Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 50

Văn bản gốc(Tây Tạng)

Trang 3 / 16 (50.000 ký tự/trang)
ས་རྫས་རྣམས་ལ། །ཡིད་འོང་དཔག་མེད་
བཤམས་ནས་ཀྱང་། །བསྐོར་ནས་སློབ་དཔོན་ལ་ཕུལ་བས། །ཆོ་ག་ལ་སོགས་རྫོགས་ནས་ནི། །དཀྱིལ་འཁོར་གཉིས་པའི་ཆོ་ག་ཡིས། །སྔགས་བཟླས་བརྒྱ་རྩ་བརྒྱད་པ་གཉིས། །ཏིང་འཛིན་ལྡན་པས་བསྒྲུབ་བྱ་སྟེ། །མིང་གི་ཡི་གེ་བསྐྱེད་ནས་ཀྱང་། །ཡི་གེ་གཉིས་པོ་རི་

རབ་བྲི། །རྒྱ་མཚོ་བསྐྱེད་ནས་མནན་པར་བྱ། །དཀྱིལ་འཁོར་མཐའ་མའི་ཆོ་ག་ཡིས། །ཁང་པའི་ཕྱི་རོལ་དག་ཏུ་ནི། །དྲག་པོའི་འབྲུབ་ཁུང་བྱས་ནས་ཀྱང་། །ནག་པོས་ཁ་ནི་བཅད་ནས་ཀྱང་། །དེ་སྟེང་ལས་ཀྱི་རྒྱ་གྲམ་བྲི། །དེ་སོགས་ཆོ་གའི་སྦྱོར་བས་སུ། །མཁའ་འགྲོ་
རྣམས་ཀྱིས་མནན་པར་བྱའོ། །མནན་པའི་ཚོགས་ཀྱི་སྦྱོར་ཀ་སྟེ་ལྔ་པའོ།། །།གསད་པའི་ཚོགས་ཀྱི་སྦྱོར་ཀ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཕན་གདགས་པ་དང་མཐུན་པར་བསམ། །ཁྱད་པར་ཆོ་ག་བསྟན་པ་ནི། །དུར་ཁྲོད་འཇིགས་པའི་གནས་དག་ཏུ། །སློབ་དཔོན་ལྷོ་
ཕྱོགས་ཁ་བལྟས་ཏེ། །གནག་ཅིང་དྲག་པོའི་རྒྱན་ཆ་གོན། །རྣལ་འབྱོར་རྣམས་ཀྱི་མདུན་དུ་ནི། །དུར་ཁྲོད་རས་ལ་གཟུགས་བྲིས་ལ། །ཕུར་བུ་གྲི་གུག་མཚོན་ཆ་རྣམས། །ཁྲོ་བོའི་སྔགས་ཀྱིས་བྱིན་བརླབས་ནས། །ཕུར་བུས་གདབ་ཅིང་གྲི་གུག་གཏུབ། །ཐུན་མོང་རྫས་
རྣམས་སྟེང་དུ་ནི། །གདོང་པ་ཅན་ནི་སྣ་ཚོགས་ཀྱིས། །གསུམ་དང་ལྡན་པ་ཡིད་དུ་འོང་། །སློབ་དཔོན་ལ་ནི་ཕུལ་ནས་ཀྱང་། །དང་པོ་བསྒྲུབ་བྱ་དེ་ཉིད་ལ། །བཀུག་ནས་ཁྲོ་བོའི་མཚོན་ཆ་ཡིས། །གསང་བའི་ཆོ་ག་བྱས་ནས་སུ། །རྩ་གཅིག་ལ་སོགས་སྔགས་ཀྱིས་ནི། །དེ་བཞིན་
བྱིན་བརླབས་བྱས་ནས་ནི། །དང་པོ་འཁོར་ལོ་མཆོད་ནས་ཀྱང་། །ཆོ་ག་ལ་སོགས་རྫོགས་བྱས་ལ། །སླར་ཡང་བསྒྲུབ་བྱ་བཀུག་ནས་ནི། །མདུན་བསམས་གསད་པའི་སྦྱོར་བ་ཡིས། །ཆོ་ག་རྫོགས་ནས་ཐ་མ་ནི། །མཁའ་འགྲོ་མ་ཡིས་གསད་པ་ཡི། །སྦྱོར་བས་ཆོ་ག་རྫོགས་པར་
བྱའོ། །གསད་པའི་ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་སྟེ་དྲུག་པའོ།། །།སྲེག་པ་ཚོགས་ཀྱི་སྦྱོར་ཀ་ནི། །ཆོ་ག་ཐམས་ཅད་གཞན་དང་མཐུན། །དཀྱིལ་འཁོར་གསུམ་དུ་སྦྱིན་སྲེག་གསུམ། །རྣལ་འབྱོར་པ་ནི་ཐམས་ཅད་ཀྱིས། །སྔགས་ལ་སོགས་པའི་འཁོར་ལོ་ཡིས། །བསྐོར་
བའི་ཚུལ་དུ་ཐ་མ་ནི། །ལས་མཁན་གྱིས་ནི་བསྲེག་པར་བྱའོ། །དེ་ཡི་ཆོ་ག་ཐམས་ཅད་ནི། །སྦྱིན་སྲེག་ཆོ་གར་ཤེས་པར་བྱའོ། །སྲེག་པའི་ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་སྟེ་བདུན་པའོ།། །།བསྟབས་པ་ཚོགས་ཀྱི་འཁོར་ལོ་ནི། །ཆོ་ག་ཐམས་ཅད་གཞན་དང་མཐུན། །ཁྱད་པར་

ཆོ་ག་བསྟན་པ་ནི། །རྣམ་པར་བམ་པ་མ་ཡིན་པའི། །མཚན་ལྡན་བམ་ཆེན་བླངས་ནས་ནི། །མིང་གི་ཡི་གེ་བསྐྱེད་ནས་ཀྱང་། །དེ་ཉིད་དཀྱིལ་འཁོར་གསུམ་པོ་ལ། །བསྟབས་ཏེ་ཡང་ན་རྫས་ལ་ནི། །བསམས་ཏེ་བྱིན་བརླབས་བྱས་ནས་ཀྱང་། །གར་མ་དབྱུག་སྔོན་
རྟ་མགྲིན་གྱིས། །ལན་གསུམ་ལན་བདུན་ཉི་ཤུ་གཅིག །བསྟབས་པའི་ཚོགས་ནི་མཁས་པས་སོ། །དེ་ནས་ཕྱི་རོལ་དག་ཏུ་བྱ། །དེ་ལྟར་གཉིས་བསྟབས་གསུམ་དུ་བསྟབས། །སློབ་དཔོན་མན་ངག་ཤེས་པར་བྱའོ། །བསྟབས་པ་ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་སྟེ་བརྒྱད་
པའོ།། །།ཐུན་གསུམ་ཐུན་བཞི་དག་ཏུ་ནི། །ཉིན་དང་མཚན་ནི་ལན་གསུམ་དུ། །ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་ལ། །རྣལ་འབྱོར་ཅན་གྱིས་བརྩོན་པར་བྱའོ། །དངོས་གྲུབ་རྣམ་གཉིས་འདོད་པ་དང་། །བར་ཆད་རྣམ་གཉིས་བསལ་བའི་ཕྱིར། །ཆོ་ག་འདི་བྱས་དགེ་བས་སུ། །
ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཧོ་ཏྲྀ་བི་དྷིཿ། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །
བཅོམ་ལྡན་འདས་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །སྡིག་པ་གཞིལ་དང་བསོད་ནམས་འཕེལ། །དགུག་དང་དབང་བྱེད་གསད་པའི་ས། །སྒྲུབ་པོ་རྣམས་ལ་ཕན་བཏགས་ཕྱིར། །བདག་གིས་སྦྱིན་སྲེག་བཤད་པར་བྱ། །དང་པོ་བཀྲ་ཤིས་གནས་དག་ཏུ། །བརྟག་སོགས་བསྡུས་
རྒྱས་རྣམ་གསུམ་བྱ། །འབྲིང་ནི་རང་ཉིད་གོས་སྔོན་གྱི། །ཏིང་འཛིན་ལྡན་པས་བཀའ་བསྒོ་ཞིང་། །ཤར་དུ་ཁ་བལྟས་འབྱུང་པོ་ལ། །ཡིད་དང་མཐུན་པའི་གཏོར་མ་སྦྱིན། །ཡི་གེ་ཉི་ཤུ་རྩ་གཉིས་པའམ། །ཧཱུཾ་གིས་ཡང་ནི་སྦྱང་བར་བྱ། །རྡོ་རྗེ་ཕྱག་རྒྱ་དེ་བཞིན་ཤེས། །སྙིང་གའི་ཡི་
གེས་སྐྱོན་སྦྱངས་ཤིང་། །སྔགས་དང་ཕྱག་རྒྱས་སྦྱང་བའོ། །དེ་ནི་རྒྱས་པའི་རྟགས་སོགས་འདོད། །འབྲིང་ནི་སྔགས་དང་ཕྱག་རྒྱས་སྦྱངས། །མེ་ཏོག་ཚོམ་བུ་གྲངས་མཉམ་པ། །གཞུང་བཞིན་བྲིས་པ་རྫོགས་པར་འདོད། །ཐ་མ་མཛེས་པའི་སྣོད་དག་ལ། །ཡིག་འབྲུ་

གསུམ་གྱིས་བྱིན་བརླབས་ནས། །ཏིང་འཛིན་སྦྱང་བ་ཁོ་ནར་འདོད། །ས་སྐྱོན་སྦྱང་བ་གསུམ་ཤེས་བྱ། །ཐབ་བརྩིགས་རྒྱར་ནི་ཁྲུ་གང་ལ། །ཟབས་སུ་ཁྲུ་ཕྱེད་ཟླུམ་པོས་བསྐོར། །སོར་བཞི་གསུམ་ནི་དོར་བྱས་ལ། །རྡོ་རྗེ་དབུས་སུ་བརྒྱད་པའི་ཚད། །ཐབ་
ཁུང་དཀར་པོ་རྒྱབ་ཏུ་མེ་རིའོ། །སྟེང་དུ་རྡོ་རྗེ་ཕྱི་རོལ་འོད་ཟེར་དཀར། །བུད་ཤིང་དཀར་པོ་ཁྲུ་གང་ཚད། །ཙནྡན་དཀར་པོ་འོ་མས་སྤངས་ཏེ་བཞག །མཆོད་སྦྱིན་ཤིང་ནི་མཛུབ་གང་ཚད། །འདབ་མ་དང་བཅས་རྩེ་མོའི་ངོས། །སྔར་བཞིན་སྤངས་པས་ཡམ་ཤིང་བྱ།
དཀར་གསུམ་མངར་གསུམ་མར་གྱི་འོག །འབྲས་ཆན་འབྲུ་ནི་སྣ་ཚོགས་དང་། །ཀུ་ཤ་ཡོན་ཆབ་གཡས་སུ་གཞག །མེ་ཏོག་ལ་སོགས་བསང་གཏོར་དང་། །ཞལ་བསིལ་རྣམས་ནི་གཡོན་དུ་གཞག །དགང་གཟར་དང་ནི་བླུགས་གཟར་གཉིས། །མཚན་ཉིད་རྒྱས་
པར་གཞན་དུ་བསྟན། །ཡང་ན་གཡས་ཀྱི་སོར་མོ་བསྐུམ་པ་ལས། །ཡི་གེ་ཧཱུཾ་གི་འོད་ཟེར་དེ་ཡིས་ནི། །རྡོ་རྗེ་ཅན་གྱི་འོད་ཟེར་བཀུག་པ་ཡིས། །རྡུལ་བཤིག་ཡེ་ཤེས་གོང་བུ་ལས། །རྡོ་རྗེ་ཁྲོ་བོའི་དགང་གཟར་གྱུར། །གཡོན་གྱི་མཐེ་བོས་མཐེ་ཆུང་མནན། །གོང་བཞིན་
སྦྱངས་ནས་བླུགས་གཟར་གྱུར། །དེ་ཉིད་རྡོ་རྗེ་དྲིལ་ནི་མདུན། །དེ་ནས་དཀར་པོའི་རྒྱན་ཆ་བགོ། །ཡིད་དང་མཐུན་པའི་ཀུ་ཤའི་སྟེང་། །སེམས་དཔའི་སྐྱིལ་ཀྲུང་ཤར་དུ་བལྟ། །ཐབ་སོགས་ཙནྡན་ཆུས་གཏོར་ཏེ། །བུད་ཤིང་མ་ནོར་ཟླུམ་པོར་བརྩིག །དེ་ནས་རྩྭ་
ནི་ཀུ་ཤ་ལ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་བིགྷྣཱཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ལས་ཀྱི་སྔགས་ཀྱིས་བསང་གཏོར་བྱ། །བུམ་སྦྱངས་བསྐྱེད་དགུག་བཟླས་པ་ཡིས། །རྩ་གཅིག་བདུན་གྱིས་འོད་ཟེར་དགང་། །ཐབ་ཀྱི་ཁོ་ར་ཁོར་ཡུག་ལ། །ཀུ་ཤའི་རྩེ་མོ་ཕྱི་རུ་བསྟན། །
དེ་ནས་ལྷ་ཡི་རྣལ་འབྱོར་ནི། །ཆོ་ག་ལྔའམ་ཆོ་ག་གསུམ། །སྐད་ཅིག་བསྡུས་རྒྱས་ཤེས་པར་བྱ། །ཐབ་ལ་སོགས་པའི་མན་ངག་ཀྱང་། །ལས་ཀྱི་ཚོགས་སུ་ཤེས་པར་བྱ། །དེ་ཡང་སློབ་དཔོན་མན་ངག་གཙོ། །བྲམ་ཟེའི་ཁྱིམ་མམ་གཙུབ་ཤིང་མེ། །

རླུང་གཡབ་ཀྱིས་སྦར་ལས་ཀྱིས་བསང་། །སྦྱང་ཞིང་བསྐྱེད་ནས་རཾ་དཀར་པོས། །མེ་ལྷ་དཀར་པོ་དྲང་སྲོང་ཞི་བའི་ཚུལ། །ཚངས་པའི་སྐུད་པ་དཀར་པོར་ལྡན། །ཕྱག་ན་དབྱུག་པ་བགྲང་ཕྲེང་དང་། །གུནྡྷེ་སྐྱབས་སྦྱིན་བསྣམས་པའོ། །འོད་འཕྲོས་སྔར་བཞིན་
སྤྱན་དྲངས་ཏེ། །ཨོཾ་བ་པ་ཀ་ཨགྣ་ཡེ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ཏེ་སྤྱན་དྲང་ངོ་། །བགེགས་བསྐྲད་བསྟིམས་ཏེ་མཆོད་པ་དབུལ། །རྩ་སྔགས་ཉིད་ལ་མཆོད་སྔགས་བཏགས་ཏེ་དབུལ། །ཨོཾ་བ་པ་ཀ་ཨགྣ་ཡེ། ཆེ་གེ་
མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྲེག་རྫས་དབུལ་བར་བྱའོ། །དེ་ཡི་མན་ངག་འོད་ཟེར་ནི། །སུམ་སྐོར་དུ་ནི་བྱ་བ་དང་། །ཉིས་སྐོར་དུ་ནི་བྱ་བ་དང་། །བདག་ཉིད་རབ་ཏུ་ཤེས་པར་བྱ། །བཞི་སྐོར་དག་དང་སློབ་མའོ། །འོད་ཟེར་དཀར་པོ་འཕྲོས་པ་ལས། །ཐུགས་དང་སྙིང་ག་བརྒྱུད་པ་
དང་། །གསུམ་ནས་ངག་ལ་བརྒྱུད་པ་དང་། །དབུ་ནས་མགོ་ལ་བརྒྱུད་པ་ཡི། །ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱང་། །རྩ་བ་གསུམ་འདུས་བསྐང་བར་བྱ། །སྤྱི་བོའི་གཙུག་ནས་བརྩམས་ནས་ནི། །སྡིག་དང་སྲིན་བུ་ཟད་པའི་ཕྱིར། །དམར་པོས་བསྲེག་ཅིང་དཀར་པོས་བཀྲུ། །སྒོ་དགུ་
དག་ནས་བསྡུ་བ་དང་། །ཐམས་ཅད་ཀུན་ནས་བསྡུ་བ་དང་། །སྙིང་གར་བསྡུས་ནས་དབྱུང་བ་དང་། །ཏིལ་གྱིས་གཟུགས་བརྙན་བྱས་ནས་ནི། །སྡིག་པའི་གཟུགས་ལ་དེ་གཞུག་བྱ། །རྫས་རྣམས་བདུད་རྩིས་མཆོད་པས་ནི། །དེ་ནས་སྡིག་པ་དེ་བསྲེག་བྱ། །ཡང་ན་རྫས་ལ་བསྟིམས་ཏེ་
བསྲེག །ནད་རྣམས་ཞི་བར་བྱེད་པ་ནི། །ནད་ཀྱི་མིང་ནས་སྨོས་ནས་ནི། །གོང་མ་དེ་བཞིན་བསྲེག་པའམ། །ནད་ཀྱི་མིང་དང་གཟུགས་བྲིས་ལ། །འོད་ཟེར་དམར་པོས་བསྲེགས་ནས་ནི། །དཀར་པོས་སྦྱང་ཞིང་ཞི་བསམས་ལ། །འབྱུང་བའི་དགྲ་རྣམས་དེ་བཞིན་བསམ། །འབྱུང་
པོ་ཀུན་དང་དགྲ་ཀུན་ཡང་། །འོད་ཟེར་བཀྱེ་བས་ཞི་བར་བསམ། །གཟུགས་དང་མིང་བྲིས་ཞི་བར་བྱ། །སྲེག་རྫས་བདུད་རྩི་འོད་ཀྱིས་མཆོད། །མཆོད་པས་མཉེས་པས་གོང་བཞིན་བསྐོར། །དེ་ལྟ་མིན་ན་འོག་བཞིན་ནོ། །མན་ངག་དེ་ལ་ནན་ཏན་བྱ། །མར་དང་དཀར་གསུམ་

