Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 50
Văn bản gốc(Tây Tạng)
Trang 7 / 16 (50.000 ký tự/trang)
ནས་ཡང་འཁོར་གྱི་ནང་ནས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ལངས་ནས། བླ་གོས་ཕྲག་པ་གཡས་སུ་སྦྱར་ནས་འདི་སྐད་གསོལ་ཞེས་སྦྱར་རོ། །མཐའ་ཡང་གསུངས་པ་གང་། གཞན་ཡང་གསང་སྔགས་སྦྱོར་བ་ཡིས། །ད་ཧ་བསྲེགས་སོགས་གསང་སྔགས་ ཀྱི། །ཐོགས་མེད་ལས་རྣམས་འགྲུབ་པ་ཡིན། །ཞེས་པ་ལ། གཞན་ཡང་གསང་སྔགས་སྦྱོར་བ་ནི། །ཞེས་པ་ལ། ཞི་གནས་དང་ཏིང་ངེ་འཛིན་གྱི་ལས་མ་ཡིན་ཏེ། རྩ་སྔགས་དང་ལས་འགྲུབ་པ་དང་། ཤམ་བུའི་སྔགས་བསྟན་ཏོ། །ད་ཧ་ཞེས་པས་སྔགས་སྔོན་དུ་ བསྟན་ཏེ་སྲེག་པར་བྱེད་པ་རྩ་བའི་སྔགས་དང་། ད་ཧ་ད་ཧ་པ་ཙ་ཞེས་གསུངས་སོ། །ཐོགས་མེད་ལས་རྣམས་འགྲུབ་པ་ནི། །ལྷའི་ང་རྒྱལ་དང་ལྡན་པས་སྔགས་བཟླས་ན། གང་ལ་བྱ་བ་འགྲུབ་སྟེ། དཔེར་ན་གནམ་ལས་ལྕེ་འབབ་པ་བཞིན་ནོ། །གཉིས་ཀྱི་འོག་མ་གསུམ་ པར་བརྒྱན། །དེ་ལ་གཉིས་ཀྱི་གོང་ལྡན་པས། །ཟུང་རབ་ཟུང་མིང་དང་ལྡན་པ། །ཡང་མིང་སྐུལ་དང་བསམ་གཏན་ནི། །ལྕགས་ཀྱུ་སྦྱོར་བས་རབ་ཏུ་བྱ། །ཞེས་པ་ལ། གཉིས་ཀྱི་འོག་མ་ནི་ཤེས་རབ་ཀྱི་ཡི་གེ་གཉིས་པའོ། །གསུམ་པ་ཐབས་ཀྱི་ཡི་གེ་རིང་པོར་གསུམ་པའོ། ། བརྒྱད་ནི་དྲུག་པ་གཉིས་པའོ། །དེ་ལ་གཉིས་ཀྱི་གོང་ལྡན་པ་ནི། ཐབས་ཀྱི་ཡི་གེ་ཟད་པའོ། །གོང་མ་ནི་ཧའོ། །ལྡན་པ་ནི་ཐབས་ཀྱི་གསུམ་པའི་མཐའོ། །གྲྀཧྞ་གྲྀཧྞ་སྟེ་ཟུང་རབ་ཏུ་ཟུང་བའོ། །ཡང་མིང་ཆེ་གེ་མོ་ཞེས་བྱ་བའོ། །བསམ་གཏན་ནི་ལྕགས་ཀྱུ་ཐོགས་པའི་ཁྲོ་བོ་ རྣམས་སོ། །རང་གི་ལག་པས་ལྕགས་ཀྱུའི་ཕྱག་རྒྱ་བཅའ། །ཞེས་པའོ། །སྔགས་ནི་དངོས་སུ་བས་ཏེ། ལྷའི་ང་རྒྱལ་དང་ལྡན་པས། གོང་གི་སྔགས་བཟླས་པས་འགུགས་པས་ཐོགས་མེད་པ་ཞེས་པའོ། །མཇུག་རྫོགས་གོང་དང་གསུམ་པའི་མཐའ། །ལན་གཉིས་ གོང་བཞིན་བརྡེག་སྔགས་ཤེས། །ཞེས་པས་མཇུག་རྫོགས་ཤྐ་གསུམ་པ་ཐབས་ཀྱི་ཡི་གེ་ཁོ་ནའོ། །གོང་ནི་ཧའོ། །གཉིས་གོང་བཞིན་ནི་ཧ་ན་ཧ་ན་ཞེས་བརྗོད་པས། རང་དང་འབྲེལ་པའི་སྔགས་བརྗོད་པས་རལ་གྲི་དང་མཚོན་ཐོགས་པའི་ཁྲོ་བོ་རྣམས་ཀྱིས་གནད་སར་མཚོན་ རྒྱོབ་ཅིག་པའོ། །གསུམ་པའི་དང་པོའི་གཉིས་པ་དང་། །གོང་གི་དྲུག་པའི་ཐབས་ཡིག་ལྡན། །ལྡན་གཉིས་གོང་བཞིན་རྟོགས་བྱེད་སྔགས། །ཞེས་པ་ལ། གསུམ་པའི་དང་པོ་ནི་ཕོ་ཡིག་ཊའོ། །གཉིས་པ་ནི་ཐའོ། །གང་གི་དྲུག་པ་ནི་ཕོ་ཡིག་ཡའོ། །ལན་གཉིས་ གོང་བཞིན་བརྡེག་སྔགས་ཤེས་ནི། ཐོ་བ་དང་ཐོག་དང་། རྡོ་རྗེ་རྣམས་ཀྱིས་རྡུངས་རབ་ཏུ་རྡུངས་ཤིག་པའོ། །གཉིས་དང་ལྡན་པའི་དང་པོ་ལ། །དྲག་པོའི་དགའ་བའི་ས་བོན་ལྡན། །ལན་གཉིས་ལན་བཏུས་ལས་འགྲུབ་པར། །གོང་མ་བཞིན་དུ་འཚོད་བྱེད་དོ། ། ཞེས་པ་ལ། གཉིས་པ་ནི་ཐབས་ཀྱི་སྟེ། གཙོ་བོ་དང་པོ་སྟེ་གོང་བཞིན་དུ་ཤེས་པར་བྱའོ། །ལྔ་པའི་དང་པོའོ། །དྲག་པོ་དགའ་བ་ནི་ཧའོ། །ལན་གཉིས་ནི་པ་ཙ་ཧ་ཞེས་པ་སྤུན་གཉིས་སོ། །ལས་འགྲུབ་པ་ནི་གང་བྱས་པ་དེ་འགྲུབ་པའོ། །འཚོད་བྱེད་ནི་མཚོན་ དང་ཐོ་བས་ཤིན་ཏུ་ཚོས་པར་སྲེགས་ཤིག་པའོ། །ལེའུ་གསུམ་པ་ནི་གྲངས་ཀྱི་གསུམ་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་ལེའུ་གསུམ་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་སྔགས་བཏུ་བ་བཤད་ཀྱང་རྩ་བའི་སྔགས་དང་ཤམ་བུ་མ་བསྟན་ན་གང་ལ་བྱ་བ་མི་འགྲུབ་ པས། དེ་ལ་དེ་བསྟན་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྣ་ཚོགས་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་སྐད་གསུངས་སོ་ཞེས་པ་ལ། འཕགས་པ་ལག་ན་རྡོ་རྗེ་ནི་སྤྲུལ་སྐུ་གཞན་ལས་བྱ་བ་ཁྱད་པར་འཕགས་ པ་སྟེ། དེ་ནི་ལག་ན་རྡོ་རྗེ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡོངས་སུ་སྤངས་པས་ན་ལག་ན་རྡོ་རྗེ་འཕགས་ཞེས་པའོ། །སྣ་ཚོགས་སྔོན་པོའི་སྐུ་གསུམ་སྣ་ཚོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། ལས་ཀུན་འགྲུབ་པའི་སྔགས་འདི་གསུངས་སོ། །སྔགས་ འདི་སྔོན་དུ་བས་ཏེ་འཕགས་པ་ལག་ན་རྡོ་རྗེ་གྲུབ་པའི་སྔགས་འདི་རྒྱུན་དུ་བཟླས་ཞེས་པའོ། །རྒྱུན་དུ་རྩ་བའི་གསང་སྔགས་བཟླས། །གདོན་དང་སྡུག་བསྔལ་ཐམས་ཅད་ལས། །ཐར་པར་འགྱུར་བ་གདོན་མི་ཟ། །ཞེས་གསུངས་སོ། །གང་ཞིག་འདི་འཛིན་རྣལ་འབྱོར་དེ། ། ཉེས་པ་ཀུན་ལས་རབ་ཏུ་ཐར། །ལེགས་པའི་ཡོན་ཏན་ཐམས་ཅད་ཐོབ། །ཅེས་པ་ལ། གང་ཞིག་འདི་འཛིན་པ་ནི་སྒྲུབ་པ་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སྔགས་འདི་འཛིན་ན། དེ་རྣལ་འབྱོར་ཏེ་སྟོང་པའི་དོན་དང་ལྡན་ཞེས་པའོ། །ཉེས་པ་ནི་ངན་འགྲོ་དང་། སྡུག་བསྔལ་གསུམ་མམ་བརྒྱད་དང་ནད་དེ་ལས་ཐར་པའོ། །ལེགས་པའི་ཡོན་ཏན་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་ཅེས་པའོ། །འབྲས་བུ་ཡང་དག་མངོན་པར་འགྲུབ། །སྔགས་འདི་གང་ཡིན་མིང་ཡིན་ཏེ། །གདུལ་བྱ་མཐའ་དང་ལྡན་པ་ལ། །ཐ་མ་ལས་ སྔགས་མཐའ་དང་ལྡན། །ཞེས་པ་ལ།འབྲས་བུ་ཡང་དག་མངོན་པར་འགྲུབ་ནི། མཆོག་གི་ཡོན་ཏན་དང་ཐུན་མོང་འགྲུབ་ཅེས་པའོ། །སྔགས་འདི་གང་ཡིན་མིང་ཡིན་ན། །དོན་དམ་པའི་མིང་ཡིན་ཏེ། །ཀུན་རྫོབ་ཏུ་ཕྱག་ན་རྡོ་རྗེའོ། །གདུལ་བྱའི་མཐའ་ནི་ཆེ་གེ་མོ། ། ཞེས་པ་དང་། ཕྲིན་ལས་བཞི་ཡི་སྔགས་འབྲེལ་པས། །རྩ་སྔགས་བསྡོངས་པ་དེ་འགྲུབ་པོ། །ཞེས་པའི་དོན་ཏོ། །ལེའུ་བཞི་པ་ནི་གྲངས་ཀྱི་བཞི་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་ལེའུ་བཞི་པའི་རྒྱ་ཆེར་བཤད་པའོ།། །།རྩ་བའི་སྔགས་དང་ཤམ་བུ་བསྟན་ཀྱང་། ། ཀླུའི་ནད་དབྱུང་བའི་གཉེན་པོ་མ་བསྟན་ན་འགྲུབ་པར་མི་འགྱུར་བས། དེ་ལ་དེ་བསྟན་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འོད་ཟེར་མངོན་པར་འགྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་གསུངས་སོ་ཞེས་བྱ་བ་ལ། འཕགས་པ་ནི་གོང་དུ་ བསྟན་པས་འདིར་མ་བཤད་དོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བས་ཞུས་ཏེ། དེ་ནས་སྟོང་པས་འོད་ཟེར་ནི་འབྱུང་བ་ལྔའི་འོད་ཟེར་ནུས་པ་དང་ལྡན་པ་དེ་ལ་སྙོམས་པར་ཞུགས་ཏེ། ཀླུའི་ནད་དབྱུང་བའི་ཆོས་འདི་གསུངས་ཞེས་སྦྱར་བར་བྱའོ། །འབྱུང་བཞི་སངས་རྒྱས་ རབ་བསྒོམས་ན། །སོ་སོ་ལས་ཀྱི་སྒོམ་པ་ནི། །མེ་བརྒྱད་རླུང་གཉིས་ལྡན་པར་བསམ། །ཆུ་བརྒྱད་དངོས་པོ་དེ་ཡིན་ཏེ། །དེ་བཞིན་ས་བརྒྱད་ཧཱུཾ་འབྲས་ལྡན། །ཞེས་བྱ་བ་ལ། འབྱུང་བཞིའི་སངས་རྒྱས་ནི་ཆུའི་རྡོ་རྗེ་གོས་སྔོན་ཅན་ལ་སོགས་པའོ། །སོ་སོ་ལས་འབྱུང་བའི་ སྒྲ་འཐབ་པ་དང་། ལུགས་བཞིན་གསོ་བའོ། །སྔགས་ཀྱང་རཾ་དང་པཾ་དང་ལཾ་དང་ཡཾ་ཞེས་རང་རང་གི་གཉེན་པོ་གནས་བརྒྱད་དུ་ཡིག་འབྲུ་བསྒོམས་ཏེ་རང་གི་སྔགས་བཟླས་ཞེས་པ་དང་འབྲེལ་ཏོ། །འབྱུང་བཞི་ནི་ལས་ཐ་དད་པ་སྣང་བ་མཐའ་ཡས་ཀྱི་དབང་དུ་བྱས་ཏེ་གནས། རྐང་ མཐིལ་གཉིས་དཔྱི་མིག་གཉིས་ལག་པ་གཉིས་མདོམས་དང་མགྲིན་པ་བརྒྱད་དུ། རཾ་ལས་འབྱུང་བའི་གྲུ་གསུམ་དམར་སེར་བརྒྱད་བསྒོམས་ནས། ནད་སེལ་བ་དང་། ཡཾ་ལས་རླུང་བརྒྱད་ཀྱིས་འཐོར་བ་དང་། བཾ་ལས་ཆུ་བརྒྱད་ཀྱིས་འཁྲུ་བ་དང་། །ལཾ་ལས་ས་གཞི་སེར་པོ་ བརྒྱད་ཀྱིས་བརྟན་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་བརྒྱད་བསམས་ཏེ་བརྟན་པའི་དོན་ཏོ། །དེ་བཞིན་དུ་འབྱུང་བ་གཞན་ལ་ཡང་དེ་ལྟར་སྣང་ཞེས་གསུངས་སོ། །ལུགས་གཅིག་ལ་འབྱུང་བ་བཞིའི་རང་བཞིན་ནུས་པ་སྒྲུབ་པ་ལས་བསྟིམས་པར་སྟོན་ཏེ། རླུང་ བརྒྱད་མེ་གཉིས་ལྡན་པ་ནི། །མེ་གཉིས་རང་དང་ཁྱད་པར་གྱི་མེ་སྟེ་ལས་དང་བག་ཆགས་སད་པར་བྱེད་པའི་དོན་ཏོ། །རླུང་ཡང་སྟེང་དང་འོག་གི་དེས་ནི་མེའི་སྔགས་གསུམ་བསྲེས་ཏེ་བཟླས་པས་འགྲུབ་སྟེ་ཁྱད་པར་དུ་མཛེ་ནད་དོ། །མེ་གཉིས་པོ་ཡང་ཟབ་པའི་ཕྱིར་བླ་མའི་ མན་ངག་ལ་རག་ལས་པས་འདིར་མ་བྲིས་སོ། །འབྲས་བུ་རིགས་ཀྱི་གནོད་སྦྱིན་གཙོ། །གྲུབ་པའི་སྔགས་བཞི་མངོན་པར་འགྲུབ། །ཅེས་པ་ལ། འབྲས་བུ་རིམ་གྱིས་ནི་འབྱུང་བ་བཞིས་ནད་བྱང་ནས། ཐིག་ལེ་བཾ་གྱིས་བཀྲུས་ཏེ། ཡི་གེ་ལས་རང་ལྷག་པའི་ལྷ་རུ་བསྐྱེད། གནས་བརྒྱད་དུ་རིན་ཆེན་འབྱུང་ལྡན་བསྒོམ་ཞེས་པའོ། །གྲུབ་པའི་སྔགས་བཞི་ནི་རཾ་ལ་སོགས་པའོ། །དེས་འགྲུབ་པ་ཡིན་པའི་ཕྱིར་རོ། །ཨེ་དང་སོ་སོ་མཐའ་ལྡན་པས། །མེ་ལྷ་གོང་མས་མངོན་པར་འགྲུབ། །རྒྱུན་དུ་རྩ་བའི་གསང་སྔགས་བཟླས། །ཞེས་པ་ལ། ཨེ་དང་ ནི་གོང་དུ་བསྟན་པ་དེ་ལ་ངོ་མཚར་བའི་ཚིག་གོ། །སོ་སོའི་མཐའ་ནི་འབྱུང་བ་བཞིའི་སྔགས་སོ། །མེ་ལྷས་གོང་མ་འགྲུབ་ནི་ཆུའི་ལྷ་ལ་སོགས་པ་ཡང་དེ་བཞིན་དུ་འགྲུབ་ཅེས་བསྟན་ཏོ། །རྒྱུན་དུ་རྩ་བའི་སྔགས་བཟླས་ཞེས་པ་ལ། རྒྱུན་དུ་དེ་ཉིད་མ་གྲུབ་ཀྱི་བར་དུ་བཟླས་པ་སྟེ། ལས་སྔགས་ནི་ལས་ཀྱི་སྐབས་སུའོ། །ལེའུ་ལྔ་པ་ནི་གྲངས་ཀྱི་ལྔ་པའོ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྩ་བའི་རྒྱུད་ལས། ལེའུ་ལྔ་པའི་རྒྱ་ཆེར་བཤད་པའོ།། །།འབྱུང་བ་བཞིའི་གསོ་བ་བསྟན་ཀྱང་ཀླུའི་ནད་ལ་ཕྲིན་ལས་བཞིའི་སྦྱིན་སྲེག་མ་བསྟན་ན་འགྲུབ་པར་མི་ འགྱུར་བས་དེ་ལ་དེ་བསྟན་ཏོ། །དེ་ནས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱིས་ལས་བཅུའི་མངོན་པར་འགྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ལས་བཅུའི་སྦྱིན་སྲེག་འདི་གསུངས་སོ། །འཕགས་པ་ནི་གོང་དུ་བསྟན་ཏོ། །ལས་བཅུ་ནི་ཕྲིན་ལས་ བཞི་དང་འབྲེལ་ཞིང་བསྐྲད་པ་དང་། དམིགས་པར་བྱ་ཞིང་མནན་པ་དང་། མྱོས་ཞིང་དགུག་པ་དང་། མི་སྣང་ཞིང་རྐང་མགྱོགས་དང་། དོན་ཐམས་ཅད་འགྲུབ་པ་དང་། བསྲུང་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཞེས་པའོ། །ཕྲིན་ལས་དེ་ལ་སྙོམས་པར་ཞུགས་པའོ། ། ལས་བཅུའི་སྦྱིན་སྲེག་འདི་ཁོ་ན་གསུངས་ཞེས་བྱའོ། །ཞི་ལ་ཤཱནྟིཾ་ཀུ་རུ་སྟེ་ཞེས་པ་ནས། ཐབ་ཁུང་འདབ་བརྒྱད་དབྱིབས་ཡིན་ཏེ། །ཞེས་པ་ནི་རྩ་བ་ན་གསལ་བས་མ་བྲིས་སོ། །བི་དྷྭནྶ་ཡ་ནི་དབྱེ་བའོ། །ཨུ་ཙ་ཏ་ན་ནི་བསྐྲད་པའོ། །མོ་ཧ་ཡས་རྨོངས་པར་གསུངས་སོ། ། སྟམྦྷ་ཡ་མནན་པའོ། །ཨུད་མ་ན་ཐུན་མོང་གི་དངོས་གྲུབ་པོ། །ཨཱ་ཀཪྵ་ཡ་དགུག་པའོ། །བ་ཤིང་ཀ་ར་མི་མངོན་ཞིང་འགུགས་སུ་གཞུག་པའོ། །རཀྵ་བསྲུང་བའོ། །མོ་ཧ་ཡ་དོན་གྲུབ་པའོ། །དེ་ལ་ལས་ཀྱི་མན་ངག་ནི། །ཐབ་ཟླུམ་པོ་དཀར་པོ་དང་། སེར་པོ་གྲུ་བཞི་དང་ དབང་ཟླ་གམ་དང་། དྲག་པོ་གྲུ་གསུམ་དང་། བྷ་གའམ་པདྨ་ལྟ་བུ་ལ་བྱ་ཞེས་གསུངས་པའི་ཕྱིར་ཐབ་ནི་ལྔ་རུ་ཤེས་པར་བྱའོ། །བ་བག་ན་མི་ཏྲ་མ་ཧེ་ཏྲོ་ཀྲོ་ད་མི་ཐ་ཞེས་པའི་མེ་ལྷ་ལས་དང་མཐུན་པར་སོ་སོའི་བྱ་བའི་རིམ་པ་དང་། ཐབ་ཁུང་སོ་སོའི་གཞལ་ཡས་ཁང་དུ་ མེ་ལྷ་སོ་སོར་བསྐྱེད་དེ་མཆོད་ཅིང་སྲེག་རྫས་ཕུལ་ཞིང་། ཤཱནྟིཾ་ཀུ་རུའི་སྔགས་ལ་སོགས་པ་བཟླས་པས། དོན་སོ་སོར་འགྲུབ་པར་བསྟན་ཏོ། །ཙནྡན་གྱི་ཤིང་དང་། མི་ཋ་ཞེས་པ་ཡོངས་སུ་འབྲེལ་ཏེ། འུག་པ་དང་ཕོ་རོག་ཤ་དང་། རྔ་མོའི་ཤ་དང་། ཡང་ན་ནད་དམུ་ཆུས་ཤི་བའི་ཤ་དང་ ཕྱེ་མ་གསུམ་གྱི་ཐུན་ནོ། །བྱ་རྒོད་ཤ་དང་ཁྲ་དང་ཀླག་གི་ཤ་དང་། སྲིན་བྱའི་ཤའམ། ཙནྡན་མཆོད་ཅིང་ཡོངས་སུ་བསྔགས་ལ་པུག་ཤུད་ཤ་ཡོངས་སུ་བསྲེགས་པའོ། །དེ་ཡང་ལུང་ལས། ཐབ་ཁུང་གཞལ་ཡས་སོ་སོ་རུ། །སོ་སོར་མེ་ལྷ་སྤྱན་དྲངས་ཏེ། གཉིས་མེད་བསྟིམ་ དང་མཆོད་བྱ་སྟེ། །འཕགས་པ་གོས་སྔོན་བསྐྱེད་བྱ་སྟེ། །སོ་སོའི་མེ་ལྷས་དབུ་རྒྱན་བྱ། །མཆོད་ཅིང་བསྟོད་ན་ལས་རྣམས་འགྲུབ། །ཅེས་པའོ། །དེ་བཞིན་དུ་སྤྱན་དྲངས་པ་དང་མཆོད་པ་དང་འདོད་པ་གསོལ་བ་བཏབ་པས་གང་ལ་བྱ་བའི་དོན་འགྲུབ་པར་བསྟན་ཏོ། །ལེའུ་ དྲུག་པ་ནི་གྲངས་ཀྱི་དྲུག་པའོ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྩ་བའི་རྒྱུད་ལས། ལེའུ་དྲུག་པའི་བཤད་པའོ།། །།དེ་ལེའུ་དྲུག་པར་སྦྱིན་སྲེག་གི་ཆོ་ག་བསྟན་ཡང་། རྨེ་སྲེག་དང་དབང་བསྐུར་བ་མ་བསྟན་ན་འགྲུབ་པར་མི་འགྱུར་བས། དེ་ལ་དེ་སྐད་ བསྟན་ཏོ། །དེ་ནས་དཔལ་ལྡན་གོས་སྔོན་ཅན། །གདུལ་བར་དཀའ་བ་འདུལ་བའི་མཆོག །གསང་བའི་བདག་པོ་གོས་སྔོན་ཅན། །ཞེས་བྱ་བ་ལ། དེ་ནས་ནི་ལེའུ་དྲུག་པ་བཤད་པའི་རྟིང་དེ་ནས་སོ། །དཔལ་ལྡན་ནི་རྒྱུ་ཡེ་ཤེས་ལས་བྱུང་བའི་བདག་དང་གཞན་གྱི་དཔལ་ཏེ། ལྷ་མོ་རྡོ་ རྗེ་ཏིང་ངེ་འཛིན་པ་ནི། སྟོང་པ་དང་ནི་སྙིང་རྗེའོ། །གདུལ་བར་དཀའ་བའི་གནོད་སྦྱིན་བས་པ་དང་། ཀླུ་སྟེ་གདུག་པ་ཅན་ནོ། །འདུལ་བ་ནི་ལག་ན་རྡོ་རྗེ་སྟེ། རི་རབ་རྩེ་ལ་འདུལ་བ་ཡིན་ཏེ་སྔར་བཤད་པས་སོ། །གསང་བའི་བདག་པོ་ནི་སྐུ་གསུང་ཐུགས་ཀྱི་བདག་པོ་སྟེ། དེ་ནི་སྡུད་པ་ པོ་ཡིན་པར་བསྟན་ཏོ། །དྲག་པོ་ཆེན་པོ་རབ་ཏུ་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་ཀླུ་ཚོགས་དབང་སྡུད་ཚེ། །ཞེས་བྱ་བ་ལ། དྲག་པོ་ནི་སྐུ་གསུང་ཐུགས་དྲག་པོར་སྟོན་པས་དེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཁའ་ལྡིང་རྒྱལ་པོས་ སྤྲུལ་པ་བཀྱེ་ནས་རྒྱ་མཚོ་ཆེན་པོར་གཤེགས་ཏེ། རིགས་བཞིའི་ཀླུ་ཡང་དབང་དུ་བསྡུས། །ཞེས་པའོ། །ཉེན་རྣམས་བཟློག་པའི་ཆོ་གར་གསུངས། །གནས་ཁང་རིམ་པ་གསུམ་དག་ལ། །ཕྱི་རོལ་རྨེ་སྲེག་བྲལ་བར་བྱ། །ཉེན་རྣམས་ནི་ཀླུ་དང་འབྱུང་པོས་ཟིན་པ་སྡུག་བསྔལ་གྱིས་ཉེན་པ་ རྣམས་སོ། །གནས་ཁང་རིམ་པ་གསུམ་ནི་ཁང་པ་རིམ་པ་གསུམ་པ་ལ། སྒོ་ཤར་དང་ནུབ་དང་ལྷོ་རུ་འདོད་དོ། །ཕྱི་རོལ་རྨེ་སྲེག་ནི་ཁང་པ་ཕྱི་བ་བྱ་བ་བསྟན་ཏོ། །གྲུ་གསུམ་ནག་པོའི་འབྲུབ་ཁུང་དུ། །ཙནྡན་དུག་ཤིང་བསྲེ་བྱས་ཏེ། །མི་ནག་ཕྱི་ཐ་རྣམས་ཀྱི་མེས་སྦར་ཏེ། །ལྷ་དང་མེ་ ལྷ་གཉིས་མེད་གཅིག་ཏུ་བསྐྱེད། །ཡེ་ཤེས་བསྟིམ་དང་བྱིན་བརླབས་བསྡུ་བ་བྱས། །ལྷ་དང་མེ་གཉིས་གཉིས་མེད་གསལ་བྱས་ལ། །ནད་པའི་སྟེང་དང་འོག་ཏུ་མེ་བསམ་ཞིང་། །གནས་བརྒྱད་མེ་དེས་བགེགས་ཀྱི་ནུས་མཐུ་རྣམས། །སྲེག་ཅིང་སྣ་བུག་ཡོངས་བཀབ་ལ། ། སློབ་དཔོན་བྱ་ཁྱུང་གི་ཏིང་ངེ་འཛིན་དང་ལྡན་པས། མཆོད་པ་དང་སྲེག་རྫས་ཕུལ་ཞིང་། ཀླུ་གཟིར་བའི་དྲག་སྔགས་བཟླས་ཤིང་། གུ་གུལ་དང་མི་ཚིལ་ལ་སོགས་པའི་དུད་པས་བདུག་ཅིང་དེས་བགེགས་མེད་པར་བྱ་ཞིང་བྲལ་ན་འབྲོས་པའོ། །བར་ཁང་དེར་ནད་པ་ལ་ཕྱི་ བདུད་དང་བདུད་ལྟས་རང་བཞིན་གྱི་ནུས་པ་བསྐྱེད་པར་སྟོན་ཏོ། །དེ་ཡང་ཡུམ་ནི་ལྕང་ལོ་ཅན། །བདུད་རྩི་བུམ་པ་ཐོགས་པ་ཡིས། །འོད་འཕྲོས་སྟོང་གསུམ་མ་ལུས་ཚེ། །ཕྱི་ནང་དགུག་དང་བསྟན་པ་ནི། །ཡི་གེ་གསུམ་གྱི་ལས་སུ་གསུངས། །དེ་ནས་ཨོཾ་ཨཱཿ ཧཱུཾ་བཛྲ་ཨཱ་ཡུཿཥིཉྩ་ཧཱུཾ། ཞེས་གསུངས་ཏེ། རང་རང་གིས་སྔོན་དུ་བདུད་རྩིའི་ངོ་བོས་ཁྲུས་བྱའོ། །ནང་གི་ཁྲུས་སྟོང་པ་ཉིད་བསྒོམ་མོ། །དེར་སློབ་དཔོན་ལ་ཡོན་གྱིས་མཉེས་པར་བྱའོ། །ནང་དུ་བུམ་པའི་དབང་བསྐུར་ལ། །ཉེན་རྣམས་བཟློག་པར་ཐེ་ཚོམ་མེད། །ཅེས་པ་ ལ། དང་པོ་བསྙེན་པ་བསྐྱལ་ཏེ། དུས་གྲངས་མཚན་མའི་བསྙེན་པའོ། །ཡང་ན་གོང་དུ་བསྙེན་པ་སོང་བས། བསྙེན་སྦྱོར་བསྒོམ་པར་བྱ་ཞེས་སོ། །ས་དང་སྟ་གོན་དང་། དཀྱིལ་འཁོར་སྒྲུབ་པ་དང་། སློབ་མ་གཞུག་པའི་ཆོ་ག་ཕྱི་ནང་འཇུག་པ་ཡོངས་སུ་དག་པར་བྱ་སྟེ། དབང་སྟེགས་ཁྲི་ལ་བཞག་ལ། རིགས་དང་རང་རིག་ཤེས་པ་དང་། །སྤྱི་དང་ཉོན་མོངས་འཁྲུད་པར་བྱེད། །བདག་པོ་ལ་སོགས་དབང་གིས་སུ། །རྒྱུད་དག་འབྲས་བུ་ཐོབ་པར་བྱེད། །ཅེས་གསུངས་སོ། །དེ་ནས་སླར་བཤད་པ། །ཨོཾ་སརྦ་ཏ་ཐ་ག་ཏ་ནཱི་ལཱཾ་བ་ར་དྷ་ར་ཨ་བྷི་ཥིཉྩ་ ཧཱུཾ། ཞེས་པས་མེ་ཏོག་སྔོན་པོ་དང་འབྲེལ་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱི་ལཱཾ་བ་ར་དྷ་ར་བཛྲ་ཨཱ་དཪྴ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་ཆུའི་དབང་དང་འབྲེལ་ཏེ་ཞེ་སྡང་རྣམ་པར་དག་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་དབུ་རྒྱན་དང་འབྲེལ་པས་ང་རྒྱལ་རྣམ་ པར་དག་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་རྡོ་རྗེ་དང་འབྲེལ་པས་འདོད་ཆགས་རྣམ་པར་དག་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏི་ས་མ་ཎ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་པས་དྲིལ་བུ་དང་འབྲེལ་པས་ཕྲག་དོག་སེལ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲི་ཏ་ཨ་ནུཥྛཱ་མ་ཨ་བྷི་ ཥིཉྩ་ཧཱུཾ། ཞེས་པས་གཏི་མུག་རྣམ་པར་དག་སྟེ། ཡེ་ཤེས་ལ་དབང་བའོ། །དེ་ནས་དུས་གསུམ་སངས་རྒྱས་ཀྱིས་དབང་བསྐུར་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་ལས་ཐ་དད་པ་དང་གསང་བའི་དབང་ཡང་བསྐུར་ཏེ་ ཐིག་ལེ་དཀར་དམར་ལྕེ་ལ་བཞག་སྟེ། གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་ལྷ་སྒོམས་ཤིག་པ་དང་སྔགས་ལ་སོགས་པའི་གནང་བ་སྦྱིན་པའོ། །དེ་ཡང་དབང་བསྐུར་བའི་རྒྱུད་ནས། ཉན་ཅིང་སྒྲུབ་པ་ལ་སོགས་པ། །དབང་བསྐུར་གནང་བར་ མ་བྱས་ན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དེ་བས་དབང་བསྐུར་རབ་ཏུ་གཅེས། །ཞེས་གསུངས་སོ། །དེ་ལྟར་བྱས་པས་སྡུག་བསྔལ་ནད་དང་ངན་འགྲོ་ལས་བཟློག་ཅེས་གསུངས་སོ། །ཀྱེ་ཧོ་ཉེན་རྣམས་གདུལ་བའི་མཆོག །ཨེ་མ་སྔགས་ཆེན་དྲག་པོ་ཆེ། །ཨེ་ མ་མ་རུངས་འཇིགས་པ་ཅན། །ཞེས་པ་ལ། དབང་བསྐུར་བ་སྟོན་པ་ཡིན་ཏེ། དབང་གི་ལྷ་དང་རྩ་སྔགས་འབྲེལ་པར་བཟླས་པ་ལ་ངོ་མཚར་བསྟོད་པའོ། །ཨེ་མ་སྔགས་ཆེན་དབང་དང་འབྲེལ་པའི་ཀླུའི་དྲག་སྔགས་སོ། །ཨེ་མ་མ་རུངས་འཇིགས་པ་ཅན་ནི་ཀླུའི་གདོན། །དབང་དང་ལས་ སྦྱོར་གྱིས་འཇོམས་པའོ། །ཨེ་མ་ཡང་གསང་རྣལ་འབྱོར་ཆེ། །ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྱོགས་བྲལ་ཁྲོ་བོ་ཁྱོད་ཕྱག་འཚལ། །ཞེས་པ་ལ། ཨེ་མ་ཡང་གསང་ནི་སྨྲ་བཅད་པའི་ངོ་བོ་རྡོ་རྗེ་ཤུབ་བུར་བཟླས་པ་གསང་བའི་དོན་བྱེ་བ་ཕྲག་གཉིས་སུ་བཟླས་པས། །རྣལ་ འབྱོར་ལྷ་དང་འབྲེལ་པས་རྣལ་འབྱོར་དེས་བཟླས་ཞེས་པའོ། །གོང་གི་ཡོན་ཏན་བསྟན་པ་ནི་ཁྱོད་ཡིན་པས་ཁྱོད་ལ་བསྟོད། །ཕྱོགས་བྲལ་ནི་གདུལ་བྱ་མ་ལུས་པ་དང་། ཡེ་ཤེས་མ་ལུས་མངའ་བ་ཁྱོད་ལ་བསྟོད། །ཅེས་གསུངས་སོ། །ལེའུ་བདུན་པ་ནི་གྲངས་ཀྱི་བདུན་པའོ། ། ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །།གདོན་བྲལ་བ་དང་དབང་བསྐུར་བ་བསྟན་ཀྱང་། གཏོར་མའི་ལས་མེད་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །ཡང་འཁོར་གྱི་ནང་ནས་ཁམས་གསུམ་རྣམ་པར་རྒྱལ་བ་སྟན་ ལས་ལངས་ནས། འདི་སྐད་ཞུས་པའི་ཚིག་ལེའུ་ཀུན་ལ་སྦྱར་རོ། །ལན་གསུངས་པས་དེ་སྐད་གསུངས་ནས། འཁོར་ཐམས་ཅད་དགའ་བའི་རྗེས་ལ་འདི་སྐད་གསུངས་སོ་ཞེས་པ་ལ། དེ་སྐད་གསུངས་པ་ལ་གོང་གི་ཚིག་གོ། །འཁོར་འགའ་མིན་དབང་དང་རྨེ་ འབྲེལ་ལོ། །འདི་སྐད་གསུངས་ནི་འོག་མའི་ཚིག་རྣམས་སོ། །དེས་དེ་རྣམས་གསུངས་པར་བསྟན་ཏོ། །ཐམས་ཅད་ལྡན་པའི་གཏོར་མ་ལ། །ཞེས་པས། ཕྱི་ནང་གཉིས་ཀྱི་གཏོར་མ་སྟེ། དེ་ཡང་ཕྱིའི་གཏོར་མ་ལ། གཙང་གཏོར་དང་བགེགས་གཏོར་གཉིས་ཏེ་དང་པོ་ ནི། དཀར་གསུམ་མངར་གསུམ་འབྲས་ཟན་དང་། །ལྡན་པའི་གཏོར་མ་སྦྱིན་པར་བྱ། །ཞེས་གསུངས་པ་ལ། པདྨ་དཀར་པོ་སྡོང་པོའི་སྟེང་དུ། ཨོཾ་སྭ་སྭཱ་ཧཱ་ཧཱུཾ་ཛཿ། ཨོཾ་ཨིནྡྲ་ཡེ་ཧཱུཾ་ཛཿ། ཨགྣ་ཡེ་ཧཱུཾ་ཛཿ། ཡ་མཱ་ཡ་ཧཱུཾ་ཛཿ། ནཻཪྼྀ་ཏྱཱ་ཡ་ཧཱུཾ་ཛཿ། བ་རུ་ཎཱ་ཡ་ཧཱུཾ་ཛཿ། བཱ་ཡ་བེ་ཧཱུཾ་ ཛཿ། ཀུ་བེ་རཱ་ཡ་ཧཱུཾ་ཛཿ། ཨཱི་ཤ་ནཱ་ཡ་ཧཱུཾ་ཛཿ། ཧེ་ཏ་ཨ་དྷི་པ་ཏ་ཡེ་ཧཱུཾ་ཛཿ། སཱུརྱ་ཙནྡྲཱ་ཡ་ཧཱུཾ་ཛཿཞེས་པས་སྤྱན་དྲངས་ཏེ། གཏོར་མ་ཕྱི་རྒྱུད་བཞིན་ཕུལ་ལ། གོང་དུ་བསྟན་པའི་སྔགས་ཀྱི་ཤམ་བུ་ཡང་ཧཱུཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨིནྡ་ཛ་མ་ཛ་ལ་ཛཀྑ་བྷཱུ་ཏི་བ་ཧྞི་ཡ་བ་རཀྵ་ཙནྡ་ སུ་ཙ་མ་ཏ་པཔྤ་ཏཱ་ལ་བ་ཏཱ་ལ་ཨཊྚ་སཔྤ་སྭཱ་ཧཱ་ཨི་དཾ་བ་ལིཾ་བྷུ་ཛ་ཞེས་པས་ཀྱང་གཏོར་མ་དབུལ། སྤྱན་དྲང་བར་བྱ་སྟེ། སྟོང་གསུམ་མི་མཇེད་འཇིག་རྟེན་ཞེས་པས་སྤྱན་དྲངས་ལ་མཆོད་པས་མཆོད་དེ། ཚངས་པ་ཆེན་པོ་མི་མཇེད་བདག །གཟུགས་ཁམས་ལྷ་ཚོགས་ཐམས་ ཅད་དང་། །ཆོས་བཟངས་ལྷ་ཡི་འདུན་ས་ན། །རྡོ་རྗེ་འཆང་རྒྱལ་ཐར་ལམ་སྟོན། །བརྒྱ་བྱིན་འཁོར་དང་བཅས་པ་རྣམས། །རི་རབ་སྟེང་ན་ལྷ་ཚོགས་དང་། །དབང་པོ་རྡོ་རྗེ་འཆང་བ་ཞེས་པ་ལ་སོགས་པའི་ཚིགས་བཅད་ཡང་བསྒྲགས་སོ། །དེས་མཆོད་ཅིང་སྨོན་ལམ་བསྒྲགས་ པར་བྱའོ། །ཤ་ཆང་དང་ལྡན་པའི་གཏོར་མ་ལ་ཨོཾ་ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ་ཞེས་པ་ལྕགས་ཀྱུ་དང་བཅས་པས་སྤྱན་དྲངས་ལ། གཏོར་མ་གོང་བཞིན་ཡང་མཆོད་པ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །གང་དག་ས་ལ་གནས་ པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གནས་ནས་ཕན་གདགས་ཕྱིར་ནི་འདིར་གཤེགས་ཤིག །སྲིད་པའི་རྩེ་ནས་དམྱལ་བའི་གནས་ཡན་ཆད། །རྒྱུད་དྲུག་སྐྱེ་འགྲོ་མ་ལུས་ཐམས་ཅད་ཀུན། །གནས་ནས་ཕན་ གདགས་ཕྱིར་ནི་འདིར་གཤེགས་ཤིག །ཅེས་བརྗོད་དོ། །མཆོད་པས་མཆོད་དེ་དགའ་བའི་ཚལ་དང་ཞེས་པ་དང་འདི་ལྟར་ཕན་པར་བྱེད་པ་ལ་ཞེས་བརྗོད་ལ། གཏོར་མ་གཉིས་བཏང་སྟེ་དེ་ནི་རོ་སྲེག་གམ་རབ་གནས་སམ། དབང་བསྐུར་དུས་སུ་ཕྱི་མཆོད་བགེགས་ཉེ་བར་ཞི་བའོ། ། ནང་གཏོར་ནི་ཐམས་ཅད་ལྡན་པའི་ཟེར་མས་ཤ་ལྔ་བདུད་རྩི་ལྔ། ཕྱིའི་ཡོ་བྱད་དང་འབྲེལ་པའོ། །རཾ་གྱིས་སྦྱངས་ནས། ཡཾ་གིས་བུས། ཁཾ་གིས་བཀྲུས་ཏེ་དག་པ་ལ་ཞེས་པ་ལ། རཾ་དམར་པོ་ཀ་པཱ་ལ་དང་གསང་བའི་དམ་རྫས་སྲེག་པའོ། །བསྲེགས་པའི་ཐལ་བ་ཡཾ་ལས་རླུང་གིས་ གཏོར་བའོ། །བཾ་གྱི་ཆུ་རྒྱུན་གྱིས་བཀྲུས་པའོ། །ཡཾ་རཾ་དབབ་པའི་སྦྱོར་བ་བྱ། །ཞེས་པ་ལ་ཡཾ་ལས་རླུང་རཾ་ལས་མེ་ཨ་ལས་ཀ་པཱ་ལ། རླུང་གིས་བཏེག་པའམ་སྐུ་གསུང་ཐུགས་ཀྱི་ངོ་བོས་བཏེག་པའོ། །ནང་དུ་ཨ་ལས་ཟླ་བའི་ནང་དུ་བདུད་རྩི་ལྔ་ཉི་མའི་སྟེང་དུ་ཤ་ལྔ། དེ་སྟེང་གསང་ སྔགས་རྒྱལ་པོ་འབྲུ་གསུམ། རྡོ་རྗེ་སྔོན་པོ་དང་ཤེས་རབ་ཨཱ་ལི་དང་བཅས་པའོ། །རླུང་བསྐྱེད་མེ་འབར་ཐབས་ཤེས་རབ་ཞུ་ནས་ཡིག་འབྲུ་གསུམ་པོས་སྦྱངས་ཏེ། ཨེ་ལས་འོད་འཕྲོས་པ་དང་། ཧཱུཾ་གིས་བདག་པོ་འོད་ཟེར་རྩེ་ལ་ཛ་འཕྲོས་པས་ཡེ་ཤེས་བདུད་རྩི་དབབ་པའོ། ། ཨོཾ་ཨ་རལླི་ཧོ་ས་མ་ཡ་ཛཿ་ཧཱུཾ་བཾ་ཧོཿ། ཞེས་ཀྱང་བརྗོད་ཅིང་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་ལ་གཏོར་མ་བྱིན་གྱིས་བརླབ་བོ། །རིགས་དྲུག་སེམས་ཅན་ཛཿཞེས་པས་བཀུག་ལ་ཡེ་ཤེས་ལྷ་ཚོགས་ཀྱི་ངོ་བོ་བྱིན་གྱིས་བརླབས་ལ་ཡེ་ཤེས་ཀྱི་ལྷ་ཚོགས་མང་པོ་ཡང་སྤྱན་དྲངས་གཉིས་སུ་མེད་ པར་བསྟིམས་ལ་བླ་མ་ཡང་མི་བསྐྱོད་པར་བྱིན་གྱིས་བརླབས་ལ། རང་རང་གི་རྩ་བའི་སྔགས་ལ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་ཞེས་ལན་བདུན་ནམ་ཉི་ཤུ་རྩ་གསུམ་བརྗོད་ལ། མ་མ་སརྦ་ཤ་ཏྲཱུཾ་ཧཱུཾ་ཨ་མུ་ཀ་མ་ཧི་མ་ཙ་མོ་ཏ་བ་སཾ་བ་བུ་ག་རུ་ཏི་རཾ་ཕྲ་ཡཾ་བཀྵ་བ་ལི་ཨི་དཾ་གྲྀཧྞ་ཁཱ་ཧི་ཁཱ་ཧི་རཀྟ་ པི་བ་ཏོ་ཨཱཿཧཱུཾ་ཀྲ་མ་ས་མ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། ཨོཾ་ཨ་ཀཱ་རོས་སེམས་ཅན་ཐམས་ཅད་ལ་དབུལ། དེ་ནས་བསམ་གཏན་ལྷ་མོས་མཆོད་པ་དབུལ། ཧཱུྃ་གི་འོད་ཟེར་རྩེ་ལ་ལྷ་མོ་མང་པོ་བྱུང་ནས་མཆོད་ཅེས་པའོ། །གཙང་གཏོར་ནི་གོང་དང་མཐུན་པས་འདི་རུ་ཡང་ཤེས་ པར་བྱའོ། །དེས་ན་དབང་བསྐུར་བའི་ཏྭ་ནྷྲ་ལས། གཏོར་མའི་ལས་རྣམས་ཀུན་ལ་ཡང་། །སྔོན་བྱས་མེད་ཅིང་གོ་རིམས་བྲལ། །རྫས་མ་ཚོགས་དང་བསམ་གཏན་བྲལ། །འདི་ཡང་བར་ཆོད་སྦྱོང་བའོ། །ཞེས་གསུངས་པའི་ཕྱིར། སྔོན་འགྲོ་ལྷ་བསྒོམས་པ་དང་། ཕྱི་ནང་གི་གཏོར་མའི་ རྫས་མ་འདྲེས་པར་སོ་སོར་ཚང་པ་ལ་བྱིན་གྱིས་བརླབས་ཏེ་བསྔོ་ཞིང་སྨོན་ལམ་བཏབ་ལ་ས་གཙང་སར་བསྐྱལ་ཞེས་པའོ། །ད་ནི་ཁྲོ་བོ་གོས་སྔོན་ཅན་ཞེས་པས་དམ་ཚིག་བསྒྲག་པ་སྟེ་དངོས་སུ་བས། ཨ་ཀཱ་རོ་མུ་ཁཾ་ཡང་ཀུན་ལ་སྦྱིན་པ་སྟེ། གོང་དུ་བསྟན་ཏོ། །ལེའུ་བརྒྱད་པ་ ནི་གྲངས་ཀྱི་བརྒྱད་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་ཕྱི་ནང་གི་གཏོར་མ་རྒྱ་ཆེར་བཤད་པ་སྟེ་ལེའུ་བརྒྱད་པའོ།། །།དེས་ཕྱི་ནང་གི་གཏོར་མ་བཏང་ཡང་སྔགས་མ་བསྟན་ན་དེ་ལ་མོས་པ་རྣམས་ཀྱིས་མི་འགྲུབ་པས་དེ་བསྟན་ཏོ། །དེ་ནས་དཔལ་ལྡན་གོས་སྔོན་ཅན། །གདུལ་ ཀ་འདུལ་བའི་བདག་པོ་དེས། །ཞེས་པ་ལ་དེ་ནས་ལེའུ་བརྒྱད་པ་སོང་བའི་རྟིང་དེ་ནས། དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔལ་གཉིས་ཏེ་ལྷ་མོའོ། །གདུལ་དཀའ་ནི་གོང་དུ་བསྟན་ཏོ། །བདག་པོ་ནི་སྤྲུལ་སྐུ་བཛྲ་པཱ་ཎི། བསམ་གཏན་འཁོར་ལོ་མེད་པ་ལ། །སྔགས་ ཀྱི་ངེས་པ་བཤད་པར་བྱ། །ཞེས་པ་ལ། བསམ་གཏན་ནི་ཞི་གནས་དང་ལྷག་མཐོང་མེད་པ་ལ་སྟེ། རྣལ་འབྱོར་དེ་ལ་མི་མོས་པའོ། །སྔགས་ཀྱི་ངེས་པ་ནི་དབྱེ་བ་བཤད་པའོ། །དེ་ལ་ཏདྱ་ཐཱ་ནས་བ་པི་ཤུདྡྷི་ཞེས་པའི་ཡིག་འབྲུ་སོ་གཅིག་པས། རྩ་སྔགས་བསྟན་ཏོ། །ཏདྱ་ཐཱ་བུདྡྷ་ ཞེས་པ་ནས། ནཱ་ག་ཏྲ་ཏ་ས་ཏ་ན་ཡ་ཕཊ་ཅེས་པས་ཀླུ་གཟིར་བའི་སྨེ་བྲལ་གྱི་དུས་སམ་མནན་ཅིང་གསད་པའི་དུས་སོ། །ནཱི་ལཱཾ་བ་ས་ན་ཡ་ཕཊ་ཅེས་པ་ནས། ཀུན་ཤན་མ་དོད་ས་ཧ་ཡ་ཕཊ་ཅེས་པས། གཤིན་རྗེའི་གདོན་བཟློག་པ་དང་ནོར་བསྒྲུབ་པ་དང་སྒོ་ལྕགས་དབྱེ་བ་དང་། དེའི་ ལས་བསྟན་ཏོ། །པྲེ་ཏ་ཞེས་པ་ཡི་དགས་དང་ཤ་ཟ་བཟློག་པར་བསྟན་ཏོ། །ཡཀྵ་ཞེས་པས་གནོད་སྦྱིན་བཟློག་པར་ཤེས་པར་བྱའོ། །ཧ་ས་ནས་བིག་ཤ་ཀ་ར་ཡ་ཕཊ་ཕཊ་ཀྱིས་འབྱུང་པོ་སྤྱིར་གསད་པ་སྟེ། ཀུན་ལ་སྦྱར་བར་ཤེས་པར་བྱའོ། །སརྦ་ཤ་ཏྲཱུཾ་ ནི་དགེ་འདུན་གྱི་དགྲ་འདུལ་བ་སྟེ། འབྲུབ་ཁུང་གྲུ་གསུམ་པ་རུ་གསེག་ཤང་གི་རྩེ་གཉིས་པས་བརྡུངས་ཏེ། སྔགས་ཀྱང་སྟོད་སྨད་དང་ཡང་ན་གསུམ། ནཱི་ལཱཾ་བར་དང་སང་ཧ་ནི་ཡབ་ཡུམ་གྱི་སྔགས་སོ། །དེ་ལ་བསྙེན་པ་དང་སྒྲུབ་པ་ལ་སྦྱར་རོ། །གཏུབས་ཏེ་བཟླས་པ་དང་མི་ གཏུབ་པ་དང་། བདེ་བར་གཤེགས་པ་མ་གསུངས་ཏེ། གང་ལ་བྱ་བ་དེ་གྲུབ་ཅེས་གསུངས་སོ། །ཡང་སྔགས་རིངས་ཁོ་ན་ལ་ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་རྟགས་ནི་ཀླུ་གདོན་དུ་གྱུར་པ་ལ་བཟླས་པར་ཤེས་པར་བྱའོ། །རྡོ་རྗེ་བེ་ཅོན་ནས་ཁྱོད་ཕྱག་འཚལ་གྱིས་བསྟོད་པ་ བསྟན་ཏེ། མ་བཀྲོལ་ལོ། །ལེའུ་དགུ་པ་ནི་གྲངས་ཀྱི་དགུ་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་རྒྱ་ཆེར་བཤད་པ་ལས་ལེའུ་དགུ་པའི་བཤད་པའོ།། །།ཀླུ་མ་ཁུགས་ན་གསད་པའི་ལས་མི་འགྲུབ་པས་དགུག་པ་བསྟན་ཏོ། །དེ་ནས་ཀླུ་དགུག་པའི་སྔགས་བསྟན་ཏོ། །རྡོ་ རྗེ་ལྕགས་ཀྱུ་རླུང་གི་སྦྱོར་བས་འགྲུབ་པར་འགྱུར། །དེ་བཞིན་མེ་ཡིས་ཀྱང་ནི་འདུལ་བར་ནུས་པ་ཡིན། །ཞེས་པ་ལ། དེ་ནས་ནི་ལེའུ་དགུ་པ་སོང་བའི་རྟིང་དེ་ནས་བར་ཚིག་ཀྱང་མཆོད་པར་ཀླུ་ནི་ཀླུ་སྟེ་ཞེས་རིང་བའོ། །རྡོ་རྗེའི་ཏིང་ངེ་འཛིན་དང་ལྡན་པས། ལག་ན་རྡོ་རྗེ་ལྕགས་ཀྱུའི་ སྔགས་འོག་མ་ཟློས་ཤིང་། འོག་ཏུ་རླུང་ལྷ་རྔ་མོས་བཏེག་སྟེ་འགུགས་པའོ། །དེ་བཞིན་མེ་ཡིས་ཀྱང་འདུལ་བར་ནུས་པ་ཡིན། དེ་ལྟར་ནུས་ཕྱིར། དགུག་པའི་སྔགས་འདི་བསྟན་པར་བྱ། །ཞེས་པ་ལ། མི་ཡིས་ཀྱང་འདུལ་ཞེས་པ་ལ། གནོད་པའི་གནས་སུ་མེའི་སྔགས་དང་ འབྲེལ་པས་སྲེག་སྟེ། དེ་ནས་དགུག་པར་ཤེས་པར་བྱའོ། །སྔགས་ནི་ཆེ་གེ་མོ་ཞེས་པ་དང་འབྲེལ་ཏོ། །དངོས་སུ་བསྟན་ཏོ། །བསམ་གཏན་དྲག་པོས་བཟླས་པར་བྱ། །བཟླས་པ་འདི་ལ་རབ་འབད་བྱ། །ཞེས་བྱ་བ་ལ། བསམ་གཏན་དྲག་པོ་ནི་ཁྲོ་བོའི་ཆ་བྱད་ཅན་ཏེ། རྔམ་པ་ འཇིགས་སུ་རུང་བའོ། །བཟླས་པ་གྲྀཧྞ་ཞེས་པ་དང་འབྲེལ་ཏོ། །ཁྲོ་བོ་ལྕགས་ཀྱུ་ཐོགས་པ་མང་པོས་ཁྲིད་ནས་འོངས་པར་གསུངས་སོ། །ཀླུ་རིགས་དུ་མ་ཐམས་ཅད་ཀུན། །འགུགས་འགྱུར་འདི་ལ་གཞན་དུ་མིན། །ཞེས་པ་ལ། ཀླུ་རིགས་དུ་མ་ནི་ཀླུ་རིགས་བཞིའི་ཀླུ་དང་ གཉན་དང་ས་བདག་ཀྱང་ཡོངས་སུ་གསུང་ངོ་། །ཏིང་ངེ་འཛིན་དང་སྔགས་གོང་དུ་བསྟན་པ་འདི་མ་ཡིན་པ་གཞན་གྱིས་ཁུག་པ་མ་ཡིན་པར་བསྟན་ཏོ། །ཇི་སྲིད་ཁུག་པའི་ཏིང་འཛིན་གྱིས། །ཁུགས་པར་གྱུར་པའི་ཀླུ་རྣམས་ཀུན། །ཞེས་པ་ལ། འགུགས་པའི་ཏིང་ངེ་ འཛིན་ནི་གོང་དུ་གསུངས་པའོ། །ཁུགས་པར་གྱུར་པ་ནི་གནས་ནས་འོངས་པའོ། །དེ་ལ་དམ་ལ་མ་བཏགས་པའི་ཀླུ་ལ། སྐྱེར་པའི་བམ་པོ་དང་སྦྱིན་སྲེག་བྱེད་པར་འབྲེལ་ཏེ། ཐབ་སྐུད་པ་ལ་སོགས་བླ་མའི་གདམས་ངག་ལ་རག་ལུས་པར་བྱའོ། །ཟངས་གཞོང་ནང་དུ་སྤྱན་ དྲངས་ཏེ། ཞེས་པ་ཟངས་གཞོང་དུ་ཀླུ་བ་སུ་དྷ་རིས་དྲུག་གི་གཟུགས་བག་ཟན་ལས་བྱས་ལ་ཀླུ་སྨན་སྣ་ཚོགས་ཡང་བླུགས་ལ། ཉེན་པས་ཟིན་པའི་གཟུགས་ལ་སྦལ་པ་ལ་སོགས་པ་བཀོད་ལ། ལྕགས་ཀྱི་སྐམ་པ་ཀ་ཡ་ཙས། །ཤིང་དག་སོར་ནི་བཅུ་གཉིས་པ། །ཡོངས་ སུ་བཅད་པར་བྱ་བ་ཡིན། །ཟེར་བས། སྨྱག་ཤད་ཀྱི་ལྕུག་མ་སོར་བཅུ་གཉིས་པ། བྱིས་པ་ལོ་བརྒྱད་ལོན་པས་བརྔས་ཏེ། རྨ་བྱའི་མདོངས་དང་ཚོན་སྐུད་ཀྱིས་བཅིངས་ལ། ཉེན་པ་རྣམས་ལ་བྱབས་ཏེ། སྦལ་པ་ཡང་མཎྜལ་སྟེང་དུ་ཕབ་ལ། ཉེན་དང་ལྡན་པ་ལྷར་བསྒོམས་ཏེ་ བསྲུང་བ་བྱ་ཞེས་པ་དང་འབྲེལ་ཏེ། དེ་ནས་དམ་ཚིག་བསྲེ་བ་དང་། སྨན་གྱི་མཆོག་གིས་ཚིགས་བཅད་དང་བཅས་པས་གསོ་སྟེ། ཁྲོ་བོའི་ཆེ་བ་བརྗོད་ཅིང་གནོད་པ་མ་བྱེད་པར་བསྒོ་ལ། གང་གནོད་པའི་སར་བསྐྱལ་ཞེས་བྱའོ། །ལེའུ་བཅུ་པ་ནི་གྲངས་ཀྱི་བཅུ་པའོ། །ལག་ ན་རྡོ་རྗེ་རྩ་བའི་རྒྱུད་རྒྱ་ཆེར་བཤད་པའི་འགྲེལ་པ་ལས་ལེའུ་བཅུ་པའི་བཤད་པའོ།། །།དགུག་པ་བསྟན་ཀྱང་དྲག་པོ་ཁོ་ནའི་ལས་མ་བསྟན་ན་ཚར་ཆོད་པར་མི་འགྱུར་བས་དྲག་པོའི་ལས་བསྟན་ཏོ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །ཞི་བའི་ལས་ཀྱིས་མི་འདུལ་བའི། །ཀླུ་ གཟིར་དྲག་སྔགས་བསྟན་པར་བྱ། །ཞེས་པ་ལ། དེ་ནས་གཞན་ཡང་བཤད་པ་ནི་ཁུགས་པའི་རྟིང་ལ་གཞན་ཀླུ་གཉན་ས་བདག་ཞི་བས་མི་ཉན་པ་ལ། ཀླུ་གཟིར་བའི་སྔགས་དང་ཕྱག་རྒྱ་དང་རྫས་དང་ཏིང་ངེ་འཛིན་བསྟན་ཏོ། །དམ་ལ་མ་ཐོགས་པ་ ལ་དང་པོར་ཞི་བས་བྱས་ལ་དེ་ནས་དྲག་པོས་གདུལ་ཞེས་པའོ། །ཨོཾ་བཛྲ་པཱ་ཎི་ཞེས་པ་ནས། ཧཱུཾ་ཕཊ་ཀྱི་བར་གྱི་སྔགས་གསུངས་སོ། །དེ་ཡང་བདག་གི་མིང་དང་འབྲེལ་པ་ལས་ཁྲོ་བོ་རྣམས་ཀྱིས་ཀླུ་ལ་རྒྱོབ་མཚོན་ཆ་རྒྱོབ་ཅེས་པའོ། །ད་ཧ་ནི་སྲེགས་རོ་སྲེགས་ཞེས་པའོ། །ནོན་ ནོན་ནུས་པའམ། སྟོབས་ཁྲོ་བོ་རྣམས་ཀྱིས་ནོན་ཞེས་པ་དང་ཤིན་ཏུ་ནོན་རྣམ་པར་ཚོགས། རྣམ་པར་ཚོགས། འགུལ་མི་ནུས་པར་རྒྱོབ་རྒྱོབ་ཅེས་བྱའོ། །བསམ་གཏན་རྡོ་རྗེ་ཐོགས་པ་ཡིས། །གདུལ་བྱའི་སྟེང་ནས་དབབ་པར་བྱ། །འོག་ཏུ་མེ་ཡི་འཁོར་ལོ་བསམ། ། ཞེས་པ་ལ། བསམ་གཏན་ནི་རང་རྩ་བའི་དཀྱིལ་འཁོར་གསལ་བའོ། །ཁྲོ་བོ་རྣམས་ཀྱི་སྤྲུལ་པ། རྡོ་རྗེ་དང་ཐོ་བ་ཐོགས་པའོ། །གདུལ་བྱ་ནི་སྟེང་ནས་ཁྲོ་བོ་རྣམས་ཀྱིས་ཆར་འབེབས་པའོ། །འོག་ཏུ་མེ་ཡི་འཁོར་ལོ་བསམ། །ཞེས་པ་ལ། གྲུ་གསུམ་གདེངས་པར་དམྱལ་ བའི་སྡུག་བསྔལ་དང་འདྲ་བར། ས་གཞི་མེ་འབར་བ་ན། བསྒྲུབ་བྱའི་ལྟེ་བ་ནས་ཀྱང་མེ་འབར་ཏེ་བསྲེག་པའོ། །མེ་དཔུང་ཆེན་པོའི་ཏིང་འཛིན་གྱིས། །མེ་འབར་ཀློང་ཆེན་དཀྱིལ་དུ་གཟིར། །ཞེས་པ་ལ། མེ་དཔུང་ནི་དུས་མཐའི་མེ་བས་ཆེ་བས་སྲེག་པར་འགྱུར། གཟིར་བ་ནི་ ཁྲོ་བོ་དང་མཚོན་ཆ་དང་འོད་ཟེར་རོ། །དེ་ཡང་བདག་གི་ཏིང་ངེ་འཛིན་རབ་གསལ་བས། ལས་ཀྱི་ས་གཞི་མེ་འབར་བའི་སྟེང་ནས་མཚོན་ཆའི་ཆར་བབས་པས། དེ་དང་བྲལ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཡུངས་ཀར་དང་ནི་ཡུངས་ནག་གམ། །སྐྱེ་ཚེས་ བརྡེག་ཅིང་ཁྲོ་བོ་སྤྲོས། །ཞེས་པ་ལ། ཡུངས་ཀར་ལ་སོགས་པའི་ཡིག་འབྲུ་ཁྲོ་བོ་མཚོན་ཆ་ཐོགས་པར་སྤྲོས་ཏེ་གཟིར་བ་ནི་ཁྲོ་བོ་རྣམས་ཞེས་མན་ངག་ཏུ་བསྟན་ཏེ། སྔགས་གོང་མ་དང་འབྲེལ། །ཁྲ་སྤྱན་ལ་སོགས་རྩ་བའི་གསོབ་གདབ་ཅིང་ཁྲོ་བོའི་སྤྲུལ་པ་སྤྲོ། ཞེས་ པ་ལ། ཁྲ་དང་ཀླག་དང་འུག་རྒོད་དང་། ཕོ་རོག་བྱ་གཅན་ལྔའི་ཐུན་གྱིས་བྲབ་ཅིང་སྲོག་ཅོག་ནན་རྦད་ལུས་རྡུལ་མཱ་ར་ཡ་ཕཊ་ཅེས་བརྗོད་ནས། བྱ་ཁྱུང་གི་སྤྲུལ་པ་མང་པོས་གསད་ཅིང་གཟིར་བའོ། །གཅན་གཟན་སྣ་ཚོགས་མཆུ་སྡེར་དང་། །མཆུ་སྡེར་འབྲད་ཅིང་སྤྲུལ་པ་སྤྲོ། ། ཞེས་པ་ལ། སྟག་དང་སེང་གེ་དྲེད་དང་ནི། །བྱི་ལ་སྤྱང་ཀིའི་སྡེར་མོས་བྲད་ཅིང་ཁྲོ་བོ་མང་པོས་གཅན་གཟན་དང་འདྲ་བས་ཤ་དང་རུས་པ་འབྱེད་པའོ། །མྱུར་དུ་ཐར་བ་ནི་ཀླུའི་ནད་ལས་མྱུར་དུ་ཐར་བའོ། །ལེའུ་བཅུ་གཅིག་པ་ནི་གྲངས་ཀྱི་བཅུ་གཅིག་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་ གཅིག་པའི་བཤད་པའོ།། །།ཀླུ་གཟིར་བ་བསྟན་ཀྱང་མཆོད་པ་མེད་ན་དོན་མི་འགྲུབ་པས་མཆོད་པ་བསྟན་ཏོ། །དེ་ནས་འཕགས་པ་གོས་སྔོན་ཅན་གྱིས། ཉིད་ལ་ཉིད་ཀྱིས་མཆོད་ཕུལ་བས། །ཞེས་པ་ལ། འཕགས་པ་གོས་སྔོན་ནི་གོང་དུ་བསྟན་ཏོ། །ཉིད་ལ་ཉིད་ཀྱིས་མཆོད་པ་ཕུལ་བ་ ནི། །འཁོར་གྱིས་གཙོ་བོ་མཉེས་པ་དང་། །གཙོ་བོས་འཁོར་མཉེས་པ་དང་། རང་གིས་རང་མཉེས་པ་དང་། སེམས་ཅན་ཚོགས་རྣམས་བསགས་པའི་ཕྱིར། །ཉིད་ཀྱིས་ཉིད་ལ་མཆོད་པ་ལ། །འདི་ཡང་མཆོད་པ་ཆེན་པོ་སྟེ། །མི་དམིགས་བློ་ཡིས་རབ་ཟིན་པས། །བླ་མེད་མཆོད་ པ་ཞེས་སུ་གྲགས། །ཞེས་ལག་ན་རྡོ་རྗེ་རྒྱུད་ཕྱི་མ་ལས་གསུངས་སོ། །ཧཱུཾ་རྡོ་རྗེ་བདུག་པ་མ་ཧཱུཾ་ཞེས་པ་ནས། བཛྲ་ཨཱ་ལོ་ཀེའི་བར་གྱིས་ཕྱིའི་མཆོད་པ་བསྟན་ཏེ། དེ་ཡང་དང་པོ་སྤྱན་དྲང་གདན་དབུལ། ཕྱི་ནང་གི་མཆོད་པ་མང་པོ་ཕུལ་མཉེས་པར་བྱས་ཏེ་སྡིག་པ་བཤགས་ ཤིང་དགེ་རྩ་བསྔོ་ཞེས་གསུངས་སོ། །བཅོམ་ལྡན་ཆོས་དབྱིངས་རང་བཞིན་སྐྱོན་བྲལ་བ། །ཆོས་ཀྱི་དབྱིངས་ལས་བསྐྱོད་པ་མི་མངའ་ཡང་། །སྒྲུབ་སོགས་སེམས་ཅན་རྣམས་ལ་སྨན་བྱའི་ཕྱིར། །འགྲོ་མགོན་སྤྲུལ་པའི་ཚུལ་སྟོན་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ། སེང་གེ་གླང་ཆེན་འཁོར་ལོ་པདྨ་ཉི་ཟླ་ཁྲི་ཡི་གདན། །རབ་ཏུ་མཛེས་པའི་གདན་མཆོག་དྲི་མེད་དབྱངས། །མཐུ་ལྡན་རྡོ་རྗེ་བསྣམས་ལ་ལེགས་འབུལ་ལོ། །འགྲོ་མགོན་མི་མཆོག་གདན་ལ་བཞུགས་སུ་གསོལ། །མེ་ཏོག་དམ་པ་ཞབས་འོག་འདོར། །གདན་གྱི་མཆོད་ པའི་རིམ་པའོ། །བླ་མ་རང་བཞིན་གསང་བའི་དཀྱིལ་འཁོར་ནས། །ཐུབ་པ་རྒྱུད་རྣམས་ཀུན་གྱི་སྡུད་པ་པོ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་སྐྱབས་སུ་མཆི། །ཞེས་པ་ཚིག་གི་རྟེན་ཁྱད་པར་ཅན་ འཚལ་ཏེ། །བདུག་སྤོས་ཐོགས་པའི་ལྷ་མོ་སེར་མོ་དང་། །མེ་ཏོག་ཐོགས་པའི་དཀར་མོ་དང་། །མར་མེ་ཐོགས་པའི་དམར་མོ་དང་། །དྲི་ཆབ་ཐོགས་པའི་ལྗང་གུ་སྟེ། །སྔགས་ནི་མངོན་སུམ་དུ་རྒྱུད་དུ་གསུངས་པས་མ་བྲིས་སོ། །ནང་གི་ལཱ་སྱེ་མཱ་ལེ་གཱི་ཏི་ནྲྀ་ཏི་སྟེ། གཙོ་བོ་ཡང་ཡོངས་ སུ་ཤེས་ཏེ་ནང་གི་ཉམས་དང་མཐུན་པར་མཆོད་ཅིང་བསྟོད་པའི་ཕྱིར་རོ། །ཉི་ཤུ་མཆོད་པ་དང་། བཀྲ་ཤིས་རྟགས་བརྒྱད། རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཡང་ཕྱི་རྒྱུད་དང་མཐུན་པར་མཆོད་དོ། །ཇི་སྲིད་ཐམས་ཅད་མཆོད་པ་ཆེ། །ཇི་སྲིད་མཆོད་པ་བདེ་བ་ཆེ། །ཞེས་བསྟན་པ་ལ། ཇི་ སྲིད་ཐམས་ཅད་ནི་ཕྱི་རྫས་མ་ལུས་པ་སྟེ། བདུག་པ་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་ལ་སོགས་པས་མཆོད་ཅེས་པའོ། །ཇི་སྲིད་བདེ་བ་ཆེ་བ་ནི། །ལྷ་མོ་དཀར་དམར་སེར་ལྗང་གུ། །མཐིང་གས་བྱང་སེམས་ཤ་ཆེན་དང་། །རཀྟ་བ་ལ་དྲི་ཆེན་ གྱིས། །རང་གི་ཉམས་སུ་བདེ་བ་བསྐྱེད། །ཅེས་གསུངས་སོ། །ཇི་སྲིད་མཆོད་པ་བླ་ན་མེད། །ཇི་སྲིད་མཆོད་པ་ཡང་དག་ཆེ། །ཞེས་པ་ལ། ཇི་སྲིད་བླ་མེད་ནི་ཐབས་ཤེས་རབ་ཟུང་དུ་འབྲེལ་པའི་མཆོད་པ། རྒྱས་བཏབ་གཉིས་སུ་མེད་པའོ། །ཇི་སྲིད་ཡང་དག་ནི་མི་དམིགས་པའི་ མཆོད་པའོ། །དེས་མཆོད་པའི་གཙོ་བོ་ཡང་བསྟན་ཏོ། །དེ་ནས་སྡིག་པ་བཤགས་པའི་ཆོ་ག་བྱ་བར་ཡང་གསུངས་ཏེ། སྡིག་པ་ཕྱིས་མི་བྱེད་པའི་ཕྱིར། བླ་མེད་དཀོན་མཆོག་གསུམ་པོ་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །འཁོར་བཅས་མ་ལུས་ཐམས་ཅད་ཀུན། ། བདག་ལ་དགོངས་ནས་གཟིགས་སུ་གསོལ། །ཇི་ལྟར་དུས་གསུམ་སངས་རྒྱས་ཀྱིས། །ཡང་དག་བྱང་ཆུབ་ངེས་མཛད་པའོ། །རྣམ་གསུམ་ཚུལ་ཁྲིམས་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་ བརྟན་པོར་གཟུང་བར་བགྱི། །དཀོན་མཆོག་དམ་པ་བླ་ན་མེད། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་གཟུང་། །ལས་ཀྱི་རིགས་ མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་བདག་གིས་གཟུང་། །མ་བསྒྲལ་བ་ནི་བདག་གིས་ བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་བ་དབུགས་ཕྱུང་བགྱི། །སེམས་ཅན་དམ་པའི་དོན་ལ་དགོད། །དཀྱིལ་འཁོར་མེ་ཏོག་སྔོན་པོར་བཅས། །རྡོ་རྗེ་བསྣམས་ལ་དབུལ་བར་བགྱི། །བདུད་རྩི་རྣམ་ལྔའི་གཏོར་མ་སོགས། །རྣམ་པ་ཀུན་དུ་ བསྟེན་པར་བགྱི། །ཆང་གིས་འཇིག་རྟེན་མྱོས་འགྱུར་ཏེ། །ཆང་གིས་མྱོས་འགྱུར་བདག་གིས་སྤང་བར་བགྱི། །སེམས་ཅན་མ་ལུས་དོན་གྱི་ཕྱིར། །སྙིང་རྗེ་ཆེན་པོ་བདག་གིས་བསྐྱེད། །ཤེས་རབ་སྟོང་པ་ཉིད་རྣམས་ལ། །རྣམ་པ་ཀུན་དུ་སྨད་མི་བྱ། །སེམས་ཅན་བདེ་བ་ ཡིད་མི་དཀྲུག །ཅེས་པ་ལན་གསུམ་གྱིས་སྡོམ་པ་གཟུང་སྟེ། ཕྱིས་མི་བྱེད་པར་དམ་བཅའ་བའོ། །སྡོམ་པ་བླང་བ་ནི་ཁྲིམས་ལས་འདུག་པ་དང་འདྲ་བར་བསྟན་ཏེ་ཉེས་པ་ཡོད་པའི་ཕྱིར་རོ། །དེ་ནས་སྨོན་ལམ་གསུམ་གྱི་ཚུལ་དུ་བསྔོ་བ་ནི། །བྱང་ཆུབ་སེམས་དཔའ་ རྣམས་ཀྱི་ལམ་མོ། །དེ་ནི་དགེ་བའི་ཕྱོགས་གཞན་ཡང་ཡོངས་སུ་བཟུང་ངོ་། །ཨེ་མའོ་ནི་དགྱེས་པ་དང་ངོ་མཚར་བའོ། །ལེའུ་བཅུ་གཉིས་པ་ནི་གྲངས་ཀྱི་བཅུ་གཉིས་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། །། གྲོགས་སྤྱོད་བསྟན་ཀྱང་ཞི་དྲག་དང་འབྱུང་བ་བཞིས་བསྟོད་པ་མ་བསྟན་ན་འགྲུབ་པར་མི་འགྱུར་བས་དེ་ལ་དེ་བསྟན་ཏོ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །བཅོམ་ལྡན་གསང་བདག་གོས་སྔོན་ཅན། །ཞེས་པ་ལ། དེ་ནས་ནི་ལེའུ་བཅུ་གཉིས་པའི་རྟིང་ དེ་ནས་སོ། །གཞན་ནི་ཞི་དྲག་གིས་ཀླུ་འདུལ་བའི་བསྟོད་པ་དང་། འཁོར་ལོ་བཞིས་བསྟོད་པ་བསྟན་ཏོ། །བཅོམ་ལྡན་གསང་བདག་ནི། བདུད་བཞི་འཇོམས་ཤིང་ཡེ་ཤེས་ལྔ་དང་ལྡན་པའོ། །དེས་ནི་སྐུ་གསུང་ཐུགས་ཀྱི་བདག་པོའི་རྡོ་རྗེ་རྣམས་ཡིན་པར་བསྟན་ཏོ། །བསྡུ་ བའི་ཐབས་ཀྱི་ཏིང་ངེ་འཛིན། །འཁོར་གྱི་ཀླུ་རྣམས་སྡུད་མཛད་ནས། །ཞེས་པ་ལ། བསྡུ་ཐབས་ནི་སྔོན་རི་རབ་ཀྱི་རྩེ་ལ་གནོད་སྦྱིན་དང་ཀླུའི་རིགས་འདུལ་བའི་ཚེ། ཀླུ་དང་གནོད་སྦྱིན་རྣམས་བསྡུ་བ་མཛད་ཅེས་བསྟན་ཏོ། །མེ་ཡི་འཁོར་ལོར་སྙོམས་ཞུགས་ནས། །གསང་བ་ མེ་ཡི་སྔགས་བཟླས་པས། །ཞེས་པ་ལ། མེའི་སྙོམས་ཞུགས་ནི། བཅོམ་ལྡན་འདས་ཀྱིས་མེ་བརྒྱད་ཀྱི་འཁོར་ལོར་སྙོམས་པར་ཞུགས་ཏེ། ཀླུ་རྣམས་སྐྲག་པར་བྱ་བའི་དོན། མེའི་རང་བཞིན་མེའི་སྔགས་བཟླས་པས། ཀླུ་རྣམས་འདུལ་བར་ཚིག་འོག་མ་རྣམས་དང་འབྲེལ་ཏོ། ། ཀླུ་རྣམས་མ་ལུས་ཚིམ་པར་མཛད། །བྲལ་ནས་དཔག་ཚད་གནས་སུ་བྲོས། །ཞེས་པ་ལས། བཅོམ་ལྡན་འདས་མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། འཁོར་གྱི་ཀླུ་རྣམས་ལ་འདིར་གནས་ན་མེ་ཡིས་འཆི་བའི་འཇིགས་པ་འབྱུང་བར་འགྱུར་སྙམ་པའི་འཇིགས་པ་འབྱུང་། དེ་ནས། བདག་གི་འཁོར་ན་མི་གནས་པར་འབྲོས་ཏེ་འགྲོ །བོག་སྟེ་འགྲོ་བ་ནི་དཔག་ཚད་དང་རྒྱང་གྲགས་སུ་འབྱེར་བའོ། །སླར་འདུས་བདུད་རྩི་སྨན་གྱིས་གསོ། །ལས་བཅོལ་སོ་སོའི་གནས་སུ་དགོད། །ཅེས་པ་ལ། སླར་ཞི་བའི་ཐུགས་རྗེས་བསྡུས་ཏེ་ཡེ་ཤེས་བདུད་རྩིས་ གསོས་ཏེ། གནོད་པ་མ་བྱེད་པར་བཀའ་བསྒོ་ནས། རང་རང་གི་གནས་སུ་བསྐྱལ་ཞེས་པའོ། །དེ་བཞིན་དུ་ཀླུའི་གདོན་གྱིས་ཉེན་པ་རྣམས་ལ་ནི། མེའི་ཏིང་ངེ་འཛིན་མེ་བརྒྱད་ཀྱི་འཁོར་ལོ་ལ་གནས་ནས་མེའི་སྔགས་བཟླས་པས། འཆི་སྙམ་པའི་འཇིགས་པ་དང་བྲལ་ཞིང་ འགྲོ། དཔག་ཚད་དུ་བྱེར་ཞིང་འགྲོ་ཞེས་པའོ། །གནོད་པ་མི་བྱེད་པའམ་དམ་ལ་ཐོགས་པའི་ཀླུ་རྣམས་ལ་ནི་སླར་བདུད་རྩི་སྨན་གྱིས་གསོ། དེ་ནས་ཀླུ་ནད་གསོ་བ་རྣམས་ཀྱི་ནང་ན་ནི་མེ་ཡིས་གསོ་བ། དགེ་སློང་ཀླུའི་བྱང་ཆུབ་ཀྱིས་གསུངས་པ་བདེན་པའོ། །མི་སླུ་བའོ། །དེ་ནས་ འཁོར་རྣམས་ཀྱི་ནང་ནས་ཁམས་གསུམ་རྣམ་པར་རྒྱལ་བ་སྟན་ལས་ལངས་ཏེ། འབྱུང་བ་བཞིའི་བསྟོད་པ་གསུངས་པ། ཐལ་མོ་སྦྱར་བ་ནི་དངོས་ཏེ། པུས་མོ་བཙུགས་པའོ། །མེ་བརྒྱད་འཁོར་ལོ་བདག་ཉིད་ཆེ། །རྟག་ཏུ་མེ་ཡི་ཏིང་འཛིན་ལ། །སྙོམས་འཇུག་ཁྱོད་ནི་རྒྱལ་གྱུར་ཅིག །ཅེས་པ་ལ་ གནས་བརྒྱད་ཀ་རྐང་མཐིལ་གཉིས། ལག་མཐིལ་གཉིས་དཔྱི་མིག་གཉིས། གསང་བ་དང་མགྲིན་པ་གཉིས་ཏེ་བརྒྱད་ནས་རཾ་ལས་བྱུང་བའི་དམར་སེར་བརྒྱད་གནས་པའོ། །དེས་བསྲེགས་པས་ན་འཆི་བའོ། །རྟག་ཏུ་ནི་དེའི་ཏིང་ངེ་འཛིན་ལ་གནས་ན་སྙོམས་པར་ཞུགས་ནས་བརྒྱལ་ཞིང་ འཇིགས་པ་སྟེ། ལྷན་ཅིག་མི་གནས་པའི་འགལ་བ་བཞིན་ནོ། །བདེ་བའི་རོལ་མོ་མེ་ཀློང་དུ། །སྲེག་མཛད་མེ་བརྒྱད་ཁྱོད་ཕྱག་འཚལ། །རང་བཞིན་མངའ་བདག་ཁྱོད་ཕྱག་འཚལ། །ཞེས་པ་ལས། བདེ་བའི་རོལ་མོ་མེ་ཀློང་ནི་ཡེ་ཤེས་ཀྱི་མེ་དང་ལྡན་པས་ཉོན་མོངས་པ་ སྲེག་པའོ། །སྲེག་པ་ནི་ནད་དང་ཉོན་མོངས་པའོ། །ཡང་སྨིན་ཅིང་སེལ་བས་ན་མེ་ལ་ཕྱག་འཚལ་ལོ། །དེས་ནི་ཁྱོད་ལས་མི་འདའ་བར་སྟོན་ཏོ། །རང་བཞིན་ནུས་པ་དེ་ཡོད་པས་ཁྱོད་ཕྱག་འཚལ་ཞེས་བྱའོ། །ཆུ་ཡི་ངང་ལ་གནས་འདོད་ན། །ཆུ་བརྒྱད་ཏིང་འཛིན་ལ་ གནས་ཏེ། །ཞེས་པ་ལ། དེ་དང་འདྲ་བའི་ནད་དང་ཉོན་མོངས་པ་ཞི་བར་འདོད་ན། ཆུ་བརྒྱད་ནི་གོང་གི་གནས་བརྒྱད་དུ་བཾ་དཀར་པོ་ལས་ཆུ་བསྒོམས་པས་ནད་སེལ། དེ་ཚེ་འཁོར་གྱིས་འདི་སྐད་བསྟོད། །ཆུ་བརྒྱད་འཁོར་ལོ་བདག་ཉིད་ཆེ། །རྟག་པར་ཆུ་ཡི་དཀྱིལ་འཁོར་ ཅན། །ཞེས་པ་ལ། འཁོར་རྣམས་ནི་རྣམ་པར་རྒྱལ་བ་ལ་སོགས་པའོ། །དེས་ནུས་པ་ཆུ་དང་འདྲ་བའི་སྒོ་ནས་བསྟོད། ཆུ་བརྒྱད་འཁོར་ལོ་ནི་གནས་བརྒྱད་ནས་འཁྲུད་པའོ། །རྟག་ཏུ་འཁྲུད་པར་བྱེད་པའི་ནུས་པ་ཡོད་པས། ཆུའི་དཀྱིལ་འཁོར་ཅན་ནོ། །འབྱུང་བའི་གཙོ་ བོ་ཆུ་ཡི་བདག །མངའ་བདག་གཙོ་བོ་ཁྱོད་ཕྱག་འཚལ། །ཞེས་པ་ནི། འབྱུང་བའི་གཙོ་བོ་ཆུ་ཡིན་ཏེ། དེ་དག་གི་གཙོ་བོ་གོས་སྔོན་པོ་ཡང་དེ་དང་འདྲ་ཞེས་སོ། །མངའ་བདག་གི་གཙོ་བོ་ཁྱོད་རང་བཞིན་ནམ་ནུས་པ་དེ་དང་ལྡན་པས་ཁྱོད་ཕྱག་འཚལ་ལོ། །རླུང་ བརྒྱད་ཏིང་འཛིན་ལ་གནས་པས། །འཐོར་ཞིང་འབུད་པའི་བདག་ཉིད་ཆེ། །ཞེས་པས་ནི་གནས་བརྒྱད་དུ་བསྲེགས་པའི་ཤུལ་རླུང་བརྒྱད་ཀྱིས་འཐོར་བའོ། །གཞན་དེའི་ནུས་པའི་དུག་འཐོར་བ་སྟེ་གོང་མའོ། །འཐོར་ཞིང་འབུད་པས་ན་རླུང་དང་འདྲ་བའི་ནུས་པས་འཐོར་ ཞེས་པའོ། །ཆེ་བ་སྟེ་སྤོབས་པ་དང་ལྡན་པའོ། །རླུང་ཆེན་དྲག་པོ་རྩལ་ཤུགས་ཅན། །རླུང་ལྷ་གོས་སྔོན་ཁྱོད་ཕྱག་འཚལ། །ཞེས་པ་ལ། ཆེན་པོ་ནི་ཡེ་ཤེས་ཀྱི་རླུང་ངོ་། །དྲག་པོ་རྩལ་ཤུགས་ནི་ཐོགས་པ་མེད་པའོ། །རླུང་ལྷ་གོས་སྔོན་ཅན་ནི། དངོས་ཏེ་དེ་ལ་དེའི་ནུས་པ་ཡོད་ པའི་ཕྱིར་རོ། །ས་ཡི་དཀྱིལ་འཁོར་ལ་གནས་ནས། །མི་གཡོ་བརྟན་པའི་ལས་མཛད་པ། །ཞེས་པ་ལ། ས་ནི་གཞན་གྱི་ནུས་པ་གནོན་པ་སྟེ་གཞན་གྱི་ནུས་པ་གནོན་པའི་ཚེས་དང་འདྲ་བ་ལ་གནས་ཞེས་བྱའོ། །མི་གཡོ་བ་ནི་བདག་ཉིད་ལ་ཚུར་ལ་མི་བརྫི་བའོ། །བརྟན་པ་ནི་ མིས་མི་ལྡང་ཞེས་པའོ། །གསེར་ལྡན་རོལ་མོ་སྣ་ཚོགས་བདག །ས་བདག་འཁོར་བདག་ཁྱོད་ཕྱག་འཚལ། །ཞེས་པ་ལ། གནོན་པའི་ཚེ་གསེར་གྱི་འཁོར་ལོ་དང་འདྲ་བའི་ཕྱིར་ཏེ། རོལ་མོ་ནི་དེས་སྣང་བའོ། །སྣ་ཚོགས་ནི་འབྱུང་བ་བཞིས་འདུལ་བའོ། །ས་བརྒྱད་ཀྱི་འཁོར་ ལོ་གནས་བརྒྱད་དུའོ། །ཁྱོད་ནི་དེའི་རང་བཞིན་ཡིན་པས་ཕྱག་འཚལ་ལོ། །ལེའུ་བཅུ་གསུམ་པ་ནི་གྲངས་ཀྱི་བཅུ་གསུམ་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།དེ་ལྟར་བསྐྱེད་པ་དང་གྲོགས་སྤྱོད་བསྟན་ཀྱང་། རྫོགས་རིམ་མ་བསྟན་ན་འགྲུབ་པར་ མི་འགྱུར་བས་དེ་བསྟན་ཏོ། །དེ་ནས་དཔལ་ལྡན་གོས་སྔོན་ཅན། །ཕྲ་མོའི་ཏིང་འཛིན་ལ་གནས་པ། །ཞེས་པ་ལ། དེ་ནས་ལེའུ་བཅུ་གསུམ་པ་སོང་བའི་རྟིང་དེ་ནས། ཡོན་ཏན་གཉིས་དང་ལྡན་པའི་གོས་སྔོན་ཅན་དེས། ཕྲ་མོའི་ཏིང་ངེ་འཛིན་ནི་དཔེའི་ཡེ་ ཤེས་དང་། ལས་དང་ལམ་གྱི་ཡེ་ཤེས་མ་ཡིན་ཏེ། འབྲས་བུ་ཕྱག་རྒྱ་ཆེན་པོ་ལ་གནས་ནས་ཞེས་བཤད་དོ། །ལམ་ཡང་མཚན་བཅས་དང་མཚན་མེད་དོ། །ཕྲ་མོ་སྟོང་ཉིད་གོམས་པའོ། །སྣང་བ་དངོས་སུ་མེད་པ་སྟེ། །སྣང་བ་སྟོང་པའི་རང་བཞིན་ནོ། །སྟོང་ལ་བདེ་བའི་རིག་ པའོ། །དེ་ནི་སྣང་བ་དངོས་སུ་བསྟན། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །མི་རྟོག་སྤྲོས་བྲལ་གོམས་པ་ནི། །མཚན་མེད་ལམ་དུ་བསྟན་པ་ཡིན། །སྐྱེ་བ་རྨི་ལམ་བར་དོ་ནས། །སྲིད་པ་བར་དོ་གསུམ་དུའོ། །དེ་ཡང་མི་རྟོག་སྤྲོས་བྲལ་ལོ། །དེ་ནི་གསང་བའི་སྲིད་པའི་ ལུང་ལས། །སྲིད་གསུམ་རང་བཞིན་འཕོ་བ་ཡང་། །འབྲས་བུ་ཡང་དག་འབྱིན་པ་སྟེ། །འདི་ནི་རྣམ་ཤེས་འཕོ་འཇུག་གོ། །མཚན་བཅས་ཀུན་བརྟགས་རྩ་རླུང་གི། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན། །ཤིན་ཏུ་ཡིད་དགའ་དང་བས་ཞུས། །ཞེས་པ་ལ། འཁོར་གྱི་གནོད་ སྦྱིན་མང་པོ་ཀུན་ནི་གནོད་སྦྱིན་དུ་མའོ། །གོང་དུ་བསྟན་པའི་ཏིང་ངེ་འཛིན་ལ་དགའ་ནས། འཁོར་གྱི་ནང་ནས་རྣམ་པར་རྒྱལ་བ་ཞེས་བྱའོ། །ཕྲ་མོ་ཐིག་ལེ་ཆེན་པོ་ཡིས། །ཅིར་སྣང་དངོས་པོ་གཅིག་ཏུ་འདུས། །དེ་ཉིད་མཐའ་འདས་རང་བཞིན་མེད། །ཅེས་པ་ལ། ཕྲ་མོ་ ཐིག་ལེ་ཆེན་པོ་ནི། །སྤྱི་བོ་དང་ནི་མགྲིན་པ་དང་། །སྙིང་ག་དང་ནི་ལྟེ་བ་དང་། །གཏུམ་མོ་རླུང་གི་འཁོར་ལོ་རྣམས་སོ། །རང་འབྱུང་གི་ཡི་གེ་གནས་པ་ནི་ཐིག་ལེའོ། །ཕྲ་བ་ནི་ཨཱ་ལི་དང་ལྡན་པའི་རྩ་ལ་རླུང་བུས་ཏེ། ཐིག་ལེ་ལས་མེ་འབར་ཏེ་བདེ་བ། ཤིན་ཏུ་བདེ་བ། མཆོག་ཏུ་བདེ་བ་བསྐྱེད་པ་ནི་ཕྲ་བའོ། །ཏིང་ངེ་འཛིན་དེ་ལ་མིང་དེ་ཡོད་པས་དེ་སྐད་ཅེས་བྱའོ། །ཅི་སྣང་དངོས་པོ་ནི་ཀུན་དུ་རྟོག་པ་ཐམས་ཅད་འབར་བ་སྟོང་པ་ཉིད་དུ་ཞུ་ཞེས་པའོ། །དེ་ཉིད་མཐའ་འདས་ནི་ལམ་ཆོས་ཀྱི་ཕྱག་རྒྱ་འོད་གསལ་ཉམས་སུ་བླངས་པས་དེ་ནི་ལམ་གྱི་འོད་ གསལ་ཞེས་བྱའོ། །རང་བཞིན་མེད་ནི་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའོ། །དངོས་པོ་མཐའ་དང་བྲལ་བས་རང་བཞིན་མེད་ཅེས་བྱའོ། །ཡུམ་ལྕང་ལོ་ཅན་ལ། སྤྲུལ་པ་བདེ་ཆེན་ལོངས་སྤྱོད་ཆོས། །རླུང་དང་མེ་ལ་རབ་གནས་པས། །མཐའ་འདས་རང་བཞིན་ཆོས་སྐུ་ཐོབ། །ཅེས་ གསུངས་སོ། །དེ་ནས་དཔལ་ལྡན་གོས་སྔོན་ཅན། །བླ་མེད་རྫོགས་པའི་ཀློང་ཆེན་དུ། །འདོད་ཆགས་ཏིང་འཛིན་ལ་གནས་པ། །ཞེས་པ་ལས། སེམས་ཅན་ཆགས་པ་ཅན་དྲངས་པའི་ཕྱིར། །ཐབས་དང་ཤེས་རབ་ཀྱི་སྤྱོད་པ་བསྟན་ཏེ། རི་རབ་ཀྱི་རྩེ་ལ་ དཔལ་ལྡན་གོས་སྔོན་ཅན་ནི་ཁྲོ་མོ་རྡོ་རྗེ་སྲེག་མ་དང་སྙོམས་པར་ཞུགས་པའི་ཚུལ་བསྟན་ཏོ། །སངས་རྒྱས་གོས་སྔོན་ཅན་ནི་རྡོ་རྗེ་གསང་བ་མོ་དང་སྙོམས་པར་ཞུགས་སོ། །རིན་པོ་ཆེའི་མཚན་གོས་སྔོན་ཅན་ནི་རྡོ་རྗེ་ཞི་བ་མོ་དང་སྙོམས་པར་ཞུགས་སོ། །པདྨ་གོས་སྔོན་ཅན་ནི་ཁྲོ་མོ་ དག་བྱེད་མ་དང་སྙོམས་པར་ཞུགས་སོ། །ལས་ཀྱི་གོས་སྔོན་ཅན་ནི་རྡོ་རྗེ་རྒྱལ་བ་མོ་དང་སྙོམས་པར་ཞུགས་སོ། །དེ་དགའ་བ་བཞི་རྣམ་པར་དག་པ་སྐྱེ་བའི་ཚུལ་བསྟན་ཏེ། དེ་ནི་འདོད་པ་ལ་ཞེན་པ་རྣམས་རབ་ཏུ་འཇོམས་པའོ། །ལུང་ལས་རྡོ་རྗེ་ཁྲོ་བོ་རྣམས་དང་སྦྱོར། །གཞན་ལ་བདེ་བ་འཕྲོ་ འདུ་བྱ། །འོ་དང་འཁྱུད་པ་ལ་སོགས་པ། །དགའ་བཞིའི་ཚུལ་དང་ཡང་དག་ལྡན། །དེས་ཀྱང་རྣམ་པར་གྲོལ་བར་འགྱུར། །ཞེས་པའོ། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན། །གནས་དང་དུས་དང་རྒྱལ་བ་ལས། །ཞེས་པ་ལ། འཁོར་གྱི་གནོད་སྦྱིན་མང་པོ་ཆགས་པ་དང་བྲལ་བའི་ རིགས་སོ། །དེ་ལྟ་བུའི་སྤྱོད་པས་སངས་རྒྱས་མཐོང་བས་འདི་ནི་ཐ་མལ་པ་སྤྱོད་པའི་འཁོར་བའི་ལམ་ཞེས་སྨྲ་ཞིང་སྔངས་པ་དང་། དུས་ཐོབ་པའི་ཐབས་མེད་དོ་ཞེས་ཟེར་ནས་བརྒྱལ་བའོ། །བསླང་སྟེ་བླ་མེད་དོན་བསྟན་པས། །ཐམས་ཅད་འདོད་ཆགས་མངོན་སངས་རྒྱས། །ཞེས་ པ་ལ། བཾ་སཾ་ས་མ་ཡ་ཧོ། ཞེས་བརྗོད་ནས་བརྒྱལ་བ་ཀུན་བསླངས། བླ་ན་མེད་པ་ཕོ་ཉའི་ལམ་དགའ་བ་བཞི་དངོས་པོ་ལམ་སྟོང་པ་ཉིད་བཞི་ལམ་ལ་བཙུད་པས་ཆགས་པ་དང་བྲལ་བའི་གནོད་སྦྱིན་ཀུན་ཕོ་ཉའི་ལམ་ལས་སངས་རྒྱས་ཤིང་འབྲས་བུ་ཐོབ་བོ། །དེས་ན་འདོད་ཆགས་མངོན་ སངས་རྒྱས་ཞེས་བྱའོ། །འཁོར་གྱིས་སྐུ་ལ་བསྟོད་པ་ནི། །འཁོར་ལྷག་མ་རྣམས་ཡི་རངས་ཏེ། །བསྟོད་པ་གསུངས་པ་ཀྱེ་ཧོ་ཞེས་གཙོ་བོ་ཡེ་ཤེས་ལ་བསྟོད་དོ། །དེ་ནས་བསྟོད་པ་བཞིའི་ངོ་བོས་རྟོགས་པ་ཐམས་ཅད་འདག་པ་སྟེ། བསྟོད་པ་གཅིག་ནི་རྩ་བ་ན་གསལ་བས་མ་བྲིས་སོ། །སྙོམས་ པར་འཇུག་པ་ནས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་མངོན་ཤེས་སེལ་བའི་འདོད་ཆགས་ནི། སངས་རྒྱས་བྱང་ཆུབ་སེམས་དཔའི་ལམ། །བསྟོད་པའི་གནས་སུ་འདི་གསུངས་སོ། །ཞེས་པའོ། །ལེའུ་བཅུ་བཞི་པ་ནི་གྲངས་ཀྱི་བཅུ་བཞི་པའོ། །ལག་ན་རྡོ་རྗེ་རྩ་བའི་རྒྱུད་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་བཞི་པའི་བཤད་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ཞེས་པ་ནས་འཁོར་གྱིས་གཙོ་བོ་ལ་བསྟོད་པ་ནས་བླ་མེད་སྐྱབས་མཛད་ཀྱི་བར་ལ། ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པས་གཙོ་བོ་ལ་བསྟོད་པ་བསྟན་ཏེ། ཉམས་སུ་བླང་བ་མེད་པའི་ཕྱིར་དང་། གཙོ་བོ་ལ་མོས་པའི་ཕྱིར་དང་། ཚིག་དོན་ཡིན་ པས་རྒྱུད་དངོས་སུ་བསྟན་པས་བཤད་པ་ནི་མ་བྱས་སོ། །ཡི་རང་བ་ནི་སྟོན་པའི་ཆོས་གསུམ་དུ་བསྟན་པ་ལ་མོས་པས་ཡི་རང་བ་སྟེ། ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་ཡང་ཡིད་དགའ་བའི་མཆོད་པས་ཁྱབ་པར་གྱུར་ཏོ་ཞེས་བྱ་བ་ལ། ལྷ་ནི་ཚངས་པ་དང་། པཉྩི་ཀ་ལ་སོགས་པའོ། ། ཀླུ་ནི་དགའ་བོ་ལ་སོགས་པའོ། །ལྷ་མ་ཡིན་ནི་ཐགས་བཟངས་ལ་སོགས་པའོ། །མིའམ་ཅི་ནི་རྟ་མགོ་ཅན་དང་། དྲི་ཟ་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་བྱང་ཆུབ་སེམས་དང་ལྡན་ཞིང་། སྟོང་པ་ཉིད་ཀྱི་དོན་ཟབ་མོ་ལ་མོས་པའོ། ། མི་ལ་སོགས་པ་ཐམས་ཅད་འཇིག་པའི་རྟེན་དང་ལྡན་པ་ཐམས་ཅད་བདེ་བ་ལ་བཀོད་དོ་ཞེས་བྱ་བ་ལ། རི་རབ་ཀྱི་རྩེ་ལ་རྒྱུད་འདི་བཤད་པས། དེའི་བྱིན་གྱི་རླབས་ཀྱིས། མི་དང་ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ནད་ལས་གྲོལ་བར་གྱུར་ཏོ། །བདེ་གཤེགས་ཞལ་ ནས་གསུངས་པའི་རྒྱུད་རྣམས་ལ། །བཤད་ཅིང་མན་ངག་འགྲེལ་པར་བྱས་པ་རྣམས། །ཀུན་ལ་དོན་དང་ངག་གི་སྐྱོན་རྣམས་ཡོད་པ་སྟེ། །བཟང་པོར་སེམས་ཀྱང་སྐྱོན་ཏེ་དེ་ནི་རང་གི་ཁེངས་པའི་སེམས། །དཔེར་ན་འདམ་གྱི་སེང་གེ་སེང་གེ་ཡིན་ཞེས་ཉ་རྣམས་སྨྲ། ཞེས་ པ་ལྟ་བུའོ། །དེས་ན་འདིར་ནི་རྒྱུད་ཀྱི་དགོངས་པ་ལ། སྐྱེས་དང་ལྷག་པའི་མཐོང་ལས་ཚོགས་པ་གསུམ་དུ་འདུས། བསྐྱེད་པའི་རྒྱས་པ་བསྡུས་དང་ཤིན་ཏུ་བསྡུས་པར་གསུངས། །དེ་ཡང་། རིམ་གྱིས་བསྐྱེད་དང་ཅིག་ཅར་གྱིས། །གང་ཟག་བློ་ཡིས་རིམ་པར་གསུངས། ། རྫོགས་པ་གཉིས་སུ་བསྟན་པ་ཡང་། །མཚན་བཅས་དང་ནི་མཚན་མེད་དོ། །མཚན་བཅས་ཀུན་བརྟགས་ལམ་དུ་བྱེད། །རྩ་རླུང་བྱང་ཆུབ་སེམས་ཀྱིས་སུ། །རིམ་གྱིས་ཡེ་ཤེས་སྐྱེ་བར་འདོད། །མཚན་མེད་ཉམས་སུ་སྐྱེ་ལུགས་ཀྱང་། །མི་རྟོག་སྟོང་པ་ ཉམས་སུ་བླང་། །སྟོང་པས་སྟོང་པ་གོམས་པར་བྱེད། །སྐད་ཅིག་གོམས་སོགས་སྤངས་པ་ཡིས། །ལམ་ལྔ་དང་ནི་ལམ་གཉིས་བགྲོད། །འདི་ཡང་གསང་སྔགས་འབྲས་བུ་ལམ། །དྲི་བཅས་དང་ནི་དྲི་མ་མེད། །འདི་ནི་ཐར་པའི་ལམ་ལ་གནས། །དྲི་བཅས་དཔེ་ཡི་ཡེ་ ཤེས་ཚོལ། །དྲོད་དང་རྩེ་མོ་ཆོས་མཆོག་རྣམས། །མ་རྟོགས་མཐོང་ལམ་སྐྱེ་བ་མེད། །མཐོང་ལམ་སྐད་ཅིག་བཅུ་དྲུག་གིས། །མཐོང་སྤངས་ཉོན་མོངས་སྤོང་བར་བྱེད། །གཉེན་པོ་ཡེ་ཤེས་བཅུ་དྲུག་གོ། །ཉི་མ་གྲིབ་མ་ཚུལ་དུ་སྤོང་། །ཆོས་ནི་སྣང་བར་གསལ་བའོ། ། སྐད་ཅིག་ཕྱི་མ་སྣང་བ་མཆེད། །མཐོང་ལམ་ཡེ་ཤེས་མ་མཐོང་མཐོང་། །སྣང་བ་སྟོང་པར་ཐོབ་པའོ། །དྲོད་རྩེ་ལ་སོགས་གཉིས་ཀྱི་རྟེན། །ངེས་པར་བྱེད་པའི་ཆ་བརྒྱད་པོས། །སྒོམ་པ་སྤོང་བའི་ཉོན་མོངས་སྤོང་། །འདི་ནི་དྲོད་སྤང་བསྒོམ་པའི་ལམ། །རྒྱུ་ཡི་ཐེག་པར་རབ་བསྟན་ པའི། །ལམ་ལྔ་རིམ་གྱིས་བགྲོད་མི་དགོས། །འདི་རུ་ལམ་ལྔ་གསུངས་པ་ཡང་། །ཡེ་ཤེས་སྐྱེ་བའི་བགྲོད་ཚུལ་ལོ། །གྲོགས་ནི་ཚོགས་ཀྱི་གཏོར་མ་དང་། །སཱཙྪ་ཀློག་འདོན་ལ་སོགས་པ། །ཞི་གནས་ལྷག་མཐོང་སྐྱེ་བའི་རྒྱུ། །རྒྱུ་ལ་མ་བརྟེན་འབྲས་བུ་མེད། །དཔེར་ ན་ནམ་མཁའི་མེ་ཏོག་བཞིན། །འབྱུང་ངོ་ཞེ་ན་ཀུན་བརྟགས་འགྱུར། །དེ་ནི་མི་རིགས་སྨྲ་བ་སྟེ། །རི་བོང་རྭ་སོགས་ཚང་འཇལ་བཞིན། །ལེགས་པར་བསྟན་ཀྱང་དོན་མེད་འགྱུར། །ཡང་གསུངས་པ། རྒྱུ་ལས་འབྲས་བུ་འབྱུང་བ་མེད། །རྒྱུ་ལས་འབྲས་བུ་དངོས་ཡོད་ན། ། རྒྱུ་ལས་འབྲས་བུ་རྟོགས་པར་འགྱུར། །གལ་ཏེ་རྒྱུ་ཡིས་འབྲས་བསྐྱེད་ན། །འབྲས་བུ་དུས་སུ་རྒྱུ་མེད་པས། །རྒྱུ་འབྲས་ལྷན་ཅིག་མི་གནས་པས། །ཕན་ཚུན་སྤངས་པ་མི་གནས་འགྱུར། །ཡང་གསུངས་པ། རྒྱུ་ཡང་མཐོང་ལམ་ཡེ་ཤེས་ཏེ། །དེ་བསྒོམས་མཐར་ཕྱིན་ འབྲས་བུའོ། །སྟོང་ཉིད་བདེ་བའི་ཡེ་ཤེས་དང་། །སྐད་ཅིག་གོམས་སོགས་ཉམས་བླངས་པས། །རྒྱུ་འབྲས་གཉིས་མེད་བགྲོད་པ་ནི། །འབྲས་བུ་གསང་སྔགས་ཐོབ་ལུགས་སོ། །སྐད་ཅིག་གོམས་པ་རྒྱུ་ཡིན་ཏེ། །གོམས་པ་མཐར་སྔོན་རྟོགས་པའོ། །རྒྱུ་ལས་རྟེན་ བྱུང་ཤུགས་ཀྱིས་རྟོགས། །དེ་ནི་དངོས་མེད་འབྲས་བུའོ། །ཁོ་བོ་གཞུང་གིས་དེ་སྐད་སྨྲས། །ཡང་གསུངས་པ། བདེན་པ་གཉིས་སུ་རབ་བསྟན་པ། །བློ་ཡི་རྟོགས་ཚུལ་བྱེ་བྲག་གོ། །གཉིས་བྲལ་ཡང་དག་རྟོགས་ཚུལ་ནི། །བླ་མེད་དོན་ལ་གནས་ཞེས་གསུངས། ། དེས་ནི་རྒྱུད་ཀྱི་སྡོམ་ཚིག་ནི། །གཉིས་དང་གསུམ་དུ་འདུས་པར་གསུངས། །བདག་འདྲ་དམན་པའི་གང་ཟག་གིས། །ས་མ་ནོན་ཅིང་ཡི་དམ་ཞལ་མ་མཐོང་། །ཡང་སྤྲུལ་མཁའ་འགྲོ་རྣམས་དང་བདེ་གཤེགས་ལམ། །རང་ཉིད་གོས་སྔོན་ཅན་ལ་མོས་པ་ཡིས། །རང་ལ་བརྟེན་ དང་ཐར་པའི་ལམ། །རང་བས་བློ་ཞན་རྣམས་ལ་ཕན་པར་བྱ་ཕྱིར་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་མ་ཆད་བྱ་ཕྱིར་དང་། །སྙིང་རྗེ་གཉིས་མེད་སོགས་ཀྱི་མཚམས། །མན་ངག་ཚིག་དོན་རྒྱས་པར་བསྟན། །ཚིག་ལ་ཉེས་པ་མེད་དེ་སྔ་མ་སྔ་དང་གསང་ སྔགས་དག་ཏུ་སྦྱར། །དེ་གཞན་མེད་དེ་འདི་ལ་དགའ་བ་སྐྱེས། །གལ་ཏེ་བདག་གིས་ཁྲོ་ཚིག་དང་། །དོན་ལ་ཉེས་པ་ཤོར་སྲིད་ན། །དུས་གསུམ་རིགས་ལྔའི་བདེ་བར་གཤེགས་པ་དང་། །མཁས་ཤིང་ཤེས་པ་རྣམས་ལ་བཟོད་པར་གསོལ། །དད་པ་ཆེ་ལ་གྱོང་ཁེངས་མེད། ། སྒང་བུ་དམའ་ལ་འགྲོ་དོན་རྩོམ། །སྙིང་རྗེ་ཤེས་རབ་ཆེ་རྩོམ་ཞིང་། །གསང་སྔགས་ཆོས་དང་བླ་མ་ལ་ནི་གུས། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན་སོགས་པ། །དེ་ལ་གོང་མའི་མན་ངག་རྒྱུན་མ་ཆད་པར་སྦྱིན། །དེ་མ་བྱིན་ན་གསང་སྔགས་དམ་ཚིག་ཉམས། །ཡང་གསུངས་ པ། རྫོགས་ལྡན་དུས་ཀྱི་ཐ་མ་ལ། །རྩ་བ་དང་ཆད་སྙིང་རྗེ་བྲལ། ཁྭ་ལྟར་མུ་ཅོར་སྨྲ་ཞིང་གསང་སྔགས་ཕྲག་ཁྱེར་བ། །དེ་ལ་སོགས་པ་གང་ཟག་རྣམས་ལ་ནོར་ལ་བལྟས་ཏེ་བྱིན། །འཕེན་བྱེད་ལས་ཀྱིས་འཕངས་ན་རྡོ་རྗེ་དམྱལ་བར་སྐྱེ། །རྫོགས་བྱེད་ལས་ཀྱིས་ངན་སོང་ གསུམ་དུ་འཁོར། །ཞེས་རྒྱུད་ནས་གསུངས་སོ། །མནར་མེད་ངན་སོང་དུ་སྐྱེ་འབྲས་བུ་ཚ་གྲང་སྡུག་བསྔལ་མྱོང་། །ཐབས་དང་ཤེས་རབ་ཟུང་འབྲེལ་བའི། །ཉི་ཟླ་ལྟ་བུའི་དམ་ཆོས་འདི། །བདེན་པ་གཉིས་དང་མི་འགལ་གསང་སྔགས་འབྲས་བུའི་ལམ། །ཆོས་ འདི་ལེགས་པར་བྲིས་པས་ཁམས་གསུམ་སེམས་ཅན་རྣམས། །དྲོད་དང་རྩེ་མོ་བཟོད་པའི་ཆོས་ཀྱི་རྩེ། །ཡེ་ཤེས་བཞི་ཡི་ཚུལ་གྱིས་ཉོན་མོངས་སྡུག་བསྔལ་ཞི། །མཐོང་སྒོམ་སྒྲིབ་པ་རྣམས་དང་བྲལ་བ་དང་། །སྡུག་བསྔལ་གསུམ་དང་བརྒྱད་དང་ཡོངས་བྲལ་བའི། །མཛེ་ འབྲས་ནད་དང་བཞི་བརྒྱ་རྩ་བཞི་སོགས། །སྡུག་བསྔལ་རབ་ཞི་མྱུར་དུ་བདེ་བར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །སྡུག་བསྔལ་མ་ལུས་རབ་ཞི་ནས། །གོས་སྔོན་དངོས་གྲུབ་ཐོབ་པར་ཤོག །འཕགས་པ་གོས་སྔོན་པོ་ཅན་གྱི་རྩ་བའི་རྒྱུད་ཀྱི་འགྲེལ་པ་ རྫོགས་སོ།། །།སྐྱེ་བ་ལྔ་བརྒྱར་བློ་རབ་སྦྱངས། །སྔགས་ཀྱི་ཐེག་པའི་བསྟན་བཅོས་འདི། །དབུ་མའི་ལྟ་བ་ཡང་དག་སྟེ། །མཁས་བཙུན་རྣམས་ཀྱིས་ཡོངས་སུ་གཟུང་། །སྒྲོལ་མ་གསལ་བ་ཞེས་བྱ་བའི་འགྲེལ་པ་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། སརྦ་ཀལྤ་ས་མུཙྩ་ཡ་ནཱ་མ་དཱིཔྟ། བོད་སྐད་དུ། རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེ་བོ་ཕལ་ཆེར་འདོད་པའི་ཡུལ་ལ་ཆགས་ཤིང་རང་གི་བདེ་བས་གཞན་གྱི་དོན་དུ་མི་བསྒྲུབ་པ། །དེ་ལ་ གསང་ཕྱིར་ཕྱག་ན་རྡོ་རྗེས་རང་གི་རྒྱུད་དུ་མ་བྱས་སངས་རྒྱས་ཡུལ་དུ་འགྱུར། །གསང་བ་ཉེར་བཀོད་དེ་ཉིད་རྟོག་པ་བསྡུས་དང་མེ་ལྕེ་འབྱེད་སོགས་རྗེས་འབྲངས་ནས། །ཇི་སྲིད་ཀླུ་ཡི་མན་ངག་མ་ཆད་གསང་བའི་བདག་ལ་བཏུད་དེ་བདག་གིས་བཤད། །མངོན་པར་བྱང་ཆུབ་སྐུ་མངའ་བའི། ། གསང་བའི་བདག་པོ་གོས་སྔོན་ཅན། །འཇིག་རྟེན་ལྷ་ལ་སོགས་པས་བསྟོད། །རྡོ་རྗེ་འཆང་བའི་དབང་མཆོག་ཐོབ། །ཉི་མ་དང་འདྲའི་བདག་ཉིད་ཅན། །གཉིས་མེད་ལྷུན་གྲུབ་བདེ་གནས་སུ། །གསང་བདག་གོས་སྔོན་དེར་སངས་རྒྱས། །འོག་མིན་ཆོས་དབྱིངས་ཕོ་བྲང་དུ། ། ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་ནས། །བྱང་ཆུབ་མང་པོའི་འཁོར་དང་བཅས། །སྟོབས་ཆེན་གསང་བའི་དོན་བཀའ་སྩལ། །སྤྲུལ་པའི་སྐུ་ཡི་ཚུལ་བསྟན་ནས། །རི་རབ་རི་ཡི་རྩེ་མོ་ལ། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །གསང་ཆེན་རྒྱུད་དང་ཐུན་མོང་དག །ལེགས་པར་ བསྟན་པའི་དོན་རྣམས་ལ། །སྡེ་ཚན་ལྔ་ལྔ་ཉི་ཤུ་ལྔ། །མཐའ་དང་ལྷག་པའི་མཐའ་བཅས་པ། །སུམ་ཅུ་རྩ་བཞི་རྩ་བར་ལྡན། །ཡན་ལག་རྒྱུད་ནི་གྲངས་ལས་འདས། །དེ་དག་གསུམ་མམ་བཞིར་འདུས་ཏེ། །རྩ་བ་བཤད་དང་ཕྱི་མ་དང་། །ཕྱི་མའི་རྒྱུད་དུ་ངེས་པར་གསུངས། ། དེ་དག་དོན་འདི་ཐུབ་ཆེན་དང་། །རྡོ་རྗེ་འཆང་དང་གོས་སྔོན་ཅན། །དེ་ལ་སོགས་པས་རྒྱས་པར་གསུངས། །དེ་ཉིད་བསྡུས་པའི་དོན་གསུམ་སྟེ། །བསྐྱེད་རྫོགས་གྲོགས་དང་རྣམ་པ་གསུམ། །བསྐྱེད་པ་དག་ནི་གཉིས་ཡིན་ཏེ། །རིམ་གྱིས་བསྐྱེད་དང་ཅིག་ཅར་བ། །ཡི་གེ་ཕྱག་ མཚན་སྐུར་གྱུར་པར། །རིམ་གྱིས་བསྐྱེད་པ་ཞེས་སུ་གསུངས། །དྲན་པས་ལྡང་བ་ཆུ་བུར་ཚུལ། །ཅིག་ཅར་བསྐྱེད་པ་ཉིད་དུ་གསུངས། །རྫོགས་པའི་དོན་ནི་རྣམ་གཉིས་ཏེ། །རིམ་གྱིས་འཇུག་དང་ཅིག་ཅར་འཇུག །རྩ་དང་ཡན་ལག་རྟེན་བྱེད་པ། །རིམ་གྱིས་འཇུག་པའི་ཚུལ་དུ་ གསུངས། །ཅིག་ཅར་འཇུག་པ་ཞེས་བྱ་བ། །རྒྱུ་དང་འབྲས་བུ་སྐད་ཅིག་མ། །ཁྱད་པར་རྒྱུད་ཀྱི་དབང་དུ་གསུངས། །གྲོགས་ནི་དམ་ཚིག་ཤེས་རབ་དང་། །སྙིང་རྗེ་འཁོར་ལོ་ལ་སོགས་དང་། །ཁྱད་པར་སྤྱོད་པའི་དོན་ཤེས་པའོ། །དེ་དག་བཤད་པའི་ཡན་ལག་ནི། །དྲང་བའི་ དོན་དང་ངེས་པའི་དོན། །དགོངས་པས་བཤད་དང་དགོངས་པ་མིན། །ཇི་བཞིན་སྒྲ་དང་ཇི་བཞིན་མིན། །དེ་དག་བཤད་པ་རྣམ་པ་གསུམ། །དགོངས་པའི་གཞི་དང་གང་ཟག་དང་། །དགོངས་པ་སྐྱོན་དང་བཅས་པའོ། །སེམས་ཅན་མོས་པ་མི་མཐུན་པས། །གསང་བ་མ་ ཡིན་སོ་སོར་སྟོན། །དྲང་བའི་དོན་དུ་གསུངས་པ་ཡིན། །ཡང་དག་དོན་དང་ལྡན་པ་ལ། །དེ་ཉིད་མན་ངག་རབ་སྟོན་པ། །ངེས་པའི་དོན་དུ་འགྱུར་བ་ཡིན། །མ་བྱིན་ལེན་པ་ལ་སོགས་པ། །སྤྱད་པས་གྲོལ་བར་གསུངས་པ་སྟེ། དགོངས་པས་བཤད་པ་ཞེས་བྱར་གསུངས། ། དེ་ཉིད་དོན་དང་མཐུན་གྱུར་པ། །དགོངས་པ་མིན་པ་ཞེས་སུ་གསུངས། །ཤུ་ཀྲ་སུ་ཁ་ཞེས་པ་དང་། །མ་ནུ་ཏ་ར་ཞེས་བྱ་བ། །ཇི་བཞིན་མ་ཡིན་སྒྲ་རུ་འདོད། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །དེ་ཉིད་བརྡ་མིན་སྐྱེ་བའི་ཚིག །རྒྱུད་ཀྱི་བཤད་པ་མདོར་བསྡུས་ ཡིན། །དེ་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེའི་རྒྱུད་དུ་ལེགས་པར་མ་གསུངས་ཏེ། དེའི་དོན་མ་ལུས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། བཤད་པར་བྱ་དགོས་སོ། །འོ་ན་རྩ་བའི་རྒྱུད་དུ་ལེགས་པར་མ་གསུངས་པ་ཅིའི་ཕྱིར་ཞེ་ན། དེ་ནི་གང་ཟག་གཟུ་ལུམས་ མཁན་གྱིས་རང་དགར་སྤྱད་ཀྱིས་དོགས་པའི་ཕྱིར་རོ། །འོ་ན་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་མ་ཁྱབ་པས་ལུང་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་རིགས་ཅན་དུ་གྱུར་ན་མི་བདེན་ཏེ་མ་ཡིན། འདི་ནི་གང་ཟག་ ཐེག་པ་ཆེན་པོའི་རིགས་ཅན་མ་ཡིན་པ་ལམ་བསྟན་ཏེ། དེ་ཡང་ཐུགས་རྗེས་མ་ཁྱབ་པ་མ་ཡིན་ཏེ། དེ་ལ་དེའི་རྣམ་པར་སྟོན་པའི་ཕྱིར་རོ། །དེ་ནི་ལུང་གཞན་དག་ལས་ཀྱང་། །ཐེག་ཆེན་རིགས་མིན་འོག་མ་པ། །གསང་བའི་དོན་འདི་ཐོས་ན་སྐྲག །གང་ཟག་གཟུ་ལུམས་མཁན་ དག་ནི། །བླ་མའི་ཁ་དང་རབ་བྲལ་ནས། །ཐུག་ཐུབ་གཟུ་ལུམས་རས་ཆོད་བྱེད། །དེ་ནི་ངན་སོང་སྡུག་བསྔལ་མྱོང་། །དེ་བས་སངས་རྒྱས་ཐམས་ཅད་ཀྱིས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་རྣམ་པར་སྤྲུལ། །ཞེས་པའོ། །དེ་ལ་རེ་ཞིག་དང་པོར་རྒྱུད་ཀྱི་ཕྱུངས་གང་པ་ པར་བྱ་སྟེ། དེ་ཡང་ལེའུ་དང་པོས་ནི་རྒྱུད་ཀྱི་གླེང་གཞི་བསྟན་ཏོ། །ལེའུ་གཉིས་པས་བསྐྱེད་རྫོགས་རིམ་གྱིས་འབྱུང་བ་བསྟན་ཏོ། །ལེའུ་གསུམ་པས་ནི་ལས་སྣ་ཚོགས་ཀྱི་སྔགས་བསྟན་ཏོ། །ལེའུ་བཞི་པས་ནི་བསྲེག་པའི་སྔགས་ལ་སོགས་པའི་ཡོན་ཏན་བསྟན་ཏོ། །ལེའུ་ལྔ་ པས་ནི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་དོན་བསྟན་ཏོ། །ལེའུ་དྲུག་པས་ནི་ལས་བཅུའི་སྦྱིན་སྲེག་བསྟན་ཏོ། །ལེའུ་བདུན་པས་ནི་བདུད་བཏུལ་བ་བསྟོད་པ་དང་བཅས་པ་བསྟན་ཏོ། །ལེའུ་བརྒྱད་པས་ནི་ཕྱི་ནང་གི་གཏོར་མའི་ཆོ་ག་བསྟན་ཏོ། །ལེའུ་དགུ་པས་ནི་སྔགས་ཐམས་ཅད་ བསྟན་ཏོ། །ལེའུ་བཅུ་པས་ནི་ཀླུ་དགུག་ཅིང་དུག་གཞོམ་པ་དང་བཅས་པ་བསྟན་ཏོ། །ལེའུ་བཅུ་གཅིག་པས་ནི་ཀླུ་གཟིར་བ་བསྟན་ཏོ། །ལེའུ་བཅུ་གཉིས་པས་ནི་མཆོད་པའི་ཆོ་ག་བསྟན་ཏོ། །ལེའུ་བཅུ་གསུམ་པས་ནི་འཁོར་ལོ་བརྒྱད་ཀྱི་ཡན་ལག་དང་ཡོན་ཏན་སྔོན་བྱུང་ བ་བསྟན་ཏོ། །ལེའུ་བཅུ་བཞི་པས་ནི་རྫོགས་རིམ་འབའ་ཞིག་བསྟན་ཏོ། །ལེའུ་བཅོ་ལྔ་པས་ནི་རྗེས་སུ་ཡི་རང་བའི་བསྟོད་པ་བསྟན་ཏོ། །དེ་ལ་ལེའུ་གཉིས་པས་ནི། བསྐྱེད་རྫོགས་རིམ་གྱིས་འཇུག་པའི་ཚུལ་བསྟན་ཏོ། །གཞན་ནི་ཕལ་ཆེར་གྲོགས་སུ་འགྱུར་རོ། །དེ་ལ་ གླེང་གཞི་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དང་པོར་འཕགས་པ་ལག་ན་རྡོ་རྗེས་ཡི་གེ་དང་ཕྱག་མཚན་ལ་སོགས་པའི་སྒོ་ནས་འབྲས་བུའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་དུ་གྱུར་ཏོ། །དེའི་ཚེ་ཆོས་ ཉིད་རང་བཞིན་གྱིས་འོད་གསལ་བ་ནི་རྡོ་རྗེ་སེམས་དཔའའམ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དོ། །དེ་བས་ན་རྡོ་རྗེ་སེམས་དཔའ་ལ་ཕྱག་ན་རྡོ་རྗེས་ཐོས་ཞེས་པའོ། །ཡང་ན་ཕྱག་ན་རྡོ་རྗེ་ཉིད་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། ལོངས་སྤྱོད་རྫོགས་པའི་སྐུར་སྤྲུལ་ཏེ་དེ་ཉིད་ལས་ ཐ་དད་པའི་འཁོར་ཁམས་གསུམ་རྣམ་པར་རྒྱལ་བས་དོན་ཞུས་ནས་གསུངས་པའང་ཐོས་ཤེ་ན། ཡང་ན་ཕྱག་ན་རྡོ་རྗེ་ཉིད་བརྒྱ་བྱིན་ལྷའི་དབང་པོའི་གནས་སུ་སྤྲུལ་པའི་སྐུར་ཕྱུང་སྟེ། དེ་ཉིད་ལ་ཐ་དད་པའི་འཁོར་ལ་བཤད་ཅིང་སྡུད་པ་ནི་ཐོས་པ་ཞེས་སོ། །དེ་དག་ནི་དྲང་བའི་དོན་ཏོ། ། ཡང་ངེས་པའི་དོན་དུ་བཤད་པ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཉིད་ཕྱག་ན་རྡོ་རྗེའི་སྐུར་སྤྲུལ་ཏེ། མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་ཕྱག་རྒྱ་ཆེན་པོའི་ཚུལ་བསྟན་པའོ། །འོ་ན་གང་རྡོ་རྗེ་འཆང་ཆེན་པོ་ཉིད་ཕྱག་ན་རྡོ་རྗེའི་སྐུར་སྤྲུལ་པ་ཅིའི་ཕྱིར་ཡིན་ཞེ་ན། དེ་ནི་འདི་ལྟར་ཕྱག་ན་ རྡོ་རྗེ་ལ་དད་པའི་གང་ཟག་གདུལ་བའི་ཕྱིར་རོ། །འོ་ན་རྡོ་རྗེ་འཆང་ཆེན་པོ་ཉིད་ཕྱག་ན་རྡོ་རྗེའི་སྐུར་བསྟན་པ་མ་ངེས་པ་མ་ཡིན་ནམ། དངོས་སུ་སྤྲུལ་པ་ཞིག་གམ་འོན་ཏེ་མ་སྤྲུལ་ཞེ་ན། དེ་ནི་སྤྲུལ་དུ་ཡང་རུང་མ་སྤྲུལ་དུ་ཡང་རུང་ངོ་། །རྒོལ་ཏེ་དངོས་སུ་སྤྲུལ་ན་ནི་ས་བཅུའི་བྱང་ཆུབ་ སེམས་དཔའི་ཡང་དངོས་སུ་སྤྲུལ་པས་ཁྱད་མེད་པ་དང་། ཇི་ལྟར་རང་གི་གནས་པར་འགྱུར། འོན་ཏེ་མ་སྤྲུལ་ན་སྣང་བར་མི་རིགས་སོ་ཞེ་ན། བདེན་ཏེ་ལོག་པའི་ཤེས་པའམ། རྣམ་པར་རྟོག་པ་ལྡན་ནས་ནི་ཤེས་པ་དེ་གསུམ་འབྱུང་སྟེ། དེ་མ་ཡིན། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོ་ནི། །ཡང་དག་པའི་ཡེ་ཤེས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་རིང་དུ་སྤངས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པས་དངོས་སུ་སྤྲུལ་པའང་ལོག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟ་བའི་ལས་སུ་གྱུར་པ་ཐམས་ ཅད་ལ་ཐོགས་པ་མེད་དེ། །དེ་ལྟ་ན་ནི་སེམས་ཅན་གྱི་ཤེས་པས་གོས་པར་འགྱུར་ཞེ་ན། མ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར། གལ་ཏེ་མ་སྤྲུལ་ཡང་འགལ་བ་མ་ཡིན་ཏེ། སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་བྱིན་གྱི་རླབས་དང་། སེམས་ཅན་གྱི་མོས་ པ་ཐ་དད་པས་ཇི་ལྟར་ཡང་སྣང་དུ་རུང་ངོ་། །དེ་བས་ན་སྟོན་པ་ཕྱག་ན་རྡོ་རྗེ་ནི་འདིར་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །ཐོས་པ་ཞེས་པ་ནི། འདི་ལྟར་ཤེས་རབ་མཆོག་ཏུ་གྱུར་པ་དང་། རྒྱུད་ཐོས་པར་དཀའ་བ་དང་། ཐོས་པ་མང་པོའི་སྒོ་ནས་བདག་གིས་ཐོས་ཤེའོ། །དེ་ལ་ཤེས་རབ་མཆོག་ ཏུ་ཕྱིན་པ་ནི་སྐད་ཅིག་ཙམ་གྱིས་ཐོས་ཤེའོ། །རྒྱུད་འདི་ཐོས་པར་དཀའ་བ་ནི་གཞན་དུ་འདི་མ་ཐོས་ཤེའོ། །ཐོས་པ་མང་བ་ནི་འདིའི་ཚེ་འདི་ཐོས་ལ་གཞན་གྱི་ཚེ་གཞན་ཐོས་ཤེའོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བ་ནི་གནས་དེར་སྟོན་པ་དེ་ལས་ཐོས་པ་ནི་གཞན་ཐོས་པ་སྟེ། ཕ་རོལ་ ཏུ་ཕྱིན་པ་ལ་སོགས་པའོ། །གནས་འདིར་འདི་ལ་འདི་དང་ལྷན་ཅིག་ཐོས་པ་ཞེས་པ་ནི་ཕྱག་ན་རྡོ་རྗེའི་རྒྱུད་དོ། །ཐེག་པ་ཆེན་པོའི་ཁམས་གསུམ་རྣམ་པར་རྒྱལ་བ་མ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ། ཐེག་པ་ཆེན་པོའི་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་མ་ཡིན་ཏེ། འོན་ཀྱང་ཤཱ་རིའི་ བུ་ལ་སོགས་པར་སྣང་ངོ་། །དེ་བས་ན་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ་དངོས་སུ་ཕྱག་ན་རྡོ་རྗེ་ཉིད་དོ། །རྒོལ་ཏེ་འོན་སྡུད་པ་པོ་མེད་པར་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། སྡུད་པ་པོ་ནི་མེད་དོ། །དེའི་ཕྱིར་འདི་སྐད་ཅེས་སྟོན་པའམ་ཡང་དག་པའི་དོན་སྟོན་པའི་བརྡར་བཤད་དོ། ། ཕྱག་ན་རྡོ་རྗེ་འཆི་བདག་གི་རྒྱུད་ཕྱི་མ་ལས། །གང་ཚེ་བཅོམ་ལྡན་གོས་སྔོན་ཅན། །འདུས་པ་ཆེན་པོའི་འཁོར་དང་བཅས། །ཇི་ལྟར་གཟུགས་སུ་སྣང་བ་དང་། །གཞན་ཡང་སངས་རྒྱས་དཀྱིལ་འཁོར་དག །གཅིག་དང་ཐ་དད་ཅི་འགྱུར་བ། །གསང་བའི་བདག་པོས་བཀའ་ སྩལ་མཛོད། །དེ་སྐད་གསུངས་པར་གྱུར་པ་དང་། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །བདུད་རྩི་འཁྱིལ་ལ་སླར་གསོལ་པ། །དེ་བཞིན་གཤེགས་པའི་ཐུགས་རྗེ་དང་། །སེམས་ཅན་སོ་སོའི་ལས་འགྲོ་ཡིས། །སྐུ་གཅིག་བསྟན་པའི་སངས་རྒྱས་ལ། །སྣ་ཚོགས་ གཟུགས་སུ་རྣམ་པར་སྣང་། །གཅིག་དང་ལྔ་དང་བརྒྱ་དང་སྟོང་། །དེ་ལ་སོགས་པ་མཐའ་ཡས་པ། །གཙོ་དང་འཁོར་གྱི་རྣམ་པར་སྣང་། །སྤྱི་བོ་མགྲིན་པ་ལྟེ་བ་དང་། །སྙིང་ནང་བཙུན་མོའི་བྷ་ག་ན། །གསང་བའི་ཐིག་ལེའི་གཟུགས་གནས་ཚེ། །ཀུན་གྱི་སྣང་བ་སོ་སོར་སྣང་། ། ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། གནོད་སྦྱིན་ཐམས་ཅད་ཡོངས་སུ་འགྱུར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནོད་སྦྱིན་ནི་གནོད་སྦྱིན་གོས་སྔོན་ཅན་ཏེ། གནོད་སྦྱིན་ཐམས་ཅད་ཀྱི་སྡེ་དཔོན་དུ་གྱུར་པའོ། །དེའི་གནས་ཡིན་ པས་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྟུག་པོ་བཀོད་པའི་ཕོ་བྲང་དུ་ཕྱག་ན་རྡོ་རྗེ་མཐོང་བའི་སྐལ་བ་མེད་པས་དེ་ན་བཞུགས་ཞེས་བྱའོ། །ཤིན་ཏུ་དབེན་པ་ཡོངས་སུ་དག་པ་ཞེས་པ་ནི། འོག་མིན་གྱི་གནས་ཏེ། དེ་བས་ན་གནས་གཉིས་ཁོ་ནའོ་ཞེས་ལ་ལ་འཆད་དོ། །ལ་ལ་དག་ ནི་གནས་ནི་གསུམ་དུའང་འདོད་དོ། །དེ་དག་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཁོ་ནའི་གནས་ཡིན་ཏེ། འབྱུང་པོ་དང་བར་དུ་གཅོད་པའི་རྣམ་པས་དབེན་པས་དབེན་པའོ། །ཡོངས་སུ་དག་པའང་དེ་ཉིད་དེ། དེ་ལས་རིང་དུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་ན་རྡོ་རྗེའི་བྱིན་གྱི་ བརླབས་ཀྱིས་ཁྱབ་པའི་ཕྱིར་རོ། །ཡོན་ཏན་རྣམ་པ་མང་པོ་དང་ལྡན་པའི་གནས་ནི་སྟོན་པ་བཞུགས་པའི་ཚུལ་འདིས་སྟོན་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཞེས་པ་ནི། གནོད་སྦྱིན་ནི་གང་བ་བཟང་པོ་ལ་སོགས་པ་སྟེ། དེའི་དཔོན་དུ་གྱུར་པ་ནི་གོས་སྔོན་ཅན། ཆེན་པོ་ནི་ཕྱག་ན་ རྡོ་རྗེའོ། །དེའི་དོན་ནི་གནོད་སྦྱིན་གྱི་གཙོ་བོར་གྱུར་པ་ལག་ན་རྡོ་རྗེ་ཞེས་བྱ་བ་ཡིན་ཏེ། དེ་གདུལ་བའི་ཕྱིར་སྤྲུལ་པའི་སྐུ་ལག་ན་རྡོ་རྗེ་ཁྲོ་བོར་བསྟན་པའོ་ཞེའོ། །ལག་ན་རྡོ་རྗེ་ཐོགས་པས་ལག་ན་རྡོ་རྗེའོ། །དེ་ཡང་ཡེ་ཤེས་རྣམ་པ་ལྔ་གསང་བའི་ཐིག་ལེས་འཛིན་ པས་ལག་ན་རྡོ་རྗེའོ་ཞེས་ཀྱང་བཤད་དོ། །གོས་སྔོན་པོ་གོན་པས་འདི་ནི་གོས་སྔོན་པོ་ཅན་ཉིད་དེ་ཕྱི་ལྟར་བཤད་པའོ། །ཐབས་དང་ཤེས་རབ་ཀྱི་བར་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡོད་པས་ན། གོས་སྔོན་པོ་ཅན་ཏེ་སྦས་པའོ། །གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ནི། གོས་སྔོན་པོ་ཅན་ ཏེ་མཐར་ཐུག་པའོ། །དུས་གསུམ་གྱི་སངས་རྒྱས་ནི་མར་མེ་མཛད་ལ་སོགས་པ་སྟེ། དེ་ཐམས་ཅད་ཀྱིས་ལས་ཀྱི་ཁྲོ་བོར་དབང་བསྐུར་བ་ནི། །ལས་ཀྱི་ཁྲོ་བོ་གྱིས་ཤིག་པའོ། །ལུང་གཞན་ལས་ཀྱང་། ཕྱག་ན་རྡོ་རྗེ་ཁྱོད་སོང་ལ་འཇིག་རྟེན་གྱི་ཁམས་ལྷ་དང་བདུད་ལ་སོགས་པ་སེམས་ ཅན་རྣམས་ཀྱི་མདངས་འཕྲོག་ཅིང་འཚེ་བར་བྱེད་པ་གང་དག་ཟུང་ཞིག་ཅེས་ལུང་བསྟན་པའི་ཕྱིར་རོ། །མཆེ་བ་གཙིགས་པ་ནི་མཆེ་བ་བཞི་གཙིགས་པའོ། །ཡིད་ཁྲོས་པ་ནི་ཁྲོས་པའི་བཞིན་བསྟན་པའོ། །མིག་མེ་མདག་གི་ཕུང་པོ་འདྲ་བ་ནི། མིག་རྩ་དམར་སེར་འབར་བར་འདུག་ པའོ། །དབུགས་མེ་ལྕེ་ལྟར་འབར་བ་ནི། དབུགས་མེ་ལྟར་ཚ་བར་གྱུར་པའོ། །འཇིགས་པའི་ང་རོ་ནི། ཧཱུཾ་དང་ཕཊ་ད་ང་ཧ་ལ་སོགས་པས་རང་ལས་གཞན་པའི་འཁོར་འཇིགས་པར་བྱེད་པའོ། །ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ་ཞེས་པ་ནི་སྦྲུལ་དཀར་པོས་བརྒྱན་ པའོ། །ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ནི། སྦྲུལ་ནག་པོ་སེ་རལ་ལ་གཟེད་པའོ། །དགའ་བོ་དང་ཉེ་དགའ་བོས་སྙན་བརྒྱན་པ་ནི། སྦྲུལ་སེར་པོས་སྙན་བརྒྱན་པའོ། །སྦྲུལ་འབར་བ་ནི་རིན་པོ་ཆེའི་ཅོད་པན་ཐོགས་པ་ནི་སྦྲུལ་མགོ་རིན་པོ་ཆེའི་ཅོད་པན་གྱིས་དབུ་ལ་གདེངས་ པའོ། །སྦྲུལ་གདུག་པ་ཟ་བ་ཞེས་པ་ནི། ཞལ་ནས་སྦྲུལ་ཕྱེད་འཕྱང་ནས་འདུག་པའོ། །བཞིན་རྒྱས་པ་ཞེས་པ་ནི། བཞིན་གྱི་དཀྱིལ་འཁོར་འཕེལ་ཁ་ཆེ་བའོ། །སྨིན་མ་དང་འཕྲལ་བ་བསྡུས་པ་ནི། ཁྲོ་གཉེར་མེའི་ཕྲེང་བ་དང་ལྡན་པའོ། །ཡ་སོས་མ་མཆུ་མནན་པ་ནི། ཡ་ སོས་མ་མཆུའི་སྟེང་དུ་ཕྱིན་པའོ། །གཤིན་རྗེའི་ཆ་བྱད་ནི་གཤིན་རྗེ་དང་གཟུགས་མཐུན་པའམ། གཤིན་རྗེའི་སྐྱེས་བུ་ལྟར་གསུས་པ་འཕྱང་བའོ། །གསུས་པ་ཆེ་བ་ནི་གསུས་ཁྱིམ་ཆེ་བའོ། །ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ནི་རྡོ་རྗེ་དང་ལྡན་པའི་ལག་པ་ བརྡབས་པས་འབྱུང་པོ་ཐམས་ཅད་འཇིགས་པར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་ལག་པ་དག །ས་ལ་བརྡབས་པས་བརྒྱལ་བར་འགྱུར། །ཞེས་པ་ལྟ་བུའོ། །འདབ་བཟངས་ནི་སྦྲུལ་དམར་པོ་སྟེ། དེ་ཉིད་སྐ་རགས་སུ་བཅིངས་པའོ། །ཨ་ལ་ལ་ཞེས་པ་ནི། ངོ་མཚར་གྱི་ཚིག་སྟེ། དེ་ སྒྲོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱ་མཚོ