Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 50
Văn bản gốc(Tây Tạng)
Trang 6 / 16 (50.000 ký tự/trang)
ྩོལ། །བྱང་ཆུབ་སེམས་མཆོག་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་ པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་མཛོད། །ལན་གསུམ་བར་དུ་གསོལ་བ་གདབ། །འོད་ཀྱིས་ཕུར་བྱས་སྡིག་པ་སྦྱང་། །རྗེས་སུ་གཟུང་བས་སྤྲོ་བ་ནི། །བུ་ཚུར་ཐེག་པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་མཆོག ། ཁྱོད་ལ་ཡང་དག་བཤད་པར་བྱ། །རྡོ་རྗེ་མི་ཕྱེད་མཐུ་ཡིས་ནི། །མཉམ་པ་མེད་པའི་ཡེ་ཤེས་མཆོག །དེ་བས་ཀུན་མཁྱེན་ཐོབ་འདོད་པས། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བླ་མ་སངས་རྒྱས་ཀུན་མཆོད་ཅིང་། །རྩ་བ་ཡན་ལག་ཉེས་པ་སྤོངས། །མ་བསྒྲལ་འཁོར་བའི་ སེམས་ཅན་ལ། །སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས། །བསྒྲལ་ཞིང་གྲོལ་བའི་ལམ་ལ་བཀོད། །བདེ་བར་དབུགས་ནི་དབྱུང་བར་གྱིས། །སློབ་མའི་ཚོགས་ཀྱིས་སྡིག་བཤགས་ལ། །དགེ་བསྙེན་ལ་སོགས་རིམ་པས་སྦྱིན། །གང་ཡིན་བསླབ་པ་བསྟན་པ་དང་། །སློབ་མ་ལྷར་ བྱས་ཡང་ན་ནི། །གནས་གསུམ་ལྷར་བཅས་རྟགས་བཏབ་ལ། །བླ་མ་དཀོན་མཆོག་གསུམ་པོ་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་བཅས་མ་ལུས་ཐམས་ཅད་ཀྱང་། །བདག་ལ་དགོངས་ནས་གཟིགས་སུ་གསོལ། །བདག་གིས་ཐོག་མ་མེད་པ་ནས། །སྡིག་པ་ བགྱིས་པ་མ་ལུས་ཀུན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ད་ལྟ་མཐོལ་ཞིང་བཤགས། །བླ་མ་དཀོན་མཆོག་གསུམ་པོ་དང་། །སངས་རྒྱས་ཀུན་བདག་རྡོ་རྗེ་ཅན། །དེ་རིགས་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ ཕྱག་ན་རྡོ་རྗེ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསང་སྔགས་བདག་པོས་དབང་བསྐུར་ལ། །གསང་སྔགས་འཁོར་ལོ་བསྐོར་བར་བསྐུལ། །མཐུ་ལྡན་སྐྱོན་མེད་ཁྱེད་རྣམས་ལ། །སྐྱེ་རྒས་ན་འཆི་མི་མངའ་ཡང་། །འགྲོ་བའི་དོན་དུ་སྐུ་སྤྲུལ་པ། ། མཐུན་འཇུག་མྱ་ངན་མི་འདའ་གསོལ། །དོན་དམ་རང་བཞིན་མཚན་མ་མེད། །མཚན་མར་མི་རྟོག་ཆོས་སྐུ་ལ། །བདེ་གཤེགས་མཚན་དཔེའི་སྐུར་སྣང་བ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །དུས་གསུམ་མགོན་པོ་ཐུགས་རྗེ་ཅན། །བྱམས་པའི་ཐུགས་ལས་མ་གཡོས་ཀྱང་། ། དགོངས་པའི་དབང་གིས་ཁྲོ་སྤྲུལ་ལ། །གསང་སྔགས་ལྷ་ཚོགས་ཀུན་སྐྱབས་མཆི། །དེ་སྒྲུབ་དེས་མཚོན་གསུང་གི་ཆོས། །ཉི་ཤུ་རྩ་བརྒྱད་དྲག་པོའི་ཚོགས། །ཆོས་ཀྱི་རང་བཞིན་དྲི་མ་མེད། །ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆི། །སྣ་ཚོགས་སྐུར་སྤྲུལ་དོན་མཆོག་བསྒྲུབ། ། རིན་ཆེན་སྐྱབས་མཆོག་དགེ་འདུན་དང་། །འཕགས་པ་གོས་སྔོན་བྱང་ཆུབ་སེམས། །དགེ་འདུན་མཆོག་ལ་སྐྱབས་སུ་མཆི། །བླ་མ་དུས་གསུམ་མགོན་པོ་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་དང་བཅས་ལ་ལུས་འབུལ་བས། །བཞེས་ནས་བདག་ལ་རྗེས་བརྩེ་བས། ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཚོགས་གཉིས་ལས་བྱུང་དགེ་བ་རྣམས། །འཁོར་བའི་སེམས་ཅན་མ་ལུས་དོན། །བྱང་ཆུབ་ཆེན་པོར་བསྔོ་བར་བྱ། །བྱང་ཆུབ་ཏུ་ཡང་སེམས་བསྐྱེད་ལ། །སྔགས་ཀྱི་དམ་ཚིག་སྦྱིན་པར་བྱ། །མཎྜལ་ སྔོན་དུ་འགྲོ་བ་ཡིས། །བླ་མ་རྡོ་རྗེ་སློབ་དཔོན་དང་། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་དང་། །དཀོན་མཆོག་གསུམ་དང་བསྟན་དགའ་ཀུན། །བདག་ལ་དགོངས་ནས་གཟིགས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་འདི། །དུས་འདི་ཉིད་ནས་བཟུང་ནས་སུ། །བྱང་ ཆུབ་སྙིང་པོར་མཆིས་ཀྱི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་གནས་པ། །ཚུལ་ཁྲིམས་རྣམ་གསུམ་སྡོམ་པ་ དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །སོ་སོར་བདག་གིས་གཟུང་བར་བྱ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དམ་པ་བདག་གིས་བསྐྱེད་པར་བགྱི། །འདི་ནི་སངས་རྒྱས་རིགས་ དག་པའི། །དམ་ཚིག་ཡིན་པར་རྒྱལ་བས་བསྒྲགས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་། །སྐྱོན་བྲལ་རྡོ་རྗེ་ཆེན་པོའི་རིགས། །ཐུགས་རྗེས་འབྲེལ་པའི་སློབ་དཔོན་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །དྲི་མ་མེད་པའི་དམ་ཚིག་ཆོས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་ བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །ཡང་དག་ཉིད་དུ་གཟུང་བར་བྱ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། །ཐུན་མོང་ཐུན་མོང་མ་ཡིན་པའི། །སྡོམ་པ་མ་ ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་སོ་སོར་གཟུང་། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མཆོད་པའི་ལས་ནི་ཅི་ནུས་བགྱི། །མ་བསྒྲལ་བ་ནི་བདག་གིས་བསྒྲལ། །མ་གྲོལ་བ་ནི་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་ཕྱུང་བགྱི། །སེམས་ཅན་དངོས་གྲུབ་ ཆེ་ལ་དགོད། །དཀྱིལ་འཁོར་མེ་ཏོག་སྔོན་པོར་བཅས། །རྡོ་རྗེ་འཆང་ལ་དབུལ་བར་བྱ། །བདུད་རྩི་རྣམ་ལྔ་གཏོར་མའི་ཚོགས། །རྣམ་པ་ཀུན་དུ་བསྟེན་པར་བྱ། །ཐབས་ཀྱིས་བསྒྲལ་བའི་དམ་ཚིག་ནི། །སྙིང་རྗེ་ལས་བྱུང་བསྒྲལ་བར་བྱ། །ལན་གསུམ་བར་དུ་དམ་བཅས་པ། ། རིགས་ཀྱི་ལྷ་ལས་འོད་འཕྲོས་པས། །རང་རང་ཡེ་ཤེས་ཡིག་བཞིས་བསྟིམ། །རྡོ་རྗེ་ཁུ་ཚུར་དྲི་ཡི་ཆུས། །མས་རིམ་བཞིན་དུ་བརྟན་པར་བྱ། །དེ་རྗེས་མཆོད་པ་སྤྲོ་བར་བྱ། །ཨ་ཤྭཏྠ་དང་པ་ལ་ཤ །ཨུ་དུམྺཱ་ར་ལ་སོགས་པའི། །སོར་བཅུ་གཉིས་སམ་ཡང་ན་བརྒྱད། །རྩེ་ མོ་མེ་ཏོག་མཛེས་པས་བརྒྱན། །དཀྱིལ་འཁོར་འདབ་བརྒྱད་རྣམ་ལྔས་བྱུག །ཤར་བལྟས་དབུས་སུ་སོས་བཟུང་ནས། །པདྨའི་ཕྱག་རྒྱས་དོར་བྱས་ཏེ། །ཁྱོད་ནི་དཀྱིལ་འཁོར་དམ་པ་འདིར། །ཞུགས་པའི་དངོས་གྲུབ་བརྟག་པའི་ཕྱིར། །རྣམ་ཤེས་དག་པའི་སོ་ཤིང་འདི། །སོས་ བཟུང་ནས་ནི་དབུས་སུ་དོར། །བདག་དང་བླ་མ་སྟེང་བལྟས་ནས། །མཆོག་གི་དངོས་གྲུབ་དམ་པ་ཡིན། །ཕྱོགས་སུ་ཕྱིན་ལས་སོ་སོ་སྟེ། །མཚམས་སུ་འཇིག་རྟེན་དངོས་གྲུབ་འབྱུང་། །ཐུར་བལྟས་ས་འོག་གྲུབ་པ་ཡིན། །ས་ལ་མ་ལྷུང་མཁའ་སྤྱོད་དོ། །བདུད་རྩི་བྱིན་བརླབས་ཐོད་པར་ བླུགས། །རྡོ་རྗེ་འདི་ནི་རྡོ་རྗེའི་ཆུ། །འཐུངས་ཤིག་དམ་ཚིག་བྱིན་གྱིས་བརླབས། །གལ་ཏེ་དམ་ཚིག་འདས་པ་ན། །དམྱལ་བར་ངེས་པར་སྲེག་པར་བྱེད། །ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནིཤྩ། ཤོདྷ་ཡ་བི་ཀཱལྤཱན་ཨ་པ་ན་ཡ་ཧཱུཾ་ཧཱུཾ། ལན་གསུམ་སྐྱོར་ཆུས་ངག་དག་བྱས། །ལྷ་དང་རྗེས་མཐུན་ སྐུད་པ་ལ། །སྔགས་བཏབ་གཡས་དང་ཕྲིན་ལས་གཡོན། །ཁྲོ་བོ་གཏུམ་པོའི་བྱིན་རླབས་དང་། །གསང་སྔགས་ནུས་པ་བླ་ན་མེད། །སྐལ་ལྡན་བར་ཆད་མེད་པར་བསྲུང་། །སུ་ཡང་གནོད་པ་མ་བྱེད་ཅིག །ཀུ་ཤ་གཙང་མ་བྱིན་བརླབས་ཏེ། །བཞིན་བཟངས་ཚུར་ཉོན་དཀྱིལ་ འཁོར་དུ། །འཇུག་པའི་རྟགས་རྣམས་བརྟག་པའི་ཕྱིར། །ཀུ་ཤའི་རྩྭ་འདི་སྔས་དང་སྟན། །ཐུབ་པས་ཏིང་འཛིན་གྲུབ་ལྟར་ཤོག །མ་ནོར་སེང་གེ་བཞིན་ཉལ་ནས། །མཚན་མ་ཇི་ལྟར་བྱུང་བ་ལྟར། །བླ་མའི་མདུན་དུ་བརྗོད་པར་བྱ། །བཟང་ན་དངོས་གྲུབ་སྤྲོ་བ་བསྐྱེད། །གལ་ཏེ་ངན་ ན་བསྐྲད་དང་བསྲུང་། །མེ་ཡི་ལས་ཀྱིས་བཟློག་པར་བྱ། །གཞན་ཡང་དགེ་བའི་ལས་ཀུན་ཤིས། །བླ་མས་རྡོ་རྗེ་ཅན་ཁྱོད་ལ། །ནང་པར་ལངས་ཏེ་དཀྱིལ་འཁོར་པ། །ནམ་མཁར་བཏེག་ལ་ཐིག་གདབ་སྟེ། །བུ་མོ་གཙང་ཞིང་སྡོམ་ལྡན་གྱིས། །བཀལ་བ་རས་བལ་ལས་བྱུང་བ། ། ཡེ་ཤེས་ལྔ་ནི་གཅིག་བསྡུས་པའམ། །ཡང་ན་སྐུ་གསུང་ཐུགས་ཀྱང་རུང་། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྥ་ར་སྥ་ར་ཨ་ནུ་ག་ཏ་སརྦ་དྷརྨཱ་ཏྱནྟ་ཨ་ནུ་པྲ་བིཥྚི་སརྦ་དྷརྨཱཿ། ཞེས་བརྗོད་པས་ནི་བསྒྲིལ་པར་བྱ། །པདྨའི་སྣོད་དུ་བཞག་ནས་ཀྱང་། །མི་འཆི་ལྔ་ཡིས་སྤངས་བྱས་ལ། །བློ་ལྡན་ ཡེ་ཤེས་བསྟིམ་བྱས་ལ། །ནམ་མཁར་ཡེ་ཤེས་ཛ་ཛས་གདབ། །སྒོ་ཡི་བཅུ་གཉིས་ཆ་དང་ལྡན། །སྲིད་ཀྱང་ཁང་པ་ཉིས་འགྱུར་ལ། །ཚངས་པའི་ལས་ཐིག་དྲང་བྱས་ནས། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ། །ཚངས་དང་ཟུར་ཐིག་ལ་སོགས་པ། ། བསྟན་བཅོས་མཐོང་ཞིང་བློ་ལྡན་དེས། །ཆ་ནི་གང་ཡིན་རྣམ་པར་དབྱེ། །གལ་ཏེ་ཉེས་པའི་འབྲས་བུ་ནི། །ཆད་ན་བླ་མའི་སྲོག་གཡོ་ཞིང་། །དམན་ལྷག་ནད་ཀྱིས་བཏབ་པར་འགྱུར། །ཕྱོགས་འཁྲུལ་སློབ་མ་རྨོངས་པར་འགྱུར། །བློ་ལྡན་ཉེས་པ་མེད་པར་བྱ། །གྲུ་བཞི་སྒོ་དང་རྟ་ བབས་བཅས། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །ཉི་ཟླ་དྲིལ་བུ་གཡེར་ཁས་སྤྲས། །པདྨ་ཁྱམས་དང་རྡོ་རྗེའི་ཕྲེང་། །དུར་ཁྲོད་མེ་རི་ལ་སོགས་པ། །རྣམ་པ་མ་ལུས་རྫོགས་པར་བྱ། །རིན་ཆེན་རྣམ་ལྔ་འབྲུ་ཕྱེ་དང་། །འབྱུང་ཁུངས་ལས་བྱུང་རྣམ་པ་ལྔ། །པདྨར་སོ་སོར་གཞག་བྱས་ཏེ། སྔགས་ཀྱིས་བཏབ་པ་ཡིག་འབྲུ་བསམ། །ཡེ་ཤེས་བསྟིམས་ལ་ཡིག་གསུམ་གྱིས། །བྱིན་གྱིས་བརླབས་ཏེ་མཐིང་ག་བླངས། །དབང་ལྡན་མཚམས་སུ་དྲང་བྱ་སྟེ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་རྡོ་རྗེ་འཛིན་པ་གནས། ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་བཞིན་ལྗང་གུ་དྲང་བྱས་ལ། །འདི་ནི་སོ་སོར་རྟོག་པ་དག །དམར་པོ་མཉམ་ཉིད་ཡེ་ཤེས་ཏེ། །སེར་པོ་བྱ་བ་གྲུབ་པ་ལ། །དཀར་པོ་མེ་ལོང་ཡེ་ཤེས་དག །མེ་ཏོག་དོར་ལ་མཚན་མ་བརྟག །ཐམས་ཅད་གཡས་སྐོར་མ་ནོར་བར། །སྦོམ་ཕྲ་ཆད་པ་མེད་པར་བྲི། །ཉེས་ པ་འབྱུང་བའི་རིམ་པ་ནི། །ཚོན་མི་མཉམ་ཞིང་ཡོ་དང་དམའ། །དངོས་གྲུབ་ཉམས་པར་འགྱུར་བ་ཡིན། །ཡོན་པོས་རྩོད་ལ་གདུང་བར་འགྱུར། །སྦོམ་ན་ནད་འབྱུང་གལ་ཏེ་ཕྲ། །ནོར་ཉམས་ཆད་པར་གྱུར་པས་ན། །འཆི་འགྱུར་ཕྱོགས་ཉམས་ཕུར་བུས་འདེབས། །ཤར་དཀར་ ལྷོ་སེར་ནུབ་ཕྱོགས་དམར། །བྱང་ཕྱོགས་ཨིནྡྲ་ནཱི་ལའི་མདོག །ལྟེ་བ་མཐོན་མཐིང་འཁྱིལ་པར་བྱ། །མཚམས་སོགས་ཆོ་གས་བརྟག་པ་དང་། །དུར་ཁྲོད་རྣམས་ནི་རིམ་པས་བྲི། །རྡོ་རྗེ་དཀྱིལ་འཁོར་ལྷར་བསྒྲུབ་པ། །ཡོལ་བས་བཅད་པའི་དཀྱིལ་འཁོར་དུ། །ཁྲུས་བྱས་ དྲི་ཡིས་ལུས་བྱུགས་ཏེ། །གོས་བཟང་གིས་བརྒྱན་ལན་གསུམ་བསྐོར། །དེ་ནས་རྡོ་རྗེ་འཛིན་པ་ཡིས། །ང་རྒྱལ་བྱས་ཏེ་ཧཱུཾ་སྒྲོགས་པས། །ཤར་གྱི་སྒོ་ནས་ནང་དུ་ཞུགས། །སྒོ་བཞི་ཡང་ནི་དབྱེ་བར་བྱ། །ཨོཾ་བཛྲ་ཨུདྒྷ་ཊ་ས་མ་ཡཱ་བེ་ཤ་ཡ་ཧཱུཾ། བུམ་པར་རང་གནས་འདུག་བྱས་ ཏེ། །མཆོད་པའི་རྫས་ཀྱིས་ལེགས་བརྒྱན་ནས། །དཀྱིལ་འཁོར་ལྷ་རྣམས་རྫོགས་པར་བསྐྱེད། །ཡེ་ཤེས་བསྟིམས་ལ་མཆོད་པར་བྱ། །བསྟོད་ཅིང་གླུ་དང་ལྡན་པ་ཡིས། །ཚོགས་ཀྱི་འཁོར་ལོས་མཆོད་པར་བྱ། །དེ་ནས་ལྷག་པའི་ལྷ་ཡང་བསྡུ། །བཟླས་པའི་རིམ་པ་བཞིན་དུ་བརྗོད། ། ཤར་དུ་ཞི་བའི་མེ་ལས་བྱ། །དེ་ནས་ཤར་གྱི་དབང་སྟེགས་ལ། །སློབ་མའི་ཆོ་ག་ཇི་ལྟ་བར། །སློབ་དཔོན་དབང་དང་ལྡན་པར་བྱ། །མེ་ཏོག་ཐོགས་ལ་ཚིག་འདི་བརྗོད། །ཧཱུཾ་ཐུགས་ཀྱི་སྲས་པོ་རྡོ་རྗེ་འཛིན། །གདུག་པ་འདུལ་མཛད་གཏུམ་པོ་ཡིས། །སློབ་མ་སྨིན་པར་བྱ་བའི་ཕྱིར། ། བདག་ལ་དབང་བསྐུར་སྦྱིན་པར་མཛོད། །དེ་ལྟར་རིམ་པ་རྫོགས་པ་དང་། །དེ་ནས་སློབ་མ་གཞུག་པར་བྱ། །ཡོལ་བའི་ཕྱིར་གནས་རིམ་པ་བཞིན། །ཁྲུས་བྱས་སྔགས་འདིས་དག་པར་བསམ། །ཀཱ་ཡ་བཱཀ་ཙིཏྟ་སརྦ་པཱ་པཾ་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་ལྷར་བྱས་གནས་གསུམ་དུ། ཨོཾ་བཛྲ་ བནྡྷ་ཏྲཊ་ཀཱ་ཡ་བཱཀ་ཙིཏྟ། ཞེས་པས་སྡིག་པ་དྲལ་བྱས་ལ། །རང་རང་ཡི་གེ་བསམ་པར་བྱ། །བགེགས་བསྐྲད་སྡིག་པ་གཞོམ་པ་དང་། །བླ་མས་རང་གི་ས་བོན་གྱིས། །སློབ་མའི་སྡིག་པ་སྦྱང་བར་བྱ། །ཨོཾ་ཀཱ་ཡ་ཤུདྡྷ་སརྦ་དྷརྨཱ་ཀཱ་ཡ་ཤུདྡྷོ྅ཧཾ། ཨོཾ་བཱཀ་ཤུདྡྷ་སརྦ་དྷརྨཱ་ བཱཀ་ཤུདྡྷོ྅ཧཾ། ཨོཾ་ཙིཏྟ་ཤུདྡྷ་སརྦ་དྷརྨཱ་ཙིཏྟ་ཤུདྡྷོ྅་ཧཾ། རྣམ་དག་ལྷ་ཡི་ངོ་བོར་བྱ། །གདོང་པ་རས་ཀྱིས་བཀབ་ནས་ནི། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་ཁྲོ་བོར་བཅས་པ་ཡིས། །ལྷ་རྣམས་ ཀུན་ལ་ཕྱག་འཚལ་ལོ། །བདག་ནི་སྐལ་བཟངས་རིགས་ཡིན་ཏེ། །རྡོ་རྗེ་འཛིན་པ་ཁྱོད་ལ་དགའ། །ཕྲིན་ལས་མ་ལུས་ཁྱོད་ལ་རྫོགས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་པར་མཛོད། །སློབ་མས་ཡོན་ཕུལ་སྔགས་འདི་བརྗོད། །ཨོཾ་ཨཱ་ཁཾ་བཱི་ར་ ཧཱུཾ། རང་རང་གནས་སུ་བཞག་ནས་ཀྱང་། །བགེགས་ཀྱི་བར་ཆད་བསལ་བར་བྱ། །དཀྱིལ་འཁོར་ལ་ནི་བསྐོར་བྱས་ཏེ། །ཤར་གྱི་ཕྱོགས་ནས་སྒོ་ཕྱེ་ལ། །ལྷ་དང་སངས་རྒྱས་རྣམས་བསྐུལ་ཏེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །བདུད་བཞི་རྣམ་པར་ དག་བཅོམ་ནས། །སྔགས་འདིས་ཕྱག་གསུམ་བརྐྱང་ལ་བྱ། །ཨོཾ་ན་མ་སྟེ་ཧཱུཾ། ཨོཾ་ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། དེ་ནས་ཐལ་སྦྱར་ཤར་ཕྱོགས་ནས་ཨོཾ་ཏྲཻ་ལོ་ཀྱ་བི་ཛ་ཡ། པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་ཀྵོ་བྷྱ། ཨ་བྷི་ཥིཉྩ་ཨ་དྷི་ཏིཥྛ་སྭ་མཾ། མི་ བསྐྱོད་བརྒྱ་བྱིན་སྟེང་དུ་གསལ། །ཨོཾ་མ་ཧཱ་ཀཱ་ལ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་བ། ཨ་བྷི་ཥིཉྩ་ཨ་དྷི་ཏིཥྛ་སྭ་མཾ། ལྷོ་ཡི་ཕྱོགས་ནས་ཕྱག་བྱས་ཏེ། །དཔྲལ་བར་སྐུ་ནི་ཁྱབ་འཇུག་མནན། །ནུབ་ནས་གསུང་གི་དབང་ཕྱུག་གཞོམ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ ལི། པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་པདྨ་དྷ་རི། ཨ་བྷི་ཥིཉྩ་ཨ་དྷི་ཏིཥྛ་སྭ་མཾ། ཨོཾ་ཨཱརྱ་ཛཾ་བྷ་ལ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྷི། ཨ་བྷི་ཥིཉྩ་ཨ་དྷི་ཏིཥྛ་སྭ་མཾ། ནུབ་བྱང་རིམ་པས་ཕྱག་བྱའོ། །ལས་ཀྱི་བུམ་པས་ཁྲུས་ བྱས་ཏེ། །སྡོམ་པ་མ་ལུས་པ་ཡང་སྦྱིན། །བྱིན་གྱིས་བརླབ་ཕྱིར་ཡེ་ཤེས་ཀྱང་། །བླ་མ་ལ་ནི་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་བརླབ་མཛོད་ལ། །རྡོ་རྗེ་སེམས་དཔའ་བླ་ན་མེད། །བདག་ལ་ད་ལྟ་བསྐྱེད་དུ་གསོལ། །སྡིག་བྲལ་སྤོས་ཀྱིས་ བདུག་བྱས་ནས། །འགྱིང་བཅས་རྡོ་རྗེ་དྲིལ་འཛིན་པས། །སངས་རྒྱས་མ་ལུས་ལྷག་པའི་ལྷར། །བསྡུས་ལ་གཉིས་མེད་བདེ་བ་ཆེ། །ཟག་མེད་བདེ་བས་ཡན་ལག་ཁྱབ། །ཧཱུཾ་འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་གཏུམ་པོ་སེམས་དཔའ་ཆེ། །ཡེ་ཤེས་རྡོ་རྗེ་བླ་མེད་འདི། །ད་ལྟ་ཉིད་དུ་ འབབ་པར་ཤོག །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ། ཨཱ་བེ་ཤ་ཡ་སྟྭཾ་བྷཱ་ཡ། རཱ་རཱ་རཱ་རཱ། ཙ་ལཱ་ཡ། ཨ་ཧཱུཾ་མ་ཧཱ་ཛྷེཾ་བཛྲ་ཙཎྜ་ཨཱ་བེ་ཤ་ཡ། ཨ་ཨ་ཨ་ཨ་ཨ། ཞེས་བཟླས་གང་ལ་བབས་གྱུར་ཀྱང་། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ། ཨ་དྷིཥྛི་ཏེ་ས་མ་ཡ།སྔགས་ཀྱིས་བརྟན་བྱས་ལྕེ་ལ་ཨ། །དགེ་ མི་དགེ་ཡི་ལུང་བསྟན་བྱ། །མེ་ཏོག་རྡོ་རྗེ་དང་བཅས་པ། །སྤྱི་བོར་བཞག་ལ་འདི་སྐད་བརྗོད། །ཧཱུཾ་རྡོ་རྗེ་གཏུམ་པོ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་གཞན་སྨྲས་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྔས་བཀང་ཀ་པཱ་ལར། ། སྔགས་བཏབ་རྡོ་རྗེ་དང་བཅས་སྦྱིན། །ཧཱུཾ་འདི་ནི་ཁྱོད་ཀྱི་རྡོ་རྗེའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་རྣམས། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨཱཿཧཱུཾ་བཛྲོད་ཀ་ཋ་ཧཱུཾ། ཤར་དུ་འདུག་ལ་འདི་སྐད་བརྗོད། །དེ་ནས་ བརྩམས་ཏེ་ཁྱེད་རྣམས་ཀྱི། །རྡོ་རྗེ་གཏུམ་པོ་ང་ཡིན་གྱི། །ཁྱེད་ཀྱིས་ང་ལ་བརྙས་པ་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་གྱུར་ཏ་རེ། །ཕྱོགས་བཞི་ནས་ནི་དངོས་གྲུབ་བརྟག །མཛེས་པའི་མེ་ཏོག་ལྷ་ལ་དོར། །གསང་བ་བླ་མེད་མེ་ཏོག་འདི། །ཕོ་བྲང་ དཀྱིལ་འཁོར་ལྷ་མཆོག་ལ། །ལས་དང་རྗེས་མཐུན་བརྩེ་བ་ཡིས། །རིགས་དང་མཐུན་པར་འབབ་པར་ཤོག །པྲ་ཏཱིཙྪ་ཧོ་བཛྲ། ལྷ་ཡི་སྟོད་དང་རྐེད་པ་དང་། །སྨད་དང་ཉེ་རིང་གཙོ་འཁོར་གྱི། །བྱེ་བྲག་དངོས་གྲུབ་རྟགས་ཡིན་ནོ། །དེ་ནས་བླ་མས་མེ་ཏོག་བླངས། །སློབ་མའི་མགོར་ བཅིངས་སྔགས་འདི་བརྗོད། །ཨོཾ་དྷརྨ་ཀུཎྜ་ཨ་བྷི་ཥིཉྩ། ལྷ་བསྟིམ་རིགས་ཀྱི་མིང་ཡང་གཟུང་། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཏོག་བསལ་བ་ལྟར། །དེ་བཞིན་ཁྱོད་ཀྱི་མིག་དབྱེ་སྟེ། །ཡེ་ཤེས་མིག་གིས་མཐོང་བར་ཤོག །བཛྲ་ཙཀྵུ་པ་ཏྲ་ལཾ་ཧྲི། །གདོང་ གཡོགས་བཤུས་ལ་འདི་སྐད་བརྗོད། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ན་དད་པ་རབ་ཏུ་སྐྱེ། །ཁྱོད་ནི་སངས་རྒྱས་རིགས་སུ་གྱུར། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ། །དངོས་གྲུབ་མ་ལུས་སྣོད་དུ་འགྱུར། །རིགས་ཀྱི་རྣམ་པར་དག་པ་བསྟན། །དེ་ནས་སློབ་མ་དད་ལྡན་ པས། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །ཡོན་མཆོག་བླ་མེད་ཕུལ་ནས་ཀྱང་། །དབང་བསྐུར་བ་ཡི་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་མཛད་པ། །བདག་ལ་བྱིན་གྱིས་བརླབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་སློབ་དཔོན་མཆོག་བགྱིད་དོ། །ལན་གསུམ་བརྗོད་ནས་ཤར་ཕྱོགས་སུ། །པདྨ་འདབ་བརྒྱད་ཁྲི་ལ་འདུག །རྣམ་རྒྱལ་བུམ་པ་ལ་སོགས་པས། །ཆུ་རྣམས་ཐོད་པའམ་བུམ་པར་བསྡུས། །རྡོ་རྗེའི་གླུ་དང་དྲིལ་བུར་ལྡན། ། རིགས་ལྔ་རིག་པའི་ལྷ་མོར་ལྡན། །བག་ཆགས་མ་ལུས་དག་བྱས་ཏེ། །སྐུ་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷ་ཡི་བདུད་རྩི་རྣམ་དག་འདིས། །མི་བསྐྱོད་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་ཨཱ་དཪྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཆུ་ཡི་དབང་བསྐུར་དམ་པ་ འདིས། །སྒྲིབ་པ་རྣམ་པ་གསུམ་བྲལ་ནས། །མི་བསྐྱོད་རྣམ་དག་ཡེ་ཤེས་འཐོབ། །མི་བསྐྱོད་རྡོ་རྗེ་དངོས་གྲུབ་ཤོག །ལུགས་མའམ་ཐང་ག་འབུར་བྲིས་པའི། །གསེར་སོགས་དབུ་རྒྱན་རིན་འབྱུང་བསམ། །དབུ་རྒྱན་རིན་ཆེན་དམ་པ་འདིས། །སེམས་ཅན་ཚིམ་པར་བྱེད་པའི་མཆོག ། ཡིད་བཞིན་བསམ་པ་འགྲུབ་བྱེད་པ། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ས་མནྟཱ་ཛྙཱ་ན་ཧཱུཾ་ཏིཥྛ་ཨ་བྷི་ཥིཉྩ་ཧཱུཾ། དབུ་རྒྱན་དབང་བསྐུར་དམ་པ་འདིས། །རིགས་ལྔའི་སངས་རྒྱས་བདེ་བར་གཤེགས། །བདག་གི་མགོ་ལ་བརྒྱན་གྱུར་ཏེ། །རིན་ཆེན་འབྱུང་ལྡན་དངོས་གྲུབ་ ཤོག །རིན་ཆེན་ལ་སོགས་རྡོ་རྗེ་ལ། །སྣང་བ་མཐའ་ཡས་བཅུག་བྱས་ལ། །ལག་ཏུ་གཏད་ལ་ཚིག་འདི་བརྗོད། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྣམ་དག་འོད་གསལ་སྟོང་། །དམ་ཆོས་འབྱུང་བའི་སྒོར་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་པྲ་ཏི་བེ་ཤ་ཡ་ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེའི་དབང་བསྐུར་དམ་པ་འདིས། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །བདག་གི་རྒྱུད་ལ་སྐྱེས་གྱུར་ཏེ། །སྣང་བ་མཐའ་ཡས་དངོས་གྲུབ་ཤོག །དྲིལ་བུར་དོན་ཡོད་གྲུབ་པ་བཅུག །ལག་པ་གཡོན་གཏད་ཚིག་འདི་བརྗོད། །ཐབས་དང་ཤེས་རབ་ལྡན་པ་ཡིས། ། འགྲོ་དོན་མཉམ་པ་མེད་བྱེད་པ། །འདོད་པའི་ཕྲིན་ལས་རྫོགས་བྱེད་ཅིང་། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་དྷིཥྛ་ན་ཨ་ནུཥྛཱ་ན་སིདྡྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུའི་དབང་བསྐུར་དམ་པ་འདིས། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །གསུང་གི་དངོས་གྲུབ་ བདག་གྱུར་ཏེ། །དོན་ཡོད་གྲུབ་པའི་དངོས་གྲུབ་ཤོག །རྣམ་སྣང་བསྐྱེད་ལ་མཚོག་མའི་སྟེང་། །འཁོར་ལོ་ཐོགས་པའི་མིང་སྒྲོགས་ཏེ། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་ཐོབ་པའི་བར་དུ་ནི། །ཅིས་ཀྱང་གཞོམ་པར་མི་ནུས་པས། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། ། ཨོཾ་པྲ་ཏི་ཤོ་དྷ་དྷརྨ་དྷཱ་ཏུ་ཛྙཱ་ན་ནཱ་མ་ཨ་བྷི་ཥིཉྩཱ་མི་ཧཱུཾ། མིང་གི་དབང་བསྐུར་དམ་པ་འདིས། །སྟོང་གསུམ་བྱེ་བ་ཕྲག་བརྒྱ་རུ། །སྤྲུལ་པས་འགྲོ་རྣམས་ཆོས་སྟོན་ཅིང་། །རྣམ་པར་སྣང་མཛད་དངོས་གྲུབ་ཤོག །རིགས་ལྔ་ཡུམ་གྱིས་མ་རིག་ལྔ། །རྣམ་དག་ཡེ་ཤེས་ལྔ་སྦྱོར་བས། ། རིག་པའི་དབང་དུ་རྒྱུད་པས་བསྟན། །ཤར་དུ་སེང་གེའི་ཁྲི་ལ་འདུག །སྟེང་དུ་གདུགས་དཀར་ཕུབ་ནས་ཀྱང་། །ཕྱིར་མི་ལྡོག་པའི་དབང་བསྐུར་ཏེ། །སློབ་དཔོན་རང་བཞིན་འོད་དཔག་མཆོག །སྐལ་བ་ཆེན་པོ་བདག་ལ་གསོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། ། སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །དེ་ནི་སངས་རྒྱས་དཔག་མེད་དོ། །བརྟུལ་ཞུགས་བླ་ན་མེད་པ་དེ། །ཇི་ལྟར་འདུལ་བཞིན་བདག་ལ་གསོལ། །དེ་ནས་རྣམ་རྒྱལ་བུམ་པ་བླངས། །སྟེང་འོག་བཞག་ལ་ཚིག་འདིས་སྦྱིན། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ ཀུན་གྱིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་བྱིན་པ་ཡིས། །ཕྲིན་ལས་ཐོགས་པ་མེད་པ་རྣམས། །བུ་ཡིས་གཞན་དོན་བླ་མེད་བྱོས། །ཁྱོད་ནི་རྡོ་རྗེ་སློབ་དཔོན་ཡིན། །དུས་གསུམ་སངས་རྒྱས་སྲས་ཡིན་ནོ། །ཞེས་བྱ་དུང་དང་རོལ་མོ་ དབུལ། །ལུང་བསྟན་བྱ་ཕྱིར་བླ་མ་ཡིས། །སྤྲུལ་པའི་སྐུར་བཅས་དགའ་དང་བཅས། །ཆོས་གོས་བཟུང་ལ་འདི་སྐད་བརྗོད། །རྡོ་རྗེ་སེམས་དཔའི་རང་བཞིན་གཤེགས། །སྲིད་པའི་མཐའ་ནི་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་རྡོ་རྗེ་དེ་བཞིན་གཤེགས་ པ་ཆེ་གེ་མོ་ཞེས། སིདྡྷི་བཛྲ་ཙཎྜ་ཏེ་ཐཱ་ག་ཏ་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཕྱོགས་བཅུའི་སངས་རྒྱས་མ་ལུས་པས། །ཁྱོད་ལ་ལུང་བསྟན་བྱས་པ་འདི། །གསང་སྔགས་རྡོ་རྗེའི་མཐུ་ཡིན་པས། །དད་པས་འདི་ལ་སྤྲོ་བར་གྱིས། །དེ་ནས་རྡོ་རྗེ་བརྟུལ་ཞུགས་སྦྱིན། །རྡོ་རྗེ་ལག་ཏུ་ལེགས་ བྱིན་ལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧཱུཾ། དེ་ནས་དྲིལ་བུ་སྦྱིན་བྱས་ཏེ། །འདི་ནི་ སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་གྷཎྜ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧི་ཧི་ཧཱུཾ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མི་ཤེས་རབ་རིབ་བསལ་བ་ ལྟར། །བུ་ཁྱོད་ཀྱི་ཡང་མི་ཤེས་པའི། །མ་རིག་ལིང་ཐོག་བསལ་བར་བྱ། །སྨན་ལྡན་གསེར་གྱི་ཐུར་མ་ཡིས། །ཡེ་ཤེས་དག་པར་མིག་འབྱེད་དོ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧྲི། །དེ་ནས་མེ་ལོང་གཡའ་དག་བསྟན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ ལ་རྙོག་པ་མེད། །བརྗོད་དུ་མེད་ཅིང་གཟུང་དུ་མེད། །རྒྱུ་དང་ལས་ལས་ཐམས་ཅད་འབྱུང་། །དེ་ནས་རྡོ་རྗེ་མེ་ལོང་ཕྱར། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །ཞེས་བྱ་ཧོ་ཡིས་ མདའ་གཞུ་སྦྱིན། །བསྐྱོད་ལ་ཕྱོགས་བཞིར་བདུད་ལ་འཕངས། །དེ་ནས་ཧཱུཾ་ལས་སྐྱེས་པ་ཡི། །འཁོར་ལོ་རྐང་པའི་བར་བཅུག་ལ། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཀུན་དུ་དྲི་མེད་སྡིག་དང་བྲལ། །དེ་ནས་དུང་ བྱིན་བུས་ནས་ཀྱང་། །ཆོས་ཀྱི་དུང་ནི་བླ་ན་མེད། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་སུ། །སངས་རྒྱས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདིར་ནི་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་ པ་འདི་ཀུན་ཀྱང་། །ཁྱོད་ལ་རྗེས་སུ་སྲུང་བར་བྱེད། །དེ་ནས་རིགས་ལྔར་བསམ་བྱས་ལ། །འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་མ་ལུས་དྲང་བའི་ཕྱིར། །ཆགས་པ་མེད་པའི་བསམ་པ་ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་བསྐོར་བར་ གྱིས། །དེ་བཞིན་རིགས་ཀྱིས་གང་འདུལ་བ། །ཁྱོད་ཀྱི་ཕྲིན་ལས་མཆོག་ཡིན་ནོ། །དེ་ནས་སླར་ཡང་རྡོ་རྗེ་འཛིན། །གསལ་བར་བྱས་ཏེ་ཚིག་འདི་བརྗོད། །དེང་ནས་བཟུང་ནས་རིགས་ཀྱི་བུས། །ཞི་རྒྱས་དབང་དང་གསད་པ་དང་། །དགུག་དང་བཅིང་དང་བསྲེག་པ་དང་། ། བསྐྲད་དང་གཡོ་བ་ལ་སོགས་པའི། །ཕྲིན་ལས་སྣ་ཚོགས་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་དེ་བཞིན་རི་ལུ་སྟེ། །ཐུན་མོང་དངོས་གྲུབ་མ་ལུས་པ། །དེ་དག་ཁྱོད་ཀྱིས་བསྒྲུབ་པར་གྱིས། །མ་ལུས་གནང་བ་སྦྱིན་པར་བྱ། །བདེ་བར་དབུགས་ དབྱུང་རྣམས་ཀྱང་སྦྱིན། །ཁྱད་པར་བཀྲ་ཤིས་དབང་རྣམས་ཀྱང་། །རིམ་པ་བཞིན་དུ་རྫོགས་པར་བྱ། །གལ་ཏེ་གསང་བའི་དབང་བསྐུར་བ། །བཞིན་བཟངས་མིག་ཡངས་ལང་ཚོར་ལྡན། །ལུས་ལ་དྲི་ཡིས་བྱུགས་བྱས་ཏེ། །རྩེ་དང་དགོད་པས་གཡོ་བྱས་ལ། །ཐབས་དང་ ཤེས་རབ་གཉིས་ཕབ་སྟེ། །ནོར་བུ་བྱང་ཆུབ་སེམས་ལྟུང་བས། །བདེ་གཤེགས་ཁུ་བ་མཐེབ་སྲིན་གྱིས། །དྲིར་བཅས་སློབ་མའི་ཁ་རུ་དབབ། །ཨ་ཧོ་སུ་ཁས་དེ་བཏུང་ངོ་། །རྡོ་རྗེ་རོ་ཡིས་ཉོན་མོངས་འཇོམས། །མཚན་ལྡན་བདེ་བ་བསྐྱེད་པ་དེ། །ཡོལ་བས་བར་བཅད་ སྙོམས་འཇུག་བརྩམ། །བསྲུབ་དང་སྲུབས་པའི་སྦྱོར་བ་ཡིས། །སྒྲ་ཡི་རྒྱུན་མེད་ལོངས་སྤྱོད་ཀྱི། །རླབས་ཀྱི་རྒྱུན་ནི་ཆད་པ་ལས། །ལྷན་ཅིག་སྐྱེས་པ་ཡེ་ཤེས་ཀྱང་། །རྒྱུན་གྱི་རྣལ་འབྱོར་དྲན་པར་བྱ། །སྐད་ཅིག་དེ་དང་མ་བྲལ་ན། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །དེ་ཉིད་བརྗོད་ དུ་མེད་པ་ལ། །བརྗོད་མེད་ཚིག་གི་དབང་དུ་བཤད། །གལ་ཏེ་དེ་ལ་མི་རྟོག་པས། །བཞི་པ་དབང་དུ་རྒྱུད་དུ་བསྟན། །དཀྱིལ་འཁོར་རྣམ་ལྔའི་དབང་བསྐུར་ནས། །ཚོགས་དང་མཆོད་པ་རྒྱ་ཆེན་བྱ། །སློབ་མ་དད་ལྡན་མཆོག་དེས་ཀྱང་། །རྟ་དང་གླང་པོ་མ་ཧེ་དང་། །བུ་དང་ཆུང་ མ་སྲོག་དང་དབྱིག །ཅི་ཡོད་ཕྱག་བྱས་མ་ཞེན་པས། །བླ་མ་མཉེས་ཕྱིར་དབུལ་བར་བྱ། །བླ་མས་སློབ་མ་དམ་པའི་མགོར། །བཀྲ་ཤིས་བརྗོད་ཅིང་གདུགས་ཕུབ་པས། །སློབ་མ་མཆོད་པ་རྫས་ཐོགས་ནས། །དྲིན་ལེན་དཀྱིལ་འཁོར་ལན་གསུམ་བསྐོར། །སྨོན་ལམ་ གདབ་ཅིང་དགེ་བ་བསྔོ། །ཐོ་རངས་ཚོན་བསྡུས་བུམ་པར་བླུགས། །ཆུའམ་རིའམ་ནགས་ཕུག་སྦ། །དྲི་བཟངས་ཀྱིས་ནི་ཐིག་ཕྱིས་ལ། །ས་དེར་ཞི་བའི་མེ་ལས་བྱ། །ཡང་ན་ཕོངས་པ་ཚིམ་པ་དང་། །ཙཻ་ཏེའི་ལས་ལ་བརྩོན་པར་བྱ། །ཇི་ལྟར་རྒྱུད་ལས་ གསལ་གྱུར་ཅིང་། །བླ་མའི་མན་ངག་ཐོབ་གྱུར་ཀྱང་། །ཅུང་ཟད་སྤྲོས་ཕྱིར་བདག་ཉིད་སྤྲོ་བར་བྱས། །འོན་ཀྱང་ཉེས་ཚོགས་ཅི་མཆིས་བཤགས་པར་བྱ། །བཟང་པོ་མདོར་བསྡུས་ཆོ་ག་མཆོག །གཞན་ཕྱིར་བཀོད་པའི་དགེ་བ་ཡིས། །རིགས་དྲུག་གཏུམ་པོའི་ལམ་ཞུགས་ནས། ། མྱུར་དུ་དེ་ཡི་འབྲས་ཐོབ་ཤོག །རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ་ཞེས་བྱ་བ་སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ། ། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཨཱརྱ་ནཱ་མ་ཏནྟྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྣམ་པར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདེན་པ་གཉིས་ལ་རབ་ གནས་ཤིང་། །ཐབས་དང་ཤེས་རབ་ཟུང་འབྲེལ་པའི། །མགོན་པོ་སྒྲིབ་པ་ཀུན་སྤངས་ཡོན་ཏན་མ་ལུས་ཀུན་གྱི་བདག་པོ་དེ། །ཤེས་རབ་ཐབས་ཀྱིས་མྱ་ངན་མཐའ་སྤངས་ནས། །སྙིང་རྗེ་ཆེན་པོས་སེམས་ཅན་མུན་འཐིབས་པ། །མུན་མ་མཐོང་སྒོམ་རྩ་བ་ཉོན་མོངས་ཞི་མཛད་པ། ། གསང་སྔགས་སྡུད་མཛད་མི་གཡོ་བཅོམ་ལྡན་འདས། །ཐུགས་རྗེ་བསྙེལ་བ་མེད་ལ་ཕྱག་འཚལ་ལོ། །གང་གིས་གསལ་བར་བྱས་པ་དེ་རྣམས་བྱས་པ་མ་ཡིན་ཚིག་དོན་སྐྱོན་དང་ལྡན། །དེ་ནས་འདིར་ནི་གསང་བ་དོན་ལས་དགའ་བ་སྐྱེས། །ཚིག་གི་སྐྱོན་བྲལ་མན་ངག་ཉམས་ དང་ལྡན། །ཤཱཀྱའི་རིགས་ཀྱི་མན་ངག་དོན་ལྡན་རྒྱས་པར་བསྟན་པ་ལས། །ཤེས་རབ་དམིགས་མ་ཕྱེད་པས་བཤད་ཟིན་བསྟན་པ་དག །དེ་དག་སྨན་འགྱུར་འདིར་ནི་གསལ་བར་བྱས། །དེས་ནི་ཉི་ཟླ་དག་དང་མཐུན་པའི་དམ་ཆོས་འདི། །ཐུགས་རྗེ་ཉེ་བར་བསྡོས་པ་ཡིས། ། སྙིང་རྗེ་ལྡན་པའི་སེམས་ཀྱིས་སུ། །རྩ་རྒྱུད་མན་ངག་བཤད་པར་བྱ། །རྩ་རྒྱུད་རང་བཞིན་དོན་རྣམས་ལ། །སྡེ་ཚན་ལྔ་ལྔ་ཉི་ཤུ་ལྔ། །ཡ་ཤ་མཐའ་བཅས་རྩ་བ་ལྡན། །ཐབས་དང་ཤེས་རབ་ཡི་གེ་གཉིས་ལྡན་གསུམ་དུ་འདུས། །བརྗོད་བྱ་རྟོགས་བྱེད་ཚིག་གི་དོན། །རྩ་བ་བཤད་དང་ ཚིག་གི་དོན་ཕྱིར་མ། །ཕྱི་མ་མཆོག་དང་མ་ལོག་བཞི་རུ་སྟོན། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོས། །འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །རྫོགས་པའི་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །མ་ལུས་པ་ཡི་སྟོབས་ཀྱིས་སུ། །སྐུ་དེ་རྣམ་པ་གསུམ་ གྱི་དོན། །ཐོབ་བྱེད་རྒྱུ་འབྲས་གཉིས་ཀྱི་ལམ། །དངོས་བྱེད་འབྲས་བུའི་ལམ་ཡིན་ཏེ། །རྒྱུ་ནི་ཚིག་དེ་དྲན་སོགས་པའི། །ཕྱིར་ཞིང་དྲོ་བའི་རང་བཞིན་ཏེ། །ཉོན་མོངས་མ་ཚིག་ཞི་རྩེ་མོའོ། །ཕྱིར་མི་ལྡོག་དང་འཇིག་རྟེན་མཐར་སྟོབས་ལྔ། །དབང་པོ་ལྔ་ཡི་རང་བཞིན་ནོ། །བྱང་ཆུབ་ཡན་ ལག་བདུན་པོ་ནི། །མཐོང་ལམ་སྐད་ཅིག་བཅུ་དྲུག་གོ། །ས་དང་བསྒོམ་ལམ་མཐར་ཕྱིན་འབྲས་བུའོ། །དངོས་བྱེད་ལམ་ནི་འབྲས་བུ་སྔགས། །བྱིན་གྱིས་བརླབས་པས་སྔགས་མཐུ་ཡོན་ཏན་ནོ། །ལམ་མ་བགྲོད་པས་འབྲས་བུ་མེད། །དཔེར་ན་གྲུ་གཟིངས་བསྐྱོད་པ་ཡིས། །རིན་ ཆེན་མཆོག་ནི་ཐོབ་པར་འགྱུར། །བརྗོད་བྱ་སྟོན་པའི་ཚིག་གིས་ཀྱང་། །འབྲས་བུ་བདེན་པ་མྱུར་དུ་འབྱིན། །དེས་ན་སྔགས་ནི་གསང་སྔགས་ལམ། །ལམ་མ་བགྲོད་པར་གསལ་བྱེད་འགྱུར། །དེས་ན་བརྗོད་བྱའི་ཁྱད་ཀྱི་ནུས་པ་ཡིན་ནོ། །འདི་སྐད་ལ་སོགས་པ་བཤད་པ་མཛེས་པར་ བྱ་བའི་ཕྱིར། རྒྱུད་འདི་པར་བརྗོད་བྱ་དང་། དགོས་པ་དང་། འབྲེལ་པ་དང་། མཆོག་གི་དགོས་པ་བསྟན་པར་བྱ་སྟེ། བརྗོད་བྱ་དངོས་པོ་མེད་པའི་ཚིག་ནི་བསྟན་ཀྱང་རྟོགས་པ་སྔོན་དུ་གཏོང་བ་རྣམས་འཇུག་པར་མི་འགྱུར་ཏེ། དུང་ལ་དཀར་པོ་སྤྱི་ནི་འཇུག་གི་བྱེ་བྲག་ལ་འཁྲུལ་ པ་བཞིན་ནོ། །དེས་ན་སྐྱོན་ཡོད་པའི་ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་མི་འཇུག་གོ། །དེས་ན་བྱིས་པ་དང་སྨྱོན་པ་དང་མཆོག་ཡིན་ཞིང་གཞན་ལ་སོགས་པ་ནི་དགོས་པ་མེད་སྙམ་པའམ། འདི་ཉིད་ཀྱི་མ་ཡིན་སྙམ་པས་མི་འཇུག་སྟེ། ཚིག་དང་དོན་ཐམས་ཅད་ཀྱི་འབྲེལ་པ་དང་། བརྗོད་བྱ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་གཏན་ལ་ཕབ་པ་སྔོན་དུ་བྱས་ནས་མཆོད་པས་ན། འདི་ཉིད་འབྲེལ་པ་ལ་སོགས་པ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་འབྲེལ་པ་དང་བརྗོད་པ་བཤད་པར་ཅིས་ཏེ་མི་བྱ། སྨྱོན་པའི་ཚིག་བཞིན་ དུ་མི་འབྲེལ་པའམ། མོ་གཤམ་ལ་སོགས་པ་ལ་དོན་མེད་པར་འདོད་པའི་ཞེན་པས་ཚིག་ཆད་པར་འགྱུར་བས་མ་ནིང་གི་གཟུགས་ལ་ཞེན་པའི་འདོད་པ་རྣམས་ཅི་ནས་ཀྱང་ཚིག་ཆད་པར་འགྱུར་ཞེས་བརྟགས་ནས་འཇུག་པར་མི་འགྱུར་བ་ཉིད་དོ། །དེ་བས་ན་འཇུག་པའི་ཡན་ ལག་གི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཐོག་མ་ཉིད་དུ་དགོས་པ་བརྗོད་པར་བྱའོ། །དེ་གང་ལས་ཤེས་པར་བྱ་བའི་ཕྱིར། དགོས་པ་དང་འབྲེལ་པ་བརྗོད་པར་བྱ་བ་ཡང་བསྟན་ཏོ། །དེ་ནས་དགོས་པའི་དགོས་པ་ལ་སོགས་པ་བསྟན་ཏོ། །བརྗོད་བྱ་ཇི་ལྟ་བུ་སྙམ་པ་ལ། འདི་ལྟར་ལམ་ དང་འབྲས་བུ་བརྗོད་བྱའི་འབྲས་བུར་རྟོག་ཅེས་བྱའོ། །བརྗོད་བྱ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཡང་སྒྲས་དྲངས་ནས་བློ་ལ་དངོས་སུ་སྣང་བས་དངོས་ཀྱི་བརྗོད་བྱ་ཞེས་པ་ནས་སྣང་བ་ཞེན་པའི་བརྗོད་བྱས། སྒྲ་དྲངས་པའི་ཚིག་གི་དོན་འདིས་བརྗོད་བྱ་རྟོགས་པས་བརྗོད་བྱ་ མཚོན་པར་བྱེད་པའི་ཚིག་ལ་ཡང་བརྗོད་བྱ་འདིའི་དོན་ཞེས་འབྲེལ་པར་བྱ་སྟེ། འདི་ལྟར་ལམ་ལ་བརྟེན་པས་འབྲས་བུ་ཐོབ་སྟེ། དེ་ནི་དེ་དང་འགལ་བའི་ཆོས་སྤོང་བར་འགྱུར་རོ། །གལ་ཏེ་དེ་ལྟར་ཡིན་དུ་ཟད་མོད། དེ་ཉིད་བསྟན་པ་ཅི་ཕྱིར་སྙམ་ནས་དེས་ན་འདིར་སྒྲའི་ཚོགས་ལ་མ་བརྟེན་པར་ ནམ་ཡང་རྟོགས་པ་མི་འབྱུང་ངོ་། །ཅིའི་ཕྱིར་གལ་ཏེ་བྱུང་ན་ནི་ཐམས་ཅད་གཞུང་གི་ཚོགས་ལ་སོགས་པ་ལ་མི་ལྟོས་པར་འགྱུར་ན་ནི་དོན་མེད་དོ། །གལ་ཏེ་ཡོད་ན་ཐམས་ཅད་སྐྱེ་བའམ། རྐྱེན་མེད་པ་རྟོགས་པ་ཐར་པར་གྱུར་པ་ལས། རྒྱུ་མེད་འབྲས་བུ་སྐྱེ་བར་རིགས་པ་མེད་དོ། ། ནམ་མཁའི་མེ་ཏོག་བཞིན་ནོ། །དེས་ན་རྒྱུ་ལ་རང་བཞིན་དུ་བྱེ་བྲག་གྱུར་པ་མེད་པ་ལས་འབྱུང་བར་འགྱུར་རོ། །ཕྱི་མ་ལྟར་ན་ཡང་འབའ་ཞིག་པ་རྣམས་ལ་ནི་འབའ་ཞིག་རང་ལས་གཞན་ནུས་པའི་ཕྱིར་མི་འབྱུང་ངོ་། །འབྲས་བུ་ཡན་ལག་རྒྱུ་ལ་མ་ཚང་བར་བྱུང་ན་ནི། དུས་ཐམས་ ཅད་དུ་འབྲས་བུ་འབྱུང་སྟེ། དེ་ནི་མེད་པའི་ཕྱིར་རོ། །དེ་བས་ན་གཞུང་གི་ཚོགས་མེད་ན་བརྗོད་བྱའི་རྟོགས་པ་མི་འབྱུང་ངོ་། །དེ་བཞིན་དུ་གཞུང་ཐབས་ཡིན་པ་དང་གཞུང་ཡང་བརྗོད་བྱའི་དོན་རྟོགས་པ་ཐབས་དང་ཐབས་ལས་འབྱུང་བའི་འབྲེལ་པའོ། །དེ་བས་ན་གཞུང་གི་ཚོགས་ འདི་བརྗོད་བྱ་ཤུགས་ཀྱིས་རྟོགས་བྱ་ཡིན་ལ། དགོས་པ་ནི་ཐབས་ལས་འབྱུང་བ་ཡིན་ལ། ཉིད་ཀྱིས་འབྲེལ་ཏེ་དེ་དག་རང་ཉིད་ཀྱིས་འབྲེལ་པའོ། །དེའི་ཕྱིར་གཞུང་བསྟན་པས་བླང་དོར་ནི་དགོས་པ་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། རང་གི་དོན་ཕུན་སུམ་ཚོགས་པར་འགྱུར་ཏེ། ལམ་གྱི་རིམ་པས་ཚོགས་ལམ་དང་དྲོད་ལ་སོགས་པར་འབྱུང་ངོ་། །ཚུ་རོལ་གྱི་ཡེ་ཤེས་དང་མཐོང་སྒོམ་ལ་སོགས་པས་འབྲེལ་ཞེས་ཏེ་དེ་ནི་མཐར་ཕྱིན་པ་ཡང་བཟུང་སྟེ། རིགས་ཀྱི་བུ་རྣམས་དགོས་པའོ། །དེ་ནི་མེ་དང་དུ་བ་བཞིན་དུ་དེ་དང་དེ་ལས་འབྱུང་བའི་འབྲེལ་པ་སྟེ། །ཐབས་དང་ ཐབས་ལས་འབྱུང་བའི་ཚུལ་གྱིས་འབྲེལ་པའོ། །དེས་ན་ཉོན་མོངས་པ་དང་ཤེས་བྱ་རྩ་ནས་བྱང་བ་ནི་རང་དོན་ནོ། །འབྲེལ་པ་ལ་ཡང་དེ་ཉིད་དོ། །ས་བོན་དང་བཅས་པ་སྟོན་པ་ནི་རང་དོན་ཕུན་སུམ་ཚོགས་པའོ། །དེས་ན་དགོས་པའི་དགོས་པ་ཡང་། །གཞན་ལ་བརྟེན་གཞན་མུ་ སྟེགས་དང་། །ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཕྱག་རྒྱ་ཆེན་པོས་གཞན་མཐར་ཕྱིན་པ་ལ་སོགས་པ་ནི། དགོས་པའི་དགོས་པའོ། །དེས་ན་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་ནི། རྒྱུད་འདི་བརྗོད་བྱའི་འབྲེལ་པ་དང་། དགོས་པའི་དགོས་ པ་བསྟན་ཏོ། །དེ་ནས་བརྗོད་བྱ་དང་འབྲེལ་པ་དང་། དགོས་པ་དང་འབྲས་བུ་དགོས་པའི་དགོས་པ་ལ་སོགས་པ་བཞི་ངེས་པར་བསྟན་ཏོ། །གང་ཟག་དད་པའི་རྗེས་སུ་འབྲང་བ་རྣམས་ནི། སྲིད་པའི་མཚོ་ངེས་པར་བཟུང་ནས། སངས་རྒྱས་ཀྱི་བཀའ་ངེས་པར་འཇུག་པའི་ཕྱིར་ བསྟན་མི་དགོས་སོ། །དེ་ལྟར་བརྗོད་བྱ་དང་དགོས་པ་བརྗོད་ནས། ཡན་ལག་བསྟན་པ་ནི་གཞུང་དོན་ཏོ། །དེ་ལ་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་སྨོས་ཏེ། སྡུད་པ་པོའི་ཚིག་ཏུ་སྨོས་ཏེ། འདི་སྐད་སྨྲས་པ་ཐོས་ཞེས་སྦྱར་རོ། །འདིའི་ཚེ་འདིས་ཐོས། གཞན་ གྱི་ཚེ་གཞན་གྱིས་ཐོས་པར་བསྟན་ཏོ། །ཐོས་པ་ནི་བདག་ཁོ་ནས་ཐོས་ཏེ། གཞན་དང་འབྲེལ་པ་མེད་དེ། དེ་ནི་གཞན་ཐོས་པའོ། །འདི་ནི་རི་རབ་རྩེ་རྩ་རྒྱུད་ཉི་ཁྲི་སུམ་སྟོང་ཁ་ནས་ཐོས་པའོ། །དེས་ནི་ཐོས་པར་དཀའ་བ་དང་། ཐོས་པ་མང་བ་ལ་སོགས་པ་ཡང་ ཡོངས་སུ་བཟུང་ངོ་། །གཞན་ནི་བཱ་རཱ་ཎ་སཱིར་བདེན་པ་བཞི་ལ་སོགས་པ་སྟེ། གཞན་ཉེ་བ་འཁོར་དང་། ཤཱ་རིའི་བུ་ལ་སོགས་པའི་གཙོ་འཁོར་ཐ་དད་པའི་ཕྱིར་རོ། །འདི་སྐད་བདག་གིས་ཐོས་ནི་རྒྱལ་བ་མར་མེ་མཛད་དང་། ཤཱཀྱ་ཐུབ་པ་དང་། གཙོ་བོ་རྡོ་རྗེ་འཆང་དང་། རྣམ་ རྒྱལ་ལ་སོགས་པས་ལས་ཐོས་པ་སྟེ་སྔོན་དང་ད་ལྟ་ལ་སོགས་པ་དང་། བར་དུ་ཡང་ཐོས་པ་སྟེ། གཙོ་བོ་དང་འཁོར་ཐ་མི་དད་པར་བསྟན་ཏོ། །ཐ་མི་དད་ན་རང་གི་ཚིག་དང་འགལ་ལོ། །གཅིག་པ་ཡིན་པའི་ཕྱིར་སྙམ་པ་ལ། གཅིག་ཀྱང་མི་སྟོ་སྟེ། ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་ཀྱང་ འཁྲུལ་པ་མི་བདེན་པ་སྒྱུ་མ་ཡིན་པས་དོན་ནི་སྟོང་པ་ཉིད་ཁོ་ནའོ་ཞེས་རྒྱུད་ལས་གསུངས་པ་ཡིན་ནོ། །ཐ་དད་ཀྱང་མི་འགལ་ཏེ་བདེ་བར་གཤེགས་པ་ལ་སྐྱོན་གཉིས་མེད་དེ། ཐམས་ཅད་ཞི་བ་མྱ་ངན་ལས་འདས་པ་ཁམས་དང་སྐྱེ་མཆེད་བྲལ་བས་དུས་ཐམས་ཅད་བདག་དང་བདག་གིས་ སྟོང་པ་ཉིད་དུ་མེད། ཟླ་བ་དང་ཆུ་བཞིན་ནོ། །དེ་བས་ཁམས་གསུམ་རྣམ་པར་རྒྱལ་བ་ནི། ཕྱག་ན་རྡོ་རྗེ་ཉིད་དང་རང་བཞིན་གཅིག་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གདུལ་བྱ་ནི། སྣང་བས་སྣང་ཞེས་བསྟན་ཏེ་མེ་ལོང་རྐྱེན་གྱིས་གཟུགས་རང་ལས་གཉིས་སུ་སྣང་བའོ། །དེ་ བཞིན་དུ་སེམས་བསྐྱེད་པའི་སྨོན་ལམ་དང་སྙིང་རྗེ་ཆེན་པོས་སེམས་ཅན་གཞུག་པའི་ཆེད་དུ་སྟོན་པ་དང་། འཁོར་དང་ལྡན་པ་དང་ལམ་དང་དྲི་ཟའི་གཟུགས་དང་། ཕུང་པོ་དང་སྐྱེ་མཆེད་བཅུ་གཉིས་དང་། ཁམས་དང་རྣམ་པར་བྱང་བའི་འབྲས་བུ་དང་། ཉོན་མོངས་པ་དང་། མང་ དུ་བསྟན་པ་རྣམས་ནི། སེམས་ཅན་གཞུག་པའི་ཆེད་ཡིན་པས་ཐོས་ཞེས་བྱ། གཞན་ནས་ཐེག་པ་བསྟན་པ་སེམས་ཅན་གཞུག་པའི་ཆེད་དུ་ལགས། ཐེག་པ་མེད་ཅིང་འབྲས་བུ་མེད། །ཅེས་གསུངས་སོ། །དེས་ན་ཕྱག་ན་རྡོ་རྗེ་ལ་ཁམས་གསུམ་རྣམ་པར་རྒྱལ་བས་ཐོས་པ་སྟེ། གཙོ་འཁོར་ཐ་མི་དད་པར་བསྟན་ཏོ། །གཅིག་པའི་ཕྱིར་ཐོས་པ་དང་འགལ་སྙམ་པ་ལ། མི་འགལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཕྱག་ན་རྡོ་རྗེར་སྣང་ལ། དེ་ཡང་ཁམས་གསུམ་རྣམ་པར་རྒྱལ་བ་རུ་སྣང་ངོ་། །འོ་ན་དེ་དངོས་སུ་སྣང་ངམ་མི་སྣང་བ་ཡིན། སྤྲུལ་པ་ཡིན་ནམ་མ་ སྤྲུལ་པ་ཡིན། སྣང་ཞིང་སྤྲུལ་པ་ཡིན་ན་སངས་རྒྱས་མ་ཡིན་ཏེ། དངོས་པོ་ཐ་དད་དུ་སྣང་ཞིང་ཤེས་པ་གཉིས་དང་ལྡན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་ལོག་པའི་ཤེས་པ་དང་སྟེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་ཁྱད་མེད་དོ། །དེའི་ཕྱིར་དེ་ནི་སངས་རྒྱས་སུ་བལྟ་ བར་མི་བྱའོ། །སྤྲུལ་པ་མ་ཡིན་ན་སྣང་བར་མི་རིགས་སོ། །ཅིའི་ཕྱིར། རྒྱུ་མེད་འབྲས་བུ་སྣང་བའི་ཕྱིར། །རི་བོང་རྭ་སོགས་སྣང་བར་རིགས། །ཞེས་བྱའོ། །བདེན་ཏེ་ལོག་པའི་ཤེས་པ་དང་ལྡན་ན་དེ་གཉིས་འབྱུང་གི། དེ་མེད་པའི་ཕྱིར་དེ་མི་འབྱུང་ངོ་། །དངོས་སུ་སྤྲུལ་ཡང་མི་སྟོ་ འདུལ་བའི་དུས་ལ་བབ་པའི་ཕྱིར། དེའི་རང་བཞིན་དེར་སྣང་བའོ། །མ་སྤྲུལ་ཡང་རང་ཉིད་དེའི་ཚེ་དེས་འདུལ་ལ་རྣམ་པར་རྒྱལ་བར་སྣང་བའོ། །དེ་ནས་བཀའ་ལ་བར་མེད་པའི་ཕྱིར་རང་གིས་ཐོས་པ་དང་ཡང་སྡུད་པ་པོས་ཐོས་ཞེས་བྱའོ། །འདིར་སེམས་ཅན་གདུལ་བྱས་མ་ རྟོགས་པར་སྟོན་པ་དང་སྡུད་པ་པོ་ཐ་དད་དུ་བྱ་བ་མེད་དོ། །སྨོན་ལམ་དང་ཐུགས་རྗེ་དཔག་ཏུ་མེད་པའི་འགྲོ་དོན་འབྱུང་བའི་ཕྱིར་ཐོས་ཞེས་སྦྱར་རོ། །དེས་ན་སྐྱོན་དེ་གཉིས་མི་འབྱུང་སྟེ། དེ་ནི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དུས་ཀྱང་དེ་སྟེ་དེའི་ཚེ་ཐོས། གཞན་གྱི་ཚེ་ གཞན་ཐོས་པ་སྟེ་དུས་ཀྱང་དེའི་ཚེ་ཞེས་བསྟན་ཏོ། །འདི་སྐད་བདག་གིས་ཐོས་པ་ནི་ཨེ་ཝཾ་མཱ་ཡ་ཞེས་འབྱུང་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབྱུང་བ་ལྔ་རིགས་དང་ཡེ་ཤེས་ལྔ་དང་སྒྲ་དང་སྐྱེ་མཆེད་དང་། ཁམས་བཅོ་བརྒྱད་དང་། གཡོ་བ་དང་། མི་གཡོ་བ་དང་། རྩ་ ལྔ་དང་དབང་དང་དགའ་བ་ལ་སོགས་པ་ལ་ཤེས་པར་བྱའོ། །དེ་དག་བསྟན་པའི་ཡན་ལག་ནི། །ཕྱི་ནང་མཐར་ཐུག་རྣམ་པ་གསུམ། །ཅི་བཞིན་མིན་དང་ཇི་བཞིན་སྒྲ། །དགོངས་པས་བཤད་དང་དགོངས་པ་མིན། །དྲང་བའི་དོན་དང་ངེས་པའི་དོན། །ཕྱི་ནི་མི་བཟད་དབྱིངས་ དང་སྦྱར། །ནང་ནི་རྩ་རླུང་བྱང་ཆུབ་སེམས། །རྩ་ལྔ་གཏུམ་མོའི་མན་ངག་གོ། །མཐར་ཐུག་མཐོང་ལམ་ཡེ་ཤེས་ཏེ། །དཔེ་ཡེ་ཤེས་གཉིས་མེད་ཕྱག་རྒྱ་ཆེན་པོའི་ལམ་བཅུ་གཉིས་ནི་དངོས་པོ་བྲལ་བ་དེས་ན་བྲལ་བའི་ཤེས་པའོ། །གཞན་ཡང་ཕུང་པོ་ལྔ་ དང་། ཚོགས་དྲུག་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་དང་། བག་ཆགས་རྣམས་སོ། །དེ་ནི། བརྡ་མིན་སྐྱེ་བོ་ཐལ་བའི་ཚིག །དགོས་པ་མ་ཡིན་ཞེས་སུ་བྱ། །ཤུ་ཀྲ་སུ་ཏྲ་མ་ནུ་ཧ་ར་དང་། །ཏནྟྲ་ཡནྟྲ་མནྟྲའོ། །བྱང་སེམས་ཀྱིས་སེམས་ཅན་ཕལ་པ་རྣམས་ ཐུགས་རྗེ་ཟག་བཅས་ཐམས་ཅད་སྐྱོབ་པའོ། །སྔགས་དང་ཤེས་པ་མ་ལུས་ཡོངས་སུ་འཛིན་རྒྱུད་ནི། །འཁོར་བ་བརྒྱུད་དེ་ཆོས་ཉིད་བྱང་ཆུབ་སེམས། །འདི་ཡང་གནས་པ་མ་ལུས་སྟོང་པས་འཛིན་པར་བྱེད། །ལུང་ལས་འདི་ལྟ་སྟེ། ཇི་ལྟ་ཇི་ལྟར་འདུལ་འགྱུར་བས། །སེམས་ ཅན་མ་ལུས་གསད་པར་བྱ། །མ་བྱིན་ལེན་དང་བརྫུན་སྨྲ་དང་། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་སྤང་བས་སྤྱད། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བསྟན་པ་རྒྱུ་ཡི་ཕྱིར། །སེམས་ཅན་ཐམས་ཅད་བསད་ན་ཡང་། །དེ་ལ་སྡིག་པས་མི་ གོས་སོ། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་ཀུན་ལ་སྦྱོར་བ་ཡིས། །གཞན་གྱི་ནོར་རྣམས་ཕྲོག་ན་ཡང་། །དེ་ལ་སྡིག་པས་མི་གོས་སོ། །འདོད་ཆགས་ལྟ་བུའི་བདེ་བ་མེད། །དེ་ནི་རྒྱལ་བ་རྣམས་ལ་ཕུལ། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་ པས་བསོད་ནམས་ཐོབ་པར་འགྱུར། །སེམས་ཅན་ཀུན་ལ་ཕན་དོན་དུ། །སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར། །མི་དགེ་བཅུ་སོགས་སྤྱད་པ་ཡང་། །བསོད་ནམས་རྣམ་མང་འཕེལ་ཞེས་གསུངས། །སྙོམས་པར་འཇུག་པ་ནས་བཟུང་བ། །ཕ་དང་མ་ནི་གསད་པར་བྱ། །རྒྱལ་ པོ་ངན་པ་བཀུར་མི་བྱ། །བྲམ་ཟེའི་གྲོང་ཁྱེར་གཞོམ་པར་བྱ། །དེས་ཀྱང་གྲོང་བར་གསུངས་པ་སྟེ། །དགོས་པ་བཤད་པ་ཞེས་ནི་བྱ། །དྲང་བའི་དོན་ནི་ཐེག་པ་གསུམ་དང་དགུ་རུ་བསྟན་པའོ། །ཡོད་པས་ཉན་ཐོས་རང་རྒྱལ་རྣམས་ནི་སྨོས། །ཕྲ་རབ་རྫས་སུ་འདོད་པ་ཉན་ཐོས་ རྣམས། །བྱང་ཆུབ་སེམས་དཔའ་དེ་ནི་བྱིས་པའི་རང་བཞིན་ནོ། །མེད་པར་ཞེན་ཅིང་ཆགས་པར་འདོད་པའི་བྱིས་པ་སྟེ། །ཐེག་པ་དམན་པ་ལོག་པའི་ཤེས་པ་སྟེ། །དེ་ཁོ་དེ་ལ་དེ་ཡི་ཐེག་བསྟན་པ། །ཞེས་རྒྱུད་ལས་གསུངས་སོ། །ཡང་དག་དོན་དང་ལྡན་གྱུར་པ། །སྟོང་ ཉིད་རང་བཞིན་ལྷུག་པ་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དངོས། །བླང་དོར་མེད་པ་ཐར་པའི་ལམ། །ལུང་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྦྱིན་པ་ནི་བཅིང་བའོ། །ཚུལ་ཁྲིམས་ནས་ཡེ་ཤེས་ཀྱི་བར་དུ་ནི་བཅིང་བའོ། །བདེ་བ་དང་། སྟོང་པ་དང་། རིག་པ་དང་། བདག་ མེད་པ་ནི་བཅིང་བའོ། །ཅིའི་ཕྱིར་ཞེ་ན་བདག་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ནས་བྲལ་བའི་ཆོས་ལ་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསླབ་པར་མི་བྱའོ། །དེས་ན་མུ་སྟེགས་པ་ལ་སོགས་པའི་བདག་ལྟ་དང་། བྱིས་པ་རྣམས་ཀྱི་ཡོད་པའི་ཤེས་པ་རྣམས་ནི་གཞོམ་ པ་སླའོ། །བདག་མེད་དང་། རིག་སྟོང་ལ་སོགས་པ་ཕྱོགས་བྲལ་གྱི་བདག་རྣམས་ནི་གཞོམ་པར་དཀའ་བ་ཡིན་པའི་ཕྱིར་འཁོར་བ་ལས་མི་ཐར་བ་བསྟན་ཏོ། །དེས་ན་འདོད་པ་ལམ་དུ་བྱས་པའི་བཅིང་བའོ། །བྱ་བ་མེད་པ་ཐོབ་པ་མེད་པ་ནི་ངེས་པའི་དོན་ཞེས་བྱའོ། །དེ་སྐད་གསུངས་པ་ ཡིན་པའི་ཕྱིར། །དེ་ནི་དུས་ཕུན་སུམ་ཚོགས་པའོ། །གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ། །ཤིན་ཏུ་དབེན་པ་ཤིན་ཏུ་ཡོངས་དག་པ། །ཞེས་པས་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བ་ནི་རི་རབ་རྩེ་མོ་སྟེ། དེ་ན་ནི་གནོད་སྦྱིན་གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་ལྔས་རྩེན་ལ་སོགས་པ་སྟེ། གནོད་སྦྱིན་གོས་སྔོན་ཅན་གྱི་འཁོར་དུ་བསྟན་ཏེ། དེ་ན་ནི་གནོད་སྦྱིན་མ་རུངས་པ་གཞན་ཡང་ཡོད་པ་སྟེ། དེ་རྣམས་ཡོད་པ་ནི་གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བ་ཞེས་བྱའོ། །ཤིན་ཏུ་དབེན་པ་ནི་སྟུག་པོ་བཀོད་པའི་གནས་ཏེ། འདི་ ཡང་དཔེ་ཤེལ་གསལ་བའི་ནང་དུ་ཆུད་པའི་དཀྱིལ་འཁོར་གསལ་བ་ནི། གཞལ་ཡས་ཁང་འདུག་པ་ནི་མ་ལུས་པའི་ལྷུན་གྱིས་གྲུབ་པའི་རྒྱན་དང་ལྡན་ཞེས་བྱའོ། །དེ་ན་ཡེ་ཤེས་ཆེན་པོ་སྟོན་པ་བཞུགས་ཏེ། འཁོར་དང་ཆོས་ལ་སོགས་པ་གཅིག་ཏུ་བཞུགས་ཏེ་མེ་དང་ཚ་བ་ བཞིན་ནོ། །རང་བཞིན་གཅིག་པར་ཤེས་པར་བྱའོ། །དེས་ན་གནས་གསུམ་མོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོའི་དབང་བསྐུར་བ་ཞེས་བྱ་བར་ གནས་གསུམ་དུ་སྟོན་པ་གསུམ་ཐ་མི་དད་པར་བསྟན་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཞེས་བྱ་བ་ནི། གནོད་སྦྱིན་མ་རུངས་པ་དེ་རྣམས་ཀྱི་གཙོ་བོ་སྤྲུལ་སྐུ་ལག་ན་རྡོ་རྗེས་འདུལ་བར་བསྟན་ཏོ། །དེ་ལ་ནི་སྦྲུལ་གྱི་རྒྱན་ནི། ཉིད་ལས་ཐ་མི་དད་པའི་འཁོར་གྱི་གནོད་ སྦྱིན་རྣམས་སྟོན་པའི་གཟི་བརྗིད་ཀྱིས། ཉེ་བའི་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྲུལ་པའི་སྦྲུལ་གྱི་རྒྱན་བཏབ་ཅེས་བྱ་བར་བསྟན་ཏོ། །སྟག་གི་ཤམ་ཐབས་དང་གོས་སྔོན་པོ་བླ་གོས་རྣམས་ནི། གནོད་སྦྱིན་བྲེད་པའི་སྟོབས་ཀྱིས་སྐྱབས་ཀྱི་འོད་ལ་ཕུལ་ཞེས་བྱའོ། །དུས་ གསུམ་བདེ་གཤེགས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ས་བཅུ་ལ་གནས་པའི་ཚེ། པདྨ་སྟོང་དང་ལྡན་པའི་དབུས་སུ་བཞག་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྟོང་པ་ཉིད་ཀྱི་རྡོ་རྗེ་ཕྱུང་ནས་ཕྱག་ན་རྡོ་རྗེ་ཐུགས་ཀྱི་བདག་པོར་སྡུད་པ་པོར་དབང་བསྐུར་ ཞིང་བཀའ་གནང་ནས། ལས་ཐམས་ཅད་བཏིང་ཕན་ཆད་ཀྱིས་ཞེས་པའོ། །མཆེ་བ་གཙིགས་པ། ཡིད་ཁྲོས་པ་ལྟ་བུ། མིག་མེ་མདག་གི་ཕུང་པོ་འདྲ་བ། དབུགས་མེ་ལྟར་འབར་བ། འཇིགས་པའི་ང་རོ་ཅན་ཞེས་པ་ལ་མཆེ་བ་གཙིགས་པས་ནི་ལོག་པར་རྟོག་པའི་བདུད་ རྣམས་ཟ་ཞིང་འཇོམས་པའོ། །ཡིད་ཁྲོས་པས་ནི་དོན་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། ཀུན་རྫོབ་ཏུ་ཁྲོ་བོའི་ཆ་བྱད་དོ། །མིག་མེ་མདག་གི་ཕུང་པོ་ནི། ལས་གཉིས་ལ་འཇུག །རང་སྨིན་པའི་ལས་དང་བལྟས་པ་ཙམ་གྱིས་འཇིགས་པར་བྱེད་པའོ། །དབུགས་མེ་ལྕེ་ལྟར་ འབར་བ་ནི། སྨིན་མ་དང་སྒྲ་ཙམ་གྱིས་འདུལ་བར་བསྟན་ཏོ། །འཇིགས་པའི་ང་རོ་ནི་ངག་གི་སྐྱོན་བཞི་དང་བྲལ་ཞིང་ཡིད་ཀྱི་ཟུག་རྔུ་འདོན་ཞིང་། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པས་འཁོར་རྣམས་སྐྲག་པའོ། །ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱིས་བརྒྱན་པ། ཀླུ་ནག་པོ་སེ་རལ་ ཁར་ཐོགས་པ། ཀླུ་ནག་པོ་དང་ཉེ་དགའ་བོས་སྙན་ཆ་བརྒྱན་པ་ཞེས་པ་ནི། ལག་པ་ལ་སྦྲུལ་ནག་པོ་དང་སེར་པོས་བརྒྱན་པར་ཤེས་པར་བྱའོ། །རྐང་པ་ལ་སྦྲུལ་ནག་པོས་བརྒྱན་པའི་སྐ་རགས་དམར་པོ་བྱས་པའོ། །སེ་རལ་ཁ་ནི་ཀླུ་ཁེངས་པོའི་རིགས་ཀྱིས་ག་ཤར་བྱས་པའོ། ། ཀླུ་དགའ་བོ་དང་ཉེ་དགའ་བོའི་མིང་ཡིན་ལ། དེ་དང་འདྲ་བའི་སྦྲུལ་དཀར་པོས་སྙན་ཆ་བརྒྱན་པར་བསྟན་ཏོ། །སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ། སྦྲུལ་གདུག་པ་འབར་བ་ཟ་ཞེས་པ་ལ། སྦྲུལ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ་ནི། དབུ་ལ་ནོར་བུ་རིན་པོ་ ཆེས་བརྒྱན་པའོ། །འབར་བ་ནི་ནག་པོ་ལ་སོགས་པའི་ཁ་དོག་བཞིན། སྦྲུལ་རིན་པོ་ཆེ་དང་ལྡན་པས་དབུ་ལ་བརྒྱན་པར་བསྟན་ཏོ། །གདུག་པ་ཟ་བ་ནི་ཞལ་དུ་སྦྲུལ་ནག་པོ་གསོལ་བར་བསྟན་ཏོ། །དེས་ཀྱང་གཙོ་བོ་འདོད་ཆགས་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཉམས་ པའི་སྐྱོན་དང་བྲལ་ཞིང་། ཕྱི་རོལ་གྱི་ཀླུའི་རིགས་དྲུག་འདུལ་བའི་རྟགས་སུ་བསྟན། །བཞིན་རྒྱས་པ། སྨིན་མ་དཔྲལ་བར་བསྡུས་པ། ཡ་སོས་མ་མཆུ་མནན་པ། གཤིན་རྗེའི་ཆ་བྱད་ཅན་ཞེས་བྱ་བ་ནི། བཞིན་རྒྱས་པ་ནི་སྟོང་པ་ཉིད་ཀྱི་དོན་རྒྱས་པས་གདོང་གི་འཕེལ་ བ་སྟེ། ལྷ་ལ་སོགས་པ་གདུལ་བྱ་འདུལ་བར་བསྟན་ཏོ། །ཡ་སོས་མ་མཆུ་མནན་པ་ནི། ཡ་སོས་མ་མཆུའི་སྟེང་དུ་ཕྱིན་པ་སྟེ། བྱེ་བྲག་ཏུ་སྲིན་པོ་འདུལ་བའི་རྟགས་སོ། །སྨིན་མ་དཔྲལ་བར་བསྡུས་པ་ནི། ཁྲོ་གཉེར་གསུམ་དཔྲལ་བར་འདུག་པ་སྐུ་གསུམ་དང་ལྡན་ པའི་རྟགས། གཤིན་རྗེའི་ཆ་བྱད་ཅན་ནི་ཁྲོ་བོ་མིའུ་ཐུང་གི་གཟུགས་འདྲ་བའོ། །དེས་ནི་གཤིན་རྗེའི་རིགས་འདུལ་བའོ། །ལྕེ་གློག་ལྟར་འགྱུ་བ། སྦྲུལ་ཟ་བ། གསུས་པ་ཆེ་བ། ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ཞེས་བྱ་བ་ནི། ལྕེ་གློག་ལྟར་འགྱུ་བ་ནི། སྤྲུལ་པ་གློག་ པས་མྱུར་བའོ། །སྦྲུལ་ཟ་བ་ནི་སྦྲུལ་ཀླུའི་ནད་ངན་འདྲ་བས་འདོད་ཆགས་ཀྱི་གདུང་བ་སེལ་བའོ། །གསུས་པ་ཆེ་བ་ནི་གསུས་ཁྱིམ་ཆེ་བ་སྟེ། སྟོང་པ་ཉིད་ཀྱང་བསྟན་ཏོ། །ལག་པ་བརྡབས་པ་ནི་གཙོ་བོ་ལག་པ་རྡོ་རྗེ་དང་ལྡན་པས་མ་རུངས་པ་འཇིགས་པར་བྱེད་པའོ། །ཀླུའི་རྒྱལ་ པོ་འདབ་བཟངས་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ་ཞེས་པ་ལ། འདབ་བཟངས་ནི་སྦྲུལ་དམར་པོའི་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ནི་དེ་འདྲའི་རྒྱན་ཆ་ལ་ངོ་མཚར་བའོ། །དེ་སྒྲོགས་པ་ནི་སྒྲ་སྒྲོགས་པའོ། །རྒྱ་མཚོའི་ཟབས་སུ་ དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ།དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་ཞེས་པ་ལ། རྒྱ་མཚོ་ལ་དཔག་ཚད་བརྒྱད་ཁྲི་ཡོད་པས་ཕྱག་ན་རྡོ་རྗེའི་པུས་མོ་ནུབ་པ། སྐུ་བྱིན་པོ་ལ་ཉིས་འབུམ་དྲུག་ཁྲི་ཡོད་པ་ཞེས་པ་སྟེ། སྤྲུལ་པའི་སྐུའི་བོང་ཚད་བསྟན་ཏོ། །དབང་ པོ་དང་ཉི་མ་ནི་ཐབས་ཤེས་རབ་ཀྱི་སྟེ། ནང་གཙོ་བོ་བཞུགས་ཞེས་པ་ལ། ཡང་ན་གཙོ་བོའི་ཕྲག་པ་ལ་ཉི་ཟླ་རྒྱུ་བ་སྟེ་ཞེས་པའི་ཚད་དོ། །ལ་ལ་ན་རེ་ལྷའི་དབང་པོའི་ཕྲག་པ་ལ་ཉི་ཟླ་རྒྱུ་སྟེ། དེའི་སྟེང་ན་ཕྱག་ན་རྡོ་རྗེ་བཞུགས་ཞེས་པ་སྟེ། ལྷ་འདུལ་བའོ། །ཀླུ་ཐམས་ཅད་རླག་པར་ བྱེད་པ། གད་རྒྱངས་ཆེན་པོ་དགོད་པས་ཀུན་དུ་འཁྲུགས་པར་བྱེད་པ་ཞེས་པ་ལ། ཀླུའི་རིགས་ཀྱི་བདག་པོ་ལ་སོགས་པ་བརླག་པའི་ཕྱིར། ཧ་ཧ་ཞེས་བྱ་བའི་སྒྲ་དྲངས་པའི་ཕྱིར་རོ། །གད་རྒྱངས་ནི་ཧ་ས་དེ་བ་ཏའི་སྒྲ་བསྒྲགས་པས་ཀླུ་ཐམས་ཅད་སྔངས་ཤིང་བརྒྱལ་ཏེ་ཤ་རུས་ཁྲོ་བོའི་ ཞལ་དུ་སྟོབས་ཞེས་པའོ། །ཀླུ་ཐམས་ཅད་འཆིང་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་ཤིང་ཞི་བར་མཛད་པ་ཞེས་བྱ་བ་ལ། འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པ་འགུགས་ཤིང་བཅིང་བ་སྟེ། ལྕགས་ཀྱུའི་སྦྱོར་བས་བཀུག་ནས། དཀར་གསུམ་དང་མངར་ གསུམ་དང་ལྡན་པའི་གཏོར་མ་སྦྱིན་ཞེས་པའོ། །ཀླུ་ཐམས་ཅད་ཅེས་པ་ནི། བཅིང་བ་ནི་གཅོད་མི་ནུས་ཏེ། གཞན་གཤིན་རྗེ་དང་འབྱུང་པོ་སྤྱི་ཡང་ཡོངས་སུ་བཟུང་བ་སྟེ། སྦྱོར་བ་ཐམས་ཅད་གཅོད་པར་མཛད་པ། སྦྱོར་བ་ཐམས་ཅད་ཟློག་པར་མཛད་པ། སྦྱོར་བ་ཐམས་ཅད་གནོན་པར་ མཛད་པ། ཡོན་ཏན་མ་ལུས་པའི་བདག་པོ་དེ་ཞེས་པ་ལ་སྦྱོར་བ་ནི་ཕྱིའི་དྲུག་དང་། ཁྲག་དང་སྔགས་ཀྱིས་བྱས་པའི་གནོད་པ་སྟེ། གཞན་གྱིས་བྱས་པའི་རིག་སྔགས་ཚུར་མི་ཚུགས་པར་བཟློག་པའོ། །སྦྱོར་བ་བཟློག་པ་ནི་རང་བསྲུང་བ་དང་ཕ་རོལ་རང་ལ་བཟློག་པའོ། །སྦྱོར་བ་གནོན་པ་ནི་ཕ་རོལ་ བཟློག་པའི་འཁོར་ལོ་ཐོད་པ་མི་མཐུན་པས་གནོན་ཞེས་པའོ། །ཚིག་དེ་གསུམ་ཡང་ཟབ་པའི་ཕྱིར་བླ་མའི་མན་ངག་ལ་རག་ལས་པར་བྱ་བའི་ཕྱིར་བཤད་པར་མི་བྱའོ། །ཡོན་ཏན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སོ་སོ་ ཡང་དག་པར་རིག་པ་བཞི་དང་། བྱམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེས་ཀྱང་གནས་ཁྱད་པར་ཅན་ན་སྟོན་པ་ཡོན་ཏན་དང་ལྡན་པ་བཞུགས་པར་བསྟན་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་ཅེས་པས་འཁོར་ ཕུན་སུམ་ཚོགས་པར་བསྟན་ཏེ། རང་གི་འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་ལྷ་དང་མི་དང་མི་མ་ཡིན་པ་ལ་སོགས་པའོ། །གཞན་ཡང་རིགས་ལྔའི་ཁྲོ་བོ་དང་ལྷ་མོ་དང་། སྒོ་མ་ལ་སོགས་པའི་ནང་ནས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལངས་ཏེ། འདི་ སྐད་གསོལ་ཞེས་འོག་དང་འབྲེལ་ཏོ། །བར་དུ་གཅོད་པའི་ཕྱིར་གནོད་སྦྱིན་སྨོས་ཏེ་གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ལྔས་རྩེན་ལ་སོགས་པ་ཉི་ཤུ་རྩ་བརྒྱད་དོ། །གནོད་སྦྱིན་མཐུ་བོ་ཆེ་ཐམས་ཅད་དང་ཞེས་པ་ལ་མཐུ་ནི་རང་གི་འཁོར་རྣམས་ཐམས་ཅད་ལ་འདུལ་སེམས་ ཅན་ཐམས་ཅད་ལ་ཤིང་གི་ཡོལ་གོས་ཆུ་འཐོར་བའོ། །གནོད་སྦྱིན་དྲག་པོ་ཐམས་ཅད་ནི་ཤ་རློན་པ་རྗེན་པར་ཟ་བའོ། །དེ་ནི་ལྷ་མིན་དང་ལྷ་དང་གནོད་སྦྱིན་མ་རུངས་པ་འདུལ་བ་ཡང་ཤེས་པར་བྱའོ། །ལྷ་ཐམས་ཅད་དང་། ཀླུ་ཐམས་ཅད་དང་། དྲི་ཟ་ཐམས་ཅད་དང་། ལྷ་མ་ཡིན་ ཐམས་ཅད་དང་ཞེས་པ་ལྷ་ནི་བརྒྱད་དེ། ལྷ་དང་། ལྷའི་དབང་པོ་དང་། ལྷ་མིན་བདག །མ་ཧཱ་དེ་བ་དང་། ཁྱབ་འཇུག་ཆེན་པོ་དང་། ཨུ་མ་དེ་བ། ཀུན་དུ་རྒྱུག །འཆི་མེད་དབང་པོའོ། །ཀླུ་ཡང་དགའ་བོ་ལ་སོགས་པ་བརྒྱད་དེ། དེ་ཡང་འཁོར་དང་བཅས་པའོ། །དྲི་ཟ་ ནི་ཟུར་ཕུད་ལྔ་པའོ། །ལྷ་མ་ཡིན་ནི་ཐགས་བཟངས་རིས་འཁོར་དང་བཅས་པའོ། །ནམ་མཁའ་ལྡིང་ཐམས་ཅད་དང་། མིའམ་ཅི་ཐམས་ཅད་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་། འབྱུང་པོ་དང་ཞེས་པ་ལ། ནམ་མཁའ་ལྡིང་ནི་གསེར་མིག་ཅན་འཁོར་དང་བཅས་ པའོ། །མིའམ་ཅི་ནི་ལྗོན་པ་རྟ་མགོ་ཅན་ལ་སོགས་པ་རི་རབ་ཀྱི་ཁོང་གསེང་ན་གནས་པའོ། །ལྟོ་འཕྱེ་ནི་ལྟོ་འཕྱེ་ཉིད་དེ། མིའི་ལུས་པོ་ལ་སྦྲུལ་གྱི་མགོ་བོ་ལ་སོགས་པའོ། །འབྱུང་པོ་ནི་དབང་ལྡན་ལ་སོགས་པ་བརྒྱད་དོ། །ཡི་དགས་དང་བརྗེད་བྱེད་ལ་ སོགས་པ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་བྱ་བ་ལ། ཡི་དགས་ནི་ཁ་ནས་མེ་འབར་ལ་སོགས་པའོ། །བརྗེད་བྱེད་ནི་བྱོལ་སོང་གི་རྒྱལ་པོ་རི་རབ་ལ་གནས་པ་རྣམས་སོ། །ཐབས་ཅིག་ནི་བསྐོར་བའོ། །འདི་ལྟར་ཉི་མ་དང་ཟླ་བ་དང་སྐར་མའི་ཚོགས་ལྟ་བུ་བཞུགས་སོ་ཞེས་པ་ལ་ཉི་ཟླ་དང་འདྲ་བ་ནི་ བདེན་པ་གཉིས་དང་ཐབས་ཤེས་རབ་དང་ལམ་གཉིས་ལ་སོགས་པའོ། །སྐར་མ་དང་འདྲ་བ་ནི་ལམ་དེ་དག་གི་ཡན་ལག་གི་ཚོགས་དང་ཐབས་ཅིག་ཏུ་སྐར་མ་ལྟ་བུ་བཞུགས་ཞེས་པ་སྟེ། གནས་དེར་སྟོན་པ་དེ་འཁོར་རྣམས་དང་ལྷན་ཅིག་ཏུ་ཆོས་གསུང་ངོ་ཞེས་བསྟན། དེ་ནི་ཆོས་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་ བསྟན་ཏོ། །དེའི་ཆོས་ཡང་ཞེས་པ་མི་སྣང་བར་གྱུར་གྱི་བར་ལ་དངོས་སུ་བསྟན། སྟོན་པ་དང་ཆོས་ཀྱི་བྱིན་རླབས་ཡིན་པའི་ཕྱིར་དེ་མ་གསུངས་སོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་འཁོར་ཐམས་ཅད་ཀྱིས་གསོལ་བ་ཞེས་པ་ལ། དེ་ནས་ནི་ ཆོས་དེ་ལྟ་བུ་ལ་སྟོན་པ་བཞུགས་ཏེ་ཞེས་པའོ། །འཕགས་པ་ནི་སྒྲིབ་པ་རྣམ་པ་གཉིས་སྤངས་པའོ། །གོང་མ་དང་ཁྱད་པར་གྱི་དོན་དེ་ནི་སྤྲུལ་སྐུ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ནོ། །དེ་ལ་འཁོར་ཐམས་ཅད་ཀྱི་ནང་ནས་ཁམས་གསུམ་རྣམ་པར་རྒྱལ་བ་ལངས་ནས་བླ་གོས་ སྔོན་པོ་གསོལ་ཏེ། །གོས་སྔོན་པོ་ཅན་ཁྱོད་ཅི་ཞེས་ཏེ། ཁྱོད་ཀྱི་བྱ་བའི་ལས་དང་ངོ་བོ་ཇི་ལྟ་བུ་ལགས། བདེ་གཤེགས་ཀུན་གྱི་སྤྲུལ་པ་ཡིན་ནམ། སངས་རྒྱས་ཀུན་གྱི་སྤྲུལ་པའི་ངོ་བོ་ཁྱོད་ཡིན་ནམ། གལ་ཏེ་སྐུ་གསུང་ཐུགས་ཀྱི་བདག་པོར་བསྡུས་པ་ཡིན་ ནམ། ཕྲིན་ལས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བ་ཡིན་ནམ། བདག་ཁམས་གསུམ་རྣམ་པར་རྒྱལ་བ་དང་འཁོར་རྣམས་ཀྱིས་བྱ་བ། ལས་བསྐྱེད་རྫོགས་གྲོགས་དང་ལས་ཀྱི་ཚོགས་ལ་སོགས་པ་སྟོན་པའི་བསྟན་པ་སངས་རྒྱས་ཐམས་ཅད་ གཅིག་གི་ངོ་བོ་ལས་ཀྱི་བྱ་རྒྱུད་ཇི་ལྟ་བུ་ལགས། བདག་ཅག་གིས་བཀའ་ཉན་གྱི་ཁྱོད་ཀྱི་སྐུ་གསུང་ཐུགས་དྲག་པོར་བསྟན་པ་ནི། ལམ་ཉེ་བ་སྟེ་འཁོར་བ་ལས་མྱུར་དུ་སྒྲོལ་ཞེས་པའོ། །དེ་བདག་ཅག་འཁོར་དང་བཅས་པ་རྣམས་སྟོན་པས་གསུངས་པ་ཉན་ཏོ་ཞེས་པའི་ དོན་ཏོ། །ལེའུ་གང་ལ་མིང་དེ་ཡོད་པ་ལ་དེ་སྐད་ཅེས་བྱ་སྟེ། གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ཡོད་པས། དེ་ལ་དང་པོ་གླེང་གཞིའི་ལེའུ་ཞེས་བྱའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་ལེའུ་དང་པོའི་བཤད་པའོ།། །།དེ་ལྟར་ གླེང་གཞི་བསྟན་ཀྱང་བསྐྱེད་རྫོགས་ཀྱི་དོན་མ་བསྟན་ན་འགྲུབ་པར་མི་འགྱུར་བས་ད་ནི་ལེའུ་གཉིས་པ་བསྟན་ཏོ། །དེས་ན་ལག་ན་རྡོ་རྗེས་རྡོ་རྗེས་རྡོ་རྗེ་དྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་གསུངས་སོ་ཞེས་པ་ལ། དེ་ནས་ཞེས་བྱ་བ་ ལ། དེ་ནས་ཀྱི་སྒྲ་ནི་གླེང་གཞི་སོང་བའི་རྟིང་དེ་ནས། བར་ཅིས་ཀྱང་མ་ཆོད་པར་ལག་ན་རྡོ་རྗེའི་སྟོན་པ་སྐུ་གསུང་ཐུགས་དྲག་པོའི་ཆོས་གསུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་འདི་སྐད་གསུངས་ཞེས་བྱ་བར་སྦྱར་རོ། །ཕྱག་རྒྱ་གསང་སྔགས་ཐུགས་ སྦྱོར་ལ། །ཁྲོ་བོའི་རྒྱལ་པོ་བསམ་པར་བྱ། །ཁྲོ་བོ་རྡོ་རྗེའི་ཏིང་འཛིན་གྱི། །བྱིན་རླབས་ཡ་མཚན་སྣ་ཚོགས་ལྡན། །ཞེས་བྱ་བ་ལ། བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ། ཕྱག་རྒྱ་ནི་སྲུང་བ་དང་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་དངོས་སམ་ གཞལ་ཡས་ཁང་བསྐྱེད་པ་ལ་སོགས་པའོ། །གསང་སྔགས་ནི་གཞལ་ཡས་ཁང་གི་ནང་དུ་སེང་གེ་དང་པདྨ་ལ་སོགས་པའི་སྟེང་དུ། སྙིང་རྗེའི་སྟོབས་ཀྱིས་ངོ་བོ་ཧཱུཾ་དུ་བྱུང་བའོ། །ཐུགས་སྦྱར་ནི་ཡིག་འབྲུ་ལས་ཕྱག་མཚན་དུ་གྱུར་པ་སྟེ། ལས་གཉིས་བྱས་པའོ། །དེ་ ལས་སྐུ་རྫོགས་པ་ནི། ཁྲོ་བོའི་རྒྱལ་པོ་སྟེ་རྡོ་རྗེ་རིགས་ཀྱི་ཁྲོ་བོའོ། །ཁྲོ་བོའི་མིང་ནི་གོས་སྔོན་ཅན། །དེ་མཐོང་ན་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱིས་ནི་ལག་ཆ་འཆོར། །ཞེས་གསུངས་པ་སྟེ། རི་རབ་ཏུ་གནོད་སྦྱིན་འདུལ་བའི་དུས་སུའོ། །དེ་རྣམས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ རྒྱལ་པོའོ། །ཁྲོ་བོ་རྡོ་རྗེའི་ཏིང་འཛིན་ནི། །ཨོཾ་ཨཱཿཧཱུཾ་གིས་བསྡུས་པ་དང་། བསྲེག་པ་དང་སྦྱངས་པ་སྟེ། སྐུ་གསུམ་གྱི་ལྷར་བསྐྱེད་པའོ། །བྱིན་རླབས་ནི་ལྷག་པའི་ཡེ་ཤེས་བསྟིམ་པ་དང་། རིག་པའི་དབང་ལྔ་བསྐུར་ཏེ་སངས་རྒྱས་ལྔས་གཙོ་བོ་ལ་དབང་ རྟགས་སུ་བརྒྱན་པའོ། །བླ་མའི་རིགས་ལྷའི་རང་བཞིན། ཨཱཿཧཱུཾ་དཀར་དམར་གྱི་ངོ་བོ། གུ་ཧྱ་ཨ་བྷི་ཥིཉྩ་ཞེས་པས་ལྕེ་ལ་བཞག་ནས་གསུང་དབྱངས་ཡན་ལག་བརྒྱད་ཅུ་དང་ལྡན་ཏེ། ཨ་ཧོ་སུ་ཁ་ཞེས་བཏུང་བར་བྱའོ། །དེས་སྔགས་བཟླས་པ་དང་འབྲེལ་ཏོ། །ཡ་མཚན་ སྣ་ཚོགས་དང་ལྡན་པའི་དངོས་གྲུབ་ཐོབ་པའོ། །ཡང་མན་ངག་རྒྱ་ཆེན་པོ་དང་སྦྱར་ཏེ་བཤད་དེ། ཕྱག་རྒྱ་ནི་གཞལ་ཡས་ཁང་དང་གཙོ་བོ་བསྐྱེད་པ་བསྟན་ཏེ། དེ་ཡང་ཚོགས་བསགས་པ་དང་། ཚད་མེད་པ་བསྒོམ་པ་དང་། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ ཀོ྅ཧཾ་ཞེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། དེ་ནས་བསྲུང་བ་བཞི་དང་པདྨ་ཡང་ཧཱུཾ་གི་ཆོ་འཕྲུལ་གྱིས་བསྐྱེད་པར་བྱའོ། །གསང་སྔགས་ནི་སྟོང་པ་ཉིད་དོ། །དེའི་བྱིན་རླབས་ཀྱིས་ཡཾ་རཾ་བཾ་ལཾ་སུཾ་བྷྲཱུཾ་ལས་འབྱུང་བའི་དཀྱིལ་འཁོར་དང་། གཞལ་ཡས་ཁང་སྒོ་བཞི་པ་དུར་ ཁྲོད་བརྒྱད་དང་བཅས་པ་ཕྱིའི་རྒྱན་དང་ནང་གི་རྒྱན་གྱིས་མཛེས་པ་བསྐྱེད་དོ། །དེའི་དབུས་སུ་གདན་གྱིས་མཚན་པ་སྟེ། གཞལ་ཡས་ཁང་དེ་ཡང་རིན་པོ་ཆེ་ལྔ་ཡིས་བརྩིགས་པ་ལྷའི་སྣམ་བུ་དང་བཅས་པའོ། །དེར་ཧཱུཾ་གི་ཆོ་འཕྲུལ་གྱིས་ཆོ་ག་གསུང་གི་གཙོ་བོར་ཡབ་ཡུམ་ རྫོགས་པར་བསྐྱེད་པའོ། །དེ་ཡང་ཡུམ་ལ་ནི་བསྐྱེད་པ་མེད། ལུས་དང་གྲིབ་མ་བཞིན་དུ་རྫོགས་ཞེས་པའོ། །གསང་སྔགས་ནི་ཡབ་ཡུམ་གྱི། ཨེ་ཝཾ་བྱིན་གྱིས་བརླབས་ཏེ་ཡབ་ཡུམ་སྙོམས་པར་ཞུགས་ཏེ། དེས་རིགས་ལྔ་ཡབ་ཡུམ་བསྐུལ་ཏེ་ཐིག་ལེ་དཀར་དམར་ གཞལ་ཡས་ཁང་གི་ནང་དུ་གསང་སྔགས་ཀྱི་ངོ་བོ་ཐིག་ལེ་དང་ཡིག་འབྲུ་བསམ་པའོ། །ཐུགས་ནི་དེ་ལས་ཕྱག་མཚན་དུ་གྱུར་པའོ། །ཁྲོ་བོའི་རྒྱལ་པོ་ནི་དེ་ལས་སྐུ་རྫོགས་པའོ། །ཁྲོ་བོ་རྡོ་རྗེ་ཏིང་འཛིན་ནི། གསང་བ་ནས་ལྷ་རྣམས་སྤྲོ་བ་བསྟན་ཏེ། ཨོཾ་བཛྲ་ཀྲོ་དྷ་ ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་བུདྡྷ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་རཏྣ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་པདྨ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་ཀརྨ་ཀྲོ་དྷ་ནཱི་ལཱཾ་པ་ར་དྷ་ར་ཧཱུཾ། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡེ་ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་རོ་ཥ་ཎ་ཧཱུཾ། ཨོཾ་བི་རཱུ་ཌྷ་ཀ་ཡེ་ཧཱུཾ། ཨོཾ་བཻ་ཤྲ་བ་ཎ་ཡེ་ཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་ མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ། ཨོཾ་བཛྲ་ནྲྀ་ཏི་ཨཿ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱི། ཨོཾ་བཛྲ་གནྡྷེ་ཨཿ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྚེ་ཧོཿ། ཨོཾ་བུདྡྷ་ཌཱ་ཀི་ཨ་ཧྲཱི་ཧཱུཾ། ཨོཾ་བཛྲ་ཌཱ་ཀི་ཨ་ཧྲཱི་ཧཱུཾ། ཨོཾ་རཏྣ་ཌཱ་ཀི་ཨ་ཧྲཱི་ཧཱུཾ། ཨོཾ་ པདྨ་ཌཱ་ཀི་ཨ་ཧྲཱི་ཧཱུཾ། ཨོཾ་ཀརྨཱ་ཌཱ་ཀི་ཨ་ཧྲཱི་ཧཱུཾ། ཡང་ན་ཀྲོ་དྷི་ཤྭ་རི་ཧཱུཾ་ཞེས་སྦྱར་བར་བྱའོ་ཞེས་བྱ་བའི་སྔགས་ཀྱིས་ཁྲོ་བོ་རྣམས་མཁའ་ནས་བཏོན་ཏེ། དབུས་ཀྱི་ཁྲོ་བོ་རང་སོར་སོང་ནས། གཞན་ཡང་། རང་རང་རིགས་ཀྱི་ཁ་དོག་ལ། །སྟག་དང་གོས་སྔོན་ཤམ་ཐབས་ཅན། ། རང་རང་རིགས་ཀྱིས་དབུ་རྒྱན་བྱས་པའོ། །ཁྲོ་བོ་རྡོ་རྗེ་ཏིང་ངེ་འཛིན་གྱིས་ཞེས་པ་ལ། ཤར་དུ་སངས་རྒྱས་གོས་སྔོན་ཅན། །ལྷོ་རུ་རིན་ཆེན་གོས་སྔོན་ཅན། །ནུབ་ཏུ་པདྨ་གོས་སྔོན་ཅན། །བྱང་དུ་ལས་ཀྱི་གོས་སྔོན་ཅན། །སངས་རྒྱས་སྤྱན་ལ་ཁྲོ་བོ་ཞལ། །ཕྱག་མཚན་ རྣམས་ནི་ཀུན་ཀྱང་གཡས་ན་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རྒྱ་གྲམ་བསྣམས་པ་ལ་གཡོན་པས་དྲིལ་བུ་བསྣམས་པའོ། །རྣམ་རྒྱལ་ནི་སྐུ་མདོག་དམར་པོ་འཁོར་ལོ་དང་དབྱུག་པ་བསྣམས་པའོ། །མགོན་པོ་ཡང་སྐུ་མདོག་ནག་པོ་དུད་ཀ་ལ་ཕྱག་ན་ རིན་པོ་ཆེ་དང་། ཙནྡན་བསྣམས་པ། འཕགས་སྐྱེས་པོ་ཡང་སྐུ་མདོག་སྔོན་པོ་ལ་ཕྱག་ན་མཆོད་རྟེན་དང་པདྨ་བསྣམས་པའོ། །རྣམ་ཐོས་སྲས་ཀྱང་སྐུ་མདོག་སེར་པོ་ལ། ཕྱག་ན་མཆོད་རྟེན་དང་ནེའུ་ལེ་བསྣམས་པའོ། །ལྷ་མོ་དང་སྒོ་བ་ཡང་རང་རང་གི་སྐུ་མདོག་དང་ཕྱག་མཚན་ བསྣམས་པའོ། །དེ་རྣམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་ཡིག་འབྲུའམ། ཕྱག་མཚན་ནམ་སྐུས་བྱིན་གྱིས་བརླབ་ཅེས་པའོ། །བྱིན་རླབས་ནི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། བགེགས་བསྐྲད་པ་དང་མཆོད་ཡོན་དང་མཆོད་ པ་དང་བསྟོད་པ་བྱ་སྟེ། ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །འོད་ཟེར་སྟོབས་ཀྱིས་ཀླུ་རྣམས་འདུལ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་སངས་རྒྱས་གོས་སྔོན་ཅན། །སྐུ་མདོག་དཀར་པོ་སྐྱོན་མ་གོས། ། འཁོར་ལོ་དྲིལ་བུ་ཕྱག་ན་བསྣམས། །མེ་ལོང་ཡེ་ཤེས་ཁྱོད་ཕྱག་འཚལ། །བཅོམ་ལྡན་རིན་ཆེན་གོས་སྔོན་ཅན། །སྐུ་མདོག་སེར་པོ་དོན་རྣམས་རྒྱས། །རིན་ཆེན་དྲིལ་བུ་ཕྱག་ན་བསྣམས། །མཉམ་ཉིད་ཡེ་ཤེས་ཁྱོད་ཕྱག་འཚལ། །བཅོམ་ལྡན་པདྨ་གོས་སྔོན་ཅན། །སྐུ་མདོག་ དམར་པོ་ཆགས་པར་ལྡན། །ཆུ་སྐྱེས་དྲིལ་བུ་ཕྱག་ན་བསྣམས། །ཀུན་རྟོག་ཡེ་ཤེས་ཁྱོད་ཕྱག་འཚལ། །བཅོམ་ལྡན་ལས་ཀྱི་གོས་སྔོན་ཅན། །སྐུ་མདོག་ལྗང་གུ་ཕྲིན་ལས་རྒྱས། །རྒྱ་གྲམ་དྲིལ་བུ་ཕྱག་ན་བསྣམས། །བྱ་གྲུབ་ཡེ་ཤེས་ཁྱོད་ཕྱག་འཚལ། །ཁྱམས་ ཀྱི་ཆ་ལ་གནས་པ་ནི། །ཁམས་གསུམ་རྒྱལ་དང་མགོན་པོ་གནག །འཕགས་སྐྱེས་པོ་དང་རྣམ་ཐོས་སྲས། །སྤྲུལ་པ་སྐུ་ཡི་ཚུལ་བསྟན་པ། །སྟོང་པའི་རང་བཞིན་ཁྱོད་ཕྱག་འཚལ། །དཀར་མོ་སྒེག་དང་རིན་ཆེན་སེར། །བི་ཝང་མ་ནི་དམར་མོ་སྟེ། །ནྲྀ་ཏི་ལྗང་གུ་ གར་རྣམས་བསྒྱུར། །སྟོང་པའི་དོན་གྱིས་ཚིམ་མཛད་པ། །མཆོད་པའི་ལྷ་མོ་ཁྱོད་ཕྱག་འཚལ། །ཤར་ལྷོ་ལྷ་མོ་བདུག་པ་སྟེ། །ལྷོ་ནུབ་མཐིང་ག་མེ་ཏོག་མ། །ནུབ་བྱང་དམར་མོ་གསལ་བྱེད་མ། །བྱང་ཤར་ལྗང་གུ་དྲི་ཆབ་མ། །ཕ་རོལ་ཕྱིན་བཅུ་རྫོགས་མཛད་ཅིང་། །འདོད་ པའི་དོན་གྲུབ་ཕྱག་འཚལ་བསྟོད། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །བདུད་བཞི་མ་ལུས་ཚར་གཅོད་ཅིང་། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་པ། །སྒོ་བ་བཞི་ལ་ཕྱག་འཚལ་བསྟོད། །སངས་རྒྱས་མཁའ་འགྲོ་དཔལ་འབར་མ། །སྨུག་ནག་འབར་བའི་རལ་པ་ ཅན། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །མཐིང་ནག་འབར་བའི་རལ་པ་ཅན། །རིན་ཆེན་མཁའ་འགྲོ་དཔལ་འབར་མ། །སེར་ནག་འབར་བའི་རལ་པ་ཅན། །པདྨ་མཁའ་འགྲོ་དཔལ་འབར་མ། །དམར་ནག་འབར་བའི་རལ་པ་ཅན། །ལས་ཀྱི་མཁའ་འགྲོ་ དཔལ་འབར་མ། །ལྗང་ནག་འབར་བའི་རལ་པ་ཅན། །སྟོང་པ་བཞི་ཡི་རང་བཞིན་ཅན། །སྤྲུལ་པའི་སྐུ་ཡི་ཚུལ་སྟོན་པ། །ཕྱག་ན་ཅང་ཏེའུ་ཁ་ཊྭཱཾ་བསྣམས། །མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ་སྔགས་བཞིས་གཉིས་སུ་མེད་པར་ བསྟིམ་མོ། །དབང་ཡང་སྔ་མ་བཞིན་དུ་བླང་བ་སྟེ། །གོང་དུ་བསྟན་པ་འདིར་མི་བཤད་དོ། །དེས་གཏོར་མ་དང་བསྟོད་པ་ཐུན་གྱི་བར་དུ་བྱས་ཏེ། བཟླས་པ་བྱ་བ་ནི། རིན་པོ་ཆེའི་ཕོ་བྲང་དུ་སེམས་པ་སུམ་བརྩེགས་གསལ་བར་བྱས་ཏེ། གྲངས་ཀྱི་བསྙེན་པ་བསྐྱལ་ ཞེས་པ་སྟེ། མཚན་མ་དང་དུས་ཀྱང་ཡོངས་སུ་ཤེས་ཤིང་གཟུང་ངོ་། །ཐུན་གྱི་རྣལ་འབྱོར་གྱི་སྤྱོད་པའི་སྐབས་སུ་ལམ་གྱི་སེམས་བསྐྱེད་ཀྱང་བསྒོམ་ཞིང་བཟླས་སོ། །སྭཱ་ཧཱ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་ཡོངས་སུ་སྨིན་པར་བྱའོ། །སྨོན་ལམ་དགེ་རྩ་བསྔོ་ལེགས་པས་ཚེ་འདི་ལ་ནད་ དང་སྡུག་བསྔལ་བྱང་སྟེ། ཐུན་མོང་ཀུན་གྱི་དངོས་གྲུབ་འབྱུང་། །ཞེས་བླ་མ་རྣམས་གསུང་ངོ་། །དེ་ནི་ཡ་མཚན་སྣ་ཚོགས་ལྡན། །ཞེས་པའོ། །ལས་རྣམས་གྲུབ་ལ་ཐེ་ཚོམ་མེད། །ཞི་རྒྱས་དབང་དང་དྲག་པོ་སྟེ། །གསད་རྨོངས་སྣ་ཚོགས་ངེས་པར་གྲུབ། །དེ་ཉིད་ངེས་ འགྲུབ་གདོན་མི་ཟ། །ཞེས་པ་ལ་གོང་དུ་བསྟན་པ་བཞིན་བསྒྲུབས་ན། ལས་སྣ་ཚོགས་ཞི་བ་དང་རྒྱས་པ་འགྲུབ་པར་ཐེ་ཚོམ་མི་ཟ་སྟེ། རྩ་བ་ན་གསལ་བས་མ་བྲིས་སོ། །དེས་ན་དཀྱིལ་འཁོར་དེ་ལ་གཙོ་བོའི་དབང་དུ་བྱས་ཏེ། ལྷ་གཅིག་དང་། གཉིས་དང་། གསུམ་དུ་ སྒྲུབ་པ་དང་། ལྷ་བཅུ་དང་། བཅོ་བརྒྱད་ཉི་ཤུ་རྩ་གཉིས་དང་། རྩ་དྲུག་སུམ་ཅུ་ལྔའི་དཀྱིལ་འཁོར་ལྔ་དང་ནི། མཁའ་འགྲོ་བཞིའི་དཀྱིལ་འཁོར་དང་དྲུག་ཏུ་འགྱུར། རང་དང་གཞན་གྱི་དཀྱིལ་འཁོར་དུ་བླ་མ་མཁས་པ་རྣམས་ཀྱིས་བསྟན་ཏོ། །དེ་དག་བསྟན་པ་ཀུན་ལ་ཡང་། ། ཚོགས་བསགས་བསྲུང་དང་ལྷ་བསྐྱེད་པ། །ཆོ་གའི་སྦྱོར་བ་མཁས་པས་བྱ། །ཞེས་པ་སྟེ། བླ་མའི་མན་ངག་ལ་རག་ལས་པའོ། །ཡང་ཤི་བ་ལ་ཕན་གདགས་པའི་ཕྱིར། ཕྱག་རྒྱ་གསང་སྔགས་གསུངས་ཏེ། རྒྱས་པར་རོ་བསྲེག་ཆོ་ག་ནས་ཤེས་པར་བྱའོ། ། འདིར་དང་པོར་རོ་ལ་ཁྲུས་བྱས་བགེགས་བསྐྲད། གོས་དང་རྒྱན་བཟང་པོ་བཏགས་ནས། རྒྱུན་འཆགས་དང་སྡོམ་པ་བཟུང་བ་ཡང་གཉེན་འདུན་ནམ་ཕ་མས་བྱ་སྟེ། རོ་ལ་བསྲུང་བ་དང་བསྙེན་པ་བྱ་སྟེ། ཕྱི་རོལ་དུ་ས་ཆོག་རྒྱས་བསྡུས་གང་རུང་བྱ་སྟེ། དཀྱིལ་འཁོར་གྲུ་བཞི་མཐའ་ཡས་པར་བྱ་སྟེ། ཐིག་གི་ཆོ་གས་ཐིག་གདབ་སྟེ། དབུས་དང་ཚངས་ཐིག་བཏབ་ལ་ཐིག་ཆེན་དང་ཆ་ཆེན་དང་ཆ་བྲན་ལེགས་པར་བཏབ་ལ། ས་ཚོན་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་སྒོ་གཉིས་རྩིག་པ་རྒྱན་དང་བཅས་པ་བྲི་ཞེས་པའོ། ། ལུང་ལས། ཤི་ལ་ཕན་གདགས་དོན་ཆེད་དུ། །ས་ཆོག་རྫོགས་པའི་དཀྱིལ་འཁོར་བརྩམ། །སྒོ་གཉིས་རྫོགས་ནས་རྒྱན་རྣམས་མཛེས། །མཆོད་དང་གཏོར་མ་ཡོངས་སུ་བཏང་། །ཞེས་གསུངས་སོ། །དེ་ནས་མཆོད་པའི་ཡོ་བྱད་གཏོར་མ་ཆ་གཉིས་ལ་སོགས་པ་རྫོགས་ལ། དཀྱིལ་འཁོར་དབུས་སུ་ཐབ་བརྩིགས་ལ། རོ་ཤིང་རྟའི་འཁོར་ལོས་སྤྱན་དྲངས་ཏེ། རྔ་དང་དུང་དང་པི་ཝང་ཆེན་པོ་དང་བཅས་པའི་སིལ་སྙན་དང་རོལ་མོས་སྣ་དྲངས་ཏེ། དབང་གི་བུམ་པས་ཁྲུས་བྱེད་ཅིང་། བཅོམ་ལྡན་རྡོ་རྗེ་གོས་སྔོན་ཅན། །སྐུ་གསུང་ཐུགས་ཀྱི་བྱིན་ རླབས་ཀྱིས། །གཤིན་ལ་ཕན་གདགས་དོན་ཆེད་དུ། །དབང་བསྐུར་བྱིན་རླབས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱི་ལཱཾ་བ་ར་དྷ་ར་ཤུདྡྷཿ ཤུདྡྷོ྅ཧཾ་ཞེས་བརྗོད་དོ། །བསྲེག་ཁང་ལ་བསྐོར་བ་བྱས་ཏེ་རོ་བསྲེག་ཁང་དུ་བཞག་ལ། རང་སེམས་བསྐྱེད་པ་དང་སྡོམ་པ་ གཟུང་བ་དང་ལྷག་པའི་ལྷའི་ཏིང་ངེ་འཛིན་བསྒོམས་ལ། བདེ་བར་གཤེགས་པ་སྤྱན་དྲང་བ་དང་། བཞུགས་སུ་གསོལ་བ་ཡན་ཆོད་བྱ་སྟེ། རྡུལ་ཚོན་གྱི་སྟེང་གི་ནམ་མཁའ་ལ་མཆོད་པ་དང་། ཕྱག་འཚལ་བ་དང་རིན་པོ་ཆེ་སྣ་བདུན་དང་རྡོ་རྗེ་ལྷ་མོས་མཆོད་པ་དང་། བསྟོད་པ་ལ་ སོགས་པ་ཡང་ཡོངས་སུ་རྫོགས་པར་བྱས་ལ། བསང་གཏོར་དང་འབྱུང་པོ་ཐམས་ཅད་པའི་གཏོར་མ་བྱིན་གྱིས་བརླབས་པ་དང་མགྲོན་བསྐྱེད་པ་དང་། གཏོར་མ་དབུལ་བ་ལ་སོགས་པ་བྱའོ། །ཚངས་པ་ཆེན་པོ་མི་མཇེད་ཀྱི་བདག་པོ་གཟུགས་ཁམས་ལྷ་ཚོགས་ཞེས་བྱ་ བ་ལ་སོགས་པའི་ཚིགས་བཅད་ཡང་ཕྱི་རྒྱུད་བཞིན་བརྗོད་པར་བྱའོ། །དེ་བཞིན་དུ་གཏོར་མ་གཉིས་པ་ཡང་དགའ་བའི་ཚལ་དང་། ལྷ་རྣམས་སྤྱན་དྲང་བ་དང་བྱིན་གྱིས་བརླབས་པ་དང་བསྟོད་པ་དང་སྔགས་ཀྱིས་དབུལ་བ་ལ་སོགས་པ་བྱའོ། །གཏོར་མ་ཕུལ་ཏེ། ངན་སོང་ ཡོངས་སུ་སྦྱོང་བའི་སྔགས་དང་། ཡེ་ཤེས་པའི་འོད་ཟེར་གྱིས་གཤིན་གྱི་ལས་སྦྱང་བ་ལ་སོགས་པ་བྱ་ཞེས་སོ། །ཐ་མར་གཤིན་དང་ཡོངས་སུ་འབྲེལ་པའི་སྨོན་ལམ་བཏབ་ལ་རུས་བུ་ཚ་ཚར་ཡོངས་སུ་གདབ་པར་བྱ་ཞེས་འབྲེལ་ཏོ། །དེ་ནི་བྱིན་བརླབས་མཚན་སྣ་ཚོགས་ དང་། དེ་ཉིད་ངེས་འགྲུབ་གདོན་མི་ཟ། །ཞེས་བྱའོ། །ཡང་། ཕྱག་རྒྱ་གསང་སྔགས་ཐུགས་སྦྱོར་ལ། །ཞེས་པ་ལ། གསང་བའི་དབང་དང་གསུམ་པ་དང་བཞི་པ་དང་རྩ་རླུང་ཐིག་ལེ་དང་། བྱང་ཆུབ་ཀྱི་སེམས་དང་རིམ་པ་ལྔ་ལ་སོགས་ཡང་སྦྱར་བར་ཤེས་པར་བྱའོ། །རང་ གཞན་འཕགས་དང་བླ་མ་དང་། །ཤིན་ཏུ་བླ་མ་དམ་པ་མཆོད། །དངོས་གྲུབ་མྱུར་དུ་འབྱུང་ཞེས་པ་ལ། རང་ངམ་གཞན་གྱིས་འཕགས་པ་སྟེ། དཀོན་མཆོག་གསུམ་མམ། རང་གི་ལྷག་པའི་ལྷ་ལ་དངོས་སམ་ཡིད་ཀྱིས་མཆོད་ཅེས་པའོ། །བླ་མ་ནི་སྡེ་སྣོད་གསུམ་ སྟོན་པའི་བླ་མ་སྟེ། བྱིན་གྱིས་རློབ་པ་དང་འདྲེན་པ་ཡང་ཡོངས་སུ་གསུང་ངོ་། །ཤིན་ཏུ་བླ་མ་དམ་པ་ནི་གསང་བ་བླ་ན་མེད་པའི་སློབ་དཔོན་ཏེ། དེ་ལ་དངོས་སམ་ཡིད་ཀྱིས་མཆོད་ན། འདོད་པའི་དོན་མྱུར་ཞེས་པའོ། །ཚིག་གསུམ་གྱིས་ནི་བསྐྱེད་པའི་སྐབས་སུ། ཚོགས་པའི་ཆོ་ག་བསྟན་ཏོ། །གལ་ཏེ་གཞན་ལ་ཕན་འདོགས་ན། །སྐུ་དེ་སྣ་ཚོགས་སྐུ་རུ་སྣང་། །སྣང་བ་སྒྱུ་མའི་སྐུ་ཡིན་ཏེ། །ཞེས་པ་ལ། གཞན་ལ་ཕན་འདོགས་པ་ནི་སྤྲུལ་སྐུའོ། །སྐུ་དེ་སྣ་ཚོགས་སྐུ་རུ་སྣང་། །ཞེས་པ་ལ། གང་དང་གང་འདུལ་བ་དེ་དང་དེ་རུ་སྣང་ སྟེ། དེས་དེའི་དོན་བྱེད་ཅེས་པའི་དོན་ཏོ། །ལྷའི་དཀྱིལ་འཁོར་དུ་སྣང་བ་ཡོད་པ་མ་ཡིན་ཏེ། སྒྱུ་མའམ་རྨི་ལམ་དུ་སྣང་གིས་དོན་དམ་པ་ལ་མེད་ཅེས་བྱའོ། །འོ་ན་སྒོ་མེད་ན་སྣང་བར་མི་རིགས་སོ་སྙམ་ན། གདུག་པ་འདུལ་ཕྱིར་རགས་པའི་སྐུར་སྟོན་ཏོ། །སྣ་ཚོགས་དེ་ ཉིད་བསམ་བྲལ་བས། །དངོས་གཞི་ཐར་པར་ཡང་དག་གཅིག །ཅེས་པ་ལ། སྣ་ཚོགས་དངོས་པོའི་དོན་ཏོ། །བསམ་པ་ནི་ཤེས་པའོ། །ངོ་བོ་ནི་སྣ་ཚོགས་པར་སྣང་བའོ། །དེ་ཡང་ལུང་ལས། ཆུ་རྡུལ་འཛའ་ཡི་སྣང་བ་བཞིན། །སེམས་ཉིད་དངོས་ པོ་ཡུལ་དུ་སྣང་། །ཞེས་པའོ། །འོ་ན་སེམས་ཉིད་དངོས་པོར་བདེན་ནམ་སྙམ་པ་ལ་ཤེས་པར་སྣང་ཡང་ཤེས་པར་མི་བདེན་ཏེ། རིགས་པས་བརྟགས་ན་སྣང་བ་ཉིད། །དངོས་པོ་སྟོང་པ་ཉིད་ཅེས་གསུངས་སོ། །སྟོང་པ་ཡང་བདེ་བ་དང་སྣང་བའོ། །སྣང་བ་ཡང་བདེ་སྟོང་དེ་ བཞིན་ཉིད། ཐར་པར་ཡང་གཅིག་ནི་བདེན་པ་ཉིད་ལས་འདས་ཏེ་དངོས་པོ་ལ་བདེན་པ་གཉིས་པོ་ཡང་མ་བསྟན་ཅེས་བྱའོ། །གཉིས་སམ་གཅིག་ཏུ་ཡང་མ་གྲུབ་པ་སྟེ། །གཉིས་མེད་བསམ་བྲལ་དངོས་ཀྱི་དོན། །ཞེས་གསུངས་སོ། །དེས་ན། སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཏེ། ། སེམས་ལས་མ་གཏོགས་ཆོས་གཞན་མེད། །ཆོས་སུ་སྣང་བ་འཁྲུལ་པའི་སེམས། །སེམས་ཉིད་དེ་ཡང་སྐྱེ་མེད་ཕྱིར། །ཡོད་མེད་མཐའ་ལས་འདས་པའོ། །བསམ་དུ་མེད་དེ་བརྗོད་དུ་མེད། །མིང་མེད་ཚིག་མེད་ཡི་གེ་མེད། །ཅེས་གསུངས་སོ། །ལེའུ་གཉིས་པ་ནི་གྲངས་ ཀྱི་གཉིས་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་ལེའུ་གཉིས་པའི་བཤད་པའོ།། །།དེ་ལྟར་ལེའུ་གཉིས་པར་བདག་དོན་དང་གཞན་དོན་བསྟན་ཡང་། གོས་སྔོན་པོ་ཅན་གྱི་རྩ་བའི་སྔགས་དང་། མཐའ་སྒྱུར་མ་ཤེས་ན། གྲུབ་པར་མི་འགྱུར་བས། དེའི་ཕྱིར་དེ་ལ་དེ་སྟོན་ཏོ། །དེ་