མངར་གསུམ་དང་། །ཡམ་ཤིང་དཀར་པོ་ཞོ་ཅན་དང་། །དེ་ལ་སོགས་པའི་ཐུན་རྫས་རྣམས། །རིམ་པ་བཞིན་དུ་དབུལ་བར་བྱ། །ཏིལ་ནི་མེད་དུ་མི་རུང་ངོ་། །ཐ་མ་དགང་བླུགས་མཐོལ་བཤགས་བྱ། །བསྟོད་ཅིང་ཕྲིན་ལས་བཅོལ་བར་བྱ། །ཐུགས་ཀ་ཉིད་དུ་ཕོ་བྲང་བཅའ། །སྐད་ཅིག་
དེ་གསལ་ཡེ་ཤེས་དགུག །བསྟིམ་ལ་མཆོད་པ་རྣམ་ལྔ་བྱ། །རྩ་སྔགས་མཆོད་སྔགས་བཏགས་ཏེ་དབུལ། །སྲེག་རྫས་ཀུན་ཀྱང་དེ་བཞིན་བྱ། །མན་ངག་རིམ་པ་འདིར་ཤེས་བྱ། །སློབ་དཔོན་ཞལ་ནས་ཤེས་པར་བྱ། །བདུན་ནམ་ཉི་ཤུ་རྩ་གཅིག་དག །བརྒྱ་རྩ་བརྒྱད་ནི་བསྡུས་
རྒྱས་པའོ། །རྩ་ལྔ་ལྔ་བཅུ་བརྒྱ་ཡིས་ནི། །ཇི་ལྟར་འདོད་པ་ཞི་བར་འགྱུར། །སྡིག་པ་ཆེ་བར་གྱུར་ན་ནི། །ཉིས་འགྱུར་གསུམ་ནི་བརྒྱད་བརྒྱའོ། །ཤིན་ཏུ་ཆེ་གྱུར་སྟོང་གི་བར། །དེ་ཡིས་སྡིག་དང་བསོད་ནམས་ནི། །ཆེ་ཆུང་རབ་འབྲིང་ཤེས་པར་བྱའོ། །དེ་ལྟར་བྱས་ན་ངེས་པར་
ཞི། །ཐ་མ་དགང་བླུགས་མཐོལ་བཤགས་བྱ། །བསྟོད་ཅིང་ལས་བཅོལ་གཤེགས་སུ་གསོལ། །ཏིང་འཛིན་བསྡུས་ནས་མེ་ལྷག་མས། །མཆོད་ནས་སྲེག་རྫས་གོང་བཞིན་དབུལ། །དགང་བླུགས་ལ་སོགས་རྫོགས་བྱས་ལ། །ཏིང་འཛིན་བསྡུས་ཏེ་སྤྱོད་ལམ་བྱ། །ཐུན་
གསུམ་སྦྱོར་ཀ་སྦྱིན་སྲེག་ལ། །རྣལ་འབྱོར་ཅན་གྱིས་བརྩོན་པར་བྱ། །སྦྱིན་སྲེག་གི་སྦྱོར་ཀ་སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། ༄༅། །རྒྱས་པའི་སྦྱིན་སྲེག་བྱ་བ་ནི། །མཎྜལ་ཁ་དོག་སེར་པོ་ལ། །ཁྲུ་དོ་ཁྲུ་ཕྱེད་ཁྲུ་གང་དུ། །བསྐོར་ཏེ་གྲུ་བཞིའམ་ཟུར་བརྒྱད་
དུ། །བྱས་ནས་སོར་གཉིས་སོར་བཞི་ཅན། །དབུས་སུ་རིན་ཆེན་འབར་བས་མཚན། །བར་དུ་མེ་རིའི་ཁ་ཁྱེར་སྟེང་། །རིན་ཆེན་རྡོ་རྗེས་བསྐོར་བར་བྲི། །སེར་པོའི་རྒྱན་ཆས་བགོས་ནས་ནི། །བྱང་ཕྱོགས་ངོས་སུ་ཁ་བལྟས་ལ། །བསྐྱེད་པའི་རིམ་པའི་ཚུལ་བསྒོམས་ནས། །ལས་ཀྱི་བུམ་པ་
སྦྱང་སོགས་བྱའོ། །འབྲས་བུ་འོ་མ་ཅན་གྱི་ཤིང་། །ཁ་དོག་སེར་པོ་དབུས་ཀྱི་ཆ། །ཐབ་ཁུང་དབུས་སུ་བརྩེགས་པར་བྱ། །ཁྲུ་གང་ཁྲུ་ཕྱེད་མཛུབ་གང་དུ། །དྲི་ཞིམ་སྤངས་པ་ཡམ་ཤིང་བྱ། །ལས་ཀྱི་བུམ་པས་བསངས་ནས་ནི། །མཆོད་རྫས་སེར་པོ་ལ་སོགས་རྣམས། །གཡོན་དུ་མར་སར་

ཞོ་ལ་སོགས། །མེ་སྦར་བརྟག་ཅིང་ཐབ་ཁུང་སྦྱང་། །ཐབ་བསྐྱེད་མེ་ལྷ་བསྐྱེད་པ་ནི། །སྡེ་ཚན་དྲུག་པའི་གསུམ་པ་དང་། །གཉིས་པ་ལྔ་པའི་དང་པོ་ནི། །བསྐྱེད་པ་ལ་ནི་བསྔགས་པར་གསུངས། །མེ་ལྷ་སེར་པོ་ཞལ་གཅིག་ནི། །ཕྱག་བཞི་ཞབས་གཉིས་དབང་ཆེན་
གདན། །སྤྱན་དྲངས་བསྟིམས་ཏེ་དབང་བསྐུར་རོ། །མཆོད་པ་ལ་སོགས་བྱས་ནས་ནི། །དེ་ནས་སྲེག་རྫས་རྣམས་ནི་དབུལ། །རྩ་སྔགས་ཉིད་ལ་མཐའ་བཞི་རུ། །གཟར་བུ་རིན་ཆེན་རྡོ་རྗེས་བྱའོ། །རྒྱས་པར་བསྟན་པ་ཞི་དང་མཐུན། །མན་ངག་ཉིས་སྐོར་ལ་སོགས་ཀྱང་། །ཞི་དང་
མཐུན་ཏེ་ཁྱད་པར་ནི། །འོད་ཟེར་སྣ་བུག་ཞུགས་ནས་ནི། །སྙིང་ག་དག་ཏུ་ཕྱིན་ནས་ནི། །ལུས་ཀུན་རྩ་ཡི་རླུང་རྣམས་དང་། །བྱང་ཆུབ་སེམས་ནི་གསལ་ཞིང་རྒྱས། །ཡང་ན་འོད་ཟེར་ལུས་ཀུན་ལ། །ཁྱབ་པས་ཚེ་དང་བསོད་ནམས་དང་། །སྟོབས་རྣམས་གང་འདོད་རྒྱས་པར་འགྱུར། །ཐ་
མ་དགང་བླུགས་བསྟོད་པར་བྱ། །དེ་ནི་འབར་བའི་རྣམ་པའམ། །ཐུགས་ཀ་ཉིད་དུ་གོས་སྔོན་ཅན། །བསྐྱེད་ནས་སྤྱན་དྲངས་བསྟིམ་བྱས་ལ། །དབང་བསྐུར་མཆོད་པ་ལ་སོགས་བྱ། །དགང་བླུགས་བསྟོད་ནས་བཤགས་པ་བྱ། །ཡེ་ཤེས་གཤེགས་ནས་ཏིང་འཛིན་བསྡུ། །ཡི་གེ་བཅུ་བདུན་
མཐའ་བསྒྱུར་ལ། །བདུན་ནམ་ཉི་ཤུ་རྩ་གཅིག་ཏུ། །བརྒྱ་རྩ་བརྒྱད་དུ་བཟླས་ཏེ་བྱ། །མེ་ལྷ་རྫས་རྣམས་བསྡུས་ནས་ནི། །ཆོ་ག་ལ་སོགས་གོང་བཞིན་བྱ། །ཉི་ཤུ་རྩ་གཅིག་ནས་བཟུང་ནས། །སྟོང་གི་བར་དུ་ཚུན་ཆད་དུ། །སྦྱོར་བ་གཉིས་པོ་གང་བྱས་ཀྱང་། །ཇི་ལྟར་འདོད་པ་རྒྱས་པར་
འགྱུར། །ཐུན་གསུམ་སྦྱིན་སྲེག་སྦྱོར་ཀ་ལས། །རྣལ་འབྱོར་ཅན་གྱིས་བརྩོན་པར་བྱའོ། །རྒྱས་པའི་སྦྱིན་སྲེག་གི་སྦྱོར་ཀ་སྟེ་གཉིས་པའོ། །སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། ༄༅། །དབང་གི་སྦྱིན་སྲེག་སྦྱོར་ཀ་ནི། །ས་གཞི་དམར་བའི་ཐབ་ཁུང་དུ། །
བྷ་ག་ལྟ་བུའམ་ཟླ་གམ་བྱ། །ཚད་ནི་རྒྱས་པའི་ཆུང་འབྲིང་ངོ་། །ཁ་ཁྱེར་མུ་རན་གཉིས་དང་བཞི། །གྲི་གུག་གམ་གཞུས་ནི་དབུས་སུ་མཚན། །པདྨ་དམར་པོ་འདབ་བརྒྱད་ལའོ། །བུད་ཤིང་དམར་པོ་ཚེར་མའི་ཤིང་། །ཡམ་ཤིང་སོར་ནི་བཅུ་གཉིས་སམ། །སོར་བརྒྱད་ཚད་ལ་དྲི་

མར་བསྐུ། །མཆོད་རྫས་དམར་པོ་གཡས་སུ་གཞག །མར་ལ་སོགས་པའི་སྲེག་རྫས་ནི། །དམར་པོའི་རོ་དང་དྲིས་བསྒྱུར་ནས། །གཡོན་དུ་བཞག་ནས་སྟན་དམར་པོ། །རོལ་པའི་འདུག་སྟངས་ནུབ་ཕྱོགས་བལྟ། །དམར་པོ་ལ་སོགས་རྒྱན་ཆས་བགོ །བུད་ཤིང་བཅེར་ཏེ་
གསང་བར་བྱ། །བསྐྱེད་པའི་རིམ་པ་ཚུལ་བསྒོམས་ནས། །མེ་སྦར་ལ་སོགས་ཆོ་ག་བྱ། །རླུང་གི་ཡི་གེ་བསྔགས་པ་ཡིན། །ཁ་དོག་དམར་པོ་རླུང་ལ་གནས། །སྤྱན་དྲངས་བསྟིམས་ཏེ་དབང་བསྐུར་རོ། །མཆོད་པ་ལ་སོགས་དབུལ་བ་ནི། །མེ་ལྷའི་སྔགས་ལ་མཐའ་བསྐྱུར་ལ། །
ཆོ་ག་ལ་སོགས་རྫོགས་ནས་ནི། །མེ་ལྷའི་ཐུགས་ཀར་ལྷ་བསྐྱེད་ནས། །སྤྱན་དྲངས་ལ་སོགས་ཆོ་ག་བྱ། །འོད་ཟེར་དམར་པོ་འཕྲོས་ནས་ནི། །ལྷ་མཉེས་པས་ནི་དགུག་པར་བསམ། །ཡང་ན་མན་ངག་སྦྱོར་བ་གསུམ། །ཐ་མ་མེ་ཡི་ཆོ་ག་ནི། །མེ་ལྷའི་སྔགས་ཀྱིས་གསུམ་མམ་
བདུན། །ལྷ་ཡི་ཉི་ཤུ་རྩ་བརྒྱད་སྔགས། །བདུན་ནམ་བརྒྱ་ཡི་བར་དུ་བྱ། །དེ་ལྟར་སྦྱིན་སྲེག་སྦྱོར་ཀ་ལ། །ཉིན་མཚན་དུ་ནི་བརྩོན་པར་བྱའོ། །སློབ་དཔོན་བྷ་བས་མཛད་པ་དབང་གི་སྦྱིན་སྲེག་གི་སྦྱོར་ཀ་སྟེ་གསུམ་པ་རྫོགས་སོ།། ༄༅། །གསད་པའི་སྦྱིན་སྲེག་སྦྱོར་ཀ་ནི། །
ཐབ་ཁུང་གྲུ་གསུམ་ཁ་དོག་གནག །རྡོ་རྗེ་གྲི་གུག་ནང་དང་སྟེང་། །བར་དུ་མེ་རི་རྩེ་མོ་འཕགས། །བདུད་རྩི་ལ་སོགས་ཚོན་རྩི་བྱུག །བུད་ཤིང་ནག་པོ་ཚེར་མ་ཅན། །ཡམ་ཤིང་དེ་མཐུན་བཅུ་གཉིས་ཚད། །མཆོད་རྫས་ལ་སོགས་ནག་པོ་ཤིས། །ཚིལ་ཆེན་མར་ནག་ལ་སོགས་པའི། །
ཁྱད་པར་གདོང་པ་ཅན་གྱི་ཤ །རྒྱུད་ལས་བྱུང་བའི་སྲེག་རྫས་ཤིས། །ནམ་ཕྱེད་ཉིན་ཕྱེད་དུས་དག་ཏུ། །ས་གཞི་མཐོ་བའི་སྟན་དག་ལ། །བརྐྱང་བསྐུམ་ལ་སོགས་རྒྱན་ཆ་རྫོགས། །བསྐྱེད་རིམ་ཚུལ་དུ་བྱས་ནས་ནི། །མེ་སྦར་ལ་སོགས་ཆོ་ག་བྱ། །མེ་ལྷ་གང་འདོད་བསྐྱེད་ནས་ནི། །ཡེ་ཤེས་
སྤྱན་དྲངས་མཆོད་སོགས་དབུལ། །རྣལ་འབྱོར་སྦྱོར་ཀའི་མན་ངག་ནི། །འདི་ནི་ཤིན་ཏུ་ཟབ་ཅེས་པས། །གཟུ་ལུམས་རྟོག་གེ་དགག་པའི་ཕྱིར། །སློབ་དཔོན་ཞལ་ལས་ཤེས་པར་བྱའོ། །ལྷ་ཡི་ཆོ་ག་རྫོགས་ནས་ནི། །མེ་ལྷ་བསམས་ཏེ་བསང་བྱས་ལ། །རྫས་རྣམས་ཐམས་ཅད་བསྡུས་ནས་

ནི། ཆོ་ག་ལ་སོགས་རྫོགས་བྱའོ། །དྲག་པོ་ལས་ཀྱི་སྦྱོར་ཀ་སྟེ་བཞི་པ་རྫོགས་སོ།། ༄༅། །བསྡུས་པ་ལས་ཀྱི་སྦྱོར་ཀ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །གོང་མ་བཞིན་དུ་ཤེས་བྱས་ལ། །བརྐོ་ཞིང་བྲུ་བ་མ་ནུས་པས། །མཎྜལ་བདུད་རྩིས་བྱུགས་ནས་སུ། །
ཚོན་རྣམས་ཀྱིས་ནི་བྲི་བར་བྱ། །དེ་ནས་ཆོ་ག་རྫོགས་བྱའོ། །ཤིན་ཏུ་བསྡུས་པའི་སྦྱོར་ཀ་ནི། །མཎྜལ་བྱས་ལ་མེ་ཏོག་དགྲམ། །སྐད་ཅིག་ལྷར་བསྐྱེད་བྱིན་བརླབས་ལ། །བསྲུང་བའི་ཆོ་ག་བྱས་ནས་ནི། །ཆོ་ག་ལ་སོགས་རྫོགས་བྱའོ། །ཁྱད་པར་ཞི་བ་དངུལ་དང་ནི། །ཁར་བ་དག་ནི་ཤིས་པ་
སྟེ། །རྒྱས་པའི་གསེར་དང་ར་གན་དང་། །དབང་གི་ཟངས་ལ་དྲག་པོའི་ལྕགས། །ཁྱི་ཡི་ཐོད་པའང་བྱ་བར་གསུངས། །དབྱིབས་རྣམས་སོ་སོར་བྱས་པའམ། །ཡང་ན་བསམས་ཏེ་བྱས་པའོ། །དེ་རྣམས་རྙེད་པར་མ་གྱུར་ན། །ས་ནི་རིན་ཆེན་དང་འདྲ་བས། །ཁམ་ཕོར་སྣོད་རྣམས་ཀུན་ལ་ནི། །སོ་
སོའི་དབྱིབས་ནི་བྱས་པ་དང་། །བསམས་ཏེ་བྱིན་གྱིས་བརླབས་བྱས་ལ། །ཆོ་ག་ལ་སོགས་རྫོགས་བྱའོ། །སྦྱིན་སྲེག་ལས་ཀྱི་སྦྱོར་ཀ་རྣམས། །རྣ་བར་བརྒྱུད་པའི་རིམ་པ་ཡིས། །རྒྱུད་ལ་གབ་པའི་དོན་རྣམས་ཀུན། །བདག་གིས་སྒྲུབ་པ་པོ་ལ་བསྟན། །འདི་བསྟན་པ་ཡི་དགེ་བས་ནི། །ཐམས་
ཅད་བྱང་ཆུབ་ཐོབ་པར་ཤོག །སྦྱིན་སྲེག་ལས་ཀྱི་ཆོ་ག སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཱམྦ་ར་དྷ་ར་ཧོ་ཏྲྀ་བི་དྷིཿ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག །དཔལ་གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །མན་ངག་
རིམ་པ་དྲན་ཙམ་ཞིག །སློབ་མའི་དོན་དུ་བཤད་པར་བྱ། །སྔོན་དུ་བསྙེན་པ་རྫོགས་པ་ཡིས། །སྒྲུབ་པ་ཡི་ནི་དུས་དག་ཏུ། །སྦྱིན་སྲེག་དག་གིས་གསད་པར་བྱ། །ས་བརྟག་བསླང་ཞིང་སྦྱང་བ་དང་། །བྱིན་གྱིས་བརླབ་ཅིང་བསྲུང་བ་དང་། །སྙིང་པོ་དག་ཏུ་བྱ་མི་དགོས། །མཎྜལ་གྲུ་གསུམ་ལྷོ་ཕྱོགས་
བསྟན། །ཁྲུ་གང་ཚད་ལ་ཕྱེད་བརྐོས་ནས། །གསུམ་དོར་གསུམ་ནི་ཁ་ཁྱེར་རོ། །བདུད་རྩི་སོགས་ཚོན་ནག་པོར་བྱ། །དེ་དབུས་རྡོ་རྗེ་སྟེང་ཡང་དེ། །བར་དུ་མེ་རི་རྩེ་མོ་འཕགས། །བུད་ཤིང་གནག་ཅིང་གདུག་པའི་ཤིང་། །ཐབ་ཀྱི་ཚད་ལས་སོར་མཐོ་ཙམ། །ཡམ་ཤིང་དེ་མཐུན་བཅུ་གཉིས་ཚད། །

མཆོད་རྫས་ནག་པོ་ལ་སོགས་ཤིས། །སྲེག་རྫས་མར་ནག་རུས་ཁྲག་ཤ། །སྐྱེ་ཚེ་ཤང་ཚེ་ཡུངས་ཀར་དང་། །དེ་ལ་སོགས་པའི་ཐུན་རྫས་བྱ། །རྫས་དེ་རྣམས་ཀྱིས་གཟུགས་བརྙན་བྱ། །མཆོད་རྫས་གཡས་ལ་སྲེག་རྫས་གཡོན། །བྱིན་གྱིས་བརླབ་ཅིང་གཞག་པར་བྱ། །དགང་
གཟར་བླུགས་གཟར་གཞན་དང་མཐུན། །ཡང་ན་ལག་པ་དག་གིས་བྱ། །དེ་གཉིས་རྡོ་རྗེ་དྲིལ་བུ་ཡང་། །མདུན་ཉིད་དུ་ཡང་གཞག་པར་བྱ། །བཟང་ངན་དེ་ནི་བྱ་མི་དགོས། །ལས་ཀྱི་བུམ་པས་ཐམས་ཅད་བསང་། །དུས་ནི་ནམ་ཕྱེད་ཉིན་ཕྱེད་བྱ། །རྒྱན་ཆ་གོན་ལ་ལྷོ་ཕྱོགས་བལྟ། །
གཡོན་བརྐྱང་འདུག་སྟེ་དྲག་ཏུ་བཟླས། །མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུ། །དང་པོ་བསྐྱེད་པ་སྔོན་སོང་ནས། །མེ་སྦར་བརྟག་ཅིང་བགེགས་བཟློག་བྱ། །བཟང་ན་དེ་ནི་བྱ་མི་དགོས། །ཐ་མས་སྦྱང་ཞིང་བསྐྱེད་པ་དང་། །ཆོ་ག་གསུམ་དང་སྐད་ཅིག་མས། །མེ་ལྷ་ནག་པོ་ཁྲོས་
པ་བསྐྱེད། །ཡེ་ཤེས་མེ་ལྷ་སྤྱན་དྲངས་བསྟིམ། །གཉིས་སུ་མེད་པར་རྒྱས་བཏབ་ལ། །མེ་ལྷའི་སྔགས་ལ་མཆོད་སྔགས་བཏགས་ཏེ་དབུལ། །དེ་ནས་སྲེག་རྫས་དབུལ་བར་བྱ། །དེ་དག་དབུལ་བའི་མན་ངག་ཀྱང་། །ཁྲོ་བོ་དག་གི་ཆོ་འཕྲུལ་གྱིས། །གཟུགས་བརྙན་དགུག་
བསྟིམ་གཏུབས་ཏེ་དབུལ། །ཡང་ན་རྫས་མཆོད་མཉེས་པ་ལས། །འོད་ཟེར་ཁྲོ་བས་དགུག་ཅིང་བསྲེག །མན་ངག་དེ་ལ་ནན་ཏན་བྱ། །ཨོཾ་བཛྲ་ཀྲོ་དྷ་ཨགྣེ། ཆེ་གེ་མོ་མཱ་ར་ཡ་ཕཊ། སྟོང་རྩ་བརྒྱད་ནས་བརྒྱ་རྩ་བརྒྱད། །ཉི་ཤུ་རྩ་གཅིག་བར་དུའོ། །ཡང་ན་བསོད་ནམས་དག་
གི་རིམ་པ་ཡིས། །བརྒྱ་དང་སྟོང་དང་ཁྲི་རུ་བྱ། །དེ་ལྟར་བྱས་པས་དེ་གསོད་ཅིང་། །ཁྱད་པར་དུ་ནི་འབྱུང་པོ་གསོད། །ཐ་མ་དགང་བླུགས་བསྟོད་བྱའོ། །དེ་ཡི་ཐུགས་ཀར་གོས་སྔོན་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲང་བསྟིམ། །རྒྱས་བཏབ་མཆོད་པ་གོང་བཞིན་དབུལ། །དེ་
ནས་སྲེག་རྫས་རིམ་བཞིན་དབུལ། །རྩ་སྔགས་ཉིད་ཀྱིས་དབུལ་བར་བྱ། །གོང་གི་མན་ངག་ཤེས་པར་བྱ། །དགང་བླུགས་ཕུལ་ལ་བསྟོད་པར་བྱ། །ཕྲིན་ལས་བཅོལ་ཞིང་གཤེགས་སུ་གསོལ། །ཏིང་འཛིན་བསྡུས་ཏེ་མེ་ལྷ་བསང་། །རྫས་རྣམས་ཐམས་ཅད་བསྡུས་ནས་ནི། །མེ་

ཡི་ལྷ་ལ་དབུལ་ཞིང་བསྟོད་པ་བྱ། །ཕྲིན་ལས་བཅོལ་ཞིང་གཤེགས་སུ་གསོལ། །ཏིང་འཛིན་བསྡུས་ཏེ་སྤྱོད་ལམ་བྱ། །སློབ་མ་རྣམས་ཀྱི་དོན་ཆེད་དུ། །བདག་གིས་མན་ངག་འདི་བཀོད་པས། །སློབ་དང་སེམས་ཅན་ཐམས་ཅད་ཀྱང་། །གོས་སྔོན་དངོས་གྲུབ་
ཐོབ་པར་ཤོག །སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། ༄༅། །དུས་བཞི་རྩོད་པ་རྒྱས་དུས་སུ། །སྒྲུབ་པ་པོ་ཡང་མང་འབྱུང་ཞིང་། །དམན་ལ་མོས་པའང་མང་དུ་འབྱུང་། །བླ་མར་གུས་པའང་དཔག་ཏུ་མེད། །དེ་འདྲའི་སེམས་ཅན་དཔག་མེད་ཀྱང་། །བསྡུ་ན་གསུམ་དུ་
འདུས་འགྱུར་ཏེ། །སྤྲུལ་དང་ཁ་དོག་རྗེས་འཇུག་པའོ། །རྗེས་འཇུག་གཉིས་སུ་ཤེས་པར་བྱའོ། །སྤྲུལ་ལ་མཐུན་འཇུག་སྦྱང་བ་མེད། །སྤྲུལ་རྗེས་འཇུག་གི་གང་ཟག་ལ། །དམ་ཚིག་ཉམས་པ་མང་འབྱུང་ཡང་། །ཉམས་པ་རྣམ་པ་གསུམ་དུ་འདུས། །ལུས་ངག་ཡིད་དུ་ཤེས་
པར་བྱ། །ལུས་ཀྱི་དམ་ཚིག་ཉམས་པ་ནི། །ཚ་ཚས་སྦྱོངས་ཏེ་ཚོགས་སྦྱོར་ལྟོས། །ངག་གི་ཉམས་པ་བཟླས་པས་འདག །ཡིད་ཀྱི་ལྷ་ཡི་སྦྱོར་ཀར་ལྟོས། །ཐུན་མོང་སྦྱིན་སྲེག་ཚོགས་གཏོར་རྣམས། །ཕན་འདོགས་སྦྱོར་ཀར་བལྟ་བར་གྱིས། །ནུས་པ་ཆུང་བའི་རྣལ་འབྱོར་པས། །མ་
བཤགས་མཎྜལ་གྱིས་སྦྱང་བྱ། །མཎྜལ་བསྡུ་ན་རྣམ་གཉིས་ཏེ། །ཡིད་ཀྱིས་བསམས་དང་དངོས་བྱེད་པའོ། །དངོས་བྱེད་སྐྱོན་སྤངས་གཉེན་བཞི་ལ། །བརྒྱའམ་ལྔ་བཅུ་ཉི་ཤུ་ལྔ། །ལྔའམ་བསྡུས་པ་གཅིག་ཀྱང་བྱ། །དབྱིབས་ལེགས་མཛེས་པ་བཤམ་པར་བྱ། །ཁ་དོག་ཀུན་ནས་སྔོ་ཡང་རུང་། །
དཀར་པོ་མཐིང་ག་སེར་དམར་བྱ། །ཡང་ན་ཡིད་དང་མཐུན་པའང་རུང་། །ཚད་ནི་ཁྲུ་གང་ཡན་ཆད་བྱ། །ཚོན་ནི་དཀར་རྩི་ཡུང་བ་དང་། །སྔོ་རྩི་གུར་གུམ་མཚལ་གྱིས་བྱ། །བ་ཡི་རྣམ་ལྔ་བདུད་རྩི་ལྔ། །དུམ་བུ་གཅིག་པར་བཞག་ནས་ཀྱང་། །དྲི་ཞིམ་པ་ཡི་སྨན་གྱིས་བསྒོ། །བདུད་རྩི་
ལྔ་དང་ཐུན་མོང་རྫས། །གསེར་སོགས་ཁ་རྒྱན་ལྔ་ལྡན་དུ། །བཅུག་ལ་བྱིན་བརླབས་ཚུལ་བཞིན་བྱ། །རང་ཉིད་ཆོ་ག་གསུམ་གྱིས་བསྐྱེད། །བདུད་རྩི་འཁྱིལ་པའི་སྔགས་འདིས་གདབ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། བྱིན་བརླབས་བཀྲ་ཤིས་རྫས་དང་སྲེག །དེ་ཡིས་ཐམས་ཅད་

བསང་བར་བྱ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཡུངས་ཀར་ལ་གདབ་འབྱུང་པོ་བསྲེལ། །རང་གི་སྙིང་གའི་ཡིག་འབྲུ་ལས། །འོད་འཕྲོས་ཡི་གེ་ཨ་རུ་གྱུར། །དེ་འཕྲོས་ཏཾ་གི་ཡི་གེ་ལས། །ས་གཞི་རིན་ཆེན་བཞི་རུ་གྱུར། །སྔགས་འདི་བཏབ་པས་བཟླས་པར་འགྱུར། །ཨོཾ་
ཨ་ཙནྡྲ་མཎྜལ་ཧཱུཾ། གྲངས་ཉི་ཤུ་རྩ་གཅིག་ཏུ་བཟླས། ཨོཾ་རཏྣ་ཏྲཾ་མཎྜལ་ཧཱུཾ། ཙནྡན་ག་པུར་གླ་རྩི་སོགས། །མཛེས་པའི་སྣོད་དུ་བཞག་པ་ལ། །འོད་འཕྲོས་པས་ནི་དྷཱུ་ཡིག་ཐིམ། །བདུག་པའི་མཆོག་ཏུ་གྱུར་པར་བསམ། །རྣལ་འབྱོར་འབྱོར་པ་ཆུང་གྱུར་ཡང་། །ཙནྡན་མེད་དུ་མི་རུང་
ངོ་། །རྒྱན་གྱི་མེ་ཏོག་ལྔ་གསུམ་སོགས། །གཅིག་སོགས་ཡང་ན་ལྔ་གྲངས་བསྟུན། །དེ་སྟེང་པཾ་ལས་པདྨ་བྱ། །སྔགས་འདིས་བདག་པོའི་རྐྱེན་བྱའོ། །ཨོཾ་པདྨ་མཎྜལ་ཧཱུཾ། སྟོང་ལྡན་འབུམ་ལྡན་དུ་གྱུར་བསམ། །དེ་ཡི་སྟེང་དུ་བྷྲཱུཾ་ཡིག་ལས། །གཞལ་ཡས་ཁང་ནི་མཛེས་པ་བསམ། །
བཛྲ་རེ་ཁཱའི་སྔགས་ནི་ཀུན་ལ་གདབ། །སྙིང་གའི་འོད་ཀྱིས་བྱིན་གྱིས་བརླབས། །མཆོད་རྫས་པདྨ་མདུན་དུ་བསྐྱེད། །རྒྱུན་ནི་གོང་གི་ཡི་གེ་ལས། །དེ་དག་ཐམས་ཅད་རྫོགས་པ་ནི། །ཉམས་པ་དགོས་པ་གཞན་མོས་འཇུག །དེ་འོག་དམ་ཚིག་ཉམས་པ་ཀུན། །ལུས་བཀྲུ་གོས་བཟང་
རྒྱན་ཆ་བགོ། །ལྷར་བསམ་རྡོར་དྲིལ་སྔགས་བྱིན་བརླབ། །ས་བོན་ཡི་གེ་འོད་ཟེར་གྱིས། །ལྷ་མོ་བཞི་བསྐྱེད་ལྷ་སྤྱན་དྲངས། །གསོལ་བ་གདབ་ལ་རྩ་སྔགས་གདགས། །བླ་མ་མི་བསྐྱོད་གྱུར་སོགས་ལ། །ཕྱག་འཚལ་མཆོད་པ་ཐམས་ཅད་བྱ། །རྒྱུད་ལས་བྱུང་བའི་བསྟོད་པ་བྱ། །མཉེས་པས་
འོད་ཟེར་རང་འདུས་པས། །རང་གི་སྙིང་གའི་པདྨ་ལ། །ཀཾ་དང་ན་ལ་སྡིག་པ་བསྡུ། །སྡོམ་ནག་གཟུགས་སུ་གྱུར་བསམས་ཏེ། །ཕྱིར་འགྲོ་རླུང་གིས་མདུན་དུ་དབྱུང་། །སྡིག་པའི་གཟུགས་དབྱུང་སྔགས་ཀྱིས་བསྲེག །ལུས་ངག་སོ་སོའི་སྡིག་སྦྱོང་བ། །སོ་སོའི་གནས་སུ་ནི་བསམས་ཏེ། །
སོ་སོའི་སྡིག་པ་འདུས་ནས་བྱུང་། །གསོད་པ་ཁྲོ་བའམ་གོང་སྦྱོར་བཞིན། །ཡང་ན་ལུས་ཀྱི་སྲོག་ཆགས་གཟུགས། །ངག་གི་ཡིག་འབྲུ་སེམས་ཀྱི་འོད། །གཟུགས་སུ་དབྱུང་སྟེ་རྒྱུད་ལས་འབྱུང་། །ཡང་ན་ལྷ་ཡི་འོད་ཟེར་གྱིས། །བ་སྤུའི་བུ་ག་ཀུན་ཁྱབ་སྟེ། །རྒྱུད་ཀྱི་སྡིག་པ་བསྲེགས་པར་བསམ། །

དེ་འོག་འོད་ཟེར་དཀར་པོའི་རྒྱུན། །བདུད་རྩི་ལྟ་བུས་ལུས་ཁྱབ་ནས། །གསོས་ནས་མཆོག་ཏུ་གྱུར་པར་བསམ། །ཡང་ན་བརྒྱ་རྩ་རྩ་བའི་སྔགས། །བཟླས་པས་གོང་བཞིན་སྡིག་པ་སྦྱོང་། །ཡི་གེ་བརྒྱ་པའི་དབང་པོར་བསྒྱུར། །བརྒྱ་རྩ་སྔགས་འབུམ་བཟླས་པ་
དང་། །སུམ་ཆ་ཕྱེད་ཕྲི་རབ་ཉམས་སྦྱོང་། །སུམ་གཉིས་སུམ་ཆ་སུམ་ཆ་དང་། །སུམ་གཉིས་ཕྲི་བས་འབྲིང་གསུམ་སྦྱོང་། །དེ་ལས་ཕྱེད་ཕྱེད་ཕྲི་བས་ནི། །ཐ་མའི་ཉམས་པ་རྣམ་གསུམ་སྦྱོང་། །སུམ་བརྒྱ་ཉིས་བརྒྱ་ལྔ་བཅུ་དང་། །ཉི་ཤུ་རྩ་གཅིག་བཟླས་པས་ནི། །ཡན་ལག་ཆེ་ཆུང་
ཉམས་པ་སྦྱོང་། །དེ་འོག་ཞི་བའི་སྦྱིན་སྲེག་བྱ། །ནུས་པ་ཡོད་ན་ཚོགས་འཁོར་བྱ། །དེ་འོག་བུམ་པ་རྣམས་བསམས་ཏེ། །གཅིག་ཏུ་ལྷ་མོ་རྣམས་བསྐྱེད་དེ། །གཅིག་ཏུ་རྡོར་འཛིན་མི་བསྐྱོད་པ། །བསྐྱེད་ནས་བྱིན་བརླབ་ཚུལ་བཞིན་བྱ། །དང་པོ་ལྷ་མོས་ཁྲུས་བྱས་ཏེ། །རྡོ་རྗེ་འཛིན་
པས་གཉིས་མེད་བསམ། །མི་བསྐྱོད་བུམ་པས་དབང་བསྐུར་བས། །ཡང་ན་གཉིས་ཀས་དབང་བསྐུར་བྱ། །དེ་འོག་མཆོད་ནས་འོད་ཁྲུས་བྱ། །དེ་འོག་བཀྲ་ཤིས་ཚིགས་བཅད་བརྗོད། །གོང་གི་སྦྱོར་བ་རྫོགས་པ་ཀུན། །དམ་ཚིག་ཉམས་པའི་མཎྜལ་ཡིན། །དེ་ལས་གཞན་དུ་གཅིག་
ཀྱང་རུང་། །རྫོགས་ལ་བརྟན་པ་མ་ཐོབ་པར། །མཎྜལ་འཇོག་ན་མཁའ་འགྲོས་གསོད། །རྣལ་འབྱོར་སྤྱོད་ལམ་མ་ཞུགས་པར། །གོང་མའི་མཎྜལ་དེ་དག་ཀུན། །ཡིད་ཀྱིས་མདུན་དུ་བསམ་བྱས་ནས། །ཡིད་ཀྱིས་དབུལ་བ་ཡིད་ཀྱིས་ཡིན། །བདུད་རྩི་རྣམ་ལྔའི་དྲི་ཞིམ་རྫས། །བསྐུ་
བ་ནང་གི་ཡིན་པར་འདོད། །ཕྱི་རུ་ཕྱི་ཡི་མེ་ཏོག་ཡིན། །བླ་མ་ལས་བརྒྱུད་མཎྜལ་སྦྱོར་ཀ་འདི། །བློ་ཞན་དོན་དུ་བདག་གིས་ཅུང་ཟད་བསྡུས། །འཁྲུལ་པར་གྱུར་ན་མཁས་རྣམས་བཟོད་པར་མཛོད། །འདི་བྱས་དགེ་བས་གོས་སྔོན་ཅན་ཐོབ་ཤོག །རྣལ་འབྱོར་དབང་གིས་ཉེས་པར་སྣང་། །
བླུན་པོ་ལེགས་པར་བཤད་པ་དམན། །མཐོང་རྒྱ་ཆུང་ན་ཡངས་པའང་དོག །རྒྱུད་དང་མན་ངག་ལ་བརྟེན་ནས། །རྙེད་འདོད་རྣམས་ཀྱིས་འདོད་འདོད་སྤྱད་དུ་མེད། །མ་མཐོང་དོགས་ན་སྐལ་རྣམས་མེད་པར་ཐལ། །སློབ་དཔོན་བྷ་བས་མཛད་པའི་མཎྜལ་གྱི་སྦྱོར་ཀ་རྫོགས་སོ།། །།

