Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 50
Văn bản gốc(Tây Tạng)
Trang 8 / 16 (50.000 ký tự/trang)
འི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་རྐང་པའི་པུས་མོར་ཕྱིན་པ་ནི་པུས་མོ་མན་ཆད་ནུབ་པའོ། །དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་ཞེས་པ་ནི། ཨཱ་ལི་དང་ཀཱ་ལིར་ལྡན་པའི་ཉི་ཟླའི་སྟེང་དུ་ལྷའི་དབང་པོ་འདུག་སྟེ། དཔེར་ན་ཉི་ཟླ་ཕྲག་ པ་ལ་ཁུར་ཞེས་ལ་ལ་དག་འདོད་དོ། །ལ་ལ་དག་ནི་ལྷའི་དབང་པོས་ཉི་ཟླ་ཕྲག་པ་ལ་ཁུར་ཞིང་དེའི་སྟེང་དུ་འདུག་གོ་ཞེས་འདོད་དོ། །ལ་ལ་དག་ནི་ཕྱག་ན་རྡོ་རྗེའི་ཕྲག་པ་ལ་དབང་པོ་ཁུར་ཏེ། དེས་དབང་པོ་ཁུར་རོ་ཞེས་འདོད་དོ། །ཀླུ་ཐམས་ཅད་ནི་མ་ལུས་པ་སྟེ་ཀླུའི་རིགས་སུ་ གཏོགས་པ་ཐམས་ཅད་རླག་པར་བྱེད་ཅེའོ། །གད་རྒྱངས་ནི་དྲག་པོའི་ཤུགས་ཀྱིས་ཧ་ཧ་ཞེས་དགོད་པ་སྟེ། དེས་འཇིག་རྟེན་གྱི་འབྱུང་པོ་ཐམས་ཅད་འཁྲུགས་པར་བྱེད་པའོ། །ཀླུ་ཐམས་ཅད་འཆིང་བ་ཞེས་པ་ནི་འགུལ་མི་ནུས་པར་བྱེད་པའོ། །དེ་དག་ནི་སྤྱིར་གདུག་པ་ཅན་འདུལ་ བར་བྱེད་པ་དང་། ཁྱད་པར་ཀླུ་དང་གཤིན་རྗེའི་ཚོགས་དང་ལྷ་ཐམས་ཅད་འདུལ་བར་བྱེད་པའོ། །འབྱུང་པོ་ཐམས་ཅད་འགུགས་ཤིང་འཆིང་བ་ཞེས་པ་ནི། འབྱུང་པོའི་བདག་པོ་དབང་ལྡན་ལ་སོགས་པ་ཐམས་ཅད་ལྕགས་ཀྱུའི་སྦྱོར་བས་འགུགས་ཤིང་ཞགས་པས་བཅིངས་ ཏེ་འགུལ་མི་ནུས་པར་བྱེད་པའོ། །སྦྱོར་བ་ནི་དུགས་དང་ཁྲག་བྱུགས་པ་དང་། སྔགས་ཀྱི་སྦྱོར་བ་སྟེ་དབང་ཕྱུག་ལ་སོགས་པའི་སྦྱོར་བའོ། །དེ་གཅོད་པ་ནི་རལ་གྲིའི་སྦྱོར་བས་གཏུབས་ཏེ་གཅོད་པའོ། །ལུང་གཞན་ལས་ཀྱང་། བྱས་པའི་གཟུགས་དང་མིང་རུས་ལ། རལ་གྲིས་གཏུབས་ཏེ་གཅོད་པར་བྱེད། །ཅེས་པ་ལྟ་བུའོ། །བཟློག་པ་ནི་རང་གི་གནས་སུ་བཟློག་པའོ། །གནོད་པ་ནི་ཕྱིས་མི་ལྡང་བར་བྱེད་པ་སྟེ། གང་ལ་དེ་ལྟ་བུའི་ནུས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡོན་ཏན་མ་ལུས་པ་ཐམས་ཅད་ཀྱི་བདག་པོ་ནི་ཕྱག་ ན་རྡོ་རྗེ་ཉིད་དོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་དེ་བཞུགས་ཞེས་བྱ་བར་སྦྱར་རོ། །གང་དང་ལྷན་ཅིག་བཞུགས་ཤེ་ན། འཁོར་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ནོར་བུ་བཟང་པོ་ལ་སོགས་པའོ། །ཡང་ན་གང་པོ་དང་ མིག་མི་བཟང་ལ་སོགས་པའོ། །གནོད་སྦྱིན་མཐུ་བོ་ཆེ་ནི་རང་གི་གདུལ་བྱ་འཇོམས་པའི་མཐུ་ཁྱད་པར་ཡོད་པའོ། །དྲག་པོ་ནི་ཞི་བའི་ལས་ཀྱི་སྦྱོར་བ་དང་བྲལ་བའོ། །ལྷ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམ་པ་བརྒྱད་དེ། དེ་ལྟར་དེའི་འཁོར་དང་བཅས་པ་ཐམས་ཅད་དོ། །ཀླུ་ ནི་དགའ་བོ་ལ་སོགས་པ་སྟེ། དེ་ཡང་གོང་མ་བཞིན་ནོ། །དྲི་ཟ་ནི་གཙུག་ཕུད་ལྔ་པོ་ལ་སོགས་པའོ། །ལྷ་མ་ཡིན་ནི་ཐགས་བཟངས་རིས་ལ་སོགས་པ་ཐམས་ཅད་དོ། །ནམ་མཁའ་ལྡིང་ནི་གསེར་མིག་ཅན་ལ་སོགས་པའོ། །མིའམ་ཅི་ནི་ལྗོན་པ་ལ་སོགས་པའོ། །ལྟོ་འཕྱེ་ནི་ ལྟོ་འཕྱེ་ཉིད་དོ། །དེ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་ཤེའོ། །ཉི་མ་ལ་སོགས་པ་ནི་འདི་ཡིན་ཏེ། འདི་ལྟར་སྟོན་པ་པོ་དང་སྡུད་པ་དང་འཁོར་གྱི་རྣམ་པར་བཞུགས་ཤེའོ། །ཟླ་བ་ཞེས་པ་ནི་ཐུན་མོང་པའི་སྡུད་པ་བསྟན་ཏོ། །ཁྱད་པར་དུ་རྡོ་རྗེ་ཁྲོས་མ་ལ་ལ་དག་ན་རེ་ སྡུད་པ་པོ་ནི་མེད་ཀྱི་འདིར་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་ཞུས་པའི་ཕྱིར་རོ་ཤེའོ། །དེ་ནི་མ་ཡིན་ཏེ། འདུས་པ་ཆེན་པོའི་འཁོར་གྱི་ནང་ནས་ཁམས་གསུམ་རྣམ་པར་རྒྱལ་བ་སྟན་ལས་ལངས་ཏེ། འདུས་པ་ཆེན་པོའི་འཁོར་དང་མགྲིན་གཅིག་ཏུ་གསོལ་བ་བཏབ་པོ་ཞེས་པ་ནི་ ཚིག་ཏུ་མ་སྨོས་ཀྱང་དོན་གྱི་ཤུགས་ཀྱིས་ཤེས་པར་བྱའོ། །དོན་གྱི་ཤུགས་ཀྱིས་གང་ལས་ཤེས་ཤེན། དུར་ཁྲོད་ཆེན་པོའི་གནས་ན་རྡོ་རྗེ་བེ་ཅོན་གྱི་རྒྱུད་ཅེས་བྱ་བ་བམ་པོ་ཉི་ཁྲི་བསྟོང་ཡོད་དེ། དེར་བསྟན་པའི་ཕྱིར་རོ། །གཞན་ནི་གོ་སླའོ། །གོས་སྔོན་པོ་ཅན་ཁྱོད་ནི་ཞེས་བྱ་ འོག་མ་དང་འབྲེལ་ཏེ། བདེ་གཤེགས་ཀུན་གྱི་སྤྲུལ་པའམ། །ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཡིན་ནམ་ཞེས་པའོ། །ལས་ཀྱི་ཁྲོ་བོར་དབང་བསྐུར་བའམ་ཞེས་པ་ནི། ལས་ཐམས་ཅད་གྲུབ་པའི་དབང་བསྐུར་བའམ་ཞེས་ པའོ། །འོན་ཏེ་བསྡུས་པའི་སྐུ་ཡིན་ནམ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་སྐུ་ཡིན་ཞེས་པའོ། །དེའི་དོན་ནི་གསང་བའི་བདག་པོ་གོས་སྔོན་ཅན་ཁྱོད་ཅི་ཡིན། བདག་ཅག་ལ་བཀའ་སྩོལ་མཛོད་ཅིག་ཅེས་སྦྱར་རོ། །དེ་ནི་ཚིག་ཏུ་མ་སྨོས་ཀྱང་དོན་གྱིས་ ནི་གཅིག་ཏུ་བསྡུས་པའི་སྐུ་ཡིན། རྡོ་རྗེ་སེམས་དཔའ་ཉིད་དེ་ལྟར་སྣང་བའི་ཕྱིར་རོ། །གཞན་གྱི་སྡུད་པ་པོར་གྱུར་པའི་དུས་ན་ནི་ཐུགས་ལས་སྤྲུལ་པའི་སྐུ་ཡིན་པའི་ཕྱིར་རོ། །དེའི་དུས་ན་ནི་ལས་ཀྱི་ཁྲོ་བོར་དབང་བསྐུར་བ་ཡང་ཡིན་ཏེ། གོང་དུ་བསྟན་པའི་ཕྱིར་རོ། །ལུང་ལས། ཇི་ལྟའི་རྣམ་པར་སྣང་མཛད་དང་། །དེ་ལྟའི་ཞི་བའི་ལྷ་ཚོགས་ཀུན། །རྡོ་རྗེ་སེམས་ལས་གཞན་མ་ཡིན། །དེ་ཉིད་ང་ཡི་དབང་ཡང་རྫོགས། །ཞེས་འབྱུང་བ་དང་། འཁོར་ལོ་ཉེ་བར་བཀོད་པའི་རྒྱུད་ལས། ཕྱག་ན་རྡོ་རྗེའི་རིགས་ཅན་དང་། །དེས་འདུལ་བ་ཡི་སྐྱེ་བོ་ལ། །སངས་ རྒྱས་རྡོ་རྗེའི་རིགས་ཅན་དང་། །ཕྱག་ན་རྡོ་རྗེའི་སྐུ་རུ་སྣང་། །དངོས་སུ་སྣང་བ་མ་ཡིན་ཏེ། །སྨོན་ལམ་ཐུགས་རྗེའི་བྱིན་རླབས་དང་། །སེམས་ཅན་མོས་པའི་དབང་དུ་སྣང་། །ཇི་ལྟར་སྣང་ཡང་རང་བཞིན་མེད། །ཅེས་འབྱུང་བ་ལྟ་བུའོ། །གླེང་གཞི་ནི་དུས་དང་། གནས་དང་། འཁོར་ལ་སོགས་པ་སྟོན་ཏོ། །ལེའུ་གང་ལ་གླེང་གཞི་གཏན་ལ་དབབ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མེ་ཞེས་བྱ་བ་ལས་ལེའུ་དང་པོའི་བཤད་པའོ།། །།དེ་ལྟར་གླེང་གཞི་བསྟན་ཀྱང་བསྐྱེད་པའི་རིམ་པའི་སྒྲུབ་པའི་ ཐབས་དང་། ལས་ཀྱི་རིམ་པའི་དོན་མདོར་བསྡུས་པ་མ་བསྟན་ན་མེད་པར་འགྱུར་བས་དེའི་ཕྱིར་ལེའུ་གཉིས་པ་བསྟན་ཏོ། །དེ་ནས་ཞེས་པ་ནི་བར་ཅིས་ཀྱང་མ་ཆོད་པ་སྟེ། གླེང་གཞི་བསྟན་མ་ཐག་པ་དེ་ནས་ཞེས་སྦྱར་རོ། །རྡོ་རྗེ་དྲག་པོ་ནི་རྡོ་རྗེ་དྲག་པོ་སྟེ་སྐུ་གསུང་ཐུགས་ ཀྱི་རྡོ་རྗེ་དྲག་པོ་ཞེས་བྱའི་མིང་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྐུ་གསུང་ཐུགས་དྲག་པོ་ཐོབ་པར་བྱེད་པའི་རྒྱུ་རིམ་པ་གཉིས་ཏེ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཞེས་བྱའོ། །ཞུགས་ནས་དེའི་ཚེ་འདི་སྐད་ཅེས་གསུངས་ སོ། །ཕྱག་རྒྱ་གསང་སྔགས་ཐུགས་སྦྱོར་ལས། །ཞེས་པ་ནི། དང་པོར་བསྐྱེད་པའི་རིམ་པའི་དབང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ། དེ་ལས་ཕྱག་རྒྱ་ཆེན་པོར་གྱུར་པའོ། །ཁྲོ་བོའི་རྒྱལ་པོའང་དེ་ཉིད་དེ། གདུག་པ་ཅན་རུ་ཏྲ་ལ་སོགས་པ་ལས་ཁྱད་པར་དུ་བྱས་པའོ། །ཁྲོ་བོ་ རྡོ་རྗེའང་དེ་ཉིད་དེ། རྣམ་པར་རྟོག་པའི་རི་འཇོམས་པས་རྡོ་རྗེའོ། །དེ་ལ་བསྟན་པར་གྱུར་ནས་བྱིན་གྱི་རླབས་སྣ་ཚོགས་པ་དང་ལྡན་པ་ནི། འདི་རིམ་གྱིས་བསྐྱེད་པའི་དབང་དུ་བྱས་པའོ། །ཅིག་ཅར་འབྱུང་བའི་དབང་དུ་བྱས་པ་ནི། ཕྱག་རྒྱ་ནི་དྲན་པ་ཙམ་གྱིས་ལྷའི་སྐུར་ གྱུར་པའོ། །དེའི་སྙིང་གི་ནང་ན་ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གནས་པ་དང་། དེའི་གསང་བའི་གནས་ནས་ནི་ཐུགས་སྦྱོར་ཞེས་བྱའོ། །དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པས་ཁྱད་པར་དུ་གྱུར་པའི་སྐུ་ནི་ཁྲོ་བོའི་རྒྱལ་པོའོ། །ཁྲོ་བོའི་རྡོ་རྗེ་ནི་ཁྲོ་ བོ་རྡོ་རྗེའི་རིགས་ཏེ། དེས་ནི་རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་དང་། མཉེས་ཤིང་སྲུང་བར་བྱེད་པའང་གཟུང་ངོ་། །དེ་བསྒོམས་པའི་བྱིན་གྱི་རླབས་ལས་ཐམས་ཅད་ཐོགས་པ་མེད་པས་ནི། ཡ་མཚན་སྣ་ཚོགས་ལྡན་ཞེས་བྱའོ། །དེ་ནི་གསང་བའི་དབྱིངས་ཆེན་ཞེས་བྱ་བའི་ རྒྱུད་ལ་བརྟེན་ནས། སྒྲུབ་པའི་ཐབས་སུ་བསྡུ་བར་བྱའོ། །ཡིད་དང་མཐུན་ཞིང་ཉམས་དགའ་བར། །ཕྱི་ན་ཁྲུས་ལ་ལེགས་གནས་ཏེ། །སྟེགས་བུ་མེ་ཏོག་གཅལ་བཀྲམ་ལ། །གསང་བདག་སྐུ་གཟུགས་མདུན་དུ་དགྲམ། །རང་གི་ལུས་སྤངས་བདེ་གཤེགས་སྐུ། །ཉི་ མའི་དཀྱིལ་འཁོར་མདུན་དུ་བསམ། །དེའི་སྟེང་ཁྱད་པར་བླ་མ་དགུག །འོད་ཞུ་རྡོ་རྗེ་སེམས་དཔར་བརླབ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཞུག །ཕྱག་འཚལ་མཆོད་པ་ལ་སོགས་བྱ། །དེ་ནས་བདེ་གཤེགས་ཀུན་བཀུག་ནས། །སེམས་དཔའ་དགུ་ཡི་སྟེང་དུ་ བཞུགས། །དེ་ལ་ཕྱག་འཚལ་མཆོད་པ་དང་། །སྡིག་བཤགས་སྡོམ་པ་གཟུང་བར་བྱ། །ཡི་རང་བསྐུལ་ཞིང་སྐྱབས་སུ་འགྲོ། །སེམས་བསྐྱེད་སྨོན་ལམ་གདབ་པར་བྱ། །ཚད་མེད་བཞི་པོ་སྔོན་དུ་བསམ། །དེ་ནས་སྟོང་པ་ཉིད་དུ་བསྒོམ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ བ་ཨཱཏྨ་ཀོ྅ཧཾ། དེ་ནས་སྙིང་རྗེའི་ངོ་བོ་ལས། །སེམས་ཉིད་ཡི་གེ་ཧཱུཾ་དུ་གསལ། །ཡཾ་རཾ་བཾ་ལཾ་ཀཾ་བྲུཾ་གྱི། །རླུང་མེ་ཆུ་ཡི་དཀྱིལ་འཁོར་དང་། །ས་གཞི་རི་རབ་གཞལ་ཡས་ཁང་། །འཁོར་ལོ་བརྒྱད་དང་མུ་ཁྱུད་དང་། །གྲུ་ཆད་ཁྱམས་དང་སྒོ་བཞིར་ལྡན། །དྲ་བ་དྲ་བ་ ཕྱེད་པ་དང་། །ཀ་བ་བརྒྱད་དང་ཕ་གུས་བརྒྱན། །ཏྭ་ར་བཞིས་ནི་ཡང་དག་བརྒྱན། །ཉི་མའི་སྟེང་དུ་ཧཱུཾ་བསམས་ཏེ། །འཕྲོ་འདུ་རྩེ་ལྔ་ཁྲོ་བོ་ཡི། །རྡོ་རྗེ་གདེངས་པོ་ཧཱུཾ་དང་ལྡན། །དེ་ནས་འཕགས་པ་གོས་སྔོན་ཅན། །སྐུ་མདོག་སྔོ་སྐྱ་འབར་བ་ལ། །ཞལ་གཅིག་ཕྱག་ནི་གཉིས་ པ་སྟེ། །གཡས་ན་རྡོ་རྗེ་རྩེ་ལྔ་ཐོགས། །གཡོན་ན་བེ་ཅོན་དབྱུག་ཏོ་འཛིན། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །སྤྱན་དམར་མཆེ་གཙིགས་ཁྲོ་གཉེར་ལྡན། །བཞིན་གྱི་དཀྱིལ་འཁོར་ཉི་མ་འདྲ། །ཧཱུཾ་གི་རླངས་པ་མེ་ལྕེ་འབར། །གློག་གི་ལྗགས་ལྡན་གསུས་པ་འཕྱང་། །སྦྲུལ་སེར་རྣ་ ཆས་རབ་ཏུ་མཛེས། །རིན་ཆེན་སྦྲུལ་བརྒྱད་གདེངས་ཀ་ཅན། །ལྟོས་འགྲོ་དཀར་པོས་རྐང་ལག་བརྒྱན། །དམར་པོའི་སྐ་རགས་འཆིང་བར་མཛད། །སྦྲུལ་གྱི་ཟ་འཕྲོས་བྲང་དུ་སླེབས། །དབང་པོ་ཉི་མ་ཕྲག་པར་ཁུར། །རྡོ་རྗེ་གོས་སྔོན་སྐུ་ལ་འཁྲིལ། །སྙིང་ནས་ཉི་མའི་དཀྱིལ་ འཁོར་ཏེ། མཚོན་གང་སྙིང་ནང་རྡོ་རྗེ་ལྡན། །བུམ་པར་ཧཱུཾ་དང་བཟླས་པར་ལྡན། །ཡེ་ཤེས་དཀྱིལ་འཁོར་མདུན་དུ་དགུག །མཆོད་དང་གཏོར་མས་མཉེས་བྱས་ནས། །འདོད་པའི་དངོས་གྲུབ་གསོལ་བ་གདབ། །ཐིམ་འགྱུར་སྦྱོར་བའམ་འོད་ཟེར་ལས། །ཧཱུཾ་འཕྲོས་སྟོད་ གསུམ་བཀང་བར་གྱུར། །སླར་འདུས་ཚོམ་བུ་ལྔ་རུ་གྱུར། །དབུས་ལས་གོས་སྔོན་བདག་ལ་བསྟིམ། །རྡོ་རྗེ་སྐུ་ཡི་གོས་སྔོན་ཅན། །འཁོར་ལོ་དྲིལ་བུ་ཐོགས་པ་དཀར། །ཤར་གྱི་ཕྱོགས་སུ་བསམ་པར་བྱ། །ཡོན་ཏན་རིན་ཆེན་གོས་སྔོན་ཅན། །རིན་ཆེན་དྲིལ་བུ་ཐོགས་པ་ སེར། །ལྷོ་ཡི་ཕྱོགས་སུ་བསམ་པར་བྱ། །པདྨ་གསུང་མཆོག་གོས་སྔོན་ཅན། །པདྨ་དྲིལ་བུ་ཐོགས་པ་དམར། །ནུབ་ཀྱི་ཕྱོགས་སུ་བསམ་པར་བྱ། །ལས་ཀྱི་གོས་སྔོན་སྐུ་མདོག་ལྗང་། །རྒྱ་གྲམ་དྲིལ་བུ་ཐོགས་པ་ནི། །བྱང་གི་ཕྱོགས་སུ་བསམ་ པར་བྱ། །དཀར་མོ་བདུག་པ་ཤར་ལྷོ་སྟེ། །ལྷོ་ནུབ་སེར་མོ་མེ་ཏོག་མ། །ཡང་ན་མཐིང་གའི་ཁ་དོག་ལྡན། །དམར་མོ་མར་མེ་ནུབ་བྱང་སྟེ། །ལྗང་གུ་དྲི་ཆབ་བྱང་ཤར་ལྡན། །གསལ་ནས་ཡེ་ཤེས་དཀྱིལ་འཁོར་གཞུག །མཆོད་དང་བསྟོད་པ་རྣམ་གཉིས་ནི། །ཆོ་ ག་བཞིན་དུ་དབུལ་བར་བྱ། །སྔགས་ཀྱི་བསྙེན་པ་ཐིམ་གྱུར་ནས། །སྤྱི་བོ་དཔྲལ་བ་མགྲིན་པ་སྙིང་། །གནས་བཞིར་བཞི་པོ་བསྡུ་བར་བྱ། །མིག་དང་རྣ་བ་ལ་སོགས་ལ། །ས་ཡི་སྙིང་པོ་ལ་སོགས་ལྡན། །ཞེས་འབྱུང་བ་དང་། ལུང་གཞན་ལས། བསྐྱེད་པ་བརྟན་པ་ཐོབ་ གྱུར་ནས། །ལས་རྣམས་ཐམས་ཅད་བྱ་བར་གསུངས། །མཐར་ཕྱིན་གྱུར་ནས་སྨོས་ཅི་དགོས། །ཤེའོ། །དེ་ཉིད་སླར་བཤད་པ། རིན་པོ་ཆེ་སྒྲོན་མའི་རྒྱུད་ལས། །གོས་སྔོན་ཕྱག་རྒྱ་ལྡན་གྱུར་ནས། །བར་མ་ཆད་པར་བྱེ་བ་བཟླས། །རྟགས་ཐོབ་གྱུར་ནས་ལས་རྣམས་ བརྩམ། །ཞེས་འབྱུང་ངོ་། །འདི་དག་ནི་ནང་གི་དབང་དུ་གསུངས་སོ། །ཕྱིའི་དབང་དུ་ནི་ཁམས་གསུམ་རྣམ་རྒྱལ་དང་། །མགོན་པོ་མི་སྲིང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟད་དགོད་ཅེའོ། །དཀྱིལ་འཁོར་དག་ནི་འཁོར་ལོའམ། །པདྨ་རྡོ་རྗེ་རྒྱ་གྲམ་མམ། །ཚོམ་ བུ་ལྔའམ་དགུར་འདོད་པ། །གསང་བའི་སྙིང་པོའི་རྒྱུད་ལས་འབྱུང་། །ཞེས་ཀྱང་གསུངས་སོ། །ཡང་ན་ཕྱག་རྒྱ་ནི་བསྐྱེད་པའི་རིམ་པ་ལས་བྱུང་བའི་སྐུའོ། །གསང་སྔགས་ནི་སྔགས་ཀྱི་བཟླས་པ་སྟེ། །འདིར་དང་པོར་རླུང་དང་སྔགས་འདྲེས་པའི་བཟླས་པའོ། །དེའི་དོན་ཡང་ བསྐྱེད་པའི་ལྷའི་སྐུའི་གནས་བཞིར་རླུང་གི་དཀྱིལ་འཁོར་ལ་བལྟས་ཏེ། དེ་ནས་གཡས་ནས་འགྱུ་བ་དང་། གཡོན་དུ་འགྱུ་བ་དང་། གཉིས་ནས་འགྱུ་བ་ཀུན། ཨོཾ་ཨཱཿཧཱུཾ་འདི་ལ་བསླབས་པས་གནས་པ་ལ་བརྟན་པར་གྱུར་པ་དང་།དེ་ཉིད་རང་བཞིན་མེད་པར་བསམས་པའི། ཐུགས་ནི་སེམས་ཏེ། འདིར་སེམས་ལ་དམིགས་པ་དེ་ཡང་གནས་པའི་ཨའི་ཐིག་ལེ་ལ་བློ་གཏད་དེ། ཐམས་ཅད་དེའི་ངོ་བོར་བསྒོམ་པའོ། །ཁྲོ་བོའི་རྒྱལ་པོ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །དེ་དང་དེ་ཡང་དེ་ཉིད་ཀྱི་རྣམ་པར་དག་ པ་དང་། གོང་མ་ལ་རག་ལས་པར་འདོད་པའོ། །ཁྲོ་བོ་ནི་གོང་མ་ཉིད་དེ། དེ་རང་བཞིན་གྱིས་ཡོངས་སུ་དག་པ་ནི་རྡོ་རྗེའོ། །དེ་བས་ན་དེ་ཐོབ་པའི་ཐབས་ལའང་དེ་སྐད་ཅེས་བྱའོ། །བྱིན་བརླབས་ཞེས་པ་ནི་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའོ། །ཏིང་ངེ་འཛིན་དེ་ལ་ དབང་ཐོབ་ནས་ཞེས་པ་ནི་གཉིས་སུ་མེད་པའི་བསམ་གཏན་མཐར་ཕྱིན་ནས་སེམས་ཅན་གྱི་སྣང་བ་ལ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཇི་ལྟར་ཡང་སྣང་བ་སྟེ་གོ་སླའོ། །ཡང་ན་ཕྱག་རྒྱ་ནི་ཕྱག་རྒྱ་མ་སྟེ། ལྷན་ཅིག་སྐྱེས་པའི་རིགས་ཅན་ནམ། པདྨ་ཅན་ལ་སོགས་ པའོ། །གསང་སྔགས་ནི་དེའི་གནས་ཐམས་ཅད་དུ་ཡི་གེ་བཀོད་པའོ། །དེ་ལ་ཕྱག་མཚན་དུ་གྱུར་པ་ནི་ཐུགས་སྦྱོར་ཞེས་བྱའོ། །ཁྲོ་བོའི་རྒྱལ་པོ་ནི་དེ་ལས་བྱུང་བའི་ཁྲོ་བོའོ། །གཞན་ལས་རྡོ་རྗེ་ཁྲོས་མའི་གནས་རྣམས་སུ། རིམ་གྱིས་འབྱུང་བ་བསམ་ཞེས་སོ། །ཁྲོ་བོ་རྡོ་རྗེ་ ནི་གོས་སྔོན་པོ་ཅན་ཏེ། བདག་ཉིད་དེ་ལྟར་གསལ་བའོ། །བྱིན་གྱིས་བརླབས་པ་ནི། པདྨ་དང་རྡོ་རྗེ་བྱིན་གྱིས་བརླབས་པ་སྟེ། གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སློབ་པའི་ལྕེ་ལ་བཞག་པ་འདི་ནི་གསང་བའོ། །ཡང་ན་ཕྱག་རྒྱ་མའི་གསང་བའི་འཁོར་ལོའི་ ཡི་གེ་ནི། གསང་སྔགས་ཏེ་འཁོར་ལོ་ནི་ཕྱག་མཚན་ཐུགས་ཀྱི་ངོ་བོའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁྲོ་བོའི་རྒྱལ་པོ་ནི་གོས་སྔོན་ཏེ། དེའི་ཏིང་ངེ་འཛིན་དང་ལྡན་པས་ཁ་ཁ་མུ་ཁ་བྱིན་གྱིས་བརླབས་ཏེ། དེ་ ནི་བྱིན་གྱིས་བརླབས་ཞེས་བྱའོ། །གནས་དེར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ནི་ཡ་མཚན་སྣ་ཚོགས་ལྡན་ཞེས་སོ། །སྦས་པའི་དབང་དུ་བཤད་པའོ། །ལུང་གཞན་ལས་ཀྱང་། ཕྱག་རྒྱ་ལ་སོགས་རྣམ་པ་ལྔ། །བསྐྱེད་པའི་ཏིང་འཛིན་ལ་མཛེས་ ལ། །རླུང་དང་སྔགས་གཉིས་འདྲེས་པ་ཡི། །རྡོ་རྗེའི་བཟླས་པ་བརྩམ་པར་བྱ། །སེམས་དང་སྒྱུ་མ་དོན་དམ་པ། །གཉིས་མེད་ཏིང་ངེ་འཛིན་ལ་གནས། །འབྲས་བུ་བླ་མེད་ཐོབ་པར་འགྱུར། །ཞེས་པ་དང་གོས་སྔོན་པོ་ཅན་མེ་རི་འབར་བའི་རྒྱུད་ལས། ཕྱག་ རྒྱ་མ་ནི་ལེགས་མཛེས་ལ། །གནས་ཀུན་དུ་ནི་ཡི་གེ་བསམ། །དེ་ལས་ཕྱག་མཚན་སྐུ་གྱུར་ཏེ། །ཉིད་ནི་རྡོ་རྗེ་ཁྲོས་མར་བསམ། །གཉིས་མེད་སྦྱོར་བའི་སེམས་དབང་བསྐུར། །ཞེས་འབྱུང་བ་དང་། ཕྱག་ན་རྡོ་རྗེ་བདེ་བ་རྒྱན་གྱི་རྒྱུད་ལས། །གང་ལ་གསང་བའི་རྩ་ཡོད་པའི། །ཕྱག་ རྒྱ་མ་ནི་ལེགས་མཛེས་ལ། །ཡི་གེ་ཙ་ཡིག་བྱིན་བརླབས་ཏེ། །བཏང་ཞིང་བཟློག་པས་དངོས་གྲུབ་འགྱུར། ཞེས་པ་ལྟ་བུའོ། །དེ་ནས་དེ་ཉིད་ཀྱི་གྲོགས་བསྟན་པའི་ཕྱིར། རང་བཞིན་འཕགས་དང་བླ་མ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པའི་ཡུལ་དུ་རབ་ཏུ་གྱུར་པ་རྡོ་རྗེ་ འཆང་ཆེན་པོ་དང་། དེ་ལས་གཞན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་སོ། །བླ་མ་ནི་ལུང་སྟོན་པའི་སློབ་དཔོན་ཏེ། དབང་བསྐུར་བ་ནི་བླ་མར་གཟུང་ངོ་། །དེ་ནི་འཇིག་རྟེན་གྱི་ལྷ་མ་ཧཱ་དེ་བ་ལ་སོགས་པ་དང་། ལོག་པའི་སློབ་དཔོན་བསལ་ལོ། །གོང་མ་ དེ་ལ་མཆོད་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པ་སྟེ། །སྔོན་དུ་འགྲོ་བ་དང་འབྲེལ་ཏོ། །གལ་ཏེ་གཞན་ལ་ཕན་འདོགས་ན། །སྐུ་དེ་སྣ་ཚོགས་སྐུ་རུ་སྣང་། །ཞེས་པ་ནི། གང་དག་ལྷའི་སྙན་དང་ལྡན་པ་ལ། །ལྷའི་སྐུར་སྣང་སྟེ། དེ་བས་ན་དེ་ལ་སོགས་པ་ལ་དེ་དང་དེའི་རྣམ་པ་ བསྟན་ཏོ། །གཞན་ནི་གོ་སླའོ། །ལེའུ་གཉིས་པ་ནི་གྲངས་ཀྱི་གཉིས་པའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་གཉིས་པའི་བཤད་པའོ།། །།དེ་ལྟར་ལེའུ་གཉིས་པར་རིམ་པ་གཉིས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བསྟན་ཀྱང་། སྔགས་ཀྱི་མཐའ་མ་ཤེས་ན་དེ་ཉིད་ཀྱི་དོན་མི་འགྲུབ་པས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །གཞན་ཡང་གསང་སྔགས་སྦྱོར་བ་ན། །ཞེས་པ་ནི། བསམ་གཏན་དང་ཕྱག་རྒྱ་ལ་སོགས་པའི་སྦྱོར་བ་མ་ཡིན་གྱི་སྔགས་ཁོ་ནའི་ཤས་ཆེ་བ་སྟེ། གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ། དེ་ཉིད་གང་ཞེ་ན། ད་ཧ་ཞེས་པ་ནི་དངོས་སུ་བསྟན་པ་སྟེ། དེས་འོག་མའང་ཤེས་པར་བྱའོ། །ཐོགས་མེད་ཅེས་པ་ནི་རྡོ་རྗེ་བཞིན་ཐོགས་པ་མེད་པ་སྟེ། དེའི་དོན་ཡང་བདག་ཉིད་ཀྱི་སྐུ་དང་ལྡན་པས་བསྒྲུབ་བྱའི་མིང་གི་མཐར་ད་ཧ་ཞེས་བྱ་བའི་མིང་དང་སྤེལ་ཏེ། དེའི་སྦྱོར་བ་དང་ལྡན་ པར་གྱུར་ན་རྡོ་རྗེ་བཞིན་ཐོགས་པ་མེད་པར་སྲེག་པའི་ལས་གྲུབ་པར་འགྱུར་ཏེ། གཞན་ལའང་དེ་ལྟར་ཤེས་པར་བྱའོ། །གཉིས་ཀྱི་འོག་མིན་ནི་ཨིའོ། །གསུམ་པ་ནི་གའོ། །རའི་མཐའ་ནི་རིང་པོ་སྟེ། གསུམ་པའི་མཐའ་ནི་ན་སྟེ། དྲག་པོ་དགའ་བའི་ཧ་གཉིས་ལན། །ཞེས་ པ་ནི་ག་ལ་ཧ་བཏགས་པ་དང་། ནའི་གོ་སྟེ་དངོས་སུ་གྲྀཧྞ་གྲྀཧྞ་ཞེས་པའོ། །ལན་གཉིས་སྨོས་པ་ནི་ཟུང་ཤིག་པའོ། །དེའི་བསམ་གཏན་ནི་ལྕགས་ཀྱུ་ཅན་གྱི་ཚོགས་སྤྲོས་ཏེ། །ཞེས་པ་དང་གནས་པའི་ས་ནས་སྙིང་ག་ནས་བཟུང་ནས་འོང་བར་བསམ་པ་ནི་ལྕགས་ཀྱུའི་སྦྱོར་བ་ཞེས་ བྱའོ། །ཧཱུཾ་ཕཊ་ནི་ཀུན་ལ་སྦྱོར་རོ། །བཛྲ་པཱ་ཎི་ནི་ཕྱག་ན་རྡོ་རྗེའོ། །ནཱི་ལཱཾ་བ་ར་ནི་གོས་སྔོན་ཅན་ཏེ་གོང་མ་དང་འབྲེལ་པས་ཀྱེ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཆེ་གེ་མོ་ཟུང་ཤིག་རབ་ཏུ་ཟུང་ཤིག་པའོ། །མཇུག་ཏུ་རྫོགས་པ་ནི་ཀྵ་སྟེ་དེའི་གོང་ན་འདུག་པ་ནི་ཧའོ། །གསུམ་པའི་མཐའ་ནི་ ནའོ། །ལན་གཉིས་ནི་ཧ་ན་ཧ་ན་ཞེས་པ་སྟེ་རྒྱོབ་ཅིག་པའོ། །གསུམ་པ་ནི་སྡེ་ཚན་གསུམ་པ་སྟེ་དེའི་དང་པོ་ནི་ཏའོ། །གཉིས་པ་ནི་ཐ་སྟེ། དྲུག་པའི་དང་པོའི་ཡི་གེ་ནི་ཡའོ། །ལན་གཉིས་ནི་ཏ་ཐཱ་ཡ་ཏ་ཐཱ་ཡ་ཞེས་པ་སྟེ། གཏོགས་ཤིག་པའོ། །དེ་གཉིས་ནི་ཐོ་བ་ཅན་དང་ གཏུན་ཕྲུགས་ཅན་བསྐུལ་བའོ། །གཉིས་པའི་དང་པོ་ནི་ཙའོ། །ལྔ་པའི་དང་པོ་ནི་པའོ། །དྲག་པོ་དགའ་བའི་ས་བོན་ནི་ཧ་སྟེ་གོང་མའང་ཤེས་པར་བྱའོ། །འདི་ནི་པ་ཙ་པ་ཙ་ཞེས་པས་ཚོས་ཤིག་པ་སྟེ། གཉིས་གཉིས་ཤེས་པར་བྱའོ། །ལེའུ་གསུམ་པ་ནི་ལེའུ་གསུམ་ པའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་གསུམ་པའི་བཤད་པའོ།། །།དེ་ལྟར་སྔགས་རབ་ཏུ་བཤད་ཀྱང་སྤེལ་བ་དང་ཡོན་ཏན་མ་ཤེས་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །དེ་ལ་སྣ་ཚོགས་མངོན་པར་འགྲུབ་པ་ནི། སྐུ་གསུང་ཐུགས་ སྣ་ཚོགས་པར་འགྱུར་བ་སྟེ། ལས་བཅུའི་ཕྱག་རྒྱ་ལ་སྩོགས་པའོ། །ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ་གསུངས་ཞེས་བྱ་བར་སྦྱར་རོ། །གང་གསུངས་ཤེ་ན། སྔགས་དང་དོན་དུ་བཅས་པ་འོག་ མའོ། །དེ་ལ་ད་ཧ་ནི་སྲེགས་ཤིག་པའོ། །བཛྲ་ནི་རྡོ་རྗེ་སྟེ་རྡོ་རྗེ་བཞིན་ཐོགས་པ་མེད་པར་སྲེགས་ཤིག་པའོ། །གང་གིས་གང་ཞེ་ན། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་བསམ་གཏན་གྱི་མེས་སྲེགས་ཤིག་པའོ། །དེ་ཡང་ཀླུ་བསྲེག་པ་ནི་ནཱ་ག་རཱ་ཛ་ཞེས་པའམ། ཡང་ན་སརྦ་ནཱ་ག་ཡ་ རཀྵ་རཀྵས་ཞེས་པ་དང་སྦྱར་རོ། །ལྷ་བསྲེགས་ན་སརྦ་དེ་བ་རཱ་ཛ་ཞེས་པ་དང་སྦྱར་རོ། །གནོད་སྦྱིན་བསྲེགས་ན་ཀུ་བེར་སརྦ་ཞེས་པ་དང་སྦྱར་རོ། །ཡི་དགས་བསྲེགས་ན་སརྦ་ཡ་མ་ཞེས་པ་དང་སྦྱར་རོ། །སྲིན་པོ་བསྲེགས་ན་སརྦ་རཀྵས་ཞེས་པའོ། །དགྲ་བསྲེགས་ན་སརྦ་ཤ་ཏྲཱུཾ་ཞེས་པ་དང་སྦྱར་ རོ། །དེ་ལ་སོགས་པ་གང་ལ་བྱ་བའི་མིང་གི་སྔགས་དང་བསྲེགས་པའི་སྔགས་སྤེལ་ཏེ། སྔགས་འདི་དག་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་རྒྱུད་ལས་གསལ་བར་གསུངས་སོ། །ཇི་ལྟར་བསྲེག་པའི་སྔགས་ལ་སྤེལ་བ་དེ་ལྟར་དགུག་པ་ལ་སོགས་པ་ལའང་སྤེལ་ལོ། །གང་ཞིག་འདི་ འཛིན་རྣལ་འབྱོར་དེ། །ཞེས་པ་ནི། རྣལ་འབྱོར་པ་གང་ཞིག་སྔགས་འདི་འཛིན་པར་འགྱུར་ཏེ་ཞེས་པའོ། །ཉེས་པ་ཀུན་ལས་རབ་ཏུ་ཐར། །ཞེས་པ་ནི། འབྱུང་པོ་དང་ཡི་དགས་ལ་སོགས་པས་བྱས་པའི་རིག་སྔགས་ཀྱི་སྦྱོར་བ་ལས་ཐར་བའོ། །ལེགས་པའི་ཡོན་ཏན་ཐམས་ཅད་ འཐོབ། །ཅེས་པ་ནི། ཉེས་པ་ལས་ལོག་པའོ། །ཡང་ན་རྒྱུད་འདིའི་དོན་འཛིན་པ་དེ་རྣམ་པར་རྟོག་པའི་འཆིང་བ་ལས་ཐར་ནས་དངོས་གྲུབ་རྣམ་གཉིས་འཐོབ་བོ། །གཞན་གང་དུ་བཤད་པས་རྟོགས་པར་ནུས་སོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཞི་པའི་བཤད་པའོ།། །། སྤེལ་བ་དང་ཡོན་ཏན་བསྟན་ཀྱང་འཁོར་ལོ་བསྒོམ་པ་མ་བསྟན་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །འོད་ཟེར་ནི་འཁོར་ལོ་སྟེ་སོ་སོའི་འོད་དང་ལྡན་པའོ། །དེས་བསྲེག་པ་ལ་སོགས་པ་མངོན་པར་འགྲུབ་པའི་ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་ འཛིན་དེ་ལ་དེ་སྐད་ཅེས་བྱའོ། །འབྱུང་བཞིའི་སངས་རྒྱས་རབ་བསྒོམས་ནས། །ཞེས་པ་ནི་ལས་སོ་སོའི་དབང་དུའོ། །མེ་བརྒྱད་ནི་རྐང་མཐིལ་གཉིས་དང་། དཔྱི་མིག་གཉིས་དང་། ལག་པ་གཉིས་དང་། མདོམས་དང་མགྲིན་པ་བརྒྱད་དུ་རཾ་ལས་བྱུང་བའི་གྲུ་གསུམ་དམར་བ་ བརྒྱད་བསྒོམ་མོ། །ཆུ་བརྒྱད་ཀྱང་དེ་ལྟར་བརྒྱད་དུ་བཾ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་དག་པར་བསམ་མོ། །གནས་བརྒྱད་དུ་ལཾ་ལས་ས་གཞི་སེར་པོ་གྲུ་བཞི་པ་ཟུར་བཞི་རྡོ་རྗེ་བཞིས་མཚན་པའོ། །དེ་ནི་ས་བརྒྱད་པའོ། །ཡང་ན་གནས་དེར་ཡཾ་བརྒྱད་ལས་རླུང་གི་དཀྱིལ་ འཁོར་བརྒྱད་བསྒོམ་པའོ། །དེ་ནི་རླུང་ངོ་། །འཁོར་ལོ་ནི་དེས་དེ་དང་དེའི་རྣམ་པར་གཅོད་པའི་ཕྱིར་རོ། །འབྲས་བུ་རིམ་གྱིས་གནོད་སྦྱིན་གཙོ། །ཞེས་པ་ནི་ཧཱུཾ་དང་རྡོ་རྗེ་ལས་གོས་སྔོན་པོའི་སྐུར་འགྲུབ་པའོ། །ཡང་ན་འདི་འདི་ལྟར་ཡང་སྟོན་ཏེ། སློབ་དཔོན་ནམ་ཡང་མདུན་ གནས་པས། །བདག་ཉིད་མཐའ་ཡས་མེ་བརྒྱད་དུ། །རཾ་ལས་བྱུང་བའི་མེ་འབར་བ། །འོག་ཏུ་རླུང་གིས་གཡབ་པས་འབར། །འབྱུང་པོ་ཐམས་ཅད་ཚིག་ནས་བྱེར། །ཐལ་བའི་ཤུལ་དུ་ཡཾ་ལས་རླུང་། །བསྐྱོད་པས་གཏོར་ནས་དག་པའི་སར། །ཡི་གེ་བཾ་ལས་ཆུ་སྐྱེས་པས། ། དངོས་དང་བག་ཆགས་དག་པས་དཀྲུས། །ཀུན་གཞི་བྱང་ཆུབ་ཐིག་ལེ་ལས། །ཧཱུཾ་གྱུར་དེ་ལས་རྡོ་རྗེའི་སྐུ། །གསང་བའི་བདག་པོའི་གོས་སྔོན་གསལ། །ཡེ་ཤེས་གོས་སྔོན་གཉིས་མེད་བསྟིམ། །ཡང་ན་མདུན་གྱི་དེ་ཉིད་གཞུག །གནས་བརྒྱད་ལཾ་ལས་ས་གཞི་བརྒྱད། ། སྟེང་དུ་རིན་ཆེན་འབྱུང་ལྡན་སྐུ། །བདུད་རྩིའི་བུམ་པ་ཐོགས་པ་བརྒྱད། །འོད་ཀྱི་འཕྲོ་འདུས་སྟོང་གསུམ་ཚེ། །བདུད་རྩིའི་བུམ་པར་བླུགས་ཤིང་དགང་། །མདུན་རྒྱབ་གཡས་གཡོན་གོས་སྔོན་བཞི། །ཚེ་ལ་གནོད་པའི་བགེགས་རྣམས་བསྲུང་། །དེ་ལྟར་བྱས་ནས་ བཟླས་པ་བྱ། །ཕྱི་ནང་དགུག་དང་བརྟན་པ་དང་། །ཡི་གེ་ཨོཾ་གྱིས་གསུམ་ལ་དམིགས། །ཕྱོགས་དུས་ལྷ་མོས་མཆོད་པ་བྱེད། །ཅེས་པ་ནི། སྒྲུབ་པའི་ཐབས་སུ་ཤེས་པར་བྱའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་ལྔ་པའི་བཤད་པའོ།། །།འཁོར་ ལོའི་སྦྱོར་བ་དང་ལྡན་ཡང་སྦྱིན་སྲེག་གི་ཆོ་ག་མེད་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །ལས་བཅུའི་སྦྱིན་སྲེག་ནི་ལས་བཅུ་ཁོ་ནའི་སྦྱིན་སྲེག་སྟེ། སྦྱིན་སྲེག་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གསུངས་ཞེས་བྱ་བ་ནི་དེ་ ལྟ་བུའི་སྦྱིན་སྲེག་གསུངས་སོ། །ཞི་ལ་ཞེས་པ་ནི་ཞི་བའི་སྦྱིན་སྲེག་གི་སྔགས་སོ། །ཤཱནྟིཾ་ཀུ་རུ་ཞེས་པ་ནི་ཞི་བར་གྱིས་ཤིག་པའོ། །དེས་བདུད་དང་སྲིན་པོ་ལ་སོགས་པ་ཞི་བར་འགྱུར་བས་དེ་སྐད་ཅེས་བྱའོ། །རྒྱས་པ་ནི་ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་པར་བྱེད་པ་ སྟེ། དེའི་སྔགས་གསུངས་པ་པུཥྚིཾ་ཀུ་རུ་ཞེས་པ་ནི་རྒྱས་པར་གྱིས་ཤིག་པའོ། །དབང་ནི་ཀླུའི་བུ་མོ་དབང་དུ་བྱ་བ་དང་། ལྷའི་རྒྱལ་པོ་དབང་དུ་བྱ་བ་ལ་སོགས་པའོ། །དེའི་སྔགས་གསུངས་པ། པ་ཤཾ་ཀུ་རུ་ཞེས་པ་ནི་དབང་དུ་གྱིས་ཤིག་པའོ། །དྲག་པོ་ནི་དྲག་པོ་སྟེ། འདིར་བསད་ པའི་ལས་ཁོ་ན་དྲག་པོའོ། །དེའི་སྔགས་གསུངས་པ། མཱ་ར་ཡའམ་ཡང་ན་སུཾ་བྷ་ནི་ལ་སོགས་པ་སྟེ། རྩ་བ་དང་མིང་དང་བསྐུལ་བར་བྱ་བ་སྤེལ་བ་ནི་སྔགས་སོ། །ཤིང་ནི་གོ་སླའོ། །ཐབ་ཁུང་དབྱིབས་ནི་ལས་བཞི་སྟེ། །ཞེས་པ་ཟླུམ་པོ་དང་གྲུ་བཞི་དང་། ཟླ་གམ་དང་བྷ་ག་ ལྟ་བུའོ། །ལས་ཐམས་ཅད་པའི་ནི་པདྨའི་དབྱིབས་ཀྱི་ཐབ་ཁུང་དུ་ཙནྡན་གྱི་ཤིང་ལ་མེ་བས་ཏེ་བསྲེགས་པའོ། །དེ་ཉིད་ཀྱི་སྔགས་གསུངས་པ། བི་དྷྭནྶ་ཡ་ནི་དབྱེ་བའོ། །ཨུཙྪ་ཏ་ནི་བསྐྲད་པའོ། །མོ་ཧ་ཡ་ནི་རྨོངས་པའོ། །སྟྭམ་བྷ་ཡ་ནི་མནན་པའོ། །ཨུད་མན་ནི་སྨྱོ་བའོ། ། ཨཱ་ཀཪྵ་ཡ་ནི་དགུག་པའོ། །ལྷག་མ་ནི་སྨྱོ་བར་བྱའོ། །དེའི་ལས་ཀྱི་མན་ངག་ནི་ཐབ་ཁུང་གཞལ་ཡས་ཁང་དུ་སོ་སོའི་མེ་ལྷ་སྤྱན་དྲངས་ཏེ། མཆོད་པ་དང་། བསྟོད་པ་དང་། གཉིས་སུ་མེད་པར་བྱས་ནས་དབུས་སུ་འཕགས་པ་གོས་སྔོན་པོ་ཅན་ལས་སོ་སོའི་དབུ་རྒྱན་ དང་ལྡན་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། གཉིས་སུ་མེད་པ་ལ་སྦྱིན་སྲེག་བྱས་པས་དེ་དང་དེའི་རྣམ་པར་འགྲུབ་པར་འགྱུར་རོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་དྲུག་པའི་བཤད་པའོ།། །།དེ་ལྟར་ལེའུ་དྲུག་པར་སྦྱིན་སྲེག་གི་ཆོ་ག་བསྟན་ཀྱང་། སྨེ་ བའི་སྦྱིན་སྲེག་མ་བསྟན་ན་དོན་མེད་པར་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །དཔལ་ལྡན་གོས་སྔོན་ཅན་ཞེས་བྱ་བ་བཤད་ཟིན་ཏོ། །གདུལ་བར་དཀའ་བ་འདུལ་བའི་མཆོག །ཅེས་པ་རུ་ཏྲ་ལ་སོགས་པ་འདུལ་བའོ། །གསང་བ་ནི་སྐུ་གསུང་ཐུགས་ཏེ། དེའི་བདག་པོ་ ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དྲག་པོ་ཆེན་པོ་ནི་དྲག་པོ་ཆེན་པོ་སྟེ། དྲག་པོ་གང་ལ་རབ་ཏུ་འབར་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ་འཁོར་གྱི་ཀླུ་ནི་འཁོར་ན་གནས་པའི་ཀླུ་སྟེ། དགའ་བོ་ལ་སོགས་པའོ། །གང་གིས་དེ་དབང་དུ་ བསྡུས་པའོ། །གང་གི་ཚེ་ཀླུ་དབང་དུ་སྡུད་པ་དེའི་ཚེ། ཁམས་གསུམ་རྣམ་པར་རྒྱལ་བས་ཞུས་ཏེ་ལུང་བསྟན་པའོ། །ཞུས་པའི་རྒྱུད་ནི་མཁའ་འགྲོ་མའི་གླིང་ན་འདུག་པའོ། །གང་གིས་བསྡུས་པ་ལ་དགའ་བ་འཇུག་པར་འགྱུར་བ་དེའི་ཚེ་བསྡུས་པ་བསