Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 50
Văn bản gốc(Tây Tạng)
Trang 2 / 16 (50.000 ký tự/trang)
པཱ་ཎི་ཧཱུཾ་ཆེ་གེ་མོ་རྒྱས་པར་གྱིས་ཤིག་སྭཱ་ཧཱ། རྒྱས་པའི་དུས་ནི་ཡང་དག་བསྟན། །ཉ་དང་དེ་བཞིན་རྒྱས་པའི་ཉ། །དེ་ཡི་དུས་སུ་ཡང་དག་སྦྱར། །རྒྱས་ པའི་ལས་ནི་འདི་དག་ལ། །རྣལ་འབྱོར་ཅན་གྱིས་བརྩོན་པར་བྱའོ། །རྒྱས་པའི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་གསུམ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནས་དབང་གི་འཁྲུལ་འཁོར་འདི། །གྲྭ་བ་དམར་པོའི་རྫས་རྣམས་ལ། །འཁོར་ ལོ་གཉིས་ནི་སྔོན་བཞིན་བྲི། །སྔགས་སོགས་དགོད་པ་སྔོན་བཞིན་བྱ། །བསྙེན་པ་ཡང་ནི་སྔོན་བཞིན་བྱ། །རྒྱ་སྐྱེགས་ཙནྡན་ཁུ་བའམ། །སྲིན་ལག་ཁྲག་གིས་བྲི་བར་བྱ། །ཁམ་ཕོར་ནག་པོ་ལ་སོགས་མིན། །ཁ་སྦྱར་འཁོར་ལོ་གཞུག་པར་བྱ། །སྦྲང་རྩི་མར་གྱིས་ བཀང་ནས་སུ། །སྐུད་པ་དམར་གྱིས་བཅིང་བར་བྱ། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །འོད་འཕྲོས་སྤྱན་དྲངས་སྔོན་བཞིན་མཆོད། །དེ་ནས་འཁོར་ལོ་དག་ལ་བསྟིམ། །དབང་དུ་བྱེད་པའི་ལྷ་རྣམས་ནི། །སྔགས་ཀྱི་གནས་སུ་ནུས་མཐུ་ཅན། །འོད་ཟེར་དམར་ པོའི་སྦྱོར་བ་ཡིས། །བསྒྲུབ་བྱ་དབང་དུ་བྱ་བར་བསམ། །མེ་ཏོག་དམར་པོས་དུས་གསུམ་མཆོད། །ཆོ་ག་ལས་བསྐྱེད་རྡོ་རྗེ་འཛིན། །དམར་པོ་ཁ་དོག་དབང་དུ་བྱེད། །ནུབ་ཕྱོགས་ངོས་སུ་ཁ་བལྟས་ལ། །ཟླ་བ་དམར་པོ་དག་ལ་ནི། །བསྒྲུབ་བྱ་བསམ་པར་ བྱས་ནས་ནི། །སྙིང་གའི་ཡི་གེའི་འོད་ཟེར་གྱིས། །བསྒྲུབ་བྱ་གནས་ནས་བཀུག་བསམས་ལ། །ཁྲི་ཡི་སྔགས་ནི་བཟླས་པར་བྱ། །བསྒྲུབ་བྱའི་ལུས་ལ་ཕོག་གྱུར་པས། །དེ་ཡི་སེམས་ནི་ཡེངས་གྱུར་ནས། །ཞབས་ཀྱི་དྲུང་དུ་འགྱེལ་བར་བསམ། །སྐྲ་གྲོལ་བ་ ལ་གོས་མེད་པ། །ཤིན་ཏུ་གཡེང་བའི་བསྒྲུབ་བྱ་བསམ། །དབང་དུ་མི་འགྱུར་གང་ཡང་མེད། །ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཙཎྜ་རོ་ཥ་ཎ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་དབང་དུ་བགྱིས་པ་ས་མ་ཡ་ཧོ། །གང་དག་དབང་དུ་མི་འགྱུར་བ། །ཁ་ཏི་མ་ཡི་མེ་ནི་དུ་བ་ མེད། །སྔགས་བཟླས་འཁྲུལ་འཁོར་ལ་ནི་བསྲོ། །ལས་སུ་བྱ་བ་དུས་བསྟན་པ། །ནག་པོའི་བརྒྱད་ནས་བརྩམས་ནས་ནི། །དེ་བཞིན་ནག་པོའི་བརྒྱད་ཀྱི་བར། །བརྟུལ་ཞུགས་ཅན་གྱིས་དབང་ལ་སྦྱོར། །དེ་བཞིན་དབང་གི་འཁྲུལ་འཁོར་ལ། །རྣལ་འབྱོར་ཅན་གྱིས་ བརྩོན་པར་བྱའོ། །དབང་གི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་བཞི་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །དྲག་པོ་ཡི་ནི་འཁྲུལ་འཁོར་དག །དུར་ཁྲོད་དག་གི་རས་མ་ལ། །སྐེ་ཚེ་ནིམ་པའི་བྱེ་བྲག་གིས། །ཚ་བ་གསུམ་གྱི་ མར་དང་དུར་ཁྲོད་སོལ། །ད་དུ་ར་དང་གཏུམ་པོའི་ས་བོན་དང་། །ཁྲོ་མཛུབ་ཁྲག་དང་ཙི་ཏ་ཁུ་བ་དང་། །བྱི་བྲུན་གྱི་ནི་འཇིམ་པ་བླང་། །གཏུམ་བྱེད་ཀྱི་ནི་ཕྲུ་བའི་ཆུས། །ལྟོགས་ཆེན་སྒྲོ་ཡི་སྨྱུ་གུ་ཡིས། །བདག་ཉིད་ལྷ་ཡི་རྣལ་འབྱོར་ལྡན། །གཏུམ་པོ་ ཁྲོས་པའི་ས་བོན་གྱིས། །བརྟུལ་ཞུགས་ཅན་གྱིས་འཁོར་ལོ་བྲི། །བཅུ་ཡི་ཉི་མ་ཕྱེད་ན་བྲི། །སྔགས་ལ་སོགས་པ་དགོད་པ་ནི། །སྔོན་དུ་གསུངས་པའི་རྣམ་པ་ནི། །དེ་ནས་སྟོང་པའི་ལེའུ་ཚེ་རྣམས། །མིང་དང་བསྐུལ་ཚིག་ཧཱུཾ་ཕཊ་ལྡན། །རྣལ་འབྱོར་ ཁྲོས་པའི་གཟུགས་ཅན་གྱིས། །འོད་ཟེར་འཕྲོས་པས་ལྷ་རྣམས་དགུག །ཆོ་ག་ལ་སོགས་བྱས་པ་ལ། །དེ་ནས་བཀུག་སྟེ་འཁོར་ལོར་གཞུག །གསོད་དང་ལྡན་པའི་ཁྲོ་བོ་ནི། །ནུས་དང་ལྡན་པའི་ཡི་གེ་རྣམས། །གདུག་པའི་ཚོགས་ཀྱིས་གསད་ པར་བྱ། །དེ་ལྟར་བྱིན་གྱིས་བརླབ་པར་བྱ། །བྱི་བྲུན་འཇིམ་པ་གཏུམ་བྱེད་ཆུས། །ཁམ་ཕོར་སྦྱར་ཞིང་དགང་བར་བྱ། །མེ་ཏོག་ནག་པོས་དུས་གསུམ་མཆོད། །བདག་ཉིད་ཁྲོས་པའི་རྣལ་འབྱོར་གྱིས། །ལྷོ་ཕྱོགས་ཁ་བལྟས་བསྒྲུབ་བྱ་མདུན། །འབྲུབ་ ཁུང་ལ་སོགས་མན་ངག་རྫོགས། །གཟུགས་བརྙན་མདུན་དུ་བཞག་ནས་ནི། །གསོད་པའི་མན་ངག་ལ་སོགས་བྱ། །གནས་དེར་བདག་ཉིད་སྦྱོར་ལྡན་པས། །རྒྱལ་རིགས་ཐོད་པའམ་གཞན་ཡང་རུང་། །ནང་གི་འབྲུ་དང་སྨན་དག་དང་། །གླང་རྟ་མི་ཁྲག་ཐོད་པ་བཀང་། ། བཀང་སྟེ་ཐོད་པ་གསུམ་སྒྱེད་བཞག །དུར་ཁྲོད་དག་གི་རོ་ཤིང་བསྐུལ། །ཁྲོས་པའི་མེ་ཡིས་བསྐུལ་བར་བྱ། །དུར་ཁྲོད་རས་མར་བསྒྲུབ་བྱའི་མིང་གཟུགས་བྲི། །སྟེང་གི་ཐོད་པ་བཅུག་སྟེ་བཞག །ཐོད་པ་ཁ་སྦུབ་ཐལ་བ་ཕྱོགས་སུ་གཏོར། །འདིས་ནི་ངེས་པར་གསོད་ པར་འགྱུར། །ཡང་ན་གཞན་སོགས་སྦྱོར་བ་ནི། །མཁས་པ་ཡིས་ནི་ཤེས་པར་བྱ། །ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་མཱ་ར་ཡ་ཧཱུཾ་ཕཊ། དྲག་པོའི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་ལྔ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ ཕྱག་འཚལ་ལོ། །དེ་ནས་བསྐྲད་པའི་འཁྲུལ་འཁོར་བརྩམ། །དུར་ཁྲོད་རས་མ་ཁྲུ་གང་ལ། །སྔོན་དུ་གསུངས་པའི་རྫས་རྣམས་ཀྱིས། །འཁོར་ལོའི་སྔགས་སོགས་སྔོན་བཞིན་བྲི། །སྟོང་པའི་ལེའུ་ཚེ་བླངས་ནས་ནི། །གང་མིང་བསྐུལ་བའི་སྔགས་དང་ལྡན། །བདག་ཉིད་ལྷ་ཡི་སྦྱོར་ སོགས་ལྡན། །འོད་ཟེར་འཕྲོས་ནས་སྤྱན་དྲངས་མཆོད། །གསོལ་བསྟོད་བྱས་ནས་བསྙེན་པ་བྱ། །ཁྲི་ནི་ཐོས་ནས་ནག་པོའི་ཕྱོགས། །ནག་པོའི་ཕྱོགས་ཀྱི་ཚེས་བཞི་ལ། །གསོལ་བ་བཏབ་སྟེ་བསྟོད་པ་བྱ། །ཐེམ་པའམ་རྒྱ་གྲམ་ལམ་དུ་སྦ། །བསྒྲུབ་བྱ་ཇི་སྲིད་མནན་པ་རུ། །འཐབ་ ཅིང་འཐབ་པས་དབྱེ་བར་བསམ། །གཏོར་མ་བྱིན་ནས་སྐྲོད་ཅིག་ཅེས། །གསོལ་བ་མང་དུ་གདབ་པར་བྱ། །ཁྲོས་པས་ནུབ་བྱང་ཁ་བལྟས་ཏེ། །སྔགས་བཟླས་མྱུར་བར་འབྲོས་པར་འགྱུར། །ཁྱིམ་དུ་རྟག་ཏུ་འཐབ་འབྲོས་པས། །ཨོཾ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་ཆེ་གེ་མོ་སྐྲོད་ཅིག་དཏྟཱ་ཡ་ཧཱུཾ་ཕཊ། སྦྱོར་བའི་མན་ངག་འདི་ཡིས་ནི། །ངེས་པར་གནས་ནས་སྐྲོད་པར་འགྱུར། །སྐྲོད་པའི་སྦྱོར་ཀ་སྟེ་ཉི་ཤུ་དྲུག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གཞན་ཡང་འཁྲུལ་འཁོར་སྦྱོར་ཀ་ནི། །གོང་དུ་ བསྟན་པའི་རྫས་རྣམས་ཀྱིས། །འཁོར་ལོ་བྲིས་ནས་ཆོ་ག་བྱ། །བཟླས་པ་ཁྲི་ནི་ཐེམ་ནས་ནི། །བྲྀ་ཏི་ཀ་ཡེ་ཤིང་ལ་གདགས། །མི་ཡི་རྗེ་ངར་བསྒྲུབ་བྱ་ཡི། །དྲི་ཆེན་དག་གིས་ཐོད་པ་དགང་། །མིང་དང་བསྐུལ་བའི་སྔགས་ལྡན་པ། །འབུམ་ཚོ་བཞི་ནི་ཐོན་པ་དང་། །ཤིང་གི་གོང་མ་ དག་ལ་གདགས། །འཁོར་ཞིང་འཁྲུག་ཅིང་མྱོས་པར་འགྱུར། །ཡང་ན་སྐད་ཅིག་ཙམ་གྱིས་འགུགས། །ཨོཾ་ནཱི་ལཱམྦ་ར་དྷ་ར་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་བཛྲ་པཱ་ཎི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བ་དཏྟ་མཱ་ར་ཡ་ཧཱུཾ་ཆེ་གེ་མོ་ཛཿ། ཞེས་བྱ་བ་ཡི་སྔགས་ཀྱིས་ན། །ཇི་ལྟར་འདོད་པ་འདི་རྣམས་འགྲུབ། ། འགུགས་པ་ལ་སོགས་པའི་འཁྲུལ་འཁོར་གྱི་སྦྱོར་ཀ་སྟེ་ཉི་ཤུ་བདུན་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ལུང་བསྟན་སྦྱོར་བའི་མན་ངག་ནི། །རྒྱུད་རྣམས་ཀུན་དང་མི་འགལ་བའི། །མཁའ་འགྲོ་མ་ཡིས་རྒྱས་བཏབ་ལ། །རྣལ་འབྱོར་བློ་དམན་དོན་དུ་ནི། ། ཡང་ནས་ཡང་དུ་གསོལ་བཏབ་པས། །ཡིད་ཆེས་བྲོད་པ་བསྐྱེད་པའི་ཕྱིར། །མན་ངག་རིམ་པ་བསྟན་པ་ལ། །བླ་མ་ལས་ནི་གསན་པར་གྱིས། །གསང་སྔགས་སྒོ་ནི་དཔག་མེད་ནས། །ཐབས་ཀྱི་རིམ་པ་མང་གསུངས་པ། །སེམས་ཅན་ལས་ནི་སྣ་ཚོགས་པས། །སོ་སོའི་མོས་པ་ མི་མཐུན་ཕྱིར། །དཔེར་ན་སྨན་རྣམས་ནུས་པ་ཡིས། །ནད་རྣམས་སོ་སོར་སེལ་བ་བཞིན། །མན་ངག་ཐབས་རྣམས་སོ་སོས་ཀྱང་། །དུག་གི་ནད་རྣམས་འཇོམས་པར་བྱེད། །དཔེར་ན་སྨན་ནུས་གཅིག་གིས་ཀྱང་། །ཕྲད་པ་ཙམ་གྱིས་ནད་འཇོམས་པའོ། །ཡང་ན་གཉིས་ འཇོམས་གསུམ་འཇོམས་དང་། །བཞི་འཇོམས་ལྔ་འཇོམས་ལ་སོགས་དང་། །མང་པོ་འདུས་ནས་འཇོམས་པ་དང་། །དེ་དག་ཀུན་གྱིས་མ་ཆོམས་པ། །སྦྱོར་བ་གཞན་སོགས་འཇོམས་པ་དང་། །གཞན་པོ་ཁོ་ནས་འཇོམས་པ་དང་། །སྨན་དང་སྦྱོར་བ་དེ་དག་ཀྱང་། །མཁས་ པ་ཡིས་ནི་འཇོམས་པར་འགྱུར། །མི་མཁས་པ་ཡིས་གནོད་པར་འགྱུར། །སྨན་པ་མཁས་པར་གྱུར་ཀྱང་ནི། །བརྩོན་འགྲུས་ནན་ཏན་མ་བྱས་ན། །དུག་རྣམས་འཇོམས་པར་མི་འགྱུར་རོ། །དེ་བཞིན་མཐུན་པའི་དཔེ་རྣམས་ནི། །མཁའ་འགྲོ་མ་ཡིས་ལུང་བསྟན་ནས། ། ཞིབ་པས་འདི་རུ་མ་ཕྱེའོ། །བསྒོམ་པའི་སྟོབས་ཀྱིས་ཉོན་མོངས་འཇོམས། །བསྒོམས་པ་ལས་བྱུང་དངོས་གྲུབ་ཀྱིས། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །ཏིང་འཛིན་ཐོབ་པར་མ་གྱུར་པས། །ཚོགས་འཁོར་ཚོགས་མཆོད་དངོས་གྲུབ་བོ། །དེས་མ་བྱུང་ན་སྦྱིན་སྲེག་ གིས། །དངོས་གྲུབ་བསྒྲུབ་པར་གསུངས་པ་ཡིན། །དེས་མ་བྱུང་ན་བཟླས་བརྗོད་དོ། །དེས་མ་བྱུང་ན་གཏོར་མའོ། །དེ་རྣམས་ཀུན་ལ་མ་བྱུང་ན། །ལས་ཀྱི་ཕྲན་ཚེགས་གཞན་ཡང་བསྟན། །ཡང་ན་དེ་དག་ཐམས་ཅད་ཀྱང་། །གཅིག་འདུས་གཉིས་འདུས་གསུམ་འདུས་ དང་། །བཞི་འདུས་ལྔ་འདུས་ལ་སོགས་པས། །འབྱུང་བར་འགྱུར་བར་གསུངས་པ་ཡིན། །ཡང་ན་མཆོག་འདོད་པ་ལ་ནི། །ཐམས་ཅད་རྫོགས་པར་དགོས་པར་གསུངས། །ཐུན་མོང་དངོས་གྲུབ་བསྒྲུབ་པ་ལ། །ཆེ་ཆུང་གི་ནི་རིམ་པས་གསུངས། །སྦྱོར་བ་རེ་རེས་ཀྱང་ནི་འགྲུབ། །གསང་ སྔགས་ལ་ལའི་བཞེད་ཀྱིས་ནི། །དཔེར་ན་སྦྲུལ་ནི་སྨྱུ་གུར་ཞུགས། །རྩ་བར་འགྲོ་དང་རྩེ་མོར་འགྲོ། །དེ་བཞིན་རྣལ་འབྱོར་སྔགས་པ་ཡང་། །རིག་འཛིན་ས་དང་རྡོ་རྗེ་དམྱལ། །ལ་ལ་དག་གི་གཞུང་གིས་ནི། །བར་མ་དོ་ནས་འགྲོ་བའོ། །ལ་ལ་སྐྱེ་བ་ཕྱི་མ་ལ། །ལ་ལ་དག་གི་ བཞེད་ཀྱིས་ནི། །གཉིས་པ་གསུམ་པ་དག་ལའོ། །བཞི་པ་ལྔ་པར་འདོད་པའང་ཡོད། །ལ་ལ་སྐྱེ་བ་བདུན་པ་ལ། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་བཤད། །དེ་ལྟར་གཞུང་ལུགས་མི་འདྲ་བ། །མང་དུ་གསུངས་པ་དེ་དག་ཀྱང་། །འགལ་བ་མེད་དེ་ཀུན་ཀ་བདེན། །གསང་སྔགས་ ཀྱི་ནི་གཞུང་གིས་ཀྱང་། །སྐྱེ་བ་བདུན་ལས་མི་འདའ་བས། །མ་བསྒོམས་ཀྱང་ནི་སངས་རྒྱས་ས། །ཞེས་སུ་རྒྱུད་ལས་གསུངས་པ་ཡིན། །སྐྱེ་བ་བདུན་ཞེས་བྱ་བ་ཡང་། །སྔགས་པའི་བྱང་ཆུབ་སེམས་དཔའ་ཡིན། །སྔགས་དང་སྨན་ལ་སོགས་པ་ཡི། །སྟོབས་ཀྱིས་ལུས་སེམས་ལས་ རུང་བའི། །ཤ་དང་ཐོད་པ་ལ་སོགས་པ། །བསྟེན་ཅིང་ཟོས་པས་དངོས་གྲུབ་ཐོབ། །དེ་བས་སྔགས་མཐུའི་ཡོན་ཏན་ནོ། །ས་དང་ཕ་རོལ་ཕྱིན་པ་ལ། །སྐྱེ་བ་བདུན་པ་འོང་སྲིད་ཀྱང་། །དེ་ལྟ་འོང་བ་ཤིན་ཏུ་དཀོན། །སྐྱེ་བ་བདུན་པ་ཞེས་བྱའི་གནས། ཕལ་ཆེར་དུར་ཁྲོད་ཆེན་པོ་ཡི། ། མཁའ་འགྲོ་མ་ཡི་གནས་སུ་སྐྱེ། །རིག་འཛིན་ས་ཞེས་བྱ་བ་ཡང་། །གཅིག་ནི་དེ་ལ་བྱ་བ་ཡིན། །རིག་འཛིན་ས་ལ་གསུམ་ཡོད་དེ། །དུར་ཁྲོད་རིག་འཛིན་ས་དང་ནི། །བར་སྣང་ལྷ་གནས་ས་རྟེན་དང་། །མཁའ་སྤྱོད་འོག་མིན་སྟུག་པོའི་ས། །གནས་ནི་དེ་གསུམ་ཡིན་པར་གསུངས། ། སྐྱེ་བ་བདུན་པའི་གང་ཟག་ནི། །མི་ཡུལ་གནས་ནི་ཁྱད་པར་ཅན། །སྔགས་སྤྱོད་པ་ཡི་གནས་དག་ཏུ། །འགའ་ཙམ་འབྱུང་བ་དག་ཀྱང་ཡོད། །སྐྱེ་བ་གཅིག་པ་ལ་སོགས་གཞན། །དེ་རྣམས་གནས་ཀྱང་དེ་བཞིན་ནོ། །སྐྱེ་བ་བདུན་པའི་གང་ཟག་ནི། །དད་དང་སྙིང་རྗེ་ལ་སོགས་ ལྡན། །ཕ་རོལ་ཕྱིན་བཅུའི་ཆོས་ལ་སྤྱད། །མཐུན་འཇུག་སྤྱོད་པ་ཀུན་ལ་མཁས། །བཟོ་དང་རིག་པའི་གནས་ལ་མཁས། །ལྟ་བ་མ་ནོར་གདེང་དུ་གྱུར། །སྤྱོད་པ་ལ་དོར་ཐབས་ལ་མཁས། །མན་ངག་ཐོབ་པ་ཙམ་གྱིས་ནི། །ཐེ་ཚོམ་མེད་པར་འཇུག་པར་བྱེད། །མན་ངག་བསྒོམས་ མ་ཐག་ཏུ་ནི། །ཏིང་འཛིན་སྐྱེས་འགྱུར་རང་བཞིན་གྱིས། །ཁམས་དང་དུས་དང་བྱེ་བྲག་ཤེས། །རྒྱུད་ལུང་མཚན་གྱི་མན་ངག་ལ། །ཐོས་པ་ཙམ་གྱིས་དབུ་ཞབས་ཀྱི། །མན་ངག་རྣམས་ནི་ཁོང་དུ་ཆུད། །བཤད་པའི་རྒྱུད་དང་འགྲེལ་པ་དང་། །མངོན་པར་རྟོགས་པའི་རིམ་པ་ རྣམས། །མ་ཐོབ་པ་རུ་ཤེས་པར་འགྱུར། །དཔེར་ན་ཤིང་མཛེར་བསལ་བ་ཙམ། །རྒྱུད་ལུང་མན་ངག་མདོ་མདོ་ཡི། །མཁས་པ་ལ་ནི་བརྟེན་ནས་སུ། །ཐམས་ཅད་དོན་རྣམས་ཁོང་ཆུད་པས། །སྐབས་ཕྱེད་ཤིན་ཏུ་སྤྱི་དོན་རྒྱས། །དཀའ་འགྲེལ་མངོན་རྟོགས་རིམ་པ་ནི། །རྩོམ་ནུས་དོན་ ལ་ཤིན་ཏུ་མཁས། །མིག་ནི་ཡུན་རིངས་མི་འཛུམས་ཤིང་། །ཡི་དམ་ལྷ་བསྒོམ་དུས་སུ་ནི། །སྐྱེ་བ་བདུན་པའི་གྲིབ་མ་སྣང་། །སྐྱེ་བ་གཉིས་ལ་གྲིབ་མ་གཉིས། །གསུམ་ལ་གསུམ། བཞི་ལ་བཞི། ལྔ་ལ་ལྔ། །དྲུག་ལ་སོགས་པ་གཞན་པོ་ལ། །གྲིབ་མའི་རྟགས་ཀྱང་དེ་བཞིན་ ནོ། །བསྒོམ་པའི་སྟོབས་ཀྱིས་ཁྱད་པར་ནི། །ཞག་བདུན་ཟླ་གཅིག་ཟླ་བདུན་དུ། །མཁའ་འགྲོ་མས་ནི་ལུང་སྟོན་ཅིང་། །ཆོས་བཤད་རྟགས་རྣམས་སྟོན་པར་མཛད། །ཆོས་སྟོན་པ་ཡི་མཛད་སྤྱོད་ཀྱང་། །དངོས་སུ་སྤྲུལ་ནས་སྟོན་པ་དང་། །ཡང་སྤྲུལ་སུམ་སྤྲུལ་ལ་སོགས་སུ། ། སྤྲུལ་ནས་སྟོན་དང་ཡང་ན་ནི། །སྐུ་ནི་མི་སྣང་སྒྲ་ཡིས་སུ། །ནམ་མཁའ་ལས་སུ་སྟོན་པ་དང་། །ཡང་ན་ཕྱག་མཚན་ལ་སོགས་ལ། །སྒྲ་བྱུང་ནས་ནི་སྟོན་པ་དང་། །ཡང་ན་རྨི་ལམ་མཚན་མས་སུ། །དུས་བཞི་དུས་གསུམ་དུས་གཅིག་ཏུ། །ཡང་ནས་ཡང་དུ་སྟོན་པའོ། །མ་ཐོས་ པ་ཡི་མན་ངག་རྣམས། །སྟོན་པར་བྱེད་ན་སྐྱེ་བདུན་སོགས། །སྔགས་ཀྱི་དངོས་གྲུབ་ཐོབ་པ་ཡི། །རྣལ་འབྱོར་རིག་འཛིན་བྱང་ཆུབ་སེམས། །ཡང་ན་དང་པོ་སྐྱེས་ནས་ནི། །ཐེག་ཆེན་ཆོས་ལ་མོས་ནས་ཀྱང་། །མན་ངག་བསྒོམ་ལ་ཤིན་ཏུ་དགའ། །སློབ་དཔོན་ལ་ནི་ མན་ངག་གི །རྣ་བརྒྱུད་གཅིག་ཙམ་ཐོས་ནས་སུ། །བསྒོམས་པས་དངོས་གྲུབ་ཐོབ་པར་འགྱུར། །དེ་ནས་གོང་བཞིན་བྱུང་ནས་སུ། །གཞན་ལ་ཡང་ནི་སྟོན་པར་ནུས། །ཡང་ན་སྐྱེ་བདུན་གང་ཟག་དེ། །སྐྱེས་མ་ཐག་ཏུ་ཡི་དམ་ལྷས། །རྨི་ལམ་ལ་ནི་ཆོས་བསྟན་ནས། །མན་ངག་དེ་ བསྒོམས་དངོས་གྲུབ་ནི། །ཕྲ་མོ་དག་གིས་ཐོབ་ནས་ཀྱང་། །གཞན་ལ་ཆོས་ནི་སྟོན་པར་ནུས། །དེ་ནས་རིམ་གྱིས་གཞན་ཡང་འབྱུང་། །ཡང་ན་སྐྱེ་བདུན་གང་ཟག་དེ། །རྐྱེན་ནི་གཉིས་པོ་འཛོམ་པ་ལས། །བསྒོམ་པ་ལ་ནི་དགའ་བར་འགྱུར། །སྔོན་གྱི་བསྒོམས་པའི་སྟོབས་ཀྱིས་སུ། ། འབད་རྩོལ་དྲག་པོ་མ་བྱས་པར། །ཐུན་གཅིག་ལ་ནི་བསྒོམ་པ་རྙེད། །དེ་ནས་རིམ་གྱིས་བསྒོམས་པས་སུ། །ཞག་བདུན་ནས་ནི་ལུང་སྟོན་འབྱུང་། །དེ་ནས་རིམ་གསུམ་གོང་མ་བཞིན། །དེ་ནས་མངོན་ཤེས་དྲུག་ལྡན་ནས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །སྔགས་པའི་ རྣལ་འབྱོར་ཐམས་ཅད་ཀུན། །སྐྱེ་བ་འདི་ལ་ཕྱག་རྒྱ་ཐོབ། །དེ་ལྟར་མ་གྱུར་རྣལ་འབྱོར་པ། །གོད་མ་བཞིན་དུ་སྐྱེ་བདུན་དུ། །ལེན་པའི་རྟགས་ནི་གོང་བཞིན་འབྱུང་། །སྐྱེ་བ་འདི་ཐོབ་ཚུལ་རྣམས་ཀྱང་། །ཐེག་ཆེན་སྣོད་དུ་རུང་བ་ལས། །དབང་བསྐུར་མན་ངག་ཐོབ་པ་ཡིས། །དམ་ཚིག་ མ་ཉམས་བཤགས་ལ་བརྩོན། །བསྐྱེད་རིམ་བརྟན་པར་འགྱུར་བ་ཡིས། །ལུས་ཀྱི་རྣམ་རྟོག་བཟློག་ནས་ཀྱང་། །རྡོ་རྗེ་བཟླས་ལ་བརྟན་པར་བྱ། །རྡོ་རྗེ་བཟླས་ལ་བརྟན་ནས་ཀྱང་། །དག་གི་རྣམ་རྟོག་བཟློག་ནས་ནི། །སེམས་དབེན་པ་ནི་བརྟན་པར་བྱ། །སེམས་ཀྱི་འཁྲུལ་རྟོག་ བཟློག་ནས་ཀྱང་། །སྒྱུ་མའི་ཏིང་འཛིན་ལ་གནས་ནས། །འོད་གསལ་ལ་ནི་འཇུག་པར་བྱ། །དེ་ནས་སྤྲོས་མེད་མན་ངག་ལས། །ལྷུན་གྱིས་གྲུབ་འགྱུར་ཕྱག་རྒྱའི་མཆོག །ཡང་ན་བསྐྱེད་རིམ་ལ་བརྟེན་ནས། །ཚེ་ལ་དབང་བའི་རིག་འཛིན་སྒྲུབ། །ཚེ་ལ་དབང་བའི་རིག་འཛིན་ གྱིས། །རྫོགས་པའི་མན་ངག་བསྒོམ་པར་བྱ། །ངེས་སུ་ཕྱག་རྒྱའི་དངོས་གྲུབ་འཐོབ། །ཡང་ན་བསྐྱེད་རིམ་བརྟན་པ་ཡིས། །རྫོགས་རིམ་མན་ངག་གང་བསྒོམས་ཀྱང་། །ཟླ་བ་དྲུག་གིས་ཕྱག་རྒྱ་འཐོབ། །རྫོགས་རིམ་བསྐྱེད་པ་ལ་བརྟེན་ནས། །དེ་ནས་རྫོགས་པའི་རྫོགས་པ་ཡིས། ། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་གསུངས། །དེ་ནི་སློབ་དཔོན་ཆེན་པོའི་གཞུང་། །སྤྱིར་ན་ལྟ་བ་གདེང་གྱུར་གཙོ། །ལན་ཅིག་བཟློག་པའི་ཚུལ་དུ་ནི། །བྱས་ན་ཐེ་ཚོམ་མི་སྐྱེ་ཞིང་། །ལྡོག་པར་མི་འགྱུར་འབྱུང་པོས་ཀྱང་། །ཚུགས་པར་མི་འགྱུར་འབྲས་བུ་འབྱུང་། །དེ་ལྟ་མ་གྱུར་རྣལ་ འབྱོར་པས། །མན་ངག་ཉམས་སུ་ལོན་པར་བྱ། །མན་ངག་བསྒོམས་པའི་སྟོབས་ཀྱིས་སུ། །མཁའ་འགྲོ་མ་ཡི་ལུང་སྟོན་པས། །ལུང་སྟོན་པ་ཡི་དུས་སུ་ནི། །ལྟ་བ་མན་ངག་ཟབ་མོ་ནི། །བསྟན་པ་བསྒོམས་པས་ཕྱག་རྒྱ་འཐོབ། །ཡང་ན་རྣལ་འབྱོར་རིམ་པ་ནི། །བློ་ཡི་རབ་ འབྲིང་ཁྱད་པར་ནི། །བག་ཆགས་རྐྱེན་ལ་སོགས་པ་ཡིས། །རབ་འབྲིང་དགུ་དང་གསུམ་དང་ནི། །དབྱེ་བར་བྱ་བའི་དོན་ཤེས་བྱ། །རྒྱུ་རྐྱེན་ཚོགས་པའི་རྣལ་འབྱོར་ནི། །སྐྱེ་བ་འདི་ལ་ལུང་སྟོན་པས། །ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར། །རྐྱེན་ནི་རབ་ཏུ་མ་གྱུར་པ། །རབ་ཀྱི་ འབྲིང་སོགས་ལྡན་པས་ནི། །བར་མ་དོ་ལ་ལུང་སྟོན་འགྱུར། །རབ་ཀྱི་ཐ་མ་ལྡན་པ་ནི། །སྐྱེ་བ་ཕྱི་མ་ལུང་སྟོན་ནོ། །འབྲིང་གི་གསུམ་པོ་རིགས་ལྡན་ཡང་། །གཉིས་དང་གསུམ་དང་བཞི་རུ་སྦྱར། །ཐ་མའི་རིགས་ལྡན་གསུམ་པོ་ཡང་། །ལྔ་དང་དྲུག་དང་བདུན་དུ་སྦྱར། །ཡང་ན་ རྐྱེན་སོགས་ལྡན་འགྱུར་ཡང་། །རྒྱུ་ལ་སོགས་པའི་ནུས་པ་རྣམས། །དྲག་ཞན་གྱི་ནི་ནུས་པ་ཡིས། །རྐྱེན་གྱི་ཚུལ་བཞིན་སྦྱོར་ཤེས་བྱའོ། །རྒྱུ་རྐྱེན་གཉི་ག་འབྲིང་སོགས་ཀྱི། །རིམ་པ་དང་ནི་ལྡན་པ་རྣམས། །གོང་མ་གཉིས་དང་མི་མཐུན་པས། །གསུམ་དང་བདུན་དུ་སྦྱོར་ཤེས་ བྱའོ། །གཉིས་ཀ་གཞན་པར་གྱུར་པ་ནི། །གསང་སྔགས་སྣོད་དུ་མི་རུང་བས། །དབང་བསྐུར་མི་བྱ་འཇུག་པ་ཙམ། །དགེ་བའི་ས་བོན་ཆུང་འགྱུར་ཡང་། །སྨོན་ལམ་བཏབ་པའི་དད་ལྡན་ཏེ། །གསང་སྔགས་ལས་ནི་མོས་འགྱུར་ནས། །ཡང་དང་ཡང་དུ་གསོལ་འདེབས་ལ། ། ཕྱི་ཡི་དབང་བསྐུར་ཙམ་བྱས་ལ། །མི་ཟབ་དབྱིངས་ཀྱི་མན་ངག་བསྟན། །དེ་ལ་བསྟན་པའི་གང་ཟག་ལ། །ལྷག་པ་རྣམས་ནི་རིམ་གྱིས་བསྟན། །ཡང་ན་རྣལ་འབྱོར་རིམ་པ་ནི། །ཡི་དམ་ལྷ་སོགས་སོ་སོ་རུ། །སོ་སོར་བག་ཆགས་བཞག་པ་དང་། །མོས་པ་ལ་ སོགས་རིམ་པ་ཡིས། །ཐེ་ཚོམ་ལ་སོགས་མེད་མོད་ཀྱི། །དངོས་གྲུབ་འགྲུབ་པར་མ་གྱུར་ན། །སྒྱུ་མ་ལྟ་བུའི་འདུ་ཤེས་ཀྱིས། །ཐ་མི་དད་པར་བསྒོམས་ནས་ཀྱང་། །མན་ངག་ཡང་ཡང་སྤོས་ཀྱང་ནི། །འགལ་བ་མེད་དེ་དངོས་གྲུབ་འགྲུབ། །དེ་ལྟར་བྱས་ཀྱང་མ་བྱུང་ན། །སྒྲིབ་པ་ ཤིན་ཏུ་ཆེ་གསུངས་པས། །སྦྱིན་སྲེག་ཚོགས་འཁོར་བཟླས་བརྗོད་དང་། །གཏོར་མ་ལ་སོགས་ཆོ་ག་ཡིས། །བདུན་ནས་སྟོང་གི་བར་དུ་ནི། །མཁས་པས་ཅི་ནུས་རྒྱུད་བརྟགས་ལ། །ཆོ་གས་སྡིག་པ་བྱང་བར་གསུངས། །དཔེར་ན། །ལུས་ཀུན་ལ་ནི་གནོད་པ་ཡི། །ཚེར་མའི་ཕུང་ པོས་ལམ་རྣམས་འགགས། །མེ་ཡི་སྦྱོར་བ་མཁས་པ་ཡིས། །བསྲེགས་པས་ཐམས་ཅད་མེད་པར་བྱེད། །དེ་ནས་ལམ་ནི་བསྐྱེད་ནས་ནི། །གང་དུ་ཕྱིན་པར་འགྲོ་བར་བྱེད། །དེ་བཞིན་སྔགས་སོགས་མཐུ་རྣམས་ཀྱིས། །སྒྲིབ་པ་ལ་སོགས་བཅོམ་ནས་ཀྱང་། །ཏིང་ངེ་འཛིན་ གྱི་ལམ་བསྐྱེད་ནས། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །དངོས་གྲུབ་ཁྱད་པར་མ་ཐོབ་ན། །ཕྲ་མོ་ལ་སོགས་ཐོབ་པར་འགྱུར། །མཚན་མའི་ལུང་སྟོན་ཕྲ་མོ་འབྱུང་། །གལ་ཏེ་དེ་ལྟར་མ་གྱུར་པར། །ཚེ་དབང་མ་ཐོབ་རྣལ་འབྱོར་པས། །སྒྲིབ་པ་རྣམས་ནི་བྱང་གྱུར་ནས། །སྐྱེ་ བ་ཕྱི་མ་ལ་སོགས་སུ། །དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར། །ཡང་ན་སྔགས་ཀྱི་མཐུ་ཡིས་ནི། །སྡིག་སྒྲིབ་རྩད་ནས་མ་ཆོད་ཀྱང་། །ཆེ་ལོང་རགས་པ་མགོ་བཅོམ་ནས། །གཞན་དག་མི་སྤྱོད་མགོ་གནོན་ཅིང་། །དམ་ཚིག་མ་ཉམས་བཤགས་ལ་བརྩོན། །སྨོན་ལམ་དགེ་བ་ བསྔོ་ལེགས་པས། །སྐྱེ་བ་འདི་བརྗེས་གཞན་དག་ཏུ། །དུས་དང་གནས་དང་སློབ་དཔོན་དང་། །རིགས་དང་ཕྱག་རྒྱའི་མན་ངག་སོགས། །སྐྱེས་མ་ཐག་ཏུ་རྙེད་པར་འགྱུར། །དེ་རུ་དམ་ཚིག་ལྡན་སོགས་པས། །རིམ་གྱིས་སྐྱེ་བདུན་བརྒྱུད་ནས་སུ། །འབད་རྩོལ་དྲག་པོ་མ་བྱས་ བར། །སངས་རྒྱས་ས་ལ་འགྲོ་བར་གསུངས། །དེ་སོགས་ལུང་བསྟན་སྦྱོར་བ་རྣམས། །མཁའ་འགྲོ་མ་ཡི་ལུང་སྟོན་དུ། །རྣལ་འབྱོར་མཁས་པས་ཤེས་པར་བྱའོ། །འདིར་ནི་བློ་དམན་དོན་ཆེད་དུ། །ཅུང་ཟད་བསྡུས་ཏེ་བསྟན་པ་ཡིན། །མཁའ་འགྲོ་མ་ཡི་ལུང་བསྟན་ ཡང་། །འཇིག་རྟེན་པ་དང་འཇིག་རྟེན་འདས། །འཇིག་རྟེན་འདས་ལ་གཉིས་ཡོད་དེ། །ས་གནས་རིག་འཛིན་མཁའ་འགྲོ་དང་། །བདེ་གཤེགས་བྱིན་བརླབས་མཁའ་འགྲོའོ། །མཁའ་འགྲོ་དེ་དག་གཉིས་ཀ་ཡང་། །མཛེས་པའི་གཟུགས་དང་མི་མཛེས་པའི། །གཟུགས་དང་ སྣ་ཚོགས་སྤྲུལ་ནས་སྟོན། །དེ་ལ་འཇིགས་དང་མི་འཇིགས་དང་། །རོ་དང་དོགས་པའི་སེམས་སྤངས་ཏེ། །ཕྱག་རྒྱ་བརྡ་ལ་སོགས་པ་ཡི། །སྟོན་པའི་དུས་སུ་ལན་རྣམས་ནི། །སྟོན་པར་ཤེས་པར་མ་ནུས་ན། །དངོས་གྲུབ་མེད་དེ་ཉམས་པར་འགྱུར། །དེ་བས་ནན་ཏན་ཆེར་བསྐྱེད་ དེ། །མན་ངག་ཐོས་པ་ཆེ་བ་གཅེས། །ཐོས་པ་ཆེ་བར་མ་གྱུར་ཀྱང་། །གང་བསྒྲུབ་རྒྱུད་སྐོར་ལ་སོགས་ལ། །སློབ་དཔོན་ལ་ནི་ཡང་ནས་ཡང་། །ཐེ་ཚོམ་ཆོད་པར་མཉན་པར་བྱ། །རྒྱུད་རྣམས་ཐོས་པར་མི་ནུས་པས། །བསྒྲུབ་པའི་ཆ་རྐྱེན་བཅུ་བདུན་པོ། །ཤེས་པར་དེ་ནི་མ་བྱས་ན། ། དངོས་གྲུབ་འགྲུབ་པར་མི་འགྱུར་རོ། །སློབ་དཔོན་བླ་མ་ལ་བརྟེན་པས། །མ་ཚང་ཡང་ནི་འགྲུབ་པར་གསུངས། །འཇིག་རྟེན་པ་ལ་གཉིས་ཡོད་དེ། །རྒྱལ་བས་བཀའ་ལ་བཏགས་པ་ཡིས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །བདུད་ནི་ནག་པོ་ལ་སོགས་པ། །དམ་ལ་མ་ཐོགས་ བར་ཆོད་མཁན། །དེ་ལྟར་གཉིས་སུ་མ་ཤེས་ན། །དངོས་གྲུབ་ཐོབ་ཀྱང་སླར་ལ་འཆོར། །དེ་གཉིས་གཟུགས་དང་རྟགས་སོགས་ཀྱང་། །གོང་མ་བཞིན་དུ་སྟོན་པས་ན། །དེ་ཡི་རིམ་པའང་གོང་བཞིན་བྱ། །དེ་ཡང་བརྟག་པའི་ཆོ་ག་ཡང་། །ཞག་གསུམ་ཞག་བདུན་རྩ་གཅིག་ཏུ། ། རེ་དོགས་ལ་སོགས་ཐམས་ཅད་ཀུན། །སྤངས་ནས་རྣལ་འབྱོར་ཏིང་འཛིན་ལ། །ནན་ཏན་དུ་ནི་བརྩོན་འགྲུས་བྱ། །ཚོགས་འཁོར་ལ་སོགས་ཡང་དང་ཡང་། །བྱེད་པའི་དུས་སུ་རྡོ་རྗེ་གླུ། །བྱེད་ཅིང་ཕྱག་རྒྱ་སོགས་སྟོན་པས། །ཏིང་འཛིན་ཕྱག་རྒྱ་གསལ་བ་དང་། །མཚན་མ་ལ་སོགས་ གསལ་འབར་ཞིང་། །གཟུགས་དང་སྒྲ་དང་དྲི་ལ་སོགས། །ཐམས་ཅད་བརྟེན་ཞིང་མི་འགྱུར་བ། །ལྷ་ཡི་མཚན་མར་ཤེས་པར་བྱའོ། །དེ་ལས་བཟློག་པ་ཐམས་ཅད་ཀུན། །བདུད་ཀྱི་རྟགས་སུ་ཤེས་པར་བྱའོ། །དེ་ལ་སོགས་པ་མཐའ་ཡས་མཆོག ། མཁའ་འགྲོའི་ལུང་དུ་བསྟན་པས་ན། །འདིར་ནི་བསྒྲུབ་པའི་དོན་དུ་བསྡུས། །བསྒྲུབ་པའི་ཆ་རྐྱེན་མན་ངག་རྣམས། །སྒྲུབ་པ་ཉམས་སུ་ལེན་པ་ལ། །བསྟན་ཅིང་སྤེལ་ན་བསོད་ནམས་འཕེལ། །ཉམས་སུ་མི་ལེན་སེར་སྣ་ཅན། །རྫས་དང་ལུས་སྲོག་ལ་སོགས་པ། །བླ་མ་ལ་ནི་ འབུལ་མི་ནུས། །དེ་ལ་མན་ངག་བསྟན་མི་བྱ། །དེ་ལ་མན་ངག་བསྟན་པ་ན། །དངོས་གྲུབ་ཉམས་ཏེ་སྡིག་པ་འཕེལ། །དམ་ཚིག་ཉམས་ཏེ་མཁའ་འགྲོས་གསོད། །ཆ་རྐྱེན་ལ་སོགས་བཅུ་བདུན་པོ། །སྟོན་པ་ཕྱག་ན་རྡོ་རྗེ་ཡིས། །སེམས་དཔའ་ཕྱག་ན་རྡོ་རྗེ་ལ། །རྣ་བ་བརྒྱུད་ པའི་མན་ངག་དེ། །རྡོ་རྗེ་མཁའ་འགྲོ་མ་ལ་བསྟན། །དེས་ནི་རོ་ལངས་མ་ལ་བསྟན། །གནོད་སྦྱིན་ཕྱག་ན་རྡོ་རྗེ་དང་། །སློབ་དཔོན་ཕྱག་ན་རྡོ་རྗེ་ལ། །བརྒྱུད་པའི་མན་ངག་རིམ་པ་རྣམས། །ནན་ཏན་གྱིས་ནི་བཙའ་བར་བྱ། །དེ་ལ་བཙའ་བ་མ་ཤེས་ན། །དཔེར་ན་ཡིད་བཞིན་ནོར་བུ་ ནི། །ཀླུ་རྒྱལ་གཙུག་ནས་རྙེད་ནས་ནི། །འདམ་རྫབ་ནང་དུ་སྟོར་བ་བཞིན། །དེ་བཞིན་མན་ངག་རིན་ཆེན་འདི། །ལུས་ངག་ཡིད་གསུམ་དཀའ་བ་ཡི། །སྒོ་ནས་སློབ་དཔོན་ལ་བཙལ་ནས། །དམ་མེད་རྨོངས་པའི་ལག་ཤོར་ན། །དངོས་གྲུབ་མི་ཐོབ་ཉམས་པར་འགྱུར། །དེ་བས་ ནན་ཏན་བསྐྱེད་དེ་བཙའ། །ལུང་བསྟན་པའི་སྦྱོར་ཀ་སྟེ་ཉི་ཤུ་བརྒྱད་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནས་སེམས་ཅན་རྩོད་ལྡན་གྱི། །དུས་སུ་རྣལ་འབྱོར་སྒྲུབ་པ་པོས། །དམ་ཚིག་ཉམས་པ་མང་འབྱུང་བས། །ཡོ་བྱད་རྫས་ཆུང་སྒྲུབ་པ་པོས། ། ཉམས་པ་འཕེལ་དུ་མི་གཞུག་ཕྱིར། །མཎྜལ་ཆོ་གས་བསྐང་བ་ནི། །དང་པོ་རྣལ་འབྱོར་འགྱོད་སེམས་ཀྱིས། །ཤིན་ཏུ་གུས་པས་མཎྜལ་བཅའ། །མཎྜལ་བཅའ་བའི་ཐབས་བསྟན་པ། །ས་གཞི་ཤིན་ཏུ་མཉེན་པ་ལ། །སྐྱོན་སྤངས་ཡོན་ཏན་ལྡན་པ་ཡི། །མཎྜལ་ལྔ་ནི་བཅའ་བྱ་སྟེ། ། དང་པོ་མཎྜལ་དཀར་པོ་བཅའ། །གཉིས་པ་སྔོན་པོ་དག་ཏུ་བྱ། །གསུམ་པ་མཐིང་ག་དག་ཏུ་བྱ། །བཞི་པ་སེར་པོ་དག་ཏུ་བྱ། །ལྔ་པ་དམར་པོ་དག་ཏུ་བྱ། །དཀར་རྩི་དང་ནི་བ་བླ་དང་། །ཡང་ན་རྩྭ་སྔོན་མེ་ཏོག་གིས། །གཉིས་པ་དང་ནི་གསུམ་པ་ནི། །མཚལ་ལ་སོགས་པའི་རིགས་ དང་ནི། །གུར་གུམ་ལ་སོགས་རིགས་དག་དང་། །སྦྱར་བའི་ནག་པོའི་རིགས་དག་གིས། །ཁ་དོག་བསྒྱུར་བར་བསྟན་པ་ཡིན། །ཡང་ན་ཐམས་ཅད་དཀར་དང་སྔོ། །དེ་གཉིས་གཅིག་གིས་བྱ་བ་ཡིན། །བསྡུས་རྒྱས་མཁས་པས་ཤེས་པར་བྱ། །བ་ཡི་རྣམ་པ་ལྔ་དང་ནི། །བདུད་རྩི་རྣམ་པ་ལྔ་དག་ནི། །དངོས་གྲུབ་ཅན་ གྱི་སྣོད་དུ་གཞག །རིན་ཆེན་བུམ་པ་ལ་སོགས་ཀྱི། །སྐྱོན་སྤངས་ཡོན་ཏན་ལྡན་པ་ཡི། །སྣོད་དུ་ཐུན་མོང་ཁྱད་པར་རྫས། །ཙནྡན་མེད་དུ་མི་རུང་ངོ་། །ཁ་རྒྱན་འབྲས་བུ་ཅན་གྱིས་བྱ། །དང་པོར་བདག་ཉིད་རྣལ་འབྱོར་པས། །ཐ་མལ་འདུ་ཤེས་སྤངས་ནས་ནི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། ། དང་པོ་བུམ་པ་བྱིན་གྱིས་བརླབས། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ཉི་ཤུ་རྩ་གཅིག་བདུན་དུ་གདབ། །གོང་གི་བཀྲ་ཤིས་སྣོད་ཀྱི་རྫས། །བདུད་རྩི་འཁྱིལ་པས་བཏབ་ནས་ཀྱང་། །དང་པོ་བུམ་པའི་ཆུས་སུ་བསང་། །བདུད་རྩི་འཁྱིལ་ པའི་སྔགས་ཀྱང་བཟླས། །ཐུགས་ཀའི་ཨ་ལས་ཟླ་བ་ཡི། །དཀྱིལ་འཁོར་ཆེན་པོ་ཉིད་དུ་བསམ། །ཨོཾ་ཨ་ཙནྡྲ་མཎྜལ་ཧཱུཾ། །བདུན་དང་ལྔ་དང་གསུམ་དུ་བཟླས། །ཙནྡན་ལས་ཀྱི་བུམ་པས་བསང་། །ཡི་གེ་དུ་འཕྲོས་ཙནྡན་ཕོག །དེ་ལས་འཕྲོས་པས་མཎྜལ་གང་། །ཨོཾ་དྷཱུཾ་པ་སྥ་ ར་ཎ་ཧཱུཾ། །ཞེས་པས་ལན་བདུན་བཟླས་སོ། །མེ་ཏོག་ལྔ་དང་གཉིས་གཅིག་ལ། །ཁ་དོག་མཚན་ཉིད་ཤེས་བྱས་ལ། །ཡི་གེ་པཾ་ལས་པདྨ་ནི། །སྟོང་ལྡན་བརྒྱད་ལྡན་དག་ཏུ་ནི། །གྱུར་པར་བསམས་ནས་སྔགས་བཟླས་དགྲམ། །ཨོཾ་པཾ་པདྨ་མཎྜལ་ཧཱུཾ། ཞེས་གོང་མ་བཞིན་དུ་ བརྗོད་པར་བྱའོ། །དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་། །ལྔ་དང་གཉིས་དང་གཅིག་ཏུ་བྱ། །དེ་ནས་ཐམས་ཅད་ཀུན་ལ་ཡང་། །གསུམ་དུ་བྱ་བར་འདོད་པའང་ཡོད། །ཟླ་བ་པདྨ་གཞལ་ཡས་ཁང་། །གསུམ་དང་གཉིས་དང་གཅིག་ཏུ་ཡང་། །རྣལ་འབྱོར་བསྡུས་དང་རྒྱས་པ་ནི། ། ཉམས་པ་ཆེ་ཆུང་གོ་རིམས་སོམོ། །དེ་ནས་རྣལ་འབྱོར་བདག་ཉིད་དང་། །དམ་ཚིག་ཉམས་པའི་རྣལ་འབྱོར་ཀུན། །ཁྲུས་བྱས་གོས་ནི་བཟང་པོ་གོན། །རྒྱན་ཆ་ལ་སོགས་མཛེས་པར་བྱས། །ཤར་རམ་ནུབ་ཏུ་ཁ་བལྟས་ཏེ། །སོ་སོ་ལྷ་ཡི་ཏིང་འཛིན་བསྐྱེད། །རྡོ་རྗེ་ དྲིལ་བུ་བྱིན་གྱིས་བརླབས། །རྡོ་རྗེ་དྲིལ་བུས་བསྐུལ་ནས་ཀྱང་། །ཚིགས་བཅད་དག་གིས་གསོལ་བ་བཏབ། །སྔགས་ཀྱི་རྒྱལ་པོ་མཐའ་ལ་གདགས། །ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་དུ། །ཡི་གེ་བཞི་འཕྲོས་ལྷ་མོར་གྱུར། །བླ་མ་ཡི་དམ་ལྷ་དང་ནི། །གསང་སྔགས་བདག་ པོ་དཀྱིལ་འཁོར་ལྷ། །དཀོན་མཆོག་གསུམ་སོགས་སྤྱན་དྲངས་ནས། །བླ་མ་སྦྱངས་ནས་མི་བསྐྱོད་འགྱུར། །མཆོད་ཡོན་མཆོད་སོགས་རྒྱས་པར་དབུལ། །དེ་ཡི་སྔོན་དུ་ཕྱག་རྣམས་བྱ། །གཞན་ཡང་མཆོད་པ་སྣ་ཚོགས་ཀྱིས། །མཆོད་ནས་བསྟོད་པ་རྒྱས་པར་བྱའོ། །དེ་ནས་ སྔགས་བཟླས་འོད་ཟེར་གྱིས། །ལྷ་རྣམས་ལ་ནི་ཕོག་ནས་སུ། །འོད་ཟེར་བསྐུལ་ནས་ཚུར་ལ་འདུས། །ཉམས་པའི་ལུས་ལ་ཕོག་ནས་སུ། །བ་སྤུའི་ཁུང་ཞུགས་སྡིག་པ་བསྡུས། །སྙིང་གར་ཡི་གེ་ཀཾ་ངམ་ནི། །འོད་ནག་ཏུ་ནི་གྱུར་པར་བསམ། །སྲོག་གོ་འདུས་ཀྱི་སྣ་ནས་བྱུང་། ། ལྷ་དང་བདག་གི་བར་དུ་ནི། །པདྨ་ནག་པོའི་གདན་བསམས་ལ། །སྡིག་པའི་གཟུགས་དེ་དེ་རུ་བཞག །དེ་ནས་ཡི་དམ་ལྷ་ཡི་སྔགས། །བཟླས་པའི་འོད་ཟེར་འཁྲུལ་འཁོར་གྱིས། །སྡིག་པ་རྣམས་ནི་སྦྱང་བར་བྱ། །ཡང་ན་སྡིག་པ་དེ་ཉིད་སྦྱངས་ནས་ཀྱང་། །ལུས་ཀྱི་ལྷག་མ་ སྦྱང་བའམ། །དེ་ནས་ཡི་གེ་བརྒྱ་པ་ཡིས། །མན་ངག་བཞིན་དུ་བསྒོམས་ནས་ཀྱང་། །སྔ་མ་བཞིན་དུ་སྦྱང་བར་བྱ། །ཡང་ན་ཡི་གེ་བརྒྱ་པ་གཅིག་པུས་བྱ། །ཡི་གེ་བརྒྱ་པ་འབུམ་དང་ནི། །རང་གི་སྙིང་པོ་འབུམ་གྱིས་ནི། །རྩ་བ་ཉམས་པ་ཆེན་པོ་སྐོངས། །སུམ་ཆ་ཕྲི་བས་གཉིས་ པ་སྐོངས། །ཕྱེད་ཕྲི་བས་ནི་གསུམ་པ་སྐོངས། །སུམ་གཉིས་ཕྲི་བས་བཞི་པ་སྐོངས། །སུམ་ཆའི་སུམ་ཆ་ཕྲི་བས་ནི། །ལྔ་པ་སྐོངས་ཏེ་དྲུག་པ་ནི། །སུམ་གཉིས་ཕྲི་བས་སྐོངས་པའོ། །དེ་ཡི་ཕྱེད་ཕྱེད་ཕྲི་བས་ནི། །ཐ་མ་གསུམ་གྱིས་གོ་རིམས་སྦྱོར། །ཡན་ལག་བརྒྱད་དང་བརྒྱ་ ཕྱེད་དང་། །ཉི་ཤུ་རྩ་གཅིག་དག་གིས་སོ། །ཆེ་ཆུང་རིམ་པ་དག་གིས་ནི། །ཐ་མ་མེའམ་ཆུ་ཡི་ནི། །སྦྱིན་སྲེག་དག་གིས་སྦྱིན་པར་བྱ། །གསང་སྔགས་བདག་གམ་བདུད་རྩི་འཁྱིལ། །རྟ་མགྲིན་བུམ་པ་གོང་བཞིན་བཅས། །བྱིན་བརླབས་ལ་སོགས་བྱས་ནས་ནི། །ཐ་མ་དག་པར་ བཀྲུ་བའོ། །སྦྱིན་སྲེག་ཁྲུས་དང་ལྡན་པའམ། །ཡང་ན་མཎྜལ་བཟླས་པ་ཡི། །ཆོ་ག་གཅིག་པུས་བྱར་ཡང་རུང་། །དམ་ཚིག་ཉམས་པ་བསྐང་བ་ཡི། །སྦྱོར་ཀ་འདི་ལ་བརྩོན་པར་བྱའོ། །དམ་ཚིག་ཉམས་པ་བསྐང་བའི་སྦྱོར་ཀ་སྟེ་ཉི་ཤུ་དགུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་ལ་ཕྱག་འཚལ་ལོ། །དབང་གི་རིམ་པ་བསྟན་པ་ནི། །བུམ་པ་གསང་བ་ཡེ་ཤེས་དང་། །བཞི་པར་བསྟན་པ་དེ་རྣམས་ལ། །གནས་ནི་ཡིད་འོང་ལ་སོགས་སུ། །དུས་ལ་སོགས་པ་འཛོམ་པ་དང་། །སློབ་དཔོན་སློབ་མ་མཚན་ཉིད་ལྡན། །སྔོན་གྱི་གླིང་གཞི་རྗེས་མཐུན་ པར། །དཀྱིལ་འཁོར་བྱས་ནས་སློབ་མ་གཞུག །དབང་བསྐུར་རིམ་པ་མ་ནོར་བར། །རྣམ་གྲངས་རྣམས་ནི་ཤེས་པར་བྱ། །བསྐུར་ཐབས་མན་ངག་ཤེས་བྱས་ལ། །བསྐུར་བའི་གནས་ཀྱང་མ་ནོར་བརྟག །དེ་ལྟར་བྱས་པས་སྒྲིབ་པ་འབྱང་། །ས་ཡང་རིམ་གྱིས་ནོན་པར་འགྱུར། ། དེ་ཕྱིར་མན་ངག་བསྟན་པར་བྱ། །རྟགས་ལ་སོགས་པའང་ཤེས་པར་བྱ། །བརྡ་མི་ཤེས་ན་སྔགས་པ་མིན། །ལས་དང་པོ་ཡིས་རྫས་ལ་བརྟེན། །དགོས་པ་ཤེས་ན་ཐེ་ཚོམ་མེད། །ནུས་པ་མཐུ་དང་ལྡན་པས་ནི། །འབྲས་བུ་ཁྱད་པར་ཐོབ་པར་འགྱུར། །དེ་དག་སྤྱི་དང་ཁྱད་པར་ནི། །ཆོ་ ག་མན་ངག་རྒྱས་པ་རྣམས། །རྒྱུན་འགྲེལ་ཀུན་ན་གསལ་བས་ན། །འདི་རུ་བདག་གིས་མདོ་ཙམ་བསྡུས། །བུམ་པའི་དབང་ནི་རྣམ་བཞི་སྟེ། །ཕྱི་དང་ནང་དང་གསང་བ་དང་། །མཐར་ཐུག་པ་རུ་ཤེས་པར་བྱ། །ཕྱི་ནི་ཕྱི་རྒྱུད་དག་དང་མཐུན། །ནང་ནི་ནང་རྒྱུད་དག་དང་མཐུན། །ཡང་ ན་གཉིས་ཀ་ཕྱི་རུ་བསྟན། །ནང་གི་སློབ་དཔོན་ལུས་ལ་གཞག །གསང་བ་ཡུལ་ནི་ཉིད་ལ་སྦྱར། །མཐར་ཐུག་སློབ་མ་མགོ་བོ་རུ། །དགའ་བ་བསྐྱེད་པའམ་རྡོ་རྗེའི་རྩ། །དེ་རྣམས་མན་ངག་རྒྱས་བཤད་པ། །ལས་ཀྱི་ཕྲེང་བར་ཤེས་པར་བྱ། །གསང་བ་དབང་ལ་བཞི་རུ་བསྟན། །ཕྱི་ནི་ བདུད་རྩི་བྱིན་བརླབས་སྦྱིན། །ཡང་ན་མཚན་ལྡན་ཕབ་ནས་ནི། །སྲིན་མཐེབ་དག་གིས་སྦྱིན་པར་བྱ། །ནང་གི་གསང་བ་ཕོ་བྲང་ནས། །ལག་པའི་ཕྱག་རྒྱ་བཟུང་ནས་སྦྱིན། །གསང་བ་ཡུམ་གྱི་མཁའ་ནས་བླང། །མཐར་ཐུག་གསང་བའི་ཕོ་བྲང་དུ། །མཆོག་དགའ་ སྐྱེས་པར་ཤེས་པར་བྱ། །ཤེས་རབ་ཡེ་ཤེས་ལ་ཡང་བཞི། །ཕྱི་ནི་ལས་ཀྱི་ཕྱག་རྒྱ་མ། །ནང་ནི་འོད་ཀྱི་རིག་མ་ཡིན། །གསང་བ་བྱ་གདོང་མ་ལ་བྱ། །མཐར་ཐུག་དྲེགས་འཛིན་གཏུམ་མོ་ཡིན། །མཐར་ཐུག་ལ་ནི་གཉིས་སུ་བསྟན། །རྟེན་བཅས་དང་ནི་རྟེན་མེད་དོ། །རྟེན་མེད་ལ་ཡང་ གཉིས་སུ་བསྟན། །སྤྲོས་བཅས་དང་ནི་སྤྲོས་མེད་དོ། །དབང་གི་མན་ངག་རྒྱས་བཤད་པ། །སློབ་དཔོན་ཞལ་གྱི་མན་ངག་དང་། །ལས་ཀྱི་ཕྲེང་བར་ཤེས་པར་བྱ། །བརྡ་ཡི་ཆོ་ག་མདོ་ཙམ་བསྟན། །ཀ་ལ་ཤ་ཨ་བྷི་ཥེ་ཀ་ཞེས་པ་ནི། །བུམ་པའི་ངག་བརྡ་ལུས་ཀྱི་བརྡ། །ལག་པའི་སོར་མོ་བཀང་ནས་ ནི། །རྩེ་མོ་བསྡུས་པའི་བུམ་པའི་ཚུལ། །གུ་ཧྱ་ཨ་བྷི་ཥེ་ཀ་ཞེས་པ། གསང་བའི་ངག་བརྡ་ལུས་ཀྱི་བརྡ། །སྡོམ་པོས་ཁྲོ་མོ་གནོན་པ་ནི། །ལག་བརྡ་འདྲི་ན་ཤེས་པར་བྱ། །པྲཛྙཱ་ཛྙཱ་ན་གུ་ཧྱ་ཨ་བྷི་ཥེ་ཀ་ཞེས་པ་ནི། །ཤེས་རབ་ཡེ་ཤེས་ངག་གི་བརྡ། །ལུས་ཀྱི་བརྡ་ནི་ལྷ་སྦྱིན་བརྡ། །ཡང་ན་ཁྱད་ པར་དགའ་བ་མཚོན། །པྲ་ཛྙཱ་ཛྙཱ་ན་གུ་ཧྱ་ཨ་བྷི་ཥེ་ཀ་ཞེས་པ། བཞི་པའི་ངག་བརྡ་ལུས་ཀྱི་བརྡ། །ལྷན་ཅིག་དགའ་བ་སྐྱེས་ས་རུ། །མཐེ་བོ་བཅུག་ནས་མཚོན་པར་བྱའོ། །དེ་ལྟར་བརྡ་རྣམས་མ་ཤེས་ན། །མཁའ་འགྲོ་དངོས་གྲུབ་སྟེར་བ་ན། །བརྡ་རྣམས་དྲིས་ནས་སྟེར་བར་བྱེད། །བརྡ་ རྣམས་དྲི་ཤེས་སླར་ལ་འཆོར། །ཡང་ན་བརྡ་རྣམས་གཞན་པོ་ཡང་། །མ་ཤེས་ན་ནི་མཁའ་འགྲོས་གསོད། །བརྡ་ལ་སོགས་པ་མ་ཤེས་ན། །གསང་སྔགས་སྤྱོད་པའི་དུས་དང་ནི། །འབྱུང་པོ་ཉམས་གསོད་གསོལ་བ་དང་། །མུ་སྟེགས་ཤན་འདྲེས་འབྱུང་བ་དང་། །ཕྱག་དང་ཕྱག་གི་ ལན་དུས་སུ། །བརྡ་མི་ཤེས་ན་སྔགས་པ་མིན། །དབང་བསྐུར་བ་ཡི་རིམ་པ་ཡང་། །ཆགས་ལམ་གྲོལ་ལམ་གཉིས་ཤེས་བྱའོ། །དབང་བསྐུར་མེད་ན་འབྲས་བུ་མེད། །དེ་བས་དབང་བསྐུར་ནན་ཏན་བྱ། །དབང་གི་སྦྱོར་ཀ་སྟེ་སུམ་ཅུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་ འཚལ་ལོ། །དམ་ཚིག་རྣམས་ནི་ཅུང་ཞིག་བསྟན། །དང་པོ་སྤྱོད་པའི་དམ་ཚིག་ནི། །ཆགས་ལམ་སྤྱོད་ལམ་གྲོལ་ལམ་སྤྱོད། །དེ་ལྟར་གཉིས་ཀ་སྤྱོད་པ་ལ། །དང་པོ་མཆོག་དང་རབ་མཆོག་གོ། །དེ་ལ་ཡང་ནི་ཕྱི་ནང་ངོ་། །དང་པོ་ཕྱི་ཡི་སྤྱོད་དུས་སུ། །ཡུལ་དང་དུས་ཀྱི་གནས་སྐབས་ ཀྱིས། །ཞི་བས་འདུལ་དང་དྲག་པོས་འདུལ། །མཐུན་འཇུག་སྤྱོད་པ་མཁས་ཤིང་ཟབ། །ཟས་དང་གོས་སོགས་ཐམས་ཅད་ཀྱང་། །རང་དང་གཞན་ནི་གཉིས་ཀ་ལ། །ཕན་སེམས་སྤྱོད་པས་འཇུག་བྱའོ། །ཕན་སེམས་མེད་པ་ཉོན་མོངས་ཅན། །བདག་གཞན་ལྷ་དང་སྙིང་རྗེ་སྤངས། ། འགྲོ་དོན་མཆོད་པ་སྤངས་པས་ན། །དམ་ཚིག་ཉམས་ཏེ་ངན་འགྲོར་ལྟུང་། །ནང་སྤྱོད་དུ་ནི་བསྟན་པ་ནི། །བདུད་རྩི་ལྔ་ལ་སོགས་པ་ལ། །ཆགས་པའི་ལམ་པས་འཇུག་པར་བྱ། །གྲོལ་བའི་ལམ་པས་བྱིན་གྱིས་བརླབས། །དེ་ལྟར་བྱིན་བརླབས་བདུད་རྩི་བལྟ། །ཐམས་ཅད་ལྷ་བསྒོམས་ མཆོད་བྱས་ན། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །ཁྱི་ཕག་སྤྱོད་པ་བཞིན་བྱས་ན། །དམ་ཚིག་ཉམས་ཏེ་ཡི་དགས་ས། །ཆང་ནི་བདུད་རྩི་ཆེན་པོ་སྟེ། །བཏུང་བར་བྱ་བ་ཁོ་ན་ཡིན། །ཞེས་རྒྱུད་ལས་གསུངས་པ་སྟེ། མཚན་དང་ལྡན་པའི་སྣོད་མཆོག་ཏུ། །རུལ་སོགས་ སྐྱོན་རྣམས་སྤངས་པ་ཡི། །བདུད་རྩི་རོ་ལྡན་སྣོད་བཀང་སྟེ། །བདག་ཉིད་ལྷ་ཡི་རྣལ་འབྱོར་བྱ། །ཨ་ལས་ཀ་པཱ་ལ་ནི་བསྐྱེད། །ཟླ་བ་དང་ནི་དེ་ཡིས་བསྐྱེད། །ཧས་ནི་གཟུགས་སོགས་རྣམ་རྟོག་སྦྱངས། །ཧྲཱིཿས་ནི་རོ་སོགས་རྣམ་རྟོག་སྦྱངས། །ཧོཿས་ནི་བདུད་རྩི་ཆེན་པོར་ བཞུ། །མཐེ་བོང་ཧཱུཾ་ལས་ས་གཞིའི་ཚུལ། །སྲིན་མཐེབ་སུཾ་ལས་རི་རབ་ཚུལ། །བར་ནས་མཾ་འཕྲོས་བདུད་རྩི་བཀུག །བདག་གཞན་ལྷ་ནི་མཆོད་བྱས་པས། །བསོད་ནམས་ཆེན་པོ་ཐོབ་པར་འགྱུར། །དེ་ལྟར་མ་བྱས་གླང་ཆེན་བཞིན། །ཆགས་ཤིང་བརྐམ་སོགས་ མྱོས་འཐུང་ན། །སྐྱེ་བ་ལྔ་བརྒྱར་སྨྱོན་པར་སྐྱེ། །བྱིན་གྱིས་བརླབས་པའི་རིམ་པ་ཡང་། །ཡང་ན་རིགས་ལྔའི་སྦྱོར་སོགས་བྱ། །ཡང་ན་མཱ་མ་ཀཱི་ཡིས་སྦྱངས། །ཡང་ན་བདུད་རྩི་འཁྱིལ་སོགས་བྱ། །མཚན་ལྡན་སྣོད་དང་ཆོས་འབྱུང་དང་། །ཟླ་བ་ལ་སོགས་བསམས་བྱས་ པ། །མཆོད་པར་བྱ་བའམ་ཡང་ན་བདུན། །སྤྱི་གཙུག་བླ་མ་གཞག་བྱས་ལ། །སྐུ་གསུང་ཐུགས་ནི་གནས་གསུམ་གཞག །དེ་ནས་འཐོར་ཞིང་མཆོད་པ་ཡིས། །ཕྱག་རྒྱ་སྔགས་ཀྱིས་དབུལ་བར་བྱ། །སོ་སོའི་རྩ་བའི་སྔགས་ལ་ཨ་མྲྀ་ཏ་ཀུཎྜ་ལི་ ཞེས་པའམ། ཨ་མྲྀ་ཏ་ཁཱ་ཧི་ཞེས་པ་གང་ཡང་རུང་། །གསུམ་གསུམ་ཀུན་ལ་དབུལ་བར་བྱ། །དེ་ནས་རང་སྙིང་ལྷ་གསལ་ལ། །ཅི་རན་གནོད་པ་མེད་ཙམ་བཏུང་། །ནད་ལ་གནོད་པར་གྱུར་ཀྱང་ནི། །ཐིགས་པ་གསུམ་ནི་དམ་ཚིག་གོ། །གྲོལ་བས་ཀྱང་ནི་མཆོད་པ་ཡི། །དུས་ སུ་བཏུང་བར་བྱ་ཕྱིར་ནི། །ཡུལ་དུས་གནས་སྐབས་སྦྱར་ཏེ་བཏུང་། །བཏུང་བ་ལ་སོགས་གཞན་པོ་ཡང་། །བདུད་རྩི་མ་བྱས་འཐུང་བྱེད་པ། །ཡི་དགས་གནས་སུ་སྐྱེ་བར་འགྱུར། །གསང་བའི་སྤྱོད་པའི་དུས་སུ་ནི། །ཕྱག་རྒྱ་མ་ནི་བསྟེན་པ་ཡང་། །རྣལ་འབྱོར་ཆགས་པའི་ལམ་ པས་ནི། །རྟགས་ལྡན་མཚན་ཉིད་ལ་སོགས་ལྡན། །དེ་ལྟར་བསྟེན་པའི་གནས་སྐབས་ནི། །དབང་བསྐུར་རྣམ་གཉིས་དུས་དང་ནི། །མཆོད་པའི་དུས་དང་ཏིང་འཛིན་ནི། །ཡེ་ཤེས་སྐྱེ་བ་བོགས་དབྱུང་ཕྱིར། །དམ་ཚིག་ཏུ་ནི་བསྟན་པ་ཡིན། །ཡང་ན་བསྐྱེད་རིམ་བསྟན་པ་དང་། ། རླུང་རྣམས་ལས་སུ་རུང་འགྱུར་ན། །ཕྱག་རྒྱའི་དངོས་གྲུབ་མྱུར་འདོད་ཕྱིར། །ཕྱག་རྒྱ་ལ་ནི་བརྟེན་པར་བྱ། །རྣལ་འབྱོར་གྲོལ་བའི་ལམ་པས་ནི། །ཡིད་ཀྱི་ལྷ་མོ་གཟུགས་མཛེས་མ། །མཆོད་པའི་དུས་སུ་དམ་ཚིག་གོ། །དེ་ནས་མཁའ་འགྲོ་ལུང་སྟོན་དུས། །དངོས་གྲུབ་མྱུར་དུ་ ཐོབ་འདོད་ན། །མཁའ་འགྲོའི་མན་ངག་ལ་བརྟེན་ནོ། །དེ་ལྟར་གོ་རིམས་མ་ཤེས་ན། །དམ་ཚིག་ཉམས་ཏེ་སྲིན་བུར་སྐྱེ། །སངས་རྒྱས་བསྟན་པ་འཇིག་པ་ལ། །འཁྲུལ་འཁོར་སྦྱོར་བ་ཤེས་བཞིན་དུ། །མི་རྩོམ་པ་ནི་དམ་ཚིག་ཉམས། །མི་ཤེས་གནོད་པ་མི་བྱེད་ལ། །བྱེད་ན་ ཡང་ནི་དམ་ཚིག་ཉམས། །དེ་སོགས་སྦྱོར་བ་གཞན་པོ་ཡང་། །མན་ངག་གིས་ནི་ཤེས་པར་བྱ། །མཆོག་གི་སྤྱོད་པའི་དུས་སུ་ནི། །བརྟུལ་ཞུགས་སྨྱོན་པ་ལྐུགས་པ་དང་། །གཅེར་བུ་ལ་སོགས་དུས་སྐབས་སྦྱར། །དེ་ལྟར་མ་ཤེས་དམ་ཚིག་ཉམས། །རབ་མཆོག་གི་ནི་ དུས་དག་ཏུ། །དོན་དམ་རང་བཞིན་མེད་པའམ། །སྒྱུ་མའི་ཏིང་འཛིན་ལ་བརྟེན་ནས། །རྫོགས་པའི་ཏིང་འཛིན་དུས་སུ་ནི། །སྤྱོད་པ་ལ་སོགས་བྱེད་པ་ནི། །དམ་ཚིག་ཉམས་ཏེ་བོགས་ཆུང་ངོ་། །མཐུན་འཇུག་སྤྱོད་པ་འགལ་བ་མེད། །ལྟ་བའི་དམ་ཚིག་བསྟན་པ་ནི། །ཆོས་ རྣམས་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །ཆོས་སུ་སྣང་བ་འཁྲུལ་པའི་སེམས། །སེམས་ཉིད་དེ་ཡང་སྐྱེ་མེད་ཕྱིར། །ཡོད་མེད་མཐའ་ལས་འདས་པའོ། །བསམ་དུ་མེད་ཅིང་བརྗོད་དུ་མེད། །དཔེར་ན་ནམ་མཁའ་ཇི་བཞིན་ནོ། །ལྟ་སྤྱོད་ ཀྱི་དམ་ཚིག་གི་སྦྱོར་ཀ་སྟེ་སུམ་ཅུ་གཅིག་པའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །རབ་གནས་ཆོ་ག་བསྟན་པར་བྱ། །སྐུ་གཟུགས་ལ་སོགས་ཀུན་ལ་ནི། །རབ་ཏུ་གནས་པ་མ་བྱས་ན། །མུ་སྟེགས་ལྷ་རྟེན་བཅས་དང་འདྲའོ། །རིགས་དང་ན་ཚོད་མེད་ པའི་མི། །ཐམས་ཅད་ཀུན་གྱིས་བཀུར་མི་བྱེད། །དེ་བཞིན་འདིར་ཡང་སྐུ་སོགས་ལ། །ཕྱག་ལ་སོགས་པ་བྱས་གྱུར་ཀྱང་། །བསོད་ནམས་ཆེན་པོ་ཐོབ་མི་འགྱུར། །བསོད་ནམས་ཆེན་པོ་ཐོབ་འདོད་ན། །རབ་གནས་བྱས་པས་ཐོབ་པར་འགྱུར། །དེ་བས་རབ་གནས་བྱ་བ་ གཅེས། །སློབ་དཔོན་མཚན་ཉིད་ལྡན་པ་ཡིས། །སྔོན་དུ་བསྙེན་པ་བྱ་བ་ནི། །སོ་སོ་རང་རང་བསྙེན་པ་བྱ། །དེ་ལྟར་མི་འགྲུབ་རྣལ་འབྱོར་པས། །ཤཱཀ་ཐུབ་བསྙེན་པ་ཀུན་གྱི་མ། །རྡོ་རྗེ་འཛིན་པའི་བསྙེན་པ་ཡིས། །གསང་སྔགས་ཐུན་མོང་བསྟན་པ་ཡིན། །བསྙེན་པ་རྣམ་ གསུམ་རྫོགས་བྱས་ལ། །དེ་ནས་ས་ཆོག་ལ་སོགས་པ། །གཞན་དང་མཐུན་པར་རྒྱས་པར་བྱ། །མཎྜལ་བྱི་དོར་ལེགས་བྱས་ལ། །རྒྱན་དང་རོལ་མོ་ལ་སོགས་དགྲམ། །ལྷ་ཡི་སྟ་གོན་རྫོགས་བྱས་ལ། །དེ་ནས་བུམ་པའི་སྟ་གོན་བྱ། །མཎྜལ་མེ་ཏོག་གཅལ་བཀྲམ་ལ། །བདག་ཉིད་ ལྷ་རུ་བསྒོམས་ནས་སུ། །ཡུངས་ཀར་ནིམ་པ་ལག་གཉིས་ཀྱིས། །བླངས་ནས་གསུམ་གསུམ་མེར་བསྟབས་བྱ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ། སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། ཆུ་སྙིམ་པ་བཀང་བ་ལན་གསུམ་བླུགས་ལ། །བླ་མས་ཟན་ཆུ་བསྲེ་སྣོད་ཐོགས། །ལན་གསུམ་ བྱབས་ཏེ་མེར་བཅས་རྣམས། །ཕྱི་རོལ་དག་ཏུ་བསྐྱལ་བར་བྱ། །ནམ་མཁའ་ལྷ་བཀང་སྤོས་ཐོགས་ནས། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་ཚིགས་བཅད་ལ་སོགས་བསྒྲག་པར་བྱའོ། །དེ་ནས་ མཎྜལ་སྟེང་དུ་ནི། །སྐུ་གདུང་ལ་སོགས་གཞག་བྱས་ལ། །སློབ་དཔོན་ནུབ་ཏུ་གནས་ནས་ནི། །ཨོཾ་ཧཱུཾ་བཾ་ཨ་ཞེས་བརྗོད་པས། །བ་ཡི་རྣམ་ལྔ་གང་ཡིན་པ། །དེ་ནི་མར་ཆུ་སྦྱར་བ་དང་། །དྲི་ཞིམ་ཙནྡན་ཆུ་ཉིད་དང་། །འདག་ཆལ་ཤིང་ཤུན་ཆུ་གསུམ་ནི། །བྱིན་བརླབས་དཱུར་བས་རིམ་ བཞིན་བསྐུ། །ཨུ་དུམྺཱར་བྷང་ཏྲ་དང་། །ཙ་བ་ལེ་ཀེ་ན་དང་ནི། །ཨ་ཤྭད་བྱང་ཆུབ་ཤིང་གང་རྙེད། །ཞིབ་བཏགས་ཆུ་སྦྱར་སྣོད་གཡས་གཞག །དེ་ནས་ཁྲུས་རྣམས་རིམ་པར་བྱ། །དེ་ལ་སོགས་པའི་ཆོ་ག་ཡིས། །སྐུ་གཟུགས་སྟ་གོན་གནས་པར་བྱ། །དེ་ནས་དཀྱིལ་འཁོར་ བསྒྲུབ་པར་བྱ། །དེ་རྗེས་རབ་གནས་བརྩམ་པར་བྱ། །སྐུ་རྣམས་སོ་སོའི་ས་བོན་ལས། །ཆོ་ག་གསུམ་སོགས་གང་འདོད་བསྐྱེད། །ཡེ་ཤེས་ལྷ་ཡང་སོ་སོར་བསྟིམ། །སྐུ་གདུང་བརྟན་པར་བསྐྱེད་ཅིང་བསྟིམ། །གླེགས་བམ་སོ་སོའི་སྙིང་པོ་ལ། །ཡང་ན་ཨཱ་ལི་ཀཱ་ལིའམ། །སོ་སོའི་ དཀྱིལ་འཁོར་དག་ཀྱང་རུང་། །ལྷ་ཁང་ལ་སོགས་ཀུན་ལ་ཡང་། །སོ་སོའི་དཀྱིལ་འཁོར་གང་འདོད་བྱ། །ཡང་ན་ཡི་གེ་བྷྲཱུཾ་ནི་རྟེན་ཡིན་ལ། །དེ་ལ་བརྟེན་པ་གང་འདོད་པའོ། །རྡོ་རྗེ་དྲིལ་བུ་དག་ལ་ནི། །ཧཱུཾ་དང་ཨ་ཡི་ས་བོན་ལས། །དྷརྨ་ཨ་བཛྲ་ཧཱུཾ་ཞེས། །སྔགས་ཀྱིས་ བསྐྱེད་པ་བྱས་ནས་ནི། །ཕྱག་མཚན་ལྷ་ནི་གང་འདོད་བསྟིམ། །ཕྱག་མཚན་ལ་སོགས་གཞན་ལ་ཡང་། །ཕྱག་མཚན་སྙིང་པོ་ལྷ་གསུམ་དང་། །སྒྲུབ་པ་པོ་ཡི་ལས་དང་སྦྱར། །ཕྲེང་བ་ལ་ཡང་དེ་བཞིན་ནོ། །མཚན་ལྡན་ཡི་གེ་ཨ་ཡིན་ནོ། །རྒྱན་དང་རྒྱན་ཆ་ལ་སོགས་པ། ། བྱིན་གྱིས་བརླབ་པ་ཙམ་ནི་བྱ། །དེ་དག་ཐམས་ཅད་ཀུན་ལ་ཡང་། །བསྐྱེད་དད་བསྟིམ་པ་བྱས་ནས་ནི། །དེ་ནས་བྱིན་རླབས་དབང་བསྐུར་བྱ། །དེ་ནས་མཆོད་ལྔ་དབུལ་བར་བྱ། །དེ་འོག་ལཱ་སྱ་ལ་སོགས་བརྒྱད། །མཆོད་པ་ཉི་ཤུ་པོ་ཡང་བྱ། །གོས་དང་རྒྱལ་མཚན་ལ་ སོགས་པ། །རིན་ཆེན་བཀྲ་ཤིས་སྒྲ་དང་ནི། །རོལ་མོ་ལ་སོགས་ཆོ་ག་རྣམས། །རྒྱས་པར་ཕུལ་ནས་བསྟོད་པ་བྱ། །དེ་ནས་བཟླས་བརྗོད་ཅི་རན་བྱ། །སྤྱན་འབྱེད་སྔགས་ལ་སོགས་པ་ནི། །གློག་ཕྲེང་རྒྱུད་དུ་ཤེས་པར་བྱ། །ཡང་ན་ཕྱག་མཚན་ལ་སོགས་ཀྱི། །ཆོ་ག་བསྡུས་ པར་ཤེས་པར་བྱ། །ཤིན་ཏུ་བསྡུས་པའི་ཆོ་ག་སོགས། །བྱིན་གྱིས་བརླབས་ལ་སོགས་པ་ཙམ། །དེ་ལྟར་རབ་གནས་ཟིན་ནས་ནི། །བླ་མ་མཁས་པ་དེ་ལ་ནི། །ཅི་བདོག་ཡོན་རྣམས་དབུལ་བར་བྱ། །དེས་ནི་བསོད་ནམས་ཆེན་པོ་ཐོབ། །ཇི་ལྟར་ཕོངས་པར་འགྱུར་ཡང་ནི། ། མཆོད་པའི་ཡོ་བྱད་རྣམས་ནི་དབུལ། །སེར་སྣ་ཅན་ནི་དབུལ་མི་ནུས། །དེས་ནི་སྡིག་འཕེལ་བསོད་ནམས་མེད། །རབ་གནས་བཟང་པོ་ཟིན་ནས་ནི། །རབ་གནས་བཟང་པོར་གཤེགས་སུ་གསོལ། །རབ་ཏུ་གནས་པའི་སྦྱོར་ཀ་སྟེ་སུམ་ཅུ་གཉིས་པའོ།། །།བཅོམ་ལྡན་འདས་ རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འཆི་བ་བསླུ་བའི་མན་ངག་ནི། །འཆི་རྟགས་རྣམ་པར་བསྟན་པ་དང་། །འཆི་བསླུ་ཆོ་ག་རྒྱས་པ་རྣམས། །འཆི་བསླུ་ཆེན་པོར་ཤེས་པར་བྱ། །འདིར་ནི་བསྒྲུབ་པའི་དོན་དུ་ནི། །གོས་སྔོན་འཆི་བ་བསླུ་བ་མཆོག །མན་ངག་ཅུང་ཞིག་བཀོལ་ ནས་བསྟན། །སྤྱིར་ནི་འཆི་བ་བསླུ་བ་ལ། །དགེ་བའི་ཕྱོགས་ནི་མཐའ་ཡས་མཆོག །གང་བྱས་ཀྱང་ནི་བཟློག་པར་འགྱུར། །གོས་སྔོན་འཆི་བསླུའི་རིམ་པ་ཡང་། །ནད་པ་སེམས་ནི་དག་པ་ཡིས། །གོས་སྔོན་རྣ་བརྒྱུད་མན་ངག་ཅན། །མཁས་པ་དེ་ནི་སྤྱན་དྲངས་ལ། ། གནས་ཁང་དགོན་པར་མཎྜལ་བྱ། །མཎྜལ་བྱས་པའི་འོག་ཏུ་ནི། །རྒྱན་རྣམས་མ་ལུས་དགྲམ་པར་བྱ། །ནད་པ་ལ་ནི་ཆོས་བཤད་ལ། །དང་པོ་སེམས་ནི་དག་པར་བྱ། །སྒྱུ་མ་ལྟ་བུའི་སེམས་ཀྱིས་ནི། །ནོར་རྣམས་མ་ལུས་ཐམས་ཅད་དང་། །རང་ལུས་སྲོག་དང་བཅས་པ་དབུལ། ། དེ་ལྟར་འབུལ་བ་དེ་ལ་ནི། །དང་པོ་དབང་བསྐུར་རྫོགས་པ་ལ། །དེ་ནས་མན་ངག་གཞན་སོགས་བྱ། །དེ་ལྟར་བྱས་འོག་སོས་གྱུར་ལ། །རང་འཚོ་རྫས་ཙམ་སླར་ལ་སྦྱིན། །ནོར་རྫས་སྲོག་རྣམས་དབུལ་མི་ནུས། །སེར་སྣ་ཅན་ནི་བཟློག་པར་དཀའ། །དེ་ལྟར་སེར་སྣ་ཅན་དེ་ལ། །དབང་ བསྐུར་མི་བྱ་གཞན་པོ་བྱ། །ཆོ་གའི་རིམ་པ་བསྟན་པ་ནི། །རྒྱས་པར་བྱེད་ན་བསྐྱེད་རིམ་རྫོགས་པར་བྱ། །ཡང་ན་བསྡུས་དང་ཤིན་ཏུ་བསྡུས། །དེ་ལྟར་བྱས་འོག་ནད་པས་ནི། །ཁྲུས་ཀྱི་རིམ་པ་རྫོགས་བྱས་ལ། །གོས་བཟང་བྱིན་བརླབས་བསྐོན་ནས་ནི། ། ཤར་གྱི་ཕྱོགས་སུ་ཁ་བལྟས་ནས། །མདུན་དུ་མཎྜལ་ལྔ་བྱས་ཏེ། །དང་པོ་ཕྱག་འཚལ་མཆོད་པ་འབུལ། །དེ་ནས་སྡིག་བཤགས་ལ་སོགས་བྱ། །ནད་པ་དེ་ནི་མི་ནུས་ན། །མཆོད་གཡོག་དག་གིས་བྱེད་དུ་གཞུག །དེ་ནས་སྐྱབས་གསོལ་ཚིགས་བཅད་བརྗོད། །བཅོམ་ ལྡན་རྡོ་རྗེ་གོས་སྔོན་ཅན། །སྐུ་མཆོག་སྟོབས་ལྡན་ཁྱོད་ཕྱག་འཚལ། །གསུང་མཆོག་སྒྲ་མཆོག་འབར་ལ་ཕྱག་འཚལ་ལོ། །ཐུགས་མཆོག་ཡེ་ཤེས་ལྡན་ལ་ཕྱག་འཚལ་ལོ། །སྐུ་མཆོག་སྟོབས་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ལུས་འབུལ་ཞེས་ནི་སྦྱར། །བདག་ལ་གནོད་པའི་ ནད་རྣམས་ཀུན། །ཁྱོད་ཀྱི་མཐུ་ཡིས་སྦྱང་དུ་གསོལ། །འབྱུང་པོའི་གནོད་པ་བཟློག་ཏུ་གསོལ། །ཟོར་དང་དུག་རྣམས་ཐམས་ཅད་ཀྱང་། །མཐུ་སྟོབས་བདག་པོས་བཟློག་ཏུ་གསོལ། །བཅོམ་ལྡན་ཁྲོ་ཆེན་རྣམ་པར་རྒྱལ། །སྐུ་གསུང་ཐུགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ ལྡན་མགོན་པོ་ནག་པོ་ཆེ། །ལུས་ངན་རྒྱལ་པོ་མཐུ་བོ་ཆེ། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །རྡོ་རྗེ་གནོད་སྦྱིན་འཇིགས་ཆེན་པོ། །རོ་ལངས་མ་ནི་མཐུ་མོ་ཆེ། །རྡོ་རྗེ་མཁའ་འགྲོ་དཔལ་འབར་མ། །འཇིགས་བྱེད་མ་ནི་མཐུ་མོ་ཆེ། །རྡོ་རྗེ་ལྷ་མོ་འོད་སྐྱེད་མ། །རྡོ་རྗེ་ལྷ་མོ་ཡིད་འཕྲོག་ མ། །རྡོ་རྗེ་ལྷ་མོ་ཀུན་བཟང་མ། །རྡོ་རྗེ་ལྷ་མོ་ཀླུ་སྒྲ་ཅན། །ཁྲོ་མོ་ཆེན་མོ་སྲོག་གཅོད་མ། །ཁྲོ་མོ་ཆེན་མོ་དབུགས་རྔུབ་མ། །ཁྲོ་མོ་ཆེན་མོ་ཁྲག་འཐུང་མ། །ཁྲོ་མོ་ཆེན་མོ་ཤ་ཟ་མ། །སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །དེ་ནས་སྡོམ་པ་འཛིན་དུ་གཞུག ། དེ་བཟླས་པས་ནི་བཟློག་པར་བྱའོ། །དང་པོ་སྐུ་ཡི་བཟླས་པའི་འོད་ཟེར་གྱིས། །ལུས་ཀྱི་ནད་རྣམས་སྦྱང་བར་བྱའོ། །དེ་ནས་ཐུགས་དང་གསུང་གིས་སྤྱད། །ཐལ་ཆེན་རཀྟ་བྱང་ཆུབ་སེམས། །སྦྱང་སོགས་བྱིན་བརླབས་བྱས་ནས་ནི། །གནས་གསུམ་དག་ཏུ་མཚན་ཅིང་བྱུག ། དེ་ནས་ཁྲུས་ཀྱི་བུམ་པ་ཡིས། །བཀྲ་ཤིས་ཚིགས་བཅད་བཏོན་ནས་ནི། །ནད་རྣམས་སྡིག་སྒྲིབ་བཀྲུ་བར་བྱ། །དེ་ནས་སྐུ་གསུང་ཐུགས་ཀྱི་སྔགས། །བཟླས་པས་བདེ་གཤེགས་འོད་ཟེར་བསྟིམ། །དེ་ནས་ནད་པའི་སྟེང་ཕྱོགས་སུ། །བདེ་གཤེགས་དཀྱིལ་འཁོར་བཞུགས་ བསམས་ལ། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །ཡེ་ཤེས་བདུད་རྩི་སྙིང་གར་གཟུང་། །དེ་རྣམས་བྱས་པས་འཆི་བ་བཟློག །འཆི་བཟློག་ཆེན་པོ་བྱ་བ་ནི། །སྦྱིན་སྲེག་ཚོགས་འཁོར་དབང་བསྐུར་བྱ། །གཏོར་ཆེན་ལ་སོགས་གཞན་ཡང་བྱའོ། །དེ་ལྟར་བྱས་པས་འཆི་བ་བཟློག ། རང་དང་གཞན་ནི་གཉིས་ཀ་ལ། །མན་ངག་སྟོབས་ཀྱིས་བཟློག་པ་ན། །རླུང་དང་ཐིག་ལེ་ཡི་གེ་དང་། །གཏུམ་མོ་འཁོར་ལོ་ལ་སོགས་ནི། །འཆི་བསླུ་ཆོ་ག་དག་དང་ནི། །བླ་མའི་མན་ངག་བརྒྱུད་པས་བྱའོ། །འཆི་བ་བསླུ་བའི་སྦྱོར་ཀ་སྟེ་སུམ་ཅུ་གསུམ་པའོ།། །།བཅོམ་ལྡན་ འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །སྟང་སྟབས་རིམ་པ་ཅུང་ཞིག་བསྟན། །ཤར་ཕྱོགས་གཡས་བརྐྱང་ལ་གནས་ནས། །རྐང་པ་དང་ནི་ལག་པ་ཡིས། །རྡོ་རྗེ་རྩེ་གསུམ་སྟང་སྟབས་བྱ། །གར་བསྒྱུར་དེ་ནི་ཐབས་རེ་བྱ། །རྐང་ལག་མཐུན་པར་བསྒྱུར་བ་བཟློག །ལྷོ་རུ་གཡོན་ བརྐྱང་ལ་གནས་ནས། །རལ་གྲིའམ་དབྱུག་ཏོ་འཛིན་པས་སུ། །རྐང་པ་ལག་པ་གཉིས་ཀས་སུ། །ས་དང་བར་སྣང་གཉིས་ཀ་ལ། །རིན་ཆེན་འབར་མ་བྲེ་བར་བྱ། །ནུབ་ཕྱོགས་གཡས་བརྐྱང་ལ་གནས་ནས། །འཁོར་ལོའམ་རལ་གྲི་དེ་བཞིན་བྲེ། །བྱང་ཕྱོགས་གཡོན་བརྐྱང་ལ་ གནས་ནས། །རྡོ་རྗེ་རྒྱ་གྲམ་ཚུལ་དུ་བྲེ། །ཡང་ན་ཟླུམ་པོ་ལ་སོགས་རིམ། །བསྲུང་བའི་ཚུལ་དུ་བྱ་བ་དང་། །ཕྱོགས་བཞིར་འབྱུང་པོ་བཀུག་ནས་ནི། །མནན་ཅིང་བསྣུན་པའི་ཚུལ་དུ་བྱ། །གཞན་ཡང་སྟང་སྟབས་རྒྱས་པ་ནི། །སྙོམས་འཇུག་ལ་སོགས་རྒྱུད་ན་གསལ། །མཁས་པས་དེ་རུ་ ཤེས་པར་བྱ། །འདིར་ནི་བསྒྲུབ་པའི་དོན་དུ་བསྡུས། །སྟང་སྟབས་སྦྱོར་བ་འདི་དག་ནི། །བགེགས་བསྐྲད་དོན་དུ་ནན་ཏན་བྱའོ། །སྟང་སྟབས་ཀྱི་སྦྱོར་ཀ་སྟེ་སུམ་ཅུ་བཞི་པའོ།། །།སྟོན་པ་ཕྱག་ན་རྡོ་རྗེ་ནས། །མཁའ་འགྲོ་མ་ནི་ཡན་ཆད་དུ། །བརྒྱུད་པའི་རིམ་པའི་མན་ངག་འདི། ། སྙིང་པོ་ལ་སོགས་སྒྲུབ་པའོ། །གསང་བའི་སློབ་མ་རིན་ཆེན་བཀྲ། །དེ་རྩར་ཧཱུཾ་གི་རྣལ་འབྱོར་དང་། །བརྟུལ་ཆེན་པོ་ནི་རྣལ་འབྱོར་ལ། །ལོ་གསུམ་བར་དུ་སྣོད་བརྟགས་ནས། །བདེ་ལྡན་རིན་ཆེན་ཡང་གཏེར་དུ། །བཙའ་དཀའ་དམ་བཞག་བྱས་ནས་གཏད། ། རིན་ཆེན་རྫས་དང་སྲོག་ལུས་ཀྱིས། །བླ་མ་མཉེས་པས་མན་ངག་ཐོབ། །དེ་བཞིན་ཕྱི་རབས་རྣལ་འབྱོར་གྱིས། །དེ་བཞིན་དུ་ཤེས་པར་བྱའོ། །ཕྱི་རབས་བློ་དམན་ལ་སོགས་ཤིང་། །སེར་སྣ་ལ་སོགས་གཡོ་སྒྱུ་ཅན། །སྒོམ་སྒྲུབ་ལ་སོགས་མི་ནུས་ལ། །མན་ངག་བསྟན་ན་དམ་ ཚིག་ཉམས། །དེ་བས་ཕྱི་རབས་རྣལ་འབྱོར་པས། །སྣོད་ལྡན་བརྟགས་ལ་སྦྱིན་པར་བྱ། །ཐབས་དང་ཤེས་རབ་ལས་བྱུང་བའི། །རིན་ཆེན་ཕྲེང་བ་སྦྱོར་ཀ་འདི། །བདག་གིས་སྣོད་ལྡན་དོན་བརྩམས་པས། །འདི་བརྩམས་པ་ཡི་དགེ་བ་ཡིས། །བདག་དང་སེམས་ཅན་ཐམས་ ཅད་ཀྱང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྦྱོར་ཀ་ཆེན་པོའི་མན་ངག་སློབ་དཔོན་ཆེན་པོ་བྷ་བས་མཛད་པ་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་གཞོན་ནུས་བསྒྱུར་རོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་ནཱི་ལཱམྦ་ར་དྷ་ར་བ་ལིཾ་ཏ་བི་དྷིཿ། བོད་སྐད་དུ། ཕྱག་ ན་རྡོ་རྗེ་གོས་སྔོན་ཅན་གྱི་གཏོར་མའི་ཆོ་ག །འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །སྒྲུབ་པ་རྣམས་ལ་ཕན་གདགས་ཕྱིར། །བདག་གིས་གཏོར་མ་བཤད་པར་བྱ། །ཕན་གདགས་པ་དང་ཚར་གཅད་པ། །ཕན་པ་མཆོག་དང་ཐུན་མོང་ངོ་། །གསང་ བ་བླ་མེད་མཆོག་ཏུ་འདོད། །ཕྱི་ནང་ཐུན་མོང་ཤེས་པར་བྱ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །ཚར་གཅད་པ་ཡང་ཤེས་པར་བྱ། །དགུག་དང་བསྐྲད་དང་གསད་པ་དང་། །མནན་དང་བསྲེག་པར་ཤེས་པར་བྱ། །རྒྱུན་ནམ་དུས་ཆེན་བཞི་གསུམ་གཉིས། །ཆུང་ངུ་རྒྱུན་ ནམ་ཆེན་པོ་ནི། །བཅུ་གཉིས་བཞིའམ་ཐ་མ་གཅིག །རྩ་བ་ལྔ་དང་ཡན་ལག་ལྔ། །འབྲུ་དང་ཤིང་ཐོག་སྨན་རྣམས་དང་། །ཆན་ཐུག་ཁུར་བ་ལ་སོགས་པའི། །རྫས་རྣམས་ཐམས་ཅད་ཚོགས་པར་བསགས། །དེ་སྟེང་དཀར་གསུམ་ཀླུ་ལ་ཤིས། །ཁྲག་སྣ་སྙིང་སྣ་ཤ་སྣ་ གསུམ། །དེ་སོགས་ཐུན་རྫས་ཚར་གཅོད་དོ། །བསྐྱེད་རིམ་ཚུལ་དུ་བྱ་བ་དང་། །བླ་མ་ནས་བཟུང་བསྲུང་བྱས་ལ། །ཆོ་ག་གསུམ་དུ་བསྐྱེད་པའམ། །ཆུང་ངུ་སྐད་ཅིག་ལྷར་བསྐྱེད་ལ། །མཚན་དང་ལྡན་པའི་པདྨ་རུ། །རྫས་རྣམས་ཀུན་གྱིས་བཀང་ནས་ནི། །སྟེང་དུ་རྡོ་རྗེ་སྔོན་པོ་ བསམ། །ཁོང་སེང་ཅན་ལ་ཧཱུཾ་གིས་མཚན། །མཐོ་གང་ལ་ནི་རི་བོང་ཅན། །དེ་ལ་བཅུ་དྲུག་བདུན་པས་མཚན། །རྡོ་རྗེ་མཚན་ལྡན་བར་དུ་ནི། །སྡུད་སྦྱོང་འཕྲོ་བའི་མཐིང་དམར་དཀར། །པད་འོག་ཡེ་ཤེས་ལྔ་ལྡན་གསུམ། །གྲུ་གསུམ་འོག་ན་ཟླ་གམ་ཅན། །ཐུགས་ཀྱི་མཐིང་གནག་ འཕྲོས་པ་ལས། །རྡོ་རྗེ་ལྟེ་བསྐུལ་མཐའ་གཉིས་བསྐྱོད། །དམར་པོ་འབར་བས་མཚན་ལྡན་དྲོས། །ཐུགས་ཀྱིས་བསྡུས་ཤིང་གསུང་གིས་སྦྱངས། །སྐུ་ལས་འཕྲོས་པས་རི་བོང་བསྐུལ། །ཤེས་རབ་ཅན་ལས་འོད་ཟེར་འཕྲོས། །དེ་ཡིས་ཡབ་ཡུམ་བསྐུལ་ནས་ནི། །ཁ་དོག་ དཀར་པོས་བདུད་རྩི་ཕོབ། །དང་པོ་སྐུལ་བྱེད་འོག་ཏུ་ཞུ། །ཁོང་སེང་ཅན་ནས་པདྨར་བབས། །བབས་པའི་རྟིང་ལ་དེ་ཉིད་ལྷུང་། །ལན་གསུམ་བསྐོར་ནས་འོ་མ་བཞིན། །ལྔ་པའི་དང་པོ་ལྔ་པས་མཚན། །དེ་ཡིས་གདན་བསྐྱེད་འཁོར་བཅས་དགུག །ཛི་ཧཱུཾ་རྡོ་རྗེ་ཁོང་སེང་ཅན། ། བདུད་རྩི་གསོལ་བས་མཉེས་པར་བསམ། །ཡང་ན་ལྷ་མོ་དཀར་མོ་ཡིས། །མཚན་ལྡན་གྱིས་ནི་བཀད་ནས་མཆོད། །བསྟོད་ནས་བཤགས་ཤིང་ལས་བཅོལ་ལོ། །དེ་ཡང་རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །དེ་ལྟར་བྱས་ནས་གཤེགས་སུ་གསོལ། །ཡང་ན་སྐད་ཅིག་ ལྷར་བསྐྱེད་ལ། །ཐུགས་ཀའི་ཧཱུཾ་གིས་བདུད་རྩི་སྦྱངས། །སླར་ཡང་ཡེ་ཤེས་བདུད་རྩི་ཕབ། །ཡུད་ཙམ་སྤྲུལ་པས་ལྷ་ཡིས་གསོལ། །ཡུད་ཙམ་མོས་པས་གསུམ་ཀ་གསོལ། །ཤིན་ཏུ་བསྡུས་པས་ཟས་དེ་བཞིན། །ཕན་གདགས་པའི་སྦྱོར་ཀ་སྟེ་དང་པོའོ།། །།དགུག་པའི་ གཏོར་མའི་ཆོ་ག་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཐུན་མོང་གཏོར་མ་དང་མཐུན་ནོ། །ཁྱད་པར་གཏོར་མ་བསྟན་པ་ནི། །དུར་ཁྲོད་འཇིགས་པའི་གནས་དག་ཏུ། །ཤིན་ཏུ་དམར་བའི་གོས་གྱོན་ལ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཆོ་ག་གསུམ་གྱིས་ལྷར་བསྐྱེད་པའམ། ། ཆོ་ག་རྣམ་ལྔས་ལྷར་བསྐྱེད་པ། །གང་ཡང་རུང་བྱས་བྱིན་གྱིས་བརླབ། །གཏོར་མའི་རྫས་ནི་ཐུན་མོང་རྫས་སྟེང་དུ། །ཁྱད་པར་རྫས་ནི་རཀྟ་སྣ་ཚོགས་དང་། །གཤོག་པ་ཅན་གྱི་ཤ་སྣ་སྣ་ཆོགས་ཤིས། །བྱིན་གྱིས་བརླབས་ལ་བདེ་གཤེགས་མཆོད། །གཉིས་པ་མཁའ་འགྲོ་མ་ ལ་མཆོད། །གསུམ་པ་ཆོས་སྐྱོང་རྣམས་ལ་མཆོད། །བཞི་པས་འབྱུང་པོ་ཐམས་ཅད་ཚིམ་པར་བྱ། །ཡང་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་སུ་མཆོད་པར་བྱའོ། །སྔགས་ནི་རྩ་བའི་སྔགས་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་ བཟླས། །མཁའ་འགྲོ་མའི་སྔགས་ནི་ཨོཾ་བུདྡྷ་ཌཱ་ཀི་ནཱི། བཛྲ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི། ས་མ་ཡ་ཌཱ་ཀི་ནཱི། སརྦ་ཌཱ་ཀི་ནཱི། ཨི་དཾ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། འཇིག་རྟེན་ལས་འདས་པའི་དཔལ་མགོན་པོ་ནག་པོ་ནི་མཁའ་འགྲོ་མའི་གཙོ་བོ་ཡིན་པས། ། རྩ་བའི་སྔགས་ལ་བཏགས་ཏེ་དབུལ། །འཇིག་རྟེན་པའི་མགོན་པོ་ནག་པོ་ནི་ཕྱོགས་སྐྱོང་གི་གཙོ་བོ་ཡིན་པས་སྔགས་ཀྱང་གོང་བཞིན་ཤེས་པར་བྱ། ཕྱོགས་སྐྱོང་གི་སྔགས་ནི། ཨིནྡྲ་ཞེས་བྱ་བ་ལས་ཀྱི་ཚོགས་དང་མཐུན། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ ནི་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པས་བྱའོ། །དེ་ནས་བསྟོད་པ་བྱ་ཞིང་ཕྲིན་ལས་བཅོལ། །འོད་ཟེར་འཕྲོས་པས་ཐལ་མོ་བརྡབ། །དེས་སུ་ཐམས་ཅད་བསྐུལ་ནས་ནི། །གང་ལ་བྱ་བ་དགུག་པར་བསམ། །དེ་འདྲ་ལན་གྲངས་བརྒྱ་ནས་སྟོང་། །ཁྲི་ནས་འབུམ་གྱིས་ ཁུགས་པར་འགྱུར། །འགུགས་པའི་སྦྱོར་ཀ་སྟེ་གཉིས་པའོ།། །།བསྐྲད་པའི་གཏོར་མའི་སྦྱོར་ཀ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཐུན་མོང་གཏོར་མ་དག་དང་མཐུན། །ཁྱད་པར་གཏོར་མ་ཕལ་ཆེར་ཡང་། །བསྐྲད་པའི་ཚོགས་ཀྱི་སྦྱོར་ཀ་སྟེ། །མན་ངག་ཁྱད་ པར་བསྟན་པ་ནི། །ཤིང་ལོའམ་གྲོ་ག་དག་ལ་ནི། །རླུང་དང་བསྒྲུབ་བྱའི་གཟུགས་བྲིས་ལ། །འོད་ཟེར་རླུང་གིས་བསྐྱོད་པ་དང་། །ཁྲོ་བོ་དག་གིས་བསྐྱོད་པ་དང་། །རླུང་ལྷ་དག་གིས་བསྐྱོད་ནས་ནི། །ནམ་མཁའ་མཐའ་གཏུགས་བསྐྱལ་བར་བྱ། །བསྐྲད་པའི་གཏོར་ མའི་སྦྱོར་ཀ་སྟེ་གསུམ་པའོ།། །།མནན་པའང་གོང་མ་བཞིན་ཏེ་མཐུན། །ཁྱད་པར་རི་རབ་འབུམ་དང་ནི། །རྡོ་རྗེ་དང་ནི་ཁྲོ་བོ་ཡང་། །འབུམ་དུ་བྱས་ཏེ་འོད་ཟེར་སོགས། །སྦྱོར་བ་གཞན་དང་མན་ངག་བཞིན། །མནན་པའི་སྦྱོར་ཀ་སྟེ་བཞི་པའོ།། །།གསད་པ་ཁྲོ་བོས་གསད་ པ་དང་། །མཚོན་ཆའི་ཆར་སོགས་དབབ་པས་གསད། །སྔགས་དང་ཕྱག་རྒྱ་རྫས་སོགས་གཞན། །མཁས་པས་མན་ངག་སྦྱར་བར་བྱའོ། །གསད་པའི་སྦྱོར་ཀ་སྟེ་ལྔ་པའོ།། །།བསྲེག་པ་སྐུ་གསུང་ཐུགས་ཀྱིས་བསྲེག །ཡང་ན་མེ་ལ་སོགས་པ་ཡི། །སྦྱོར་བ་གཞན་དུ་ཤེས་ པར་བྱའོ། །བསྲེག་པའི་སྦྱོར་ཀ་སྟེ་དྲུག་པའོ།། །།བཅིང་བ་ཡི་ནི་སྦྱོར་བ་ཡང་། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ལུ་གུ་རྒྱུད་དང་ཞགས་པ་དང་། །ལྕགས་སྒྲོག་ལ་སོགས་སྦྱོར་བ་ཡིས། །མཁས་པ་ཡིས་ནི་བཅིང་བར་བྱ། །བཅིང་བའི་སྦྱོར་ཀ་སྟེ་བདུན་པའོ།། །།ཀླུ་དང་རྒྱལ་པོ་གཉིས་ལས་ ནི། །ཁྱད་པར་གཏོར་མ་བསྟན་པ་ནི། །དངུལ་དང་འཁར་བ་ཤིང་ཕོར་དང་། །ས་དཀར་སྣོད་དུ་བྱ་བར་ཤིས། །སྨན་སྣ་འབྲུ་སྣ་སྙིང་པོ་ལྔ། །དཀར་གསུམ་མངར་གསུམ་ཀླུ་ལ་ཤིས། །རིན་ཆེན་སྣོད་ནི་མཛེས་པ་རུ། །རིན་ཆེན་ལྔ་དང་འབྲུ་སྣ་ལྔ། །དར་ཟབ་ཤིང་ཐོག་ལ་སོགས་པ། །རྒྱལ་པོ་ ཉིད་ལ་ཤིས་པར་གསུངས། །དེ་གཉིས་བྱིན་གྱིས་བརླབ་པ་ཡང་། །རྫས་ཀྱི་སྟེང་དུ་ཧྲཱིཿའམ་ཧཱུཾ། །དེ་ཡི་འོད་ཀྱིས་རྫས་རྣམས་བསྲེག །སྐྱེན་དག་ནས་ནི་བདུད་རྩིར་བསམ། །དེ་ནས་ལག་པ་གཡས་པ་ནི། །མཆོག་སྦྱིན་བྱས་པའི་ལག་མཐིལ་དུ། །བྲིཾ་ལས་དཔག་བསམ་ཤིང་ ལོ་བསམ། །དེ་ཡི་ཡལ་གའི་གསེབ་ཏུ་ནི། །སི་ལས་བདུད་རྩིའི་བུམ་པ་བསམ། །དེ་ཡིས་བདུད་རྩི་ཡི་ནི་རྒྱུན། །ལག་མཐིལ་དུ་ནི་བབས་ནས་ཀྱང་། །གཏོར་མའི་ནང་དུ་འདྲེས་པར་བསམ། །དེ་ནས་ཨོཾ་ཨཱཿཧཱུཾ་ལན་གསུམ་བཟླས། །དེ་ནས་རང་གི་མདུན་དུ་པདྨ་བཞི་བསམ། དེ་ནས་རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས། ཀླུ་ཐམས་ཅད་ནི་པདྨར་བཀུག །འོད་ཟེར་འཕྲོས་པས་སྦྱོང་སོགས་བྱ། །ཐམས་ཅད་འོད་དུ་ཞུ་བ་ལས། །བདེ་གཤེགས་སྐུ་ཡི་སྤྲུལ་པའམ། །གསུང་གི་རིགས་ཀྱི་ལྟ་རུ་གྱུར། །སྤྱན་དྲངས་བསྟིམ་ཞིང་དབང་བསྐུར་བྱ། །དེ་ནས་ལྕེ་རྡོ་རྗེ་ རྩེ་ལྔ་སྦུ་གུ་ཅན་དུ་བསམས་ལ། དེས་དྲངས་ལ་གསོལ་བར་བསམ། བསྟབས་པའི་སྔགས་ནི། ཨོཾ་བ་སུ་ཀི་བ་ལིཾ་ཏ་ཁཱ་ཧི་ཞེས་ཀླུ་རྣམས་ཀྱི་སོ་སོའི་རྩ་བའི་སྔགས་ལ་བཏགས་ལ་དབུལ་བར་བྱའོ། །གཤེགས་སུ་གསོལ་བའི་སྔགས་ནི་བཛྲ་མུཿཞེས་བཏགས་ ལ་གཤེགས་སུ་གསོལ། །རྒྱལ་པོ་ཡང་སྤྲུལ་པ་དང་ལས་ཀྱི་རིགས་སུ་བསམ། ཕྱི་མ་མཐུན་ཏེ་མན་ངག་ཏུ་ཤེས་པར་བྱའོ། །ཀླུ་དང་རྒྱལ་པོའི་སྦྱོར་ཀ་སྟེ་བརྒྱད་པའོ།། །།དེ་དག་ཐམས་ཅད་ཕྱི་ཡིན་ནོ། །ནང་གི་སྙིང་གའི་ལྷ་རྣམས་ལ། །གཏོར་མ་ཟས་རྣམས་ཡིན་པས་ན། ། བདུད་རྩིར་བྱིན་གྱིས་བརླབས་ནས་ནི། །ལྷ་ལ་ཏིང་ངེ་འཛིན་གྱིས་དབུལ། །དེ་ནི་རྣལ་འབྱོར་ལམ་པ་ཡིན། །ཕྱག་རྒྱ་ཕྱག་རྒྱའི་མན་ངག་བཞིན། །ནང་གི་གཏོར་མའི་སྦྱོར་ཀ་སྟེ་དགུ་པའོ།། །།གསང་བའི་གཏོར་མའི་སྦྱོར་ཀ་ནི། །ལྟེ་བ་པདྨ་གཏོར་མའི་སྣོད། །དེ་སྟེང་ཟླ་བའི་སྟེང་དུ་ ནི། །བྱང་ཆུབ་སེམས་ཀྱི་ཀུནྡ་ལ། །བདུད་རྩི་ལ་སོགས་ཡོན་ཏན་སོགས། །གཏོར་མའི་རྫས་སུ་བསྟན་པ་ཡིན། །དེ་འོག་རླུང་སྔོན་བསྐྱོད་པ་ལས། །མེ་འབར་བདུད་རྩི་ཞུ་སྟེ་ཕབ། །འཁོར་ལོ་མཁའ་འགྲོ་རྣམས་ལ་མཆོད། །རྟོག་པ་ཞི་བ་ལས་རྣམས་འགྲུབ། །གསང་བའི་གཏོར་ མའི་སྦྱོར་ཀ་སྟེ་བཅུ་པའོ།། །།བླ་མེད་གཏོར་མའི་སྦྱོར་ཀ་ནི། །ལྷན་ཅིག་སྐྱེས་པའི་དགའ་བ་ལ། །ཐམས་ཅད་རྫོགས་པའི་མན་ངག་ཚང་། །བླ་ན་མེད་པའི་མན་ངག་གི་སྦྱོར་ཀ་སྟེ་བཅུ་གཅིག་པའོ།། །།གཏོར་མའི་མན་ངག་སྦྱོར་ཀ་རྣམས། །མན་ངག་རིམ་པ་བཀོད་པ་ཡིས། ། བདག་དང་མཐའ་ཡས་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ག་ཎ་ཙཀྲ་བི་དྷིཿ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག །དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །ཚོགས་ཆེན་ཁྱད་པར་བསགས་པ་དང་། །དམ་ཚིག་ཉམས་པ་བསྐང་བ་དང་། །སྒྲིབ་སྦྱང་མཆོག་ནི་ཐོབ་བྱའི་ཕྱིར། །རྣལ་འབྱོར་ལུགས་མཐུན་བདག་གིས་བཤད། །ཚོགས་ནི་གཉིས་སུ་ཤེས་པར་བྱའོ། ། ཕན་གདགས་པ་དང་ཚར་གཅད་པའི། །དེ་ཡང་འཁོར་ལོ་བསྐོར་དང་མཆོད་པ་བརྩམ། །ཕན་པ་མཆོག་དང་ཐུན་མོང་ངོ་། །དགུག་དང་བསྐྲད་དང་མནན་པ་དང་། །གསད་པ་ལ་སོགས་ཚར་གཅད་པའོ། །དེ་སྒྲུབ་རྣལ་འབྱོར་བསྟན་པ་ནི། །སྔགས་པ་གཅིག་ཏུ་རྟོག་བྱེད་དང་། ། དུས་རྣམས་ཀུན་དུ་རྩེ་གཅིག་ལྡན། །རྒྱུད་རྣམས་ཀྱི་ནི་སྙིང་པོ་ཤེས། །དེ་ཉིད་བཅུ་ནི་མཆོག་ཏུ་རིག །ཟབ་ཅིང་རྒྱ་ཆེན་ཆོས་ལ་མོས། །ཡིད་ནི་ཤིན་ཏུ་འཇམ་པ་དང་། །བསྙེན་བཀུར་ལྡན་ཞིང་འཇིགས་པ་མེད། །ང་རྒྱལ་མེད་ཅིང་གཤེགས་ལ་བརྩོན། །བརྡ་དང་ཕྱག་རྒྱའི་ མཆོད་པ་ཡི། །ལན་དང་སྦྱོར་བ་སོགས་ལ་མཁས། །གསང་ཐུབ་ཚོད་རིག་ལུས་ངག་གཟོ། །དེ་ལ་སོགས་པའི་ཆོ་ག་མཁས། །གུ་རུ་ལ་སོགས་ལྷ་དང་བསྟུན། །དེ་སྟེང་ལས་ཀྱི་རྣལ་འབྱོར་གཉིས། །བྱན་པོ་བྱན་མོ་གསོལ་ཀ་གསུམ། །ཕྱི་མཚམས་ནང་མཚམས་ རོལ་མོ་པ། །དེ་ནི་རྣལ་འབྱོར་རྒྱས་པའི་ཚད། །ལྷ་སྟེང་ལས་ཀྱི་སྐར་མ་དང་། །མཚན་མ་ཉིད་ནི་བསྡུས་པའོ། །ལྔ་པ་ཡན་ཆད་ཤིན་ཏུ་བསྡུས། །འཁོར་ལོ་བསྡུས་རྒྱས་མཁས་པས་བྱ། །མཆོད་པ་བཞི་གསུམ་གཉིས་སུ་བྱ། །དེ་ཡི་རིམ་པའང་གོང་བཞིན་དུ། །བསོད་ ནམས་རིམ་པའང་དེ་བཞིན་ཐོབ། །འཁོར་ལོ་གྲལ་ནི་དཀྱིལ་འཁོར་ཚུལ། །ཡང་ན་མཆོག་འདོད་པ་དང་ཐུན་མོང་ནི། །གྲགས་མ་གྲངས་ཀྱི་རིམ་པ་ཡིས། །མཆོད་པའི་ཚུལ་གྱིས་རིམ་པས་བྱ། །བྱིན་གྱིས་བརླབས་སམ་རིགས་མཐུན་པར། །ཉམས་དགའ་ཡིད་འཇུག་གནས་ དག་ཏུ། །འཁོར་ཁང་སུམ་རིམ་དང་པོ་ཡི། །སྒོ་བཞི་གཉིས་པ་ལྷོ་ལ་གསུམ་པ་ཤར། །དེ་ཡི་ཐུན་མོང་ཁྱད་པར་ནི། །དང་པོ་ས་འོག་ཕྱི་མ་སྟེ། །རིམ་གསུམ་གྱེན་དུ་བརྩིགས་པ་ནི། །ལུས་འདོད་པ་དང་ཕྱི་མའི་ལུགས། །ཕན་འདོགས་དོན་དུ་བསྟན་པའོ། །དུར་ཁྲོད་མཚོ་གླིང་ འཇིགས་པའི་གནས། །འདི་འདྲའི་རིགས་མཐུན་ལ་སོགས་པས། །ཚར་གཅད་དོན་དུ་གོང་བཞིན་བྱ། །དུས་ནི་རྒྱུན་ནམ་ལོའམ་ཟླར། །ཁྱད་པར་བཞི་གསུམ་གཉིས་དང་གཅིག །བཅུ་གཉིས་བཞི་རུ་དམ་ཚིག་གོ། །དེ་ལྟར་མ་བྱས་མཁའ་འགྲོས་གསོད། །བྱས་ན་དངོས་ གྲུབ་ཆེན་པོ་འཐོབ། །ཡོན་ཏན་སྦྱོར་བའི་རིམ་པ་དང་། །སྒྲུབ་པོ་འདོད་པའི་རིམ་པ་ཡིས། །གོང་གི་ཁྱད་པར་ཤེས་པར་བྱ། །ཕྱི་ལྟར་བ་ཡི་རྣམ་ལྔས་བྱུག །ནང་ནི་བདུད་རྩི་རྣམ་ལྔས་བྱུག །ཕྱི་ནི་མཛེས་པའི་རྒྱན་རྣམས་བྲིས། །ནང་ནི་དུར་ཁྲོད་ཆས་ཀྱིས་ བརྒྱན། །དཀྱིལ་འཁོར་གསང་མཆོག་ནུབ་མོ་བྲི། །ངག་གི་བརྡ་སྐད་ཐབས་གསུམ་གྱིས། །རྣལ་འབྱོར་རྣམས་ནི་བསྡུ་བར་བྱ། །དབྱུག་སྔོན་གྱིས་ནི་ལུས་ངག་བརྡ། །བུམ་པ་ནས་བཟུང་ཕྱི་ནང་གསང་། །དྲིལ་ནས་དབྱེ་གསལ་རིམ་པས་བྱ། །སློབ་དཔོན་མདུན་དུ་འཁོན་གཅུགས་ སྦྱང་། །ལས་ཀྱི་སེམས་དཔའ་གྲལ་ལ་དགོད། །རྒྱན་ཆ་གན་ལ་གོ་བགོར་གནས། །སློབ་དཔོན་གྱིས་ནི་བྱིན་བརླབས་ཤིང་། །ལས་ཀྱི་སེམས་མས་རྟགས་གསུམ་གདབ། །རང་གིས་ལྷག་པའི་ང་རྒྱལ་བྱ། །གར་མས་མཎྜལ་མཆོད་པ་རྣམས། །རིམ་པར་བྱས་ནས་གསོལ་བ་ གདབ། །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །སོ་སོའི་ལྷ་ཡི་ང་རྒྱལ་བྱ། །དེ་ལྟར་མི་ཤེས་ལྷག་པའི་ལྷ། །དེ་ལྟར་བྱས་ནས་གཙོ་བོའི་བརྡས། །ཀརྨ་ལ་ནི་བསྐུལ་བར་བྱ། །ཀརྨ་འཁོར་མ་དང་བཅས་ལ། །ཚོགས་ཀྱི་བྱེ་བྲག་བརྒྱ་རྩ་བརྒྱད། །འགྱིང་བག་ཚུལ་གྱིས་དྲང་བར་བྱ། ། ཚོགས་ཀྱི་དབྱེ་བ་བསྟན་པ་ནི། །རྩ་བ་ལྔ་ལས་རྩ་ལྔར་གྱུར། །ཐུན་མོང་དུ་ནི་བརྒྱ་བྱ་ལ། །རྣལ་འབྱོར་ཟབ་མོའི་སྤྱོད་པ་ཡིན། །ཤ་ཡི་བྱེ་བྲག་ཉི་ཤུ་ལྔ། །བཏུང་བའི་བྱེ་བྲག་དེ་བཞིན་ནོ། །སྨན་གྱི་བྱེ་བྲག་ཉི་ཤུ་དང་། །བཤོས་དང་དཀར་གྱི་བྱེ་བྲག་ཀྱང་། །ཕྱེད་མར་བྱས་པའི་སུམ་ཅུ་ ཡིན། །སྤོས་ཀྱི་བྱེ་བྲག་བརྒྱད་དུ་བསྟན། །དེ་ནས་བསྡུས་པ་ཕྱེད་དུ་བསྟན། །ཤིན་ཏུ་བསྡུས་པ་དེ་ཡི་ཕྱེད། །དེ་ནི་ཚོགས་ཀྱི་འཁོར་ལོའོ། །ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ་ནི། །བཅུ་དང་ལྔ་དང་གསུམ་དུ་བྱ། །དེ་ཡི་རབ་འབྲིང་སྒྲུབ་པའོ། །བསོད་ནམས་ཆེ་ཆུང་རིམ་པ་ དེའོ། །ཚོགས་དེ་སློབ་དཔོན་བྱིན་གྱིས་བརླབས། །རླུང་གིས་མེ་སྦར་མཚན་ལྡན་དྲོས། །དེ་ཉིད་གསུམ་གྱི་ལས་བྱས་ལ། །བདུད་རྩི་བབ་ཅིང་རྡོ་རྗེས་དཀྲུགས། །བདུད་རྩིའི་རང་བཞིན་འོད་དུ་ཞུ། །བཏུང་པའི་བྱིན་རླབས་ལ་སོགས་ཀྱང་། །མན་ངག་བཞིན་དུ་བྱིན་བརླབས་ལ། ། བདུད་རྩི་མཆོད་པ་ཕྱོགས་བཀྲམ་ལ། །དང་པོ་ལས་ཀྱི་རྣལ་འབྱོར་གྱིས། །མདུན་དུ་ལྷ་བསྐྱེད་སྤྱན་དྲངས་བསྟིམ། །དང་པོ་ཕྱག་འཚལ་མཆོད་ལྔ་འབུལ། །དེ་ནས་བདུད་རྩིའི་མཆོད་པ་འབུལ། །དེ་འོག་ལྕགས་ཀྱུ་ལྔ་པོ་དང་། །གླུ་དང་གར་གྱི་མཆོད་པ་འབུལ། །ཧཱུཾ་གི་གླུ་ བླངས་མཆོད་པ་ནི། །ཉི་ཤུ་ཡང་ནི་བྱ་བར་གསུངས། །བསྟོད་ཅིང་རོལ་མོའི་མཆོད་པ་འབུལ། །དེ་ནས་རྣལ་འབྱོར་རྣམས་ལ་མཆོད། །ལྷག་མ་མཁའ་འགྲོ་རྣམས་ལ་མཆོད། །མཎྜལ་སྔོན་པོ་བྱས་ནས་ནི། །བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །མེ་ཏོག་སྔོན་པོའི་ཚོམ་བུ་བྱ། ། ས་ལ་གནས་པའི་མཁའ་འགྲོ་མ། །བསྐྱེད་ཅིང་སྤྱན་དྲངས་བསྟིམ་བྱས་ལ། །བྱིན་གྱིས་བརླབས་ལ་མཆོད་པ་བྱ། །ལྷག་མ་ཁ་ཆུས་བཏབ་ནས་ནི། །སྦྱང་དང་སྤྲོ་བ་བསྡུས་བྱས་ལ། །འཁོར་ཁང་ཕྱི་ལོགས་མཎྜལ་བྱ། །ཁྲག་གིས་བྱུག་ཅིང་མེ་ཏོག་དགྲམ། །བཤུད་གླུ་བརྡ་ ཡིས་སྤྱན་དྲངས་ནས། །རྣལ་འབྱོར་སྐྲ་བཤིག་ཐལ་བས་བྱུག །རྒྱན་ཆས་གོན་ལ་རྟགས་རྣམས་གདབ། །ལྷ་ཡི་ཏིང་འཛིན་གསལ་བྱས་ནས། །རྡོ་རྗེའི་གླུ་བླངས་རོལ་མོ་བརྡུང་། །མཆོད་ཅིང་བསྟོད་ནས་མཐོལ་བཤགས་བྱ། །ཕྲིན་ལས་བཅོལ་ལ་གཤེགས་སུ་གསོལ། ། ཚོགས་ཀྱི་སྦྱོར་ཀའི་ཕྲིན་ལས་ཀྱིས། །རྣལ་འབྱོར་པ་ཡི་ལས་རྣམས་འགྲུབ། །སློབ་དཔོན་བྷ་བས་མཛད་པ་རྫོགས་སོ།།༄༅། །ཟབ་པ་དོན་གྱི་ཆོ་ག་རྣམས། །རིན་ཆེན་ལྟ་བུའི་གང་ཟག་ལ། །ཟབ་ཕྱིར་མན་ངག་བཀོལ་ནས་བསྟན། །མཆོག་གི་ཚོགས་ ཀྱི་འཁོར་ལོ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཐུན་མོང་ཚོགས་འཁོར་དང་མཐུན་ནོ། །ཁྱད་པར་ཆོ་ག་བསྟན་པ་ནི། །རིན་ཆེན་ཕུབ་པ་དགུ་རིམ་མམ། །བདུན་རིམ་ལྔ་རིམ་སུམ་རིམ་ནི། །མུ་སྟེགས་ཉན་ཐོས་སྐྱེ་བོ་ཡིས། །སྐྲག་འགྱུར་ལོག་སྤྱོད་སྤྱད་བྱེད་གསུམ། ། དེ་དག་སྤང་ཕྱིར་གོང་བཞིན་བསྟན། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །བུ་མོ་མཚན་དང་ལྡན་པ་ནི། །མཚན་རྣམས་བཅུ་པོ་རྫོགས་པ་དང་། །ཤེས་རབ་ཆེ་དང་སྙིང་རྗེ་ཆེ། །དད་པ་ལ་སོགས་ཆེ་བ་དང་། །རྣལ་འབྱོར་ལྡན་པ་ཕྱག་རྒྱ་མཁས། །སྦྱོར་ཐབས་ ཀུན་ལ་རབ་ཏུ་མཁས། །དེ་ལྟའི་རྣལ་འབྱོར་ཉུང་ཡང་ལྔ། །མང་བར་གྱུར་ན་རྣལ་འབྱོར་ཀྱང་། །བསྐྱེད་དེ་དེ་ལྟར་རིགས་པར་སྤྱད། །ལྔ་གཉིས་ཟུང་དུ་གནས་པ་ལས། །བསྐྱེད་པའི་རིམ་པ་མཐར་ཕྱིན་པས། །ནང་གི་མཆོད་པ་བརྩམ་པར་བྱ། །དེ་ནས་ གསང་བའི་མཆོད་པ་བརྩམ། །གསང་བའི་མཆོད་པའི་ཆོ་ག་ཡིས། །དགའ་བའི་ཡེ་ཤེས་བཅུ་དྲུག་ནི། །འཁོར་ལོའི་ཚུལ་ལས་ལྷན་ཅིག་བསྐྱེད། །ཡེ་ཤེས་འཁོར་ལོ་ཞེས་སུ་གྲགས། །ཡང་ན་སྤྲུལ་པའི་འཁོར་ལོ་ལ། །ཐིག་ལེ་ཕྲ་མོ་བསམ་པ་ནི། །རྣལ་འབྱོར་ ཕ་ཡིན་རྩ་རྣམས་མ། །རླུང་ནི་ལས་ཀྱི་སེམས་དཔའ་ཡིན། །དེ་ལ་སོགས་པའི་མན་ངག་རྣམས། །སློབ་དཔོན་ཞལ་ལས་ཤེས་པར་བྱ། །འཁོར་ལོ་གསུམ་ལའང་དེ་བཞིན་ནོ། །ཚོགས་ཞེས་བྱ་བ་མང་པོ་ཡིན། །འཁོར་ལོ་ཞེས་བྱ་བསྐོར་དུ་བཏུབ། །མཆོག་ཅེས་བྱ་བ་ལྷན་ ཅིག་དགའ། །དེ་ལྟར་མཆོག་གི་འཁོར་ལོ་ནི། །ཡང་ཡང་སྦྱང་ཞིང་བསྒོམ་པར་བྱ། །མཆོག་གི་ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་སྟེ་གཉིས་པའོ།། །།དགུག་པའི་ཚོགས་ཀྱི་འཁོར་ལོ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཐུན་མོང་ཚོགས་འཁོར་དང་མཐུན་ནོ། །ཁྱད་པར་ཆོ་ག་ བསྟན་པ་ནི། །དུར་ཁྲོད་འཇིགས་པའི་གནས་དག་ཏུ། །ཤིན་ཏུ་དམར་བའི་གོས་གྱོན་ནས། །ནུབ་ཕྱོགས་སུ་ནི་ཁ་བལྟས་ཏེ། །ཆོ་ག་གསུམ་གྱིས་ལྷར་བསྐྱེད་ནས། །འཁོར་བསྐྱེད་པའམ་མི་བསྐྱེད་པའོ། །བསྐྱེད་པ་ཧཱུཾ་གིས་བསྐྱེད་པ་དང་། །མི་བསྐྱེད་སྐད་ཅིག་སྤྲུལ་པའོ། །ཡེ་ཤེས་ དཀྱིལ་འཁོར་སྤྱན་དྲངས་སོགས། །བྱས་ནས་བསྐྱེད་རིམ་མཐར་ཕྱིན་ནས། །མདུན་གྱི་དཀྱིལ་འཁོར་སྤྲུལ་པ་ལ། །ཆོ་ག་ལ་སོགས་རྫོགས་བྱས་ནས། །དུར་ཁྲོད་རས་མ་དག་ལ་ནི། །མདུན་དུ་གཟུགས་སམ་འཁོར་ལོ་བྲི། །དགུག་པའི་ཡི་གེའི་འོད་ཟེར་གྱིས། །བསྒྲུབ་བྱ་བཀུག་ ནས་བསྟིམ་པར་བྱ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །དཀྱིལ་འཁོར་བཞི་པོ་དེ་དག་ལ། །མཆོད་བསྟོད་ལ་སོགས་བྱས་ནས་ནི། །ཕྲིན་ལས་བཅོལ་ཞིང་རྦད་པ་དང་། །སྔགས་བཟླས་བརྒྱ་རྩ་བརྒྱད་དུ་ནི། །རབ་ཀྱིས་བྱ་བ་འབྲིང་གིས་ནི། །ལྔ་བརྒྱ་ཐ་མ་སྟོང་གིས་ནི། ། བཞི་པོ་རབ་ཏུ་རེ་རེ་ཡང་། །དེ་བཞིན་གཅིག་གིས་འགྲུབ་པ་དང་། །ཡང་ན་ཐུན་བར་བཞི་དག་ཏུ། །རྩ་གཅིག་ལྔ་བཅུ་བརྒྱ་རྩ་བརྒྱད། །དེ་ལྟའི་འཁོར་ལོ་རྩ་གཅིག་དང་། །ལྔ་བཅུ་བརྒྱ་རྩ་བརྒྱད་དུ་ནི། །སྒྲུབ་པོ་ཁྱད་པར་རབ་འབྲིང་གིས། །བསྒྲུབ་བྱ་གང་ཡིན་ཁུག་པར་འགྱུར། ། ཉི་ཤུ་རྩ་དྲུག་མཐའ་ལ་ནི། །བསྒྲུབ་བྱའི་མིང་ནི་བཅུག་ནས་སུ། །འགུགས་བྱེད་བསྲེ་བས་གཞུག་པར་བྱ། །དགུག་པ་ཚོགས་ཀྱི་སྦྱོར་ཀ་ལ། །ཉིན་དང་མཚན་དུ་བརྩམ་པར་བྱ། །དགུག་པ་ཚོགས་ཀྱི་སྦྱོར་ཀ་སྟེ་གསུམ་པའོ།། །།བསྐྲད་པ་ཚོགས་ཀྱི་འཁོར་ལོ་ནི། །ཐུན་མོང་ཆོ་ ག་ཐམས་ཅད་ནི། །ཕན་གདགས་པ་ནི་ཉིད་དང་མཐུན། །ཁྱད་པར་འཇིགས་པའི་གནས་དག་ཏུ། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །སྔོན་པོ་ལ་སོགས་གོས་གོན་ལ། །བསྐྱེད་རིམ་ཚུལ་དུ་བྱ་བ་དང་། །ཆོ་ག་གསུམ་གྱིས་བྱ་བ་ཡིན། །དེ་ནས་ཡེ་ཤེས་སྤྱན་དྲངས་ནས། །ཆོ་ག་ལ་ སོགས་རྫོགས་པར་བྱ། །མདུན་དུ་དུར་ཁྲོད་རས་མ་ལ། །རླུང་གི་དཀྱིལ་འཁོར་བྲིས་ནས་ནི། །དེ་སྟེང་ཟླ་བའི་དཀྱིལ་འཁོར་ལ། །བསྒྲུབ་བྱའི་གཟུགས་བརྙན་བྲིས་ནས་ནི། །རྣལ་འབྱོར་ཅི་འདོད་མདུན་དུ་བསམ། །ཡང་ན་གཙོ་བོ་ལྔའམ་དྲག་པོ་གཉིས། །ལས་ལ་མེད་དུ་མི་རུང་ངོ་། ། གཙོ་བོ་དྲག་པོའི་ལས་ནི་བསྡུས། །སློབ་དཔོན་གཉིས་པོ་ཤིན་ཏུ་བསྡུས། །དཀྱིལ་འཁོར་གསུམ་པོ་སྤྲུལ་པ་ལས། །ཆོ་ག་ལ་སོགས་རྫོགས་པར་བྱ། །ཚོགས་ཀྱི་རྫས་རྣམས་མ་ལུས་བསགས། །ཁྱད་པར་ཙིཏྟ་སྣ་ཚོགས་དང་། །ཤ་སྣ་ཁྲག་སྣ་ལ་སོགས་པས། །ཚུལ་ཁྲིམས་བསྲུང་ ལྡན་ནས་བཟུང་ནས། །སྒོ་མངས་ཅན་ནི་ཡན་ཆོད་ཀྱི། །རང་གི་སྦྱོར་བ་མ་བྱས་པར། །གཞན་ལ་ཉོས་དང་བསླངས་པ་ཡིས། །རྫས་རྣམས་རྡོ་རྗེ་ཅན་གྱིས་ནི། །རྒྱུད་ལས་བསྔགས་པར་བཅོམ་ལྡན་གསུངས། །བྱན་པོས་བཙོ་བསྲེག་བྱས་ནས་ནི། །ཡོན་བདག་འཁོར་དང་བཅས་ནས་ ནི། །བསྐོར་བ་བདུན་ནམ་གསུམ་བྱས་ལ། །འགྱིང་བག་འཛུམ་པའི་མདངས་ཀྱིས་ནི། །སློབ་དཔོན་ལ་ནི་རྡོ་རྗེའི་གླུས། །ཕྱག་རྒྱ་བསྒྱུར་ནས་དྲང་བར་བྱ། །ཧཱུཾ་བླ་མ་རྡོ་རྗེ་སློབ་དཔོན་ནི། །གཉིས་མེད་ཡེ་ཤེས་མཐུ་ལྡན་པས། །དབྱིངས་ལས་མ་གཡོས་རྟོགས་མེད་ཀྱང་། །སེམས་ ཅན་གདུལ་བའི་དོན་སླད་དུ། །རྡོ་རྗེ་ཅན་གྱི་སྐུ་སྤྲུལ་ནས། །རྩེ་གཅིག་ལྡན་པའི་ཏིང་འཛིན་གྱིས། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་འདི། །བདག་གཞན་ལྷ་རྣམས་མཆོད་པའི་ཕྱིར། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །ཡི་གེ་ གསུམ་གྱི་བདུད་རྩི་ཡིས། །བསྲེག་སྦྱངས་བདུད་རྩི་ཞུ་ནས་ཀྱང་། །བདེ་གཤེགས་མཆོད་བསྟོད་རྫོགས་བྱས་ནས། །ཕྲིན་ལས་བཅོལ་བས་ཁྲོ་བོ་ཡི། །སྔགས་བཟླས་པས་ནི་བསྒྲུབ་བྱ་སྟེ། །འཁོར་ལོ་རླུང་གི་དཀྱིལ་འཁོར་ལ། །བསྒྲུབ་བྱ་དེ་རུ་བཞག་ནས་སུ། །ཁྲོ་བོ་དཔག་མེད་སྤྲོས་ པ་ཡི། །ཞལ་ནས་རླུང་ནག་འཚུབ་མ་ནི། །བཏང་བས་བསྒྲུབ་བྱ་བཏེག་ནས་ཀྱང་། །ནུབ་བྱང་མཚམས་ཀྱི་རླུང་ལྷས་ནི། །ཁྱད་པར་དེ་ཉིད་བསྐྱོད་ནས་ཀྱང་། །ནམ་མཁའི་མཐས་གཏུགས་ས་རུ་བསྐྱལ། །དེ་ལྟར་ལན་གསུམ་ལྷ་གསུམ་གྱིས། །ཆོ་ག་བྱས་ཏེ་བསྐྱལ་བར་བྱ། །བསྐྲད་ པའི་ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ་སྟེ་བཞི་པའོ།། །།མནན་པ་ཚོགས་ཀྱི་འཁོར་ལོ་ནི། །ཐུན་མོང་ཆོ་ག་ཐམས་ཅད་ནི། །ཕན་གདགས་པ་ནི་ཉིད་དང་མཐུན། །ཁྱད་པར་ཆོ་ག་བསྟན་པ་ནི། །རི་བོ་དབེན་པའི་གནས་དག་ཏུ། །སློབ་དཔོན་ལྷོ་ཕྱོགས་ཁ་བལྟས་ཏེ། །སེར་ནག་ལ་ སོགས་རྒྱན་ཆ་གོན། །ཆོ་ག་ལ་སོགས་རྫོགས་བྱས་ལ། །རྣལ་འབྱོར་རྣམས་ཀྱི་མདུན་དུ་ནི། །དུར་ཁྲོད་རས་མ་དག་ལ་ནི། །བ་བླའམ་ལྡོང་རོས་ཁུ་བས་སམ། །གསེར་གྱིས་རི་རབ་བྲིས་ནས་ཀྱང་། །དེ་འོག་མཐིང་ཤུན་དག་གིས་ནི། །རྒྱ་མཚོ་ཆེན་པོའི་གཟུགས་བྲིས་ལ། །དེ་གཉིས་ དག་གི་བར་དུ་ནི། །བསྒྲུབ་བྱའི་མིང་རྣམས་བྲིས་ནས་ཀྱང་། །ཤུགས་ལྡན་པ་དང་མགོ་འཆོས་དང་། །ཀུན་དུ་རྒྱུག་པ་ཡན་ཆོད་ཀྱི། །རྣམ་གསུམ་པོ་ནི་ཐམས་ཅད་ཀུན། །ཆོས་མཐུན་སྤྱོད་པས་བཙལ་ནས་ཀྱང་། །བྱན་པོ་དེ་རྫོག