༄༅། །རྒྱ་གར་སྐད་དུ། ཀརྨ་ཀྲ་མ་ནཱ་མ་མུཀྟི་ཀཱ་བ་ལི། བོད་སྐད་དུ། ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ། འཇམ་པའི་དབྱངས་དང་རྡོ་རྗེ་བསྣམས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་མཐུ་ལྡན་པས། །ཉོན་མོངས་གདུང་བ་ཞི་བྱེད་པ། །
ཞབས་ཀྱི་པདྨ་ལ་བཏུད་ནས། །དང་བས་ཤིན་ཏུ་གུས་ཕྱག་འཚལ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ལས་ཀྱི་རྡོ་རྗེ་ཕྲེང་བ་འདི། །རྒྱུད་རྣམས་མ་ལུས་སྣ་ཚོགས་ནས། །མན་ངག་དགོས་པ་བཏུས་ཏེ་བཤད། །རྒྱལ་བས་སྔོན་གྱི་དུས་དག་ཏུ། །ཞལ་ནས་གསུངས་པ་ཙམ་
གྱིས་ནི། །སེམས་ཅན་དོན་གྲུབ་གླེགས་བམ་མེད། །དེ་ལྟར་རྩོད་པའི་དུས་སུ་ནི། །པོ་ཏི་དག་ལ་བརྟེན་གྱུར་པས། །བླ་མས་དགོངས་པའི་པོ་ཏི་ལ། །དགའ་བ་ཆེན་པོ་བསྐྱེད་པར་བྱ། །དེ་ནས་མ་ག་གང་ཟག་ལ། །སྟོན་པ་ཐུགས་རྗེ་ཆེ་ལྡན་པས། །སྡུད་པ་རྡོ་རྗེ་གསང་བདག་ལ། །
བརྒྱུད་པ་རིམ་གྱིས་འོངས་པ་འདི། །བཀའ་དང་མི་འགལ་མཐུན་པ་རུ། །བཀའ་ཡི་དོན་ཉིད་དཔྱིས་ཕྱིན་པར། །མན་ངག་རིམ་པ་བསྟན་པ་ལ། །དགའ་བ་ཆེན་པོ་བསྐྱེད་པར་གྱིས། །མན་ངག་འདི་ལྟར་སྟོན་པ་ནི། །སློབ་དཔོན་མཁས་པ་ཡང་དག་ལྡན། །དུས་གསུམ་བདེ་གཤེགས་དང་
མཚུངས་པ། །ཤིན་ཏུ་དྲིན་ཆེ་གུས་པས་བསྟོད། །སེམས་ཅན་མུན་ཁང་འཁྱམས་པ་ལ། །མར་མེ་བསྟན་པས་ལམ་རྙེད་བཞིན། །འཁོར་བར་འཁྱམས་པའི་སེམས་ཅན་ལ། །མན་ངག་རིན་ཆེན་འདི་བསྟན་པས། །ཕྱག་རྒྱ་མཆོག་གི་ལམ་རྙེད་འགྱུར། །དེ་བས་ཤིན་ཏུ་དྲིན་ཆེ་བས། །
ཡུལ་ཞིང་སྣེ་ཕྲན་བཅས་པ་དང་། །རིན་ཆེན་ལ་སོགས་ནོར་རྫས་དང་། །བུ་དང་ཆུང་མ་བྲན་འཁོར་བཅས། །སྲོག་ལུས་མན་ཆད་ཕུལ་གྱུར་ཀྱང་། །བླ་མའི་སྐུ་དྲིན་འཁོར་མི་འགྱུར། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་མཉེས་པར་མི་བྱེད་ན། །མན་ངག་ཐོབ་ཀྱང་ལྟུང་བར་འགྱུར། །
གཞན་ཡང་རྒྱུད་ནི་སྣ་ཚོགས་ལས། །བསྟན་པ་བསྲུང་བའི་དོན་སླད་དུ། །མཐུ་ཡི་སྦྱོར་བའི་མན་ངག་རྣམས། །དགོས་པ་བསྡུས་ཏེ་བསྟན་པར་བྱ། །དེ་ལྟའི་བླ་མ་རིན་ཆེན་ལ། །གོང་མ་བཞིན་དུ་ཤེས་པར་བྱ། །མན་ངག་བསྟན་པའི་སློབ་མ་ལ། །རྣམ་པ་བཞི་རུ་ཤེས་བྱས་ལ། །ཕྱི་

ལྟར་ནང་ལྟར་གསང་བ་ལྟར། །དེ་ཁོ་ན་ཉིད་བཞི་རུ་བསྟན། །ཕྱི་ལྟར་བསྟན་པའི་སློབ་མ་ཡང་། །དང་པོ་དཀྱིལ་འཁོར་བཅུག་ནས་ནི། །བུམ་པའི་དབང་བསྐུར་རྫོགས་བྱས་ལ། །མི་ཟད་དབྱིངས་ཀྱི་ཆོས་རྣམས་བཤད། །དེས་སུ་རྟོགས་པའི་རིམ་པ་ནི། །ཐུན་མོང་
དམ་ཚིག་ཉམས་བླངས་ལ། །ཉམས་ན་བཤགས་ལ་བརྩོན་པར་བྱ། །ཉམས་པ་ཆེན་པོ་བྱུང་བ་ན། །བཤགས་ནས་རིམ་པར་བསྐྱར་བར་བྱ། །དེ་ནི་སློབ་དཔོན་ཉིད་ལས་བླང་། །གཞན་གྱི་སྐབས་དང་སྦྱོར་ཤེས་བྱ། །ཁྲུས་ལ་སོགས་པའི་རྣལ་འབྱོར་རྣམས། །ཉམས་སུ་བླངས་ཏེ་སྤྱད་
པར་བྱ། །དེ་ཡི་རྣལ་འབྱོར་མོས་པ་ནི། །མས་མཐའ་ཐུན་ཚོད་ཆུང་ངུ་གཅིག །ཉིན་ཞག་འདས་ན་ཉམས་པར་འགྱུར། །དང་པོར་བསྐྱེད་རིམ་བསྒོམ་པ་ནི། །རིམ་གྱིས་སམ་ནི་ཅིག་ཅར་དུ། །བསྐྱེད་པ་བརྟན་པར་གྱུར་པའི་ཆད། །ཐུན་ཚོད་ཆེན་པོ་བརྟན་པ་དང་། །ཁ་དོག་སྤྲོས་པར་ཤེས་
པ་དང་། །ལུས་ངག་ཡིད་གསུམ་སྐྱོན་རྣམས་ནི། །རིམ་གྱིས་བྲི་བར་གྱུར་པ་དང་། །ཁྱད་པར་ལུས་ཀྱི་སྐྱོན་བྲིའོ། །ལུས་ཀྱི་མདོག་བཟང་ལུས་སྙོམས་དང་། །ཡུན་རིངས་བཏང་ཡང་མི་ཚོར་ན། །བསྐྱེད་པའི་རིམ་པ་བརྟན་པའི་ཚེ། །དེ་ནས་གསང་དབང་བསྐུར་ནས་ནི། །ནང་ལྟར་
བསྟན་ནས་རིམ་གྱིས་བསྒོམ། །དེ་ལྟར་ཕྱི་ཡི་གང་ཟག་ནི། །དེ་ནས་མར་ལ་འགྲོ་བ་དཀོན། །སྐྱེ་བ་འདི་རྗེས་ཕྱི་མ་རུ། །རྟེན་དང་དབང་པོ་ཁྱད་པར་འགྱུར། །དེ་ནི་རིམ་གྱིས་འབྲས་བུ་ཐོབ། །ནང་ལྟར་བཤད་པའི་སློབ་མ་ནི། །ཕྱི་ལྟར་ཐུན་མོང་སྔོན་དུ་འགྲོ། །ནང་ལྟར་མན་ངག་
ཁྱད་པར་བསྟན། །དེ་ནས་རླུང་དང་གཏུམ་མོ་དང་། །ཡིག་འབྲུ་ཐིག་ལེ་རྣམས་ལ་བསླབ། །དེ་ཡང་གསང་དབང་བསྐུར་ནས་ནི། །རླུང་དང་ཡིག་འབྲུ་བསྒོམ་པར་བྱ། །དེ་ལ་བརྟན་པར་གྱུར་ནས་ནི། །སྣང་བ་གསུམ་ལ་རིམ་གྱིས་བསླབ། །དེ་ནས་ཚེ་ནི་ནམ་འཕོས་ནས། །
གོང་མ་རྣམས་ལ་རིམ་གྱིས་བསླབ། །གསང་བ་ལྟར་ནི་བསྟན་པ་ཡིས། །སློབ་མ་དེ་ལ་གོང་མ་གཉིས། །ཐུན་མོང་དུ་ནི་སྔོན་དུ་འགྲོ། །ཤེས་རབ་ཡེ་ཤེས་དབང་བསྐུར་ནས། །གཉིས་པོ་ལ་ནི་ཞུགས་ནས་སུ། །མན་ངག་སྟོབས་ཞུགས་ཏིང་འཛིན་གྱིས། །བདེ་བ་ཡེ་ཤེས་རིམ་སྐྱེས་

ནས། །སྣང་བ་མཆེད་པར་གྱུར་པས་སུ། །ཀུན་རྫོབ་སྒྱུ་མ་ཇི་བཞིན་པ། །ཐུགས་སུ་ཆུད་པའི་སྟོབས་ཀྱིས་ནི། །ལྷན་ཅིག་དགའ་བ་ལ་ཞུགས་པས། །སྤྲོས་མེད་འོད་གསལ་དེ་བཞིན་ཐོབ། །དེ་ནས་རིམ་གྱིས་མཐར་ཐུག་ས། །ཐོབ་པར་དེ་ནི་མ་གྱུར་ཀྱང་། །ཚེ་དབང་བསྒྲུབ་པས་ཐོབ་
པའམ། །ཡང་ན་རྫས་དང་མན་ངག་དང་། །ཐབས་ཀྱི་སྦྱོར་བ་ལ་སོགས་ཀྱིས། །ཕུང་པོ་བཞུ་བཏུལ་བྱས་ནས་སུ། །གསེར་འགྱུར་རྩི་བཞིན་གྱུར་ནས་ཀྱང་། །དེ་ནས་རིམ་གྱིས་འགྲོ་བའམ། །ཡང་ན་འཆི་བར་གྱུར་ན་ནི། །བྱང་ཆུབ་སེམས་ཀྱི་མན་ངག་བླང་། །དེ་ལྟར་མི་འདོད་
མན་ངག་བླངས། །སྐྱེ་བ་ཕྱི་མ་དག་ཏུ་ནི། །མཐར་ཐུག་པ་ནི་ཐོབ་པར་འགྱུར། །དེ་ཡང་། །ཚེ་དབང་བསྒྲུབ་པའི་མན་ངག་ནི། །ཚེ་དབང་བསྒྲུབ་པའི་རྣལ་འབྱོར་ནི། །དམ་ཚིག་ལྡན་ཞིང་ཡོན་ཏན་ལྡན། །སྐྱོན་སྤངས་དབང་ཐོབ་མན་ངག་ཐོབ། །རྒྱུད་ཀྱི་དོན་མཁས་ཆ་རྐྱེན་ཚང་། །དམ་ཅན་
མཁའ་འགྲོ་བསྟེན་པ་ཡིས། །ལུང་བསྟན་ཕྲ་མོ་ཐོབ་ནས་ཀྱང་། །ཚེ་སྲོག་ཉམས་པ་འཚོ་བར་བྱེད། །དེ་ཡང་། ཚེ་ཡི་རང་བཞིན་གནས་དང་ནི། །མིང་ཞེས་བྱ་བའི་རྣམ་གྲངས་ནི། །དེ་ཡི་ཚེ་ཡི་རང་བཞིན་ནི། །འོད་ཟེར་ཁ་དོག་ལྔ་དཀྱིལ་ན། །ཐིག་ལེ་བྱང་ཆུབ་སེམས་ཞེས་བྱ། །དཀར་
ལ་འཚེར་ཞིང་སྣུམ་ལ་འགྲིལ། །དེ་ཡང་ཆེ་ཆུང་རབ་འབྲིང་གསུམ། །སྲན་མ་ཡུངས་འབྲུ་ཤིན་ཏུ་ཕྲ། །མུ་སྟེགས་དག་གིས་དེ་ལ་འཁྲུལ། །རྟག་པ་མི་འགྱུར་གཅིག་པུར་འཛིན། །དེ་ནི་དམ་པའི་དོན་དུ་འདོད། །འཇིག་རྟེན་པ་ཡི་སྐད་དུ་ནི། །བླ་དང་ཚེ་ཞེས་ཀྱང་ནི་ཟེར། །བདག་ཅག་
རྣལ་འབྱོར་པ་ཡི་གཞུང་། །དེ་ནི་ཀུན་རྫོབ་སྒྱུ་མར་འདོད། །དམ་པའི་དོན་དུ་རང་བཞིན་མེད། །གནས་ནི་ཙིཏྟའི་དཀྱིལ་ན་གནས། །དེ་ཡང་རྩ་བརྒྱད་དཀྱིལ་ན་གནས། །ཤིན་ཏུ་རྟོགས་དཀའ་དྷཱུ་ཏཱིའི་ནང་། །དེ་ཉིད་དབྱེ་ན་རྣམ་གསུམ་སྟེ། །དེ་ལ་བརྟེན་པའང་རྣམ་པ་གསུམ། །གཅིག་
ནི་འཆི་བའི་དུས་ཚེ་འབྱུང་། །གཅིག་ནི་ལུས་ཀུན་ཁྱབ་པར་གནས། །དེ་ལ་གཞན་དག་གཉིས་སུ་འདོད། །ཁྱད་པར་གནས་དང་ལས་ཀུན་བྱེད། །ཁ་ཅིག་ཁྱད་བྱེད་དེ་ཀུན་ལ། །ལུད་ཅིང་ཟག་པ་ཐུར་དུ་འབབ། །གཞན་ནི་ཀུན་དུ་ཁྱབ་ཅིང་རྒྱུ། །དེ་ལའང་ལས་ཀྱི་འཕེན་ཤུགས་ཀྱིས། །

མང་པོ་ལ་ནི་རྒྱུ་རུ་འདོད། །སྲོག་དང་དབང་པོ་ཆེ་ཞེས་པ། །མིང་གི་རྣམ་གྲངས་ཉིད་དུ་འདོད། །དེ་ཡང་རླུང་དང་རྩ་དང་ནི། །བྱང་ཆུབ་སེམས་སུ་བྱས་པས་ན། །ཐ་དད་ཉིད་དུ་འདོད་པའང་ཡོད། །ཤེས་པ་བསྡུས་དང་མ་བསྡུས་པ། །གནས་སྐབས་དོན་གྱིས་འཇུག་
པ་ཡིན། །ཚེ་བསྒྲུབ་པའི་ཆོ་ག་ནི། རང་གི་སྙིང་གར་འོད་ཀྱི་གཞལ་ཡས་ཁང་། །དེ་ཡི་དཀྱིལ་ན་ཨ་དཀར་གཉིས། །ཕྲ་འདུས་ཟླ་བ་ཁ་སྦྱོར་གྱུར། །དེ་ནས་ཧཱུཾ་གཉིས་འཕྲོ་འདུ་ལས། །རྡོ་རྗེར་གྱུར་པས་སྟེང་འོག་མནན། །ཚེ་རྣམས་འཕྲོག་པའི་འབྱུང་པོ་དེ། །དྲག་པོ་སྦྱོར་བ་ལ་སོགས་
ཀྱིས། །སྔགས་བརྗོད་ཕྱག་རྒྱ་བཅས་ནས་སུ། །བཅོམ་ཞིང་བརླག་ནས་མེད་པར་བྱས། །ལྷ་མོའི་སྤྲུལ་པས་ཚེ་རྣམས་དགུག །སྔགས་བརྗོད་ཕྱག་རྒྱས་བཀུག་ནས་ཀྱང་། །བསྲུང་ཞིང་ཡེ་ཤེས་ཆེ་ཡང་དབབ། །དབབ་པའི་ཕྱག་རྒྱ་བཅིང་བ་ནི། །རྡོ་རྗེ་སོར་མོ་ནང་བསྣོལ་ཏེ། །མཐེ་
བོང་གཉིས་ཀྱི་ནང་དུ་དབེབ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུཾ། ཨཱ་བེ་ཤ་ཡ་ཨཱ་ཨཱ། ལུས་ལ་མར་རིམ་བཞིན་དུ་བསྟིམ། ཁྱད་པར་སྙིང་གི་དཀྱིལ་དུ་བསྟིམ། །བཾ་ཡིག་དམར་པོ་འཕྲོས་པ་ལས། །མན་ངག་ལ་སོགས་སྦྱོར་བས་བཅིང་། །བསྡུ་ཞིང་གཟུང་བའི་མན་ངག་ནི། །ཤེས་རབ་ལ་སོགས་
ཐབས་ཀྱིས་བསྟན། །ཚེ་ཡི་ཡོན་ཏན་ལ་སོགས་ནི། །རྒྱུད་ལ་སོགས་ལས་ཤེས་པར་བྱ། །ཚེ་དང་དུམ་བུ་རྣམ་སྨིན་གསུམ། །དེ་གསུམ་ཐབས་སོགས་མཐུན་པ་ཡང་། །གཅིག་ལ་གཅིག་བསྟན་མདུང་ཁྱིམ་འདྲ། །ཡི་གེ་གསུམ་གྱི་མན་ངག་ཀྱང་། །གནས་གསུམ་དག་ཏུ་
བཅིང་བ་ཡིན། །སྦྱོར་བ་ལ་སོགས་བཅིང་བར་བྱ། །དེ་ནི་ཚེ་སྒྲུབ་མན་ངག་གོ། །བྱང་སེམས་བླང་བའི་མན་ངག་ཀྱང་། །དེ་ཡང་རྣལ་འབྱོར་སྤྱོད་པ་ཡི། །མཁས་པས་འཆི་རྟགས་ཤེས་ནས་ནི། །རིན་ཆེན་འབར་བའི་སྣོད་ནང་དུ། །བླངས་ནས་མཚལ་ཆེན་དང་སྦྱར་ནས། །སྦྱོར་
བའི་སྟོབས་ཀྱི་ཤངས་སུ་འཕང་། །རྣམ་ཤེས་རླུང་ལ་ཞོན་པ་དེ། །དང་པོ་རྟེན་དང་བྲལ་ཙམ་ན། །སྔགས་བཟླས་འོད་ཟེར་སྟོབས་ཀྱིས་སུ། །སྙིང་ག་ཉིད་དུ་བཅིང་བར་བྱ། །དེ་ནས་སྔ་མའི་རྟེན་ལ་གཞུག །སྦྱོར་བ་ལ་སོགས་གཞན་ཡང་མྱུར་བར་བྱ། །གཞན་ཡང་གསང་བ་སྤྱོད་པ་ནི། །

