསུམ་མ་ལུས་མཐོང་བ་དང་། །དབང་བསྐུར་ཁྲག་སོགས་ལུས་ལས་འཐོན། །མེ་ཏོག་སྔོན་པོ་ཉི་ཟླ་ཤར། །རྨི་ལམ་དག་ཏུ་བྱུང་བ་ན། །འདི་ཡང་གྲུབ་པའི་རྟགས་སུ་གསུངས། །དེ་དག་བཟླས་པའི་སྔགས་ གསུངས་པ། །ཨོཾ་ན་མོ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨོཾ་རཱ་ཛ་མ་ཧཱ་ག་རུ་ཌ་ཧཱུཾ་ཧཱུཾ་ཧཱུཾ། བཟླས་ལུགས་མན་ངག་ཤེས་པར་བྱའོ། །མིག་གི་མངོན་ཤེས་བསྒྲུབ་པ་ནི། །སྐུ་གསུང་ཐུགས་ཀྱི་རྣམ་པ་ལ། །ཡེ་ཤེས་འཕྲོ་འདུས་བྱིན་རླབས་སྡུད། །བསྙེན་པ་སྐྱོལ་བས་དེ་བཞིན་བྱ། །རྣ་བ་དང་ ནི་དབང་པོ་གཞན། །གོང་མ་དེ་བཞིན་སྦྱོར་ཤེས་བྱའོ། །གང་ཞིག་ཕྲིན་ལས་རྣམ་བཞི་ལས། །དང་པོ་ཞི་བ་གསུངས་པ་ནི། །ཁ་དོག་དཀར་པོ་འཕྲོ་འདུ་ཡིས། །རང་གི་སྡིག་དང་བག་ཆགས་དང་། །གཞན་གྱི་གདུག་རྩུབ་ཞི་བར་བྱེད། །ཚེ་རིང་རིགས་རྒྱུད་ལོངས་སྤྱོད་རྣམས། ། རྒྱས་པར་འདོད་པ་འོད་ཟེར་སེར། །བདེ་གཤེགས་འོད་བསྐུལ་རང་ལུས་ཀྱི། །རང་བཞིན་ཚེ་རྣམས་རྒྱས་པར་བྱེད། །དཀར་དམར་ཁུ་པའི་འཕྲོ་འདུ་ཡིས། །འཇིག་རྟེན་རིགས་རྒྱུད་རྒྱས་པར་བྱེད། །ནོར་དང་རྫས་ནི་རྒྱས་འདོད་པས། །རིན་ཆེན་བཅུད་ཀྱི་ཚུལ་དུ་བསྒྲུབ། །ཁ་དོག་དམར་ པོ་སྦྱར་བ་ཡིས། །དམིགས་པ་མ་ལུས་དབང་དུ་སྡུད། །ཚར་གཅད་དུས་ཀྱི་སྦྱོར་བ་ནི། །འཁོར་ལོ་འོད་ཟེར་སྐུར་གྱུར་ཏེ། །དགུག་ཅིང་ཐོ་བ་ལ་སོགས་པས། །དྲག་པོའི་མཚོན་ཆ་ཐོག་ཕབ་པས། །སྤྱི་བོ་གཙུག་གནས་རྣམས་སུ་ནི། །ཕུང་པོ་གཞིག་པའི་སྦྱོར་བ་བྱ། །ས་བོན་འཇོམས་ དང་འབྱེད་བྱེད་པས། །འགྲུབ་པར་འགྱུར་བར་གསུངས་པ་ཡིན། །དེ་ལ་སོགས་པའི་སྦྱོར་བ་རྣམས། །མཁས་པ་ཡིས་ནི་ཤེས་པར་བྱ། །དེ་རྣམས་སྔགས་ཀྱི་མཐའ་ལ་ནི། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ཐར་བར་གྱུར་ཅིག་ཧཱུཾ་ཕཊ་སྭཱཧཱ། །ཞེས་པ་སྒྲུབ་པའི་སྙིང་པོར་ གསུངས། །འདི་ནི་ཀུན་གྱི་མན་ངག་གོ། །མཁས་པ་ཚིག་ལ་མི་ལྟོས་པར། །གཟུ་ལུམས་ལ་གཞལ་གང་ཟག་གིས། །བསྐལ་པར་བསྒྲུབས་ཀྱང་འབྲས་བུ་མེད། །དེ་བས་མཁས་པ་རབ་ཏུ་གཅེས། །འདི་བརྩམས་པ་ཡི་དགེ་བ་ཡིས། །རིགས་དང་ཕྲ་བའི་རྟོག་པ་དང་། །ནད་ཀྱི་ ཟུག་རྔུ་ཞི་བ་དང་། །སྔགས་ཀྱིས་ཉོན་མོངས་ཀུན་སྤངས་ནས། །གོས་སྔོན་དངོས་གྲུབ་ཐོབ་པར་ཤོག །སྔགས་ཀྱི་རྒྱན་ནཱ་གཱརྫུ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་ཨ་ལཾ་ཀཱ་ར། བོད་སྐད་དུ། རབ་ཏུ་གནས་པའི་རྒྱན། རྡོ་རྗེ་ བསྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་དང་། །ཟླ་བ་ལྟ་བུའི་མཐུ་མངའ་བའི། །སེལ་ཅིང་སྣང་བར་བྱེད་པ་ཡི། །མངའ་བདག་རྡོ་རྗེ་ཅན་ལ་འདུད། །ཚོགས་སོགས་ནུས་པ་ཚོགས་བྱུང་བས། །རབ་ཏུ་གནས་པ་བཤད་པར་བྱ། །སྔགས་པ་ཡོན་ཏན་ཀུན་ལྡན་པས། ། བཀྲ་ཤིས་པ་ཡི་གནས་དག་ཏུ། །བསྙེན་པ་རྣམ་གསུམ་རྫོགས་པ་ཡིས། །ལྷག་པར་གནས་པའི་ཆོ་ག་བྱ། །མངའ་དབུལ་བ་དང་མཆོད་པ་བརྩམ། །སྔགས་ཀྱིས་གནས་པའི་དོན་དུ་ནི། །རྒྱས་པར་རབ་གནས་ཆེན་པོར་བལྟ། །འདི་རུ་ཅུང་ཞིག་བསྡུས་ནས་བསྟན། །དང་པོར་རྡུལ་ ཚོན་དཀྱིལ་འཁོར་བྲི། །འདོམ་དོ་པའམ་འདོམ་གང་བ། །གྲུ་བཞི་འཐས་པར་བྱས་པ་ལ། །ཐིག་ནི་ལེགས་པར་ཡོངས་བཏབ་ལ། །ས་ཚོན་བྱིན་གྱིས་བརླབ་བ་བྱ་ལ། །ཚོན་རྣམས་དགྱེ་བའི་རིམ་པ་ནི། །དབུས་ཀྱི་ཕོ་བྲང་མཐིང་ག་ལ། །པདྨ་འདབ་བརྒྱད་མཛེས་པར་བཏང་། །ཤར་གྱི་ ཆ་ནི་དཀར་པོ་ལ། །ལྷོ་ཡི་ཆ་ནི་སེར་པོ་སྟེ། །ནུབ་ཀྱི་ཆ་ནི་དམར་པོར་སྣང་། །བྱང་ནི་དོན་ཡོད་གྲུབ་པ་ལྗང་། །མཐིང་ག་དཀར་དང་སེར་དང་དམར། །ལྗང་གུ་རྣམས་སུ་གསུངས་པ་ནི། །པཉྩརེ་ཁཱའི་རྩིག་པའོ། །སྒོ་གཉིས་མཚམས་དང་ཏྭ་ར་ཎ། །དྲ་བ་དྲ་བ་ཕྱེད་པ་དང་། །རྒྱན་རྣམས་ ཀྱིས་ནི་རྣམ་པར་སྤྲས། །ཐ་མ་སྲུང་བ་ཕྲེང་བས་བརྒྱན། །དཀྱིལ་འཁོར་གྱི་ནི་ཤར་ངོས་སུ། །དབང་སྟེགས་སྟེང་དུ་མཛེས་པའི་གདན། །སྐུ་གསུང་ཐུགས་ཀྱི་རྟགས་མཆོག་བཞག །ཆུ་གསུམ་འདུས་པས་ཁྲུས་རྣམས་བྱ། །མཆོད་པའི་ཡོ་བྱད་རྫོགས་པ་ལ། །བླ་རེ་གདུགས་དང་རྒྱལ་ མཚན་དང་། །མེ་ཏོག་རྣམས་ཀྱིས་ཡོངས་སུ་ཀླུབས། །དེ་ནས་རང་གི་བསམ་པ་རྫོག་སོ། །ལྷག་པའི་ཏིང་འཛིན་གསལ་བར་ཤེས། །དབང་བསྐུར་བ་ལ་རབ་ཏུ་གནས། །གསུང་ནི་ཧྲཱིཿལས་བྱུང་བའི་རིགས། །ཐུགས་ནི་མི་བསྐྱོད་རྡོ་རྗེ་སེམས། །སྐུ་ནི་རྟག་པའི་རང་ བཞིན་ནོ། །ཚ་ཚ་མཆོད་རྟེན་ལ་སོགས་པ། །སངས་དེ་ཞུ་ནས་ལྕེ་ལས་ནི། །ཡེ་ཤེས་ཚ་ཚ་མཆོད་རྟེན་གྱི། །འབྱུང་བའི་རྒྱུ་རུ་རྣམ་པར་སྣང་། །ལྷ་ཁང་འབྲུ་ཡི་རྟེན་ལས་སུ། །གོང་གི་སྟོབས་ཀྱིས་གང་འགྱུར་བ། །རང་གི་སྣང་བ་འབྱུང་བ་ཡིན། །སློབ་དཔོན་རབ་ཏུ་འགྱིང་བཅས་ པས། །རྡོ་རྗེ་དྲིལ་བུ་ལྡན་པ་ཡིས། །བདེ་གཤེགས་ནམ་མཁར་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་བསྟོད་རྒྱས་པར་བྱ། །དེ་ནས་ཕྱག་རྒྱ་བཞི་ལྡན་པས། །རྟགས་གསུམ་དག་ལ་གཞག་པར་བྱ། །དེས་ནི་མཆོད་པ་རྒྱས་པའོ། །དཀྱིལ་འཁོར་གསང་བའི་ལྷ་ལ་དབུལ། །རིན་ཆེན་ སྣ་བདུན་ལྷ་མོ་བརྒྱད། །མ་ལུས་བསྟོད་ཅིང་བཟོད་པར་གསོལ། །གསང་སྔགས་རྒྱལ་པོའི་མཐའ་ལ་ནི། །འབྲུ་གསུམ་ཡི་གེ་བཏགས་པས་ནི། །བརྒྱ་རྩ་བརྒྱད་ནས་སྟོད་རྩ་བརྒྱད། །བཟླས་པ་འོད་ཟེར་གཞུང་བཞིན་བསྟིམ། །ཞུ་བས་སྐུ་གསུང་ཐུགས་ཀྱི་རྟགས། །རང་རང་རྣམས་ ལ་གསལ་ཞིང་རྒྱས། །དེ་ལ་མཆོད་པ་སྣ་ཚོགས་ཀྱང་། །དཀོན་མཆོག་སྐྱབས་ཆེན་རྣམས་དང་ཡང་། །མ་ལུས་ལུས་པ་མེད་པ་ལ། །ཡང་དག་པ་རུ་རབ་ཏུ་བསྔགས། །གཏོར་མ་གཉིས་ཀྱིས་གཙང་རིགས་དང་། །བགེགས་དང་རིགས་དྲུག་མ་ལུས་པ། །གཏོར་མ་ཆེན་པོ་སྦྱིན་དུ་ མཆོད། །བསྐོར་བ་བྱ་ཞིང་སྨོན་ལམ་གདབ། །རབ་གནས་བསྡུས་པའི་ཆོ་ག་ནི། །ནཱི་ལཱཾ་བཛྲ་མཐའ་བསྒྱུར་ལ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སྶཾ་གྷཱ་ཡ། ཨདནྟེ། དྷ་ར་ནི། ཏ་དྱཐཱ། ཨཱ་ཀཪྵ་ཎི། སྭ་བྷབ་སརྦ་དྷརྨཱ། ནིས་སརྦ། ཨིས་མ་ཐི། པི་པ་ཤ་ན། བི་མ་ལ་སུ་པ་རི་དྷརྨཱ་ཀརྟི་ཀ་ན། བ་ལ་ནིཥྐ། ཡ་ཐ་མ་ལེ། ཙ་ལེ་ཙ་ལེ་ཙ་ལེ། ཧུ་ལུ་ཧུ་ལུ། བི་ཤད་དེ། མནྟྲ་མནྟྲ་ས་སྭཱ་ཧཱ། སྟོང་དང་བརྒྱ་ཡི་བཟླས་པ་ཡིས། །སྐུ་གསུང་ཐུགས་ཀྱི་ངོ་བོ་རུ། །བྱིན་གྱིས་བརླབས་པ་ཙམ་ནི་བྱ། །ཡང་ན་ཏྲེ་ཡང་དེ། ཞེས་པའི་སྔགས་ཀྱིས་བྱ། དེ་ལྟར་སློབ་དཔོན་དེ་ལ་ནི། །ཅི་ཡོད་རང་ གི་ནོར་རྣམས་དབུལ། །དེ་ནས་རབ་གནས་བརྟན་པ་ཡིས། །མགྲོན་རྣམས་དགྱེ་ཞིང་སྨོན་ལམ་གདབ། །ཤི་བ་ཕྱི་ཡི་ཆོ་ག་ཡང་། །ཁྲུས་བྱས་རྡུལ་ཚོན་གོང་བཞིན་བྲི། །སྤྱན་དྲངས་མདུན་གྱི་ནམ་མཁའ་ལ། །མཆོད་ཅིང་ཡེ་ཤེས་མེ་ནས་བསང་། །སྦྱང་ཞིང་རོ་ནི་སྲེག་རྫས་སུ། །མེ་ ལྷ་ཉིད་ལ་དབུལ་བར་བྱ། །གཏོར་མ་ཆ་གཉིས་ཆོ་ག་ཡིས། །བསྔོ་ཞིང་སྨོན་ལམ་གདབ་པར་བྱ། །ཐིག་བསྡུས་ས་ཚོན་ཆུ་ལ་དབོ། །འདི་བརྩམས་པ་ཡང་དགེ་བ་ཡིས། །བདག་དང་ཁམས་གསུམ་སེམས་ཅན་རྣམས། །ནད་དང་སྡུག་བསྔལ་རྩད་ནས་ཆོད། །ཞིང་ཁམས་ གཙང་མར་སྐྱེ་བར་ཤོག །དགེ་སློང་ནཱ་གཱ་རྫུ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་ལིཾ་ཏ་ཨ་ལཾ་ཀཱ་ར། བོད་སྐད་དུ། གཏོར་མའི་རྒྱན་བཅོམ་ལྡན་འདས་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཀུན་གྱི་གྲོགས་འགྲོལ་ལས་ཀྱི་མཆོག ། བཀྲ་ཤིས་བར་ཆོད་སེལ་མཛད་པ། །གཏོར་མའི་ལས་ནི་བདག་