མཛད་པའི་དུས་ནི་རྣམ་གསུམ་སྟེ། །དང་པོ་བདུད་རྩི་སྤྱོད་པ་ལ། །མོས་པས་འཇུག་དང་དངོས་ལ་འཇུག །མོས་པས་འཇུག་པ་གཞན་དང་མཐུན། །དངོས་སུ་འཇུག་པའི་ཐབས་བསྟན་པ། །བདུད་རྩི་རྩ་བ་ལྔ་བཙལ་ལ། །རང་གི་ལུས་ལས་བཙལ་བར་བྱ། །བཙལ་ནས་བསྒྲུབ་པའི་
རི་ལུ་དེ། །ཚད་དུ་ཕྱིན་ནས་བཟའ་བར་བྱ། །བཟའ་བ་དང་པོ་རིམ་གྱིས་བསླབ། །ཟས་དང་རྗེས་ཟིན་རྟིང་ཉིད་ལ། །ཞག་གསུམ་ན་ནི་ཅི་རན་བཟའ། །བཏུང་བའང་དེ་བཞིན་དེ་རྟིང་ལ། །ཞག་ལྔ་ན་ནི་བཟའ་བར་བྱ། །དེ་ནས་ཟླ་ཕྱེད་ཟླ་གཅིག་གོ། །དེ་རྣམས་བར་གྱི་འཚོ་བ་ནི། །
ནང་གི་བདུད་རྩི་སླར་བསྡམས་ལ། །བཟའ་ཞིང་བཏུང་བ་ཉིད་དུ་བྱ། །དེ་རྣམས་བག་ལ་ཞ་ནས་ནི། །བར་བར་གོང་བཞིན་བཟའ་བར་བྱ། །ཡང་ན་རིམ་བཞིན་དེ་བཞིན་ལྡབ། །དེ་ནས་ནང་གི་རྒྱུན་བཟློག་གིས། །རིམ་བཞིན་ལུས་རྣམས་གསོ་བར་བྱ། །ལུས་ནི་ཤིན་ཏུ་རྒྱས་གྱུར་ན། །
ཏིང་འཛིན་བོགས་ནི་སྐྱེ་བར་འགྱུར། །མན་ངག་སྟོབས་ཀྱིས་ཞུགས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཡང་ན་བོགས་ནི་དབྱུང་བའི་ཐབས། །ནང་གི་གསོ་ཐབས་སྤོ་བ་དང་། །ཕྱི་ཡི་གསོ་ཐབས་སྤོ་བ་དང་། །ལུས་ལ་རྫས་རྣམས་བྱུགས་པ་ཡིས། །ཏིང་འཛིན་བོགས་
རྣམས་སྐྱེ་བར་འགྱུར། །ཐབས་དེས་སྐྱེ་བར་མ་གྱུར་ན། །མན་ངག་བསྒོམ་པས་སྤོ་བར་བྱ། །དེས་ཀྱང་སྐྱེ་བར་མ་གྱུར་ན། །གནས་ལ་སོགས་པ་སྤོ་བར་བྱ། །སྤོས་ཀྱང་སྐྱེ་བར་མ་གྱུར་ན། །འབྱུང་པོའི་གནོད་པ་ཡོད་པ་ཡིན། །འབྱུང་པོ་བསལ་བའི་ཐབས་རྣམས་བྱ། །
འབྱུང་པོ་བསལ་ཀྱང་མ་བྱུང་ན། །སྔོན་གྱི་བག་ཆགས་མཐུག་པས་ནི། །དེ་ཉིད་སྦྱང་བའི་ཆོ་ག་བྱ། །དེས་ཀྱང་སྐྱེ་བར་མ་གྱུར་ན། །ཐ་མི་དད་པའི་འདུ་ཤེས་ཀྱིས། །དཀྱིལ་འཁོར་ལ་སོགས་སྤོས་པ་ཡིས། །ཏིང་ངེ་འཛིན་ནི་སྐྱེ་བར་འགྱུར། །དེས་ཀྱང་སྐྱེ་བར་མ་གྱུར་ན། །སློབ་
དཔོན་མན་ངག་ཉམས་པ་ཡིན། །སློབ་དཔོན་དམ་ཚིག་ཉམས་པས་ཀྱང་། །མན་ངག་མཐུ་ནི་ཆུང་བར་བྱེད། །ཡེ་ཤེས་སྐྱེ་བའི་གནས་རྣམས་ནི། །སློབ་དཔོན་དམ་ཚིག་ཉམས་སོགས་ལ། །དམ་ཚིག་ལ་སོགས་ནོངས་པ་དང་། །རང་གི་མན་ངག་ཉམས་པ་དང་། །དམ་ཚིག་ཉམས་

པའི་ཐེ་ཚོམ་ཟོས། །ལྟ་སྤྱོད་ཉམས་སུ་མ་ལོན་དང་། །དུས་དང་རྟགས་སོགས་མ་ཤེས་དང་། །མན་ངག་བསྒོམ་རིམ་མ་ཤེས་དང་། །སྦྱང་བ་ལ་སོགས་མ་ཤེས་དང་། །སེམས་འཛིན་ཕྲ་མོ་ཡོད་སྲིད་ཀྱང་། །ཡེ་ཤེས་སྐྱེ་བར་མི་འགྱུར་རོ། །དེ་རྣམས་སྐྱོན་སྤངས་
ཡོན་ཏན་ལྡན། །དེ་ནི་ཡེ་ཤེས་མ་སྐྱེས་ཀྱང་། །ཚོགས་ཆེན་ཁྱད་པར་བསགས་ནས་སུ། །སྐྱེ་བ་ཕྱི་མར་ཡེ་ཤེས་ཀྱི། །ངེས་པ་དོན་ཡིན་ཐོགས་མེད་དོ། །མཚན་ཉིད་ལ་སོགས་གཞན་དག་ཏུ། །སྔ་མ་ལས་ཀྱི་འཕེལ་ཤུགས་ཀྱིས། །མ་ངེས་པ་དག་བསྟན་པ་དེ། །སྔགས་ཀྱི་
ནུས་མཐུ་ཁྱད་པར་གྱིས། །ལས་ཀྱི་འཕེན་པ་བཅོམ་ནས་ཀྱང་། །སྐྱེ་བ་ཕྱི་མར་ངེས་པའི་དོན། །ཕྱི་མར་རྐྱེན་སོགས་ཐམས་ཅད་ཀུན། །ངེས་པ་ཁོ་ནར་འཛོམ་པར་འགྱུར། །དེ་རུ་རྐྱེན་རྣམས་གཞན་འགྱུར་ན། །དགེ་བར་བསྔོ་བ་ལེགས་འགྱུར་བར། །མ་འཚམ་སྐྱེ་བ་བདུན་ལ་
ངེས། །དེ་བས་གསང་སྔགས་མཐུ་རྣམས་ནི། །དུག་གིས་སྨན་འགྱུར་ཇི་བཞིན་ནོ། །དེ་བས་གསང་སྔགས་མཐུ་རྣམས་ཀྱིས། །ལན་ནི་ཉེ་བར་འབྲས་བུ་མྱུར། །ས་དང་ཕ་རོལ་ཕྱིན་པ་ནི། །དེ་བས་མཐུ་ཆུང་བསྐལ་པ་གསུམ། །ཉན་ཐོས་དེ་བས་མཐུ་ཆུང་བས། །བསྐལ་པ་བཞི་ནི་
འགོར་བ་ཡིན། །དེ་དག་ཀུན་ལ་རབ་འབྲིང་གསུམ། །རིང་དང་མྱུར་དང་ཤིན་ཏུ་མྱུར། །གསང་སྔགས་ལ་ལའི་གཞུང་དང་ནི། །སློབ་དཔོན་ལ་ལའི་གཞུང་གིས་ནི། །བཅུད་ཀྱིས་ལེན་གྱི་མན་ངག་གིས། །ལུས་སེམས་ལས་སུ་རུང་གྱུར་ནས། །མན་ངག་སྟོབས་ཀྱིས་ཡེ་ཤེས་
སྐྱེ། །དེས་ནི་ཕྱག་རྒྱའི་དངོས་གྲུབ་ཐོབ། །ཕྱག་རྒྱ་མཆོག་ནི་འདོད་པ་ན། །ཚེ་ལ་དབང་སྒྱུར་བསྒྲུབས་ནས་ནི། །མན་ངག་བསྒོམས་པའི་སྟོབས་ཀྱིས་ནི། །ཕྱག་རྒྱ་མཆོག་ནི་ཐོབ་པར་འགྱུར། །སློབ་དཔོན་ལ་ལའི་གཞུང་གིས་ནི། །བསྐྱེད་རིམ་བརྟན་པར་གྱུར་པ་དང་། །
བཅུད་ཀྱིས་ལེན་གྱི་མན་ངག་བསྒྲུབ། །དེས་ནི་ཚེ་ལ་དབང་སྒྱུར་འགྲུབ། །ཚེ་དབང་ཐོབ་པ་དེས་ཀྱང་ནི། །ཕྱག་རྒྱ་ཕྱག་རྒྱ་མཆོག་གཉིས་ཐོབ། །བཅུད་ཀྱིས་ལེན་གྱི་མན་ངག་ཀྱང་། །མཁའ་འགྲོའི་རྒྱུད་དུ་ཤེས་པར་གྱིས། །ཕྱག་རྒྱ་མཆོག་གི་མན་ངག་ཅུང་ཞིག་ཙམ། །རྙེད་པར་

བྱ་བའི་ལུས་ཀྱི་ཕྲེང་བ་ཐབས་ཀྱི་རིམ་པ་བཀོད་པའོ། །གཞན་ཡང་། བསྟན་པ་བསྲུང་བའི་དོན་སླད་དུ། །ལས་ཀྱི་ཕྲེང་བ་གཞན་ཡང་བསྟན། །བདག་ཉིད་ལྷག་པའི་ལྷར་བསྐྱེད་ལ། །མདུན་དུ་མགོན་པོ་ནག་པོ་ནི། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །ཧཱུཾ་དེ་ཉིད་ལས་བསྐྱེད་པ་
ནི། །ཞལ་གཅིག་ཕྱག་ནི་གཉིས་པ་དེ། །མདོག་གནག་འོད་འབར་ཆེན་པོ་ནི། །གྲི་གུག་ཐོད་པ་ལག་ན་འཛིན། །ཐོད་པའི་ཕྲེང་བའི་དོ་ཤལ་བྱས། །མཆེ་བ་གཙིགས་མཛད་འཇིགས་བྱེད་པ། །བོང་ཐུང་ལུས་གནག་གཟི་བརྗིད་ཆེ། །ཁ་ནས་ཁྲག་ནི་འབབ་པའོ། །དེ་ལ་
བཟླས་པའི་མན་ངག་ནི། །ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ན་སྭཱ་ཧཱ། བཟླས་པ་ཡི་ནི་མན་ངག་ཀྱང་། །རྟེན་དང་བརྟེན་པའི་གནས་ཚུལ་དེས། །གྲུ་གསུམ་གཞལ་ཡས་སྒོ་གཅིག་པ། །དེ་ཡི་བདག་པོ་རིགས་དང་བསྟུན། །འཕྲོ་འདུ་བྱ་བའི་ཚུལ་རྣམས་ཀྱང་། །འཁོར་ལོ་ཚ་ཚ་གདབ་
པའི་ཚུལ། །ལྕེ་ཡང་རིགས་དང་བསྟུན་པ་ཡིན། །ངག་གི་བཟླས་པ་བྱེད་ཚུལ་ཡང་། །ཉི་མ་ཤར་དང་རུ་ཆུ་བྲུག །དེ་ཡི་བཟླས་པའི་གྲངས་རྣམས་ཀྱང་། །སུམ་འབུམ་དྲུག་འབུམ་ས་ཡ་རུ། །བཟླས་པ་བྱས་པས་མཚན་མ་རྙེད། །དེས་སུ་འབྱུང་བར་མ་གྱུར་ན། །སྦྱང་བ་བྱས་ཏེ་
བཟླ་བར་བྱ། །སྔགས་ཀྱི་ནུས་པ་ཆེ་ཆུང་དང་། །མོས་པ་ཡི་ནི་ཁྱད་པར་དང་། །བག་ཆགས་ཆེ་ཆུང་ཁྱད་པར་གྱིས། །རྡོ་རྗེ་དྲག་པོའི་རྒྱུད་རྣམས་ལས། །སྔགས་ཀྱི་སྦྱོར་བ་གཞན་དག་གིས། །བསྙེན་དང་གསད་པའི་ལས་རྣམས་བྱ། །ལྷ་ཡི་སྦྱོར་བ་སྤོ་བ་ཡང་། །དེ་བཞིན་དུ་
ནི་ཤེས་པར་བྱ། །གནས་ལ་སོགས་པའི་སྦྱོར་བ་ནི། །གཞན་པ་དག་ཀྱང་སྤོ་བར་བྱ། །ལྷ་རྣམས་སོ་སོ་སྤོ་བ་ཡང་། །ཞལ་གཅིག་ཕྱག་ནི་བཞི་པ་དང་། །ཞལ་གསུམ་ཕྱག་ནི་དྲུག་པ་དང་། །ཞལ་བཞི་ཕྱག་ནི་བརྒྱད་པ་དང་། །ཕྱག་མཚན་རྣམས་ཀྱང་འགྱུར་བ་དང་། །སྐུ་མདོག་ལ་སོགས་
འགྱུར་བ་རྣམས། །སོ་སོའི་རྒྱུད་དང་བསྟུན་པ་ཡིན། །སྔགས་ལ་སོགས་པའི་སྦྱོར་བ་ཡང་། །དེ་བཞིན་དུ་ནི་ཤེས་པར་བྱ། །ཁྱད་པར་ལས་རྣམས་སོ་སོའི་སྔགས། །ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དི་དཾ། མ་མ་རུ་ཤཱ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་

བནྡྷ། ཧ་ན་ཧ་ན།ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་བྷ་ག་བཱ་ན། ཨོཾ་བི་ལཾ་བ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷུ་སྭཱ་ཧཱ། གསང་བའི་སྔགས་སོ། །ཨོཾ་བྷྲཱུཾ། མངོན་སྤྱོད་ཀྱིའོ། །ཨོཾ་ཛྲཱྀ་སྭཱ་ཧཱ། དབྱེ་བའོ། །ཨོཾ་ཁཾ་སྭཱ་ཧཱ། བསྐྲད་པའོ། །ཨོཾ་ཧཱུཾ་སྭཱ་ཧཱ། དགུག་པའོ། །ཨོཾ་
ཨ་སྭཱ་ཧཱ། དབང་གིའོ། །ཨོཾ་ཧཱུཾ་སྭཱ་ཧཱ། རེངས་བྱེད་ཀྱིའོ། །སྔགས་འདི་དག་ཐམས་ཅད་ཡི་གེ་འབུམ་བཟླས་པས་འགྲུབ་པར་བྱེད་དོ། །མགོན་པོའི་ལས་ནི་ཐུན་མོང་པའི་ལས་སོ། །སྦྱིན་སྲེག་དག་གིས་གསད་པ་ནི། །གྲུ་གསུམ་ནག་པོའི་ཐབ་ཁུང་དུ། །ཤིན་ཏུ་དྲག་པོའི་མེ་
ལྷ་བསམ། །སྦྱང་ཞིང་བྱིན་གྱིས་བརླབ་པ་དང་། །བསྡུས་རྒྱས་མྱུར་བའི་རིམ་པ་རྣམས། །མན་ངག་ལ་སོགས་ཤིན་ཏུ་གབ། །མཆོད་པ་དབུལ་བའི་རིམ་པ་ནི། །ཚ་བའི་མར་དང་ཚེར་མ་ཅན། །ཏིལ་ནག་པོ་དང་དུག་ཆུས་བྱུག །ཨོཾ་མ་ཧཱ་ཀཱ་ལ་མིང་འདི་ཞེས་བྱ་བ་ཤ་ཏྲཱུ་ན་མཱ་ར་
ཡ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །མངོན་པར་བསྒྲུབ་པའི་ལས་དྲག་ཤུལ་ཤི་བའི་རོ་བཟུང་ལ། དེ་ནི་ཡང་ནི་གཏུབ་པར་བྱ། །སྟོང་པར་བྱིན་བརླབས་ཡི་གེ་ལས། །བསྒྲུབ་བྱ་ཅི་འདྲ་དེ་ལ་བསམ། །ལྕགས་ཀྱུས་སྙིང་དྲང་རླུང་གིས་བཏེག །རྣམ་པར་ཤེས་པ་དེ་
ལ་བསྟིམ། །རྡོ་རྗེ་ཕུར་བུས་དེ་ལ་བརྡེག །བསད་ནས་མེ་ལ་སྦྱིན་སྲེག་བྱ། །མེ་ཡི་ལྷ་ལ་བརྒྱ་རྩ་བརྒྱད། །མིང་ནས་སྨོས་པ་དེ་ལ་དབུལ། །ལྷ་ལ་རྩ་བའི་སྔགས་ཀྱིས་ནི། །དབུལ་བར་དགྲ་ཡི་མིང་དེ་གཞུག །འབུམ་ལ་བརྒྱད་ཀྱིས་བསྟབས་ལ་དབུལ། །དེ་ནི་དུར་ཁྲོད་གདོན་
རྣམས་ཀྱིས། །འདུ་ཞིང་དེ་ཉིད་ཟ་བར་བསམ། །དེ་ཡང་བསོད་ནམས་རབ་འབྲིང་གིས། །བཅུ་གཉིས་ཕྱེད་དང་དེ་ཡི་ཕྱེད། །འཆི་བར་དེ་ནི་གདོན་མི་ཟ། །བསྲེག་པས་གསད་པའི་ལས་རིམ་མོ།། །།གཞན་ཡང་ཏིང་འཛིན་རིམ་པ་ཡིས། །གསད་པ་རབ་ཏུ་བརྩམ་པར་བྱ། །
འདི་ནི་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་ཀྱང་ངེས་པར་འཇིག །མ་ཧཱ་ཀཱ་ལའི་རྣལ་འབྱོར་གྱིས། །གདུག་པ་ཁྲོ་བོའི་སེམས་ཀྱིས་ནི། །དེ་ཡི་ལྟེ་བའི་རྩ་བ་ལ། །རྣལ་འབྱོར་ཅན་གྱིས་ལག་པ་གཅད། །མིང་གི་ཡི་གེ་དང་པོ་ལས། །གསད་བྱ་མདུན་དུ་བསམ་

པར་བྱ། །རྣམ་ཤེས་དེ་ལ་བཅུག་ནས་ནི། །ཁ་སྦྱར་ནང་ནས་གནས་མཐོང་ནས། །དེ་ཕྱུང་སྲོག་དང་དབྲལ་མཐོང་ནས། །རོ་ནི་དུམ་བུ་སྟོང་དུ་གཏུབ། །བཟའ་འམ་ཡང་ན་གཏོར་མ་བྱ། །དེ་མ་ཐག་ཏུ་སྤྱི་གཙུག་བསམ། །ཁྲག་སྐྱུགས་འདར་ཞིང་མགོ་སྐྱེས་ཀྱང་། །ཁ་ནི་ཐུར་
དུ་བུབ་པར་བསམ། །སུམ་རྩེ་མེ་ཡི་གཟུགས་ཅན་ནི། །བཤང་ལམ་ཞུགས་ནས་སྙིང་གར་ནི། །ཐེ་ཚོམ་མེད་ཅིང་བརྟན་གྱུར་ན། །ངེས་པར་འཛིན་པར་འགྱུར་བ་ཡིན། །ཏིང་ངེ་འཛིན་གྱིས་གསད་པའི་རིམ་པའོ།། །།གཞན་ཡང་རབ་ཏུ་བཤད་པར་བྱ། །ཐོད་པ་མ་ཆག་མ་གསལ། །
མ་ཧཱ་ཀཱ་ལའི་སྙིང་པོ་བྲི། །བཟླས་པའི་ཡུངས་ཀར་དེ་རུ་བླུགས། །དགྲ་ཡི་སྒོ་ཁར་སྦས་ན་ནི། །ནོར་དང་བཅས་པ་ཟླ་དྲུག་གིས། །བརླག་པར་འགྱུར་བ་གདོན་མི་ཟ། །གང་ཡིན་པ་ཡི་རིགས་རྒྱུད་ཀྱི། །ཐོད་པ་དེ་ཉིད་བླངས་ནས་ནི། །ཅིག་ཤོས་ཀྱི་ནི་ཁྲག་གིས་བྲི། །སྔགས་ནི་
ནག་པོ་ཉིད་ཀྱིས་བྱ། །ཡང་ན་མ་ཧཱ་ཀཱ་ལ་དང་། །ནག་པོ་ཉིད་ཀྱིས་བསྲེས་ནས་བྱ། །མ་ཧཱ་ཀཱ་ལས་བྱེད་པ་ན། །མིང་སྤེལ་བ་ནི་ཚོགས་རྒྱུར་བཅད། །ཡང་ན་གླིང་བཅད་འཁོར་ལོ་བཅད། །གྲོ་གའམ་དུར་ཁྲོད་རས་མ་ལ། །གཟུགས་དང་མིང་ནི་བྲིས་པ་གཞུག །དེ་སྟེང་དེ་གཤེད་
གཟུགས་རྣམས་གཞུག །སྨིན་པར་བྱེད་པས་ཁ་བཅད་ནས། །དེ་སྟེང་གཞན་གྱིས་དགག་པར་བྱ། །གནག་དང་དཀར་བས་རྒྱ་གྲམ་བཅིང་། །ནག་པོ་ཡོད་པའི་སར་སྦས་ན། །གདོན་མི་ཟ་བར་བརླག་པར་འགྱུར། །དེ་ནི་ཐབས་ཀྱིས་གསད་པའི་རིམ་པའོ།། །།གཞན་ཡང་
གསད་པའི་རིམ་པ་ནི། །གྲུ་གསུམ་ནག་པོའི་སྣོད་ནང་དུ། །ཁྲག་སྣ་སྙིང་སྣ་སྦྱར་བ་ཡི། །མཐུན་པའི་དམ་རྫས་རྣམས་ཀྱིས་དགང་། །དུར་ཁྲོད་རས་མ་དག་ལ་ནི། །དེ་ཡི་མིང་དང་གཟུགས་བྲིས་ལ། །བརྒྱ་རྩ་བརྒྱད་ནི་གཏོར་མར་དབུལ། །ནག་པོའི་རྟེན་ནི་ཡོད་པའི་སར། །
བསྟབས་པའི་ཚུལ་གྱིས་རྦད་པར་བྱ། །དེ་ལྟར་བྱས་པའི་གཏོར་མ་ནི། །བརྒྱ་ནས་སྟོང་གི་བར་དུ་ནི། ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཨུ་པ་ཧ་རི་ཎཾ་ཨེ་ཥ་ཨ་པ་ཤྩི་མཱ་ཀཱ་ལོ་ཡ་མི་ཏི་ཏད་རཏྣ་ཏྲ་ཡ། ཨ་པ་ཀ་རི་ཎཾ་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དི་དཾ། དུཥྚཱཾ་སཏྭ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་

བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་གསད་པར་བྱའོ། །གཞན་ཡང་འཁོར་ལོས་གསད་པ་ནི། །བདེ་གཤེགས་སྤྲུལ་པའི་ནག་པོ་ནི། །ཤིན་ཏུ་འཇིགས་པའི་སྐུ་འཆང་བ། །བསྐྱེད་པ་ལ་སོགས་རྫོགས་
བྱས་ལ། །ཚེས་གྲངས་ཤིས་པ་ཉིད་ལ་ནི། །འཁོར་ལོ་ལེགས་པར་བཅའ་བར་བྱ། །འཁོར་ལོ་བཅའ་བའི་ལུགས་རྣམས་ནི། །དུར་ཁྲོད་རས་མ་དག་ལ་ནི། །འཇིག་རྟེན་མགོན་པོའི་གཟུགས་བྲིས་ལ། །ལྟོ་བར་འཁོར་ལོ་བཅའ་བར་བྱ། །རྩིབས་ནི་བཅུ་གཉིས་བརྒྱད་དུ་བྱ། །
ལེ་ཚེ་རེ་རེ་བོར་ལེན་བྱ། །མིང་དང་དྲག་སྔགས་སྤེལ་ཏེ་བྲི། །སྔོན་དུ་ཆོ་ག་རྫོགས་བྱས་ལ། །འཁོར་ལོ་བསྒྲུབ་དང་བསྒྲུབ་བྱ་གཉིས། །བསྐྱེད་ཅིང་དགུག་པའི་ལས་བྱས་ཏེ། །མཆོད་པ་ལ་སོགས་རྫོགས་བྱའོ། །དེ་ནས་གསད་པའི་ལས་རྣམས་བྱ། །ཉི་མ་བཞིས་བསྐོར་ཐིམ་
པར་བྱེད། །སྔགས་ནི་ཁྲི་དང་བཞི་ཁྲིར་བཟླས། །དེ་ནས་བཅིང་བའི་སྦྱོར་བ་བྱ། །དུར་ཁྲོད་ནག་པོའི་གནས་དག་ཏུ། །གྲུ་གསུམ་ནག་པོའི་གཏིང་བྲུས་ལ། །གཏིང་བྲུས་སྦས་ཏེ་མནན་པར་བྱ། །དེས་སུ་མ་བྱུང་བསྐྱར་བར་བྱ། །ཨོཾ་མ་ཧཱ་ཀཱ་ལ་ཤ་ཏྲཱུན་མཱ་ར་ཡ་ཕཊ། ཅེས་པ་མིང་དང་
སྤེལ་བར་བྱ། །འཁོར་ལོས་གསད་པའི་རིམ་པའོ།། །།གནོད་སྦྱིན་གྱིས་ནི་གསད་པའི་ཐབས། །རང་ཉིད་ལྷག་པའི་ལྷར་གནས་པའི། །ཆོ་ག་ཐམས་ཅད་རྫོགས་བྱས་ལ། །མདུན་དུ་གྲུ་གསུམ་དཀྱིལ་འཁོར་ལ། །གནོད་སྦྱིན་དྲག་པོ་བསྐྱེད་པར་བྱ། །དེ་ཉིད་ནུས་པ་བསྐྱེད་
པའི་ཕྱིར། །སྦྱོར་བ་གཞན་ཡང་ཤེས་པར་བྱ། །དྲག་པོའི་གསང་སྔགས་བཟླས་པ་ཡིས། །གང་ཡང་མི་འདུ་རང་དབང་མེད། །ལྕགས་ཀྱི་ཚ་ཚ་གདབ་པ་བཞིན། །འཕྲོས་པས་ཐམས་ཅད་བརླག་པར་བྱེད། །སུམ་འབུམ་དྲུག་འབུམ་དགུ་འབུམ་དུ། །བཟླས་པས་དོན་རྣམས་
གྲུབ་པར་བྱེད། །ཚད་དུ་ཕྱིན་པའི་དུས་སུ་ནི། །ཤིན་ཏུ་དག་ཅིང་བོས་པས་སུ། །རང་དབང་མེད་པར་ལས་རྣམས་བྱེད། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡཀྵ་ཧཱུཾ་ཕཊ། ཛཿམཱ་ར་ཡ། ཤ་ཏྲཱུན་མཱ་ར་ཡ། སྔགས་ཀྱི་མན་ངག་བསྒྱུར་ཤེས་བྱ། །སྦྱིན་སྲེག་ཏིང་འཛིན་ཐབས་དང་ནི། །གཏོར་མ་

འཁྲུལ་འཁོར་གསད་ལ་སོགས། །ཐབས་ཀྱིས་ཟིན་པའི་སྦྱོར་ཤེས་བྱ། །གནོད་སྦྱིན་གྱིས་གསད་པའི་རིམ་པའོ།། །།རོ་ལངས་མས་ནི་གསད་པའི་ཐབས། །རང་ཉིད་ལྷག་པའི་ལྷར་གནས་པས། །དུར་ཁྲོད་ཆེན་པོའི་དཀྱིལ་དག་ཏུ། །རོ་ལངས་མ་ནི་བསྐྱེད་བྱས་ལ། །རང་
བཞིན་མ་ཡང་སྤྱན་དྲངས་ཏེ། །དེ་གཉིས་ཆོ་ག་རྫོགས་བྱས་ཏེ། །བསྙེན་པ་ཚད་དུ་ཕྱིན་པ་ན། །དུར་ཁྲོད་རོ་ཡི་ཐོད་པ་རུ། །ཁྲག་ཐུན་རྫས་ལ་སོགས་པ་ལ། །དྲག་པོའི་ཐུན་སྔགས་བཟླ་བར་བྱ། །ཁྲི་ཡི་བར་དུ་བཟླ་བར་བྱ། །དེ་ནས་གང་ཡིན་ས་རུ་བརྡེག །དེ་ལྟར་ལན་གསུམ་བྱས་པ་
ཡིས། །གང་ཡིན་དེ་ནི་བརླག་པར་འགྱུར། །དུར་ཁྲོད་འབར་བའི་གནས་དག་ཏུ། །ནག་པོའི་ནང་དུ་འཁྲུལ་འཁོར་མནན། །ནག་པོའི་ནང་དུ་གཏོར་མས་དགང་། །ཅིག་ཤོས་ནང་དུ་བཅས་པ་ཡིས། །ནག་པོ་ཉིད་ལ་གཏད་པར་བྱ། །ཚ་བའི་རྫས་ཀྱིས་བསྲེག་པར་བྱ། །དེ་ལྟར་
སྦྱོར་བའི་མན་ངག་རྣམས། །མཁས་པས་བསྒྲིམས་ཏེ་མ་བྱས་ན། །རང་ཉིད་ལ་ནི་གནོད་པར་འགྱུར། །ཨོཾ་བཛྲ་བེ་ཏཱ་ལཱི་ཧཱུཾ་ཕཊ། ཤ་ཏྲཱུན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ཀྱི་མན་ངག་སྦྱོར་ཤེས་བྱ། །རོ་ལངས་མས་གསད་པའི་རིམ་པའོ།། །།མཁའ་འགྲོ་མ་ཡིས་
གསད་པའི་ཐབས། །ཆུ་ངོགས་ཐིབས་པོའི་གནས་དག་ཏུ། །མཁའ་འགྲོ་མ་ནི་བསྒྲུབ་པར་བྱ། །ཞིང་ཆེན་གྱི་ནི་གདན་བཏིང་ལ། །དྲག་པོ་རོལ་པའི་འདུག་སྟངས་བྱ། །མཁའ་འགྲོ་མ་སྐུ་མདུན་གཞག་ལ། །ཞིང་གི་རྒྱུས་པ་ཐུགས་ཀར་གཟུང་། །དྲག་ཏུ་བཟླས་པའི་སྟོབས་ཀྱིས་སུ། །
སྦྱོར་བ་གང་འདོད་འགྲུབ་པར་བྱེད། །ཁྱད་པར་སྦྱོར་བ་བསྟན་པ་ནི། །གནག་ཅིང་ཐིབས་པོའི་ནང་དག་ཏུ། །གྲུ་གསུམ་ནག་པོ་བྲུས་ནས་ཀྱང་། །གཟུགས་བརྙན་བཅའ་བའི་ཐབས་བྱས་ཏེ། །དེ་རུ་གསད་པ་ལ་སོགས་བྱ། །ཡང་ན་འབབ་ཆུའི་དོགས་དག་ཏུ། །སྦ་ཞིང་མནན་
པའི་ཐབས་བྱའོ། །ཨོཾ་བཛྲ་ཌཱ་ཀཱི་ཧཱུཾ་ཕཊ། ཤ་ཏྲཱུ་ན་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ལཾ་ཧཱུཾ་ལཾ་སྟཾ་བྷ་ནན། སྔགས་ཀྱི་སྡེབ་ནི་མ་ཤེས་ན། །སྦྱོར་བ་འགྲུབ་པར་མི་འགྱུར་རོ། །མཁའ་འགྲོ་མས་གསད་པའི་རིམ་པའོ།། །།འཇིགས་བྱེད་མ་ཡིས་གསད་པའི་ཐབས། །ཤིན་ཏུ་འཇིགས་པའི་

གནས་དག་ཏུ། །དྲག་ཅིང་གཏུམ་པའི་ཆས་གོས་གོན། །དང་པོར་བསྙེན་སྦྱོར་ཚང་བས་སུ། །ནག་པོ་འགྲོ་མགྱོགས་སྒྱུར་དཀའ་དང་། །བདག་པོ་སྨེ་བརྩེགས་ཐོད་ནང་དུ། །དེ་རྣམས་རིགས་མཐུན་རྫས་བསགས་ཏེ། །ཆུ་གསུམ་ལ་སོགས་རྫས་རྣམས་ལ། །
སྔགས་ཀྱི་སྦྱོར་བ་བཏབ་པས་ནི། །ནུས་པའི་མཐུ་དང་ལྡན་པར་འགྱུར། །ཨོཾ་བཛྲ་བྷཻ་ར་ཝཱ་ཡ་ཧཱུཾ་ཕཊ། ཤ་ཏྲཱུ་ན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། དྲག་པོའི་སྦྱོར་བ་མཁས་པ་ཡིས། །འབྱུང་པོ་རྣམས་ནི་བརླག་པར་འགྱུར། །སྦྱོར་བ་གཞན་ཡང་སྦྱོར་ཤེས་བྱ། །འཇིགས་བྱེད་
མས་གསད་པའི་རིམ་པའོ།། །།ཁྲོ་མོ་ཆེན་མོ་སྲོག་གཅོད་མ་ཡིས་གསད་པ་ཡི། །མན་ངག་ཐབས་ཀྱི་རིམ་པ་བསྟན། །སྔོན་དུ་བསྙེན་པ་རྫོགས་པ་ཡིས། །ཡི་གེ་ཨི་ཡི་གདན་སྟེངས་སུ། །བསྒྲུབ་བྱ་དེ་རུ་བཞག་ནས་ནི། །བཟླས་པ་དྲག་ཏུ་བྱས་ནས་སུ། །སྲོག་གཅོད་པ་
ནི་བསྐུལ་བར་བྱ། །ཁྲི་ཡི་སྔགས་ཀྱིས་དགུག་པར་བྱ། །ཁྲི་ཡི་སྔགས་ཀྱིས་གསད་པར་བྱ། །རང་ཉིད་ལྷག་པའི་ལྷར་གནས་པས། །སྲོག་གཅོད་མ་ནི་མདུན་དུ་བསྐྱེད། །གྲུབ་པ་མོ་ཡང་སྤྱན་དྲངས་ཏེ། །མཐུ་བསྐྱེད་ལ་སོགས་བྱས་ནས་ནི། །སྐུ་དང་གསུང་དང་ཐུགས་རྣམས་
ལས། །དྲག་པོའི་བརྒྱུད་པའི་མཐུ་རྣམས་ནི། །མདའ་ཟམ་བཏགས་པའི་ཚུལ་དུ་བྱུང་། །སྤྱི་བོ་མགྲིན་པ་སྙིང་ག་ནས། །ཆར་བཞིན་དུ་ནི་འབབ་པར་འགྱུར། །ཨོཾ་པྲ་ཏི་ཏ་ན་ཧཱུཾ་ཕཊ། ཤ་ཏྲཱུ་ན་མཱ་ར་ཡ་ཧཱུཾ་ཕཊ། ཁ་ཁ་ཁཱ་ཧི་ཁཱ་ཧི། སྔགས་ཀྱི་སྦྱོར་བ་གཞན་དང་མཐུན། །དྲག་
པོའི་ལས་རྣམས་གཞན་པོ་ཡང་། །མན་ངག་སྟོབས་ཀྱིས་སྦྱོར་ཤེས་བྱའོ། །སྲོག་གཅོད་མས་གསད་པའི་རིམ་པའོ།། །།དབུགས་རྔུབ་མས་གསད་པའི་རིམ་པ་ནི། །རང་ཉིད་ལྷག་པའི་ལྷར་གནས་ནས། །སྔོན་དུ་བསྙེན་པ་རྫོགས་བྱས་ནས། །དྲག་པོའི་ལས་ཀྱི་སྦྱོར་བ་ནི། །
གྲུ་གསུམ་འབར་བའི་གནས་དག་ཏུ། །འཇིགས་པའི་རྒྱན་ཆ་གོན་ནས་ནི། །བྲམ་ཟེའམ་རྒྱལ་རིགས་ནག་པོའི་ཕྱོགས། །མཐུན་པའི་རྫས་ནི་བཙལ་ནས་ཀྱང་། །གྲུ་གསུམ་སྟེང་དུ་རྟེན་བཅས་ནས། །ནག་པོ་འབར་བའི་སྦྱོར་བ་བརྩམ། །དྲག་པོའི་རྫས་ལ་སྔགས་བཟླས་ཏེ། །བདུན་

དང་ཉི་ཤུ་རྩ་གཅིག་དང་། །ཟླ་བ་གཅིག་གི་བར་དུ་བསྒྲུབ། །དེ་ནས་འཁོར་ལོ་ལྡན་པའམ། །ཤུགས་དང་ལྡན་པའི་སྦྱོར་བ་ཡིས། །ཤིན་ཏུ་མྱུར་བར་འཕང་བར་བྱ། །དེ་ཉིད་བསྐོར་བའི་ཚུལ་དུའམ། །རི་མོའི་ཚུལ་དུ་བྱས་པ་ཡིས། །ཏིང་འཛིན་སྦྱོར་བའང་དེ་བཞིན་བསམ། །ཨོཾ་
ཤྭཱ་ས་གཱ་པ་ཡེ་ཧཱུཾ་ཆེ་གེ་མོ་ཤ་ཏྲཱུ་ན་མཱ་ར་ཡ་ཧཱུཾ་ཕཊ། ཡང་ན་དྲག་པོའི་འབྲུབ་ཁུང་དུ། །ཚེར་མ་ཅན་གྱི་ཤིད་བཀང་སྟེ། །རཾ་ལས་དྲག་པོའི་མེ་དཔུང་བསམ། །གྲོགའམ་ནི་ཤིང་ཤུན་ལ། །བསྒྲུབ་བྱའི་མིང་ནི་བྲིས་ནས་ཀྱང་། །ཁྲིའམ་འབུམ་དུ་བཟླས་ནས་ནི། །བསྒྲུབ་བྱ་བཀུག་
ནས་བསྟིམ་པར་བྱ། །དྲག་པོ་ཡི་ནི་སྔགས་ཀྱིས་བསྲེག །འཆི་བར་འགྱུར་བ་གདོན་མི་ཟ། །སྦྱོར་བ་ལ་སོགས་གཞན་པོ་ཡང་། །མན་ངག་ཅན་གྱིས་སྦྱོར་ཤེས་བྱའོ། །ཤྭཱ་ས་གཱ་པས་གསད་པའི་ལས་ཀྱི་རིམ་པའོ།། །།རཀྟའི་ལས་ཀྱི་ཕྲེང་བ་ཡིས། །གསད་པའི་
ལས་འདི་བརྩམ་པར་བྱ། །དམར་ཞིང་ཆགས་པའི་རང་བཞིན་ཅན། །ཁོག་པའི་རྟེན་ནི་བཙལ་བར་བྱ། །འོད་མའི་གཞུ་ནི་ལྟ་བུ་ཡི། །དཀྱིལ་དུ་དེ་ཉིད་བཞག་ནས་ཀྱང་། །དུས་ལ་དེ་ནི་བབ་པ་ཡི། །སྨིན་བྱེད་དང་པོ་རྒྱུག་པ་དང་། །མདོངས་དང་ལྡན་པའི་མཚལ་ཆེན་གཉིས། །བསྲེས་
ལ་སྔགས་ནི་གདབ་པར་བྱ། །དུས་ཚོད་གསུམ་དུ་བསྒྲུབས་ནས་ཀྱང་། །བསྒྲུབ་བྱའི་འོག་ཏུ་སྦས་ན་ནི། །གང་འདོད་པ་ཡི་དོན་རྣམས་འགྲུབ། །ཡང་ན་འོད་མ་ལྟ་བུའི་དཀྱིལ། །འདབ་བརྒྱད་དང་ནི་ལྡན་པ་ལ། །ཁ་མཐིང་ལ་སོགས་མེས་སྤར་ལ། །དབང་བྱེད་སྔགས་ནི་བཟླས་པས་
སུ། །ངེས་པ་ཁོ་ནར་ཁུགས་པར་འགྱུར། །ཨོཾ་རཀྟ་པྲི་ཡ་ནི་ཧཱུཾ་ཆེ་གེ་མོ་བ་ཤིཾ་ཀུ་རུ་ཧཱུཾ། སྦྱོར་བ་ལ་སོགས་གཞན་པོ་ཡང་། །མན་ངག་སྟོབས་ཀྱིས་ཕྱེ་བར་ཡང་། །རཀྟ་བྲི་ཡ་ནིས་གསད་པའི་ལས་ཀྱི་རིམ་པའོ།། །།མཾ་ས་བག་ཏྲིས་གསད་པ་ནི། །སྔོན་དུ་འགྲོ་བ་རྫོགས་བྱས་ལ། །
ཤ་ཟན་དེ་ནི་སྟོང་དག་གི །རྟེན་ལ་སོགས་པ་རྫོགས་བྱས་ལ། །བུག་པ་ཅན་གྱི་སྣོད་ནང་དུ། །རྡོ་རྗེའི་མཆུ་ནི་སྦྱར་ནས་ཀྱང་། །རླུང་གི་ཤུགས་ཀྱིས་སྔགས་འདི་འཕང་། །དེ་ཡི་སྦྱོར་བ་མ་ཞིག་པར། །གང་ལ་བྱ་བ་དེ་རུ་བརྡེག །དེས་ནི་གྲོང་རྣམས་འཁྲུག་ཅིང་འགས། །འདི་ཡི་སྦྱིན་

སྲེག་གཏོར་མ་དང་། །ཐབས་དང་འཁྲུལ་འཁོར་དག་གིས་ནི། །གསད་པའི་མན་ངག་སྦྱོར་ཤེས་བྱ། །ཨོཾ་མཱཾ་ས་བག་ཏྲི་ཆེ་གེ་མོ་ཤ་ཏྲཱུན་མཱ་ར་ཡ་ཕཊ། མཾ་ས་བག་ཏྲིས་གསད་པའི་ལས་ཀྱི་རིམ་པའོ།། །།གཞན་ཡང་རྫས་ཀྱིས་གསད་པ་ནི། །ད་དུ་ར་དང་འོལ་མ་སེ། །
འགུ་ཕཊ་ཏཾ་དང་ཁུ་བར་སྦྱར། །ཐབས་ལ་མཁས་པའི་སྦྱོར་བ་ཡིས། །མི་ལ་བླུད་ན་སྨྱོ་བར་འགྱུར། །གསོལ་བ་འདེབས་ན་གསོ་བར་བྱ། །ཁུ་བ་ལ་སོགས་རྣམས་ཀྱིས་ནི། །ལུས་ལ་བྱུགས་ཤིང་ཁོང་དུ་བླུད། །དེས་ནི་ངེས་པར་ཐར་བར་འགྱུར། །གསད་པའི་སྦྱོར་བའི་ལས་རྣམས་
ཀྱང་། །སངས་རྒྱས་ལ་སོགས་བསྟན་པ་ནི། །འཇིག་པ་ལ་སོགས་ངེས་པ་དང་། །རུ་དྲ་ནག་པོར་གྱུར་པ་ལ། །སྦྱོར་བ་འདི་ནི་བྱ་བར་གསུངས། །དེ་ལས་གཞན་དུ་བྱས་པ་ན། །རང་ཉིད་ཉམས་ཏེ་དམྱལ་བར་ལྟུང་། །དེ་ཡི་སྦྱོར་བ་བྱེད་པ་ཡང་། །ཚད་མེད་སྔོན་དུ་འགྲོ་བྱས་ལ། །
མན་ངག་ཐེ་ཚོམ་མེད་པར་ནི། །བྱས་ན་གདོན་མི་ཟ་བར་འགྲུབ། །དེ་ཡང་བསྒྲལ་བྱའི་ཡུལ་དེ་ལ། །ལུས་ངག་ཡིད་གསུམ་ཞི་བས་ནི། །ཚུལ་དང་མཐུན་པའི་བདེན་པ་བདར། །ལན་གསུམ་བྱས་ཀྱང་མ་ཉན་ན། །ལྟུང་བར་མི་འགྱུར་བྱ་བར་གསུངས། །བསད་པ་ལས་ཀྱི་ཕྲེང་བའོ།། །།བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཀྱི་མངའ་བདག་ལ་ཕྱག་འཚལ་ལོ། །དྲག་པོ་སྐུ་ཡི་སྦྱོར་བ་དང་། །གསུང་དང་ཐུགས་ཀྱི་སྦྱོར་བ་དང་། །ལས་ནི་གཞན་སོགས་སྦྱོར་བ་དང་། །རྫོགས་པ་མཐར་ཐུག་སྦྱོར་བ་རྣམས། །རིམ་པ་བཞིན་དུ་བསྟན་པར་བྱ། །ནག་པོ་འཇིགས་
པའི་ཆ་ལུགས་འཆང་། །ཞལ་གཅིག་གམ་ནི་གཉིས་པའམ། །ཞལ་གསུམ་པའམ་ཕྱག་དྲུག་པ། །གང་འདོད་པ་ནི་བསྐྱེད་པར་བྱ། །དེས་སུ་བསྙེན་པ་རྫོགས་བྱས་ལ། །རོ་བསྲེགས་ཐལ་བའི་འཇིམ་པ་ལ། །ནག་པོའི་གཟུགས་བརྙན་བྱས་པ་ལ། །དེ་ཉིད་སྦྱིན་སོགས་
བསྐྱེད་བྱས་ལ། །སྔགས་བཟླས་པ་ཡི་སྟོབས་ཀྱིས་སུ། །ཤིན་ཏུ་འདར་ཞིང་འགུལ་བར་འགྱུར། །གཏོར་མ་ལ་སོགས་བྱིན་ནས་ཀྱང་། །བསྟོད་ཅིང་གསོལ་བ་བཏབ་པས་སུ། །དགྲ་རྣམས་ངེས་པར་འཆི་བར་འགྱུར། །དྲག་པོའི་གྲུ་གསུམ་ཐབ་ཁུང་དུ། །གདུག་པ་ཅན་གྱི་མེ་

སྦར་ནས། །མར་ནག་ཚ་བ་གསུམ་དང་ནི། །ཤ་ཁྲག་གསུམ་གྱི་རྫས་བསྲེགས་ལ། །བསྒྲུབ་བྱ་བཀུག་སྟེ་དེ་ལ་བསྟིམ། །དྲག་པོའི་སྔགས་ནི་བཟླས་ནས་ཀྱང་། །རྫས་རྣམས་མེ་ཡི་ནང་གཏོར་བས། །ངེས་པ་ཁོ་ནར་འཇིག་པར་འགྱུར། །ཐབས་དང་ཏིང་འཛིན་འཁོར་ལོ་དང་། །
གཏོར་མ་ལ་སོགས་སྦྱོར་བ་ཡིས། །གསད་པའི་མན་ངག་སྦྱོར་བ་ནི། །བརྟུལ་ཞུགས་ཅན་གྱིས་སྦྱོར་ཤེས་བྱས། །དེ་ནས་གསུང་གི་ནག་པོ་ཡི། །སྦྱོར་བ་བསྟན་པ་གང་ཡང་མཐུན། །ཐུགས་ཀྱི་ནག་པོའི་སྦྱོར་བ་ཡང་། །གཞན་དུ་བརྒལ་ཏེ་བསྟན་པ་ན། །བརྟུལ་ཞུགས་ཅན་གྱིས་
སྦྱོར་ཤེས་བྱའོ། །གསུམ་ཀ་ལ་ཡང་བཞི་བཞིར་བསྟན། །དཔེར་ན་རྒྱལ་པོ་བློན་པོ་དང་། །ལས་བྱེད་འཁོར་དང་མི་མཐུན་ཕྱོགས། །དེ་བཞིན་བདེ་གཤེགས་སྤྲུལ་པ་དང་། །ས་ནས་རིག་པ་འཛིན་པ་དང་། །དམ་ཅན་དམ་ལ་གནས་པ་དང་། །དེས་སུ་གདུལ་བར་བྱ་བ་བཞིན། །
དེ་བཞིན་མཁས་པས་ཤེས་པར་བྱའོ། །དེ་རྣམས་སྐུ་གསུང་ཐུགས་ཀྱི་དོན། །བསྡུས་པ་བསྟན་པའི་རིམ་པའོ། །སྐུ་གསུང་ཐུགས་ཀྱིས་གསད་པའི་ལས་ཀྱི་རིམ་པའོ།། །།ལས་ཀྱི་རིམ་པ་གཞན་བསྟན་པར་བྱ་སྟེ། །གྲོང་ཁྱེར་དཀྲུག་པའི་ཆོ་ག་ནི། །རང་ཉིད་ལྷག་པའི་ལྷར་
གནས་པས། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །ནག་པོ་ཆེན་པོ་ལྔ་བརྩལ་ལ། །སྔགས་ཀྱི་འཁོར་ལོའི་ཕྲེང་བ་བྲི། །མཐུན་པའི་རྫས་ཀྱིས་དགང་བར་བྱ། །སྔགས་བཟླས་པས་ན་དོན་རྣམས་འགྲུབ། །ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། སྔགས་ནི་ཁྲི་ཚོ་རེ་རེ་བཟླས། །ནག་པོ་འབར་
བ་ཁ་བཅད་དོ། །གྲོང་གི་དཀྱིལ་དང་ཕྱོགས་བཞི་རུ། །རྐེད་ནུབ་ཙམ་དུ་བརྐོས་ནས་སུ། །དེ་དག་ས་གཏེར་སྦ་བར་བྱ། །ཐོད་པ་ལ་སོགས་སྣོད་ནང་དུ། །མཐུན་པའི་རྫས་ནི་བསག་པར་བྱ། །མཁའ་འགྲོ་མ་ཡི་དགྲ་སྔགས་བཟླས། །དེ་ཡང་གྲོང་ཁྱེར་གསེབ་དུ་བསྐྱལ། །བདུན་
བདུན་བར་ནི་བཅད་བྱས་ལ། །དེ་ལྟར་བྱས་ན་གྲོང་ཁྱེར་འཁྲུག །གྲོང་ཁྱེར་དཀྲུག་པའི་ལས་ཀྱི་རིམ་པའོ།། །།ཆར་ནི་དབབ་པའི་རིམ་པ་ཡང་། །དང་པོར་བསྙེན་སྦྱོར་གོམས་པ་ཡིས། །རང་ཉིད་ལྷག་པའི་ལྷར་བསྐྱེད་ལ། །རྫས་རྣམས་བསགས་པའི་ཐབས་དག་ནི། །ཡི་གེ་

གཉིས་ཀྱིས་སྦྱང་བྱས་ལ། །ཀླུ་ཡི་རྒྱལ་པོ་མཐའ་ཡས་ཀྱི། །གཟུགས་བརྙན་བྱས་ལ་ཁམ་ཕོར་དུ། །བཞག་ནས་བདུད་རྩི་སོགས་ཀྱིས་དགང་། །བ་ནག་འོ་མས་བཀང་ནས་ནི། །གཞོན་ནུ་ནག་མོས་བཀལ་པ་ཡི། །སྐུད་པ་ཡིས་ནི་བཅིང་བར་བྱ། །རླུང་ལྷའི་
ཕྱོགས་སུ་རྫིང་བུ་བྱ། །ཀླུ་ཡི་རྒྱལ་པོ་དེ་རུ་བཞག །དེ་ཡི་འགྲམ་དུ་དཀྱིལ་འཁོར་བྱ། །སོལ་བ་རུས་པ་ལྡོང་རོས་དང་། །སོ་ཕག་ལོ་མ་རུས་ཕྱེ་ལ། །ནག་པོ་དཀར་པོ་སེར་པོ་དང་། །དམར་པོ་ལྗང་གུའི་ས་ཚོན་བྱ། །དུར་ཁྲོད་སྲད་བུས་ཐིག་གདབ་བོ། །དཀྱིལ་འཁོར་གྲུ་གསུམ་
བྱས་ནས་ནི། །དེ་ཡི་དབུས་སུ་མཐའ་ཡས་བཞག །མགོན་པོའི་བདག་པོ་ཆེན་པོ་བཞི། །རྒྱུད་བཞི་དང་ནི་བསྟུན་ནས་ཀྱང་། །གང་མོས་མགོན་པོས་གནན་པར་བྱ། །བདུད་རྩི་མེ་ཏོག་ནག་པོ་དང་། །འདུ་བྱེད་ཁུ་བ་གླང་པོའི་ཆང་། །བླུགས་དང་མཆོད་པ་དབུལ་བར་བྱ། །རང་གིས་
རྣལ་འབྱོར་རྣམ་པ་ཡིས། །བཟླས་པའི་མན་ངག་ཤེས་བྱས་ཏེ། །སྔགས་བཟླས་པས་ནི་ཆར་དབབ་པའོ། །གལ་ཏེ་མི་འབབ་དེ་ཡི་ཚེ། །ཀླུ་ཡི་མགོ་ནི་འགས་པར་འགྱུར། །སྤྲིན་དབྲལ་བ་ཡི་ཐབས་རྣམས་ནི། །དུར་ཁྲོད་རས་ལ་ཉེར་འདུག་ནས། །སྔགས་བཟླས་པས་ནི་
འགྲུབ་པར་འགྱུར། །ཨོཾ་ཨཱརྱ་ཤྨ་ཤཱ་ན་པྲི་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། སྔགས་ལས་འོད་ཟེར་འཕྲོས་པ་ཡི། །སྤྲིན་པ་བསྡུས་ཤིང་སྤྲིན་དྲལ་བས། །གསེབ་ནས་ཆར་ནི་འབབ་པར་བསམ། །ཆར་དབབ་པའི་སྔགས་བཟླས་པ། ཨོཾ་གྷུ་རུ་གྷུ་རུ། གྷུ་ཌུ་གྷུ་ཌུ། མ་ཤ་མ་ཤ་གྷ་ཊ་གྷ་ཊ། གྷོ་
ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀཾ་ས་པྟ་པཱ་ཏཱ་ལ་ག་ཏཱ་ན་ནཱ་གཱ་ཀཪྵ་ཡ་བཪྵ་ཡ་གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ་ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེས་ནི་ཆར་རྣམས་མི་འབབ་ན། །སྔགས་བཟློག་ནས་བཟླས་པས་ཆར་འབབ་བོ། །དེས་ཆར་
མི་འབབ་ན་མགོ་འགས་པར་འགྱུར་རོ།། །།ཆར་སོགས་བཟློག་པའི་ཆོ་ག་ནི། །རང་ཉིད་ལྷག་པའི་ལྷར་གནས་པས། །སྔོན་དུ་བསྙེན་པ་རྫོགས་བྱས་ལ། །དུར་ཁྲོད་སོལ་བའི་རྫས་དག་ལ། །སྔགས་དེ་བཟླས་ཤིང་བཏབ་པས་སུ། །དེ་ནས་ནམ་མཁར་གཏོར་བར་བྱ། །དེ་ལྟར་

བྱས་པས་བཟློག་པར་འགྱུར། །དེས་ནི་བཟློག་པར་མ་གྱུར་ན། །གནས་ནི་དབེན་པར་གནས་བྱས་ཏེ། །བདག་ཉིད་ལེགས་པར་བསྲུང་བྱས་ལ། །བདག་གི་ལུས་ནི་མེར་བསྒོམས་ཏེ། །གཞན་ནས་ཀྱང་ནི་མེ་བྱུང་ནས། །འཇིག་རྟེན་ཐམས་ཅད་མེས་གང་བསམ། །སྔགས་ཀྱི་འོད་
ཟེར་ལས་མེ་བྱུང་། །ཆར་པ་ལ་སོགས་བསྲེགས་པར་བསམ། །དེས་ཀྱང་བཟློག་པར་མ་གྱུར་ན། །གློག་ཕྲེང་གི་ནི་སྦྱོར་བ་ལས། །ཇི་ལྟར་འབྱུང་ཞིང་བཟློག་པར་བྱའོ། །དེས་ནི་ངེས་པར་བཟློག་པར་འགྱུར། །ཆར་དང་སེར་བ་ལ་སོགས་པ་བཟློག་པའི་ཆོ་ག་རྫོགས་སོ།། །།
རྣལ་འབྱོར་པ་ལ་སོགས་པ་ནི། །དུས་ལ་བབ་ནས་འཆི་འགྱུར་ན། །ཕུང་པོ་བསྲེག་པར་བྱ་བ་ནི། །རྡོ་རྗེ་སློབ་དཔོན་མཁས་པས་སུ། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །ལྷ་ཡི་གནང་བ་ཐོབ་པར་བྱ། །ལྷ་ཡི་གནང་ཐོབ་མ་གྱུར་ན། །སེམས་ནི་ལས་སུ་རུང་བར་བྱ། །སེམས་འཛིན་ནུས་
པར་མ་གྱུར་ན། །དུས་དང་གྲངས་ཀྱི་བསྙེན་པ་ནི། །མོས་དང་ལྡན་པས་རྫོགས་བྱས་ལ། །དེ་ནས་བརྩམ་པར་བྱ་བ་ཡིན། །དེ་ཡང་ཐུན་མོང་སྔོན་སོང་ནས། །ཕྱིས་ནི་བསྙེན་པ་གསོ་དོན་དུ། །བསྡུ་ན་ལྔ་དང་གསུམ་དུ་བྱ། །དང་པོ་འཆི་རྟགས་བརྟག་པར་བྱ། །བདག་ཉིད་ཕྱག་ན་རྡོ་རྗེར་
བསྐྱེད། །སྐད་ཅིག་ཙམ་མོས་ཐུགས་ཀར་ནི། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཡི་གེ་ཧཱུཾ་གི་འོད་ཟེར་གྱིས། །བླ་མ་ལ་སོགས་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་བ་དང་། །གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ། །ལུས་དབུལ་
དགེ་རྩ་བསྔོ་བར་བྱ། །ཚད་མེད་བཞི་དང་སྟོང་ཉིད་བསྒོམ། །སྟོང་པའི་ངང་ལས་ཆོ་ག་ནི། །རྣམ་པ་ལྔས་བསྐྱེད་བདེ་གཤེགས་ཚུལ། །ཆོ་ག་གསུམ་བསྐྱེད་སེམས་དཔའི་ཚུལ། །དེ་ཡང་མྱུར་བར་བསྐྱེད་འདོད་ན། །སྟོང་པའི་ངང་ལས་ས་བོན་བྱུང་། །དེ་ཉིད་འཕྲོས་པས་སྐུ་བསྐྱེད་
ངོ་། །ཞལ་གཅིག་ཕྱག་གཉིས་ཨུཏྤལ་མདོག །མཆེ་བ་གཙིགས་པ་སྒེག་དང་བཅས། །རྡོ་རྗེ་གསོར་ཞིང་སྡིགས་མཛུབ་འཆང་། །འོད་ཀྱི་སྤྲུལ་པའི་དཀྱིལ་ན་གནས། །པདྨ་སྟོང་ལྡན་འདབ་དཀྱིལ་ན། །ཉི་ཟླའི་གདན་ལ་ཞབས་ཀྱིས་བརྟེན། །ཡེ་ཤེས་ཀྱི་ནི་མཐུ་བསྐྱེད་ཅིང་། །བྱིན་

གྱིས་བརླབས་པ་ལ་སོགས་བྱ། །སྐུ་དེ་ཉིད་ནི་བརྟེན་པར་བསྒོམ། །གཤིན་རྗེ་སྲོག་གཅོད་དེ་ལ་ཡང་། །བདེན་པའི་ཚིག་གིས་བཀའ་བསྒོ་བྱ། །དེ་དག་འོངས་པར་གྱུར་ནས་ཀྱང་། །གཏོར་མ་ཡང་ནི་གཏང་བར་བྱ། །དེ་ནས་རྣམ་ཤེས་འཕོ་བའི་ཕྱིར། །
མན་ངག་སྟོབས་ཀྱི་སྦྱོར་བ་ཡིས། །རྣ་བའི་དྲུང་དུ་སྔགས་འདི་བཟླས། །རྡོ་རྗེ་འཛིན་པའི་རྡོ་རྗེ་བསམ། །ཨོཾ་ན་མོ་བྷ་ག་བ་ཏེ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བྷྱ་མ་བྷྱ་པི་ནི། བྱོ་མ་རཱུ་པ་ཡ། སརྦ་བྱ་པི་ནི་ཤི་པ་ཡ་ཧྲི། བྲརྨ་མཱ་ཏ་
ཧྲིམ། བཥྤྷྱི་དང་ཡ་ཏེ། ཧཱུཾ་རུ་དྲ་དང་ཡི་ཏེ། ཀྵུ་རུ་དྲཀྵ་ར་པི་སརྦ་ནི་ཧཱུཾ་རུ་དྲཀྵ་ར་པི་སརྦ་ནི་ཧཱུཾ་རུ་དྲེ་ས་རུ་པེ། ཧྲི་ན་ད། ཨཱཏྨ་ཀེ །ཧཱུཾ་བིནྡུ་ཤ་རེ་རེ། ཨོ་ཤག་ཏྲི་སཾ་ཤག་ཏྲི་སམ་ཤ་ཏྲི་ས་ཡོ་ཛ་ནི། མ་བྱོ་མ་ཡོ་ཛ་ནི། བྷོ་ཥ་ཏ་ཀཻ་བ་ལྱཻ་བ་དེ་ཧྨ་བིདྷྱེ་ན་མ། ཨཱུཾ་ཧཱུཾ་ཧཱུཾ་ལྟུཾ་ཀྵུཾ་ཀྵུཾ་ཀྵུཾ་ན། ཨོཾ་ཨོཾ་ཨཱི་ཨུ། བྱོ་མ་
བྱ་པི་ནི་པོ་ཤ་ཊ། དེ་ནས་གསང་སྔགས་འདི་ཡིས་ནི། །མི་བསྐྱོད་གནས་ནི་ཉམས་དགའ་བ། །དགའ་དང་འཆི་བ་རྣམ་སྤངས་པར། །རྣམ་པར་ཤེས་པ་བྱུང་ནས་འགྲོ། །དེ་ཡི་ཚངས་པའི་སྒོ་ནས་ནི། །རྣམ་ཤེས་མྱུར་དུ་འབྱུང་བར་འགྱུར། །བཞིན་ནི་རབ་ཏུ་འཛུམ་བྱེད་ཅིང་། །རོ་ནི་ངོ་
མཚར་ཕྱག་རྒྱར་ལྡན། །དེ་ལྟ་བུ་ཡི་སེམས་ཅན་དེ་ལ་ནི། །བར་མ་དོ་ཡི་གནས་དག་ཏུ། །འོད་ཀྱི་ཕྲེང་བའི་འཁོར་ལོ་ཡིས། །མི་བསྐྱོད་པ་དང་ཐ་མི་དད། །འོད་ཀྱིས་བཟུང་ནས་འཁོར་ལོ་ཡི། །ཆ་ལུགས་འཛིན་པ་ཉིད་དུ་ལྟ། །དེ་ཡི་སྡིག་པ་བསྡུས་ནས་ཀྱང་། །ཁོག་པའི་རྟེན་ལ་
བསྡུ་བར་བྱ། །ག་ཕུར་གུར་ཀུམ་ལ་སོགས་པའི། །སྤོས་ཀྱི་ཆུ་ཡིས་བཀྲུ་བར་བྱ། །དྲི་མ་མེད་པའི་རས་ལ་ནི། །བྱིན་གྱིས་བརླབས་ནས་གཡོགས་པར་བྱ། །རོལ་མོའི་ཆ་བྱད་དང་ལྡན་པས། །དུར་ཁྲོད་དགོན་པའི་གནས་སུ་བསྐྱལ། །དེ་ནས་རོ་ནི་བསྲེག་བྱ་སྟེ། །ས་དང་སྟ་གོན་
ཆོ་ག་དང་། །སློབ་དཔོན་ལས་དང་དཀྱིལ་འཁོར་བསྒྲུབ། །དེ་ནས་རོ་ནི་བསྲེག་པར་བྱ། །ཡང་ན་སྟ་གོན་བྱས་རྟིང་ལ། །བསྲེག་པར་བྱ་བ་ཉིད་དུ་བྱ། །ས་ནི་བརྟག་དང་བསླང་བ་དང་། །སྦྱང་དང་བྱིན་གྱིས་བརླབས་པ་དང་། །གཟུང་དང་བསྲུང་བ་ཉིད་དུ་བྱ། །དེ་རྣམས་ཞིབ་ཏུ་བྱ་བ་

ཡང་། །དཀྱིལ་འཁོར་སྤྱི་རྒྱུད་གཞན་དང་མཐུན། །དེ་ནས་མཎྜལ་སྟེང་དུ་ནི། །ཐིག་ལེ་བྱས་ཏེ་ཚོམ་བུ་དགྲམ། །ལྷ་བསྐྱེད་པའམ་ལྷ་སྤྲུལ་པ། །ཡེ་ཤེས་སྤྱན་དྲངས་གཉིས་སུ་བསྲེ། །བྱིན་བརླབས་དབང་བསྐུར་བྱས་ནས་ནི། །ཕྱི་མཆོད་ནང་མཆོད་གསང་མཆོད་དང་། །རྡོ་རྗེ་
གླུ་དང་གར་སོགས་ཀྱིས། །མཆོད་ཅིང་བསྟོད་པ་རྒྱས་པར་བྱ། །གསོལ་བ་བཏབ་སྟེ་སྙན་གསན་དབབ། །དེ་ནས་སྦྱིན་སྲེག་དག་གིས་སྦྱང་། །བུམ་པ་བྱིན་གྱིས་བརླབ་པ་ཡང་། །བྱ་དང་མི་བྱ་གཉིས་སུ་བསྟན། །བྱེད་ན་ཆོ་ག་གཞན་དང་མཐུན། །སློབ་མ་སྟ་གོན་གནས་པ་
ཡང་། །གཤིན་དང་གསོན་ནི་གཉིས་སུ་བསྟན། །མི་བསྐྱོད་གནས་ན་གནས་པ་དེར། །དབང་བསྐུར་བྱེད་ན་འདིར་བཀུག་ལ། །སྟ་གོན་ཡང་ནི་རྒྱས་པར་བྱ། །སྟ་གོན་བྱེད་པའི་ཚུལ་རྣམས་ཀྱང་། །གསོན་ལ་བྱེད་པ་ཇི་བཞིན་བྱ། །དབང་བསྐུར་དེ་ནི་མི་བྱེད་ན། །སྟ་གོན་དེ་ཡང་མི་བྱ་སྟེ། །མི་བསྐྱོད་གནས་སུ་
བཞག་ནས་ནི། །བྱིན་བརླབས་བྱས་ཏེ་སྨོན་ལམ་གདབ། །རོ་དེ་ཉིད་ནི་བྱིན་བརླབས་ལ། །སྲེག་ཁང་ཐུར་ལ་ཁྲུ་དོའམ། །ཁྲུ་གང་རྐོ་བ་ཆེ་ཆུང་ཚད། །རྒྱར་ཡང་གྲུ་བཞི་ཁྲུ་དོའམ། །མུ་རན་སོར་བརྒྱད་བཅུ་དྲུག་ཚད། །ཁ་དོག་དཀར་པོ་ཟླུམ་ཞིང་འཁྱིལ། །དབུས་སུ་པདྨ་འདབ་བརྒྱད་
བྲི། །ཕྱི་རོལ་བྲི་དང་མི་བྲི་དང་། །འབྲི་བར་རྒྱན་རྣམས་གཞན་དང་མཐུན། །རྒྱན་རྣམས་ཐམས་ཅད་རྫོགས་པར་དགྲམ། །ཤིང་རྣམས་དྲི་དང་ལྡན་པ་དང་། །འཇག་མ་ཀུ་ཤ་ལ་སོགས་ཀྱིས། །ཐབ་ཁུང་འོག་ཏུ་གདིང་བར་བྱ། །ཕུང་པོ་ཤར་དུ་ཁ་བསྟན་ཏེ། །ཙོག་པུར་བཅས་ཏེ་
གཞག་པར་བྱ། །ཤིང་རྣམས་མཆོད་རྟེན་དབྱིབས་སུ་བརྩིག །ཕྱི་ནི་མཆོད་རྟེན་དབྱིབས་འདྲ་ལ། །ཁ་དོག་དཀར་པོར་བྱས་ནས་ཀྱང་། །སྐར་ཁུང་བཞི་ནི་གཏོད་པར་བྱ། །མཆོད་རྫས་ལ་སོགས་བཀྲམ་ནས་ཀྱང་། །བདག་ཉིད་བསྐྱེད་པ་རྫོགས་བྱས་ལ། །ཕོ་བྲང་བྱིན་གྱིས་
བརླབས་ནས་ཀྱང་། །མེ་ལྷ་རྒྱལ་པོ་བསྐྱེད་པར་བྱ། །ཡེ་ཤེས་མེ་ལྷ་སྤྱན་དྲངས་ལ། །བགེགས་བསྩལ་མཆོད་ཅིང་བསྟོད་པ་བྱ། །ཡེ་ཤེས་དགུག་ཅིང་བསྟིམས་བྱས་ལ། །རྒྱས་གདབ་དམ་ཚིག་བསྒོ་བ་དང་། །དབང་བསྐུར་བྱས་ནས་མཆོད་པར་བྱ། །བསྟོད་པ་ལ་སོགས་རྫོགས་

ནས་ཀྱང་། །མེ་ལྷ་ཤར་ལྷོར་བཞུགས་པའམ། །ཡང་ན་ཐུགས་ཀར་ཕོ་བྲང་བཅའ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམ། །བྱིན་བརླབས་ལ་སོགས་རྫོགས་བྱས་ལ། །ཕྱི་མཆོད་ནང་མཆོད་གསང་མཆོད་བྱ། །དེ་ནས་རྩ་བའི་སྔགས་ལ་ནི། །སྡིག་པ་
ཞི་བྱེད་སྔགས་བཟླས་ལ། །བར་དུ་མིང་ནི་གཞུག་པར་བྱ། །ཉི་ཤུ་རྩ་གཅིག་བརྒྱ་རུ་བཟླས། །མཆོད་རྫས་གཡོན་དུ་བཀྲམ་ནས་ཀྱང་། །སྲེག་རྫས་གཡས་སུ་དགྲམ་པར་བྱ། །མར་དང་ཡམ་ཤིང་ཞོ་དང་ནི། །མངར་གསུམ་འབྲས་ཆན་ལ་སོགས་པ། །རིམ་པ་བཞིན་དུ་དབུལ་
བར་བྱ། །ཐ་མར་དགང་བླུགས་ཕུལ་ནས་ནི། །མཆོད་ཅིང་བསྟོད་དེ་གསོལ་བ་གདབ། །བཛྲ་མུཿཡི་མཐའ་ཅན་གྱིས། །གཤེགས་སུ་གསོལ་ཏེ་དམ་ཚིག་བསྡུ། །ཐ་མ་མེ་ཡི་ལྷ་ལ་ནི། །ཆོ་ག་གོང་བཞིན་བསྡུས་ཏེ་བྱ། །ཡེ་ཤེས་མེ་ལྷ་གཤེགས་ནས་ནི། །དམ་ཚིག་མེ་ལྷ་བསྡུ་
བར་བྱ། །དེ་ལྟར་རྟེན་དང་སྡིག་བཤགས་ལ། །བརྟེན་པོ་གོང་བཞིན་བཀུག་ནས་ནི། །ཕོ་བྲང་གཉིས་སུ་བཅའ་བྱས་ནས། །རང་ཉིད་ལྷག་པའི་ལྷར་གནས་པས། །དཀྱིལ་འཁོར་ཆོ་ག་ཇི་བཞིན་པར། །དཀྱིལ་འཁོར་བཅུག་ལ་དབང་བསྐུར་བྱ། །དེ་ནས་སྨོན་ལམ་གདབ་པར་བྱ། །
མི་བསྐྱོད་པ་ཡི་གནས་དག་ཏུ། །ཟླ་བའི་དཀྱིལ་འཁོར་སྟེང་བཞག་སྟེ། །རླུང་གི་འཁོར་ལོའི་ཤུགས་ཀྱིས་འཕང་། །དེ་ལྟར་བྱེད་པའི་རྣལ་འབྱོར་གྱིས། །མན་ངག་ལག་ལེན་གོམས་པ་ཡིས། །སྦྱངས་ནས་བདེ་འགྲོར་ངེས་པར་སྐྱེ། །རིམ་གྱིས་བྱང་ཆུབ་ཐོབ་པར་འགྱུར། །ངན་སོང་
གསུམ་ན་འཁྱམས་ན་ཡང་། །སྔགས་ལ་སོགས་པའི་མཐུ་རྣམས་ཀྱིས། །དུས་དེ་རུ་ནི་ཤིན་ཏུ་བདེ། །དེ་ནས་མྱུར་དུ་ཐར་བར་བྱེད། །གཞན་ཡང་དུར་ཁྲོད་རུས་པ་ནི། །ལོ་བརྒྱའམ་ལོ་སྟོང་ལོན་པ་ལ། །བསྲེག་པ་ལ་སོགས་བྱས་པ་ན། །སྡུག་བསྔལ་ལས་ནི་ཐར་བར་འགྱུར། །
རུས་པ་མེད་ན་མིང་སོགས་ལ། །ཆོ་ག་བྱས་ན་ཐར་བར་འགྱུར། །ཉམས་སུ་མ་ལོན་ཆོ་ག་འཁྲུགས། །རང་ཉིད་དམྱལ་བར་འགྲོ་བའི་རྒྱུ། །དེ་བས་མཁས་པས་བསྒྲིམས་ཏེ་བྱའོ། །ཕུང་པོ་རྟེན་དང་བཅས་པ་ཡི། །བསྲེག་པ་ལས་ཀྱི་རིམ་པ་ཨི་ཐི།། །།རྫོགས་པའི་མན་ངག་

བསྟན་པ་ནི། །རང་ཉིད་ལྷག་པའི་ལྷར་བསྒོམས་ལ། །ལྟེ་བ་སྙིང་ག་མགྲིན་པ་དང་། །མགོ་བོ་ཡི་ནི་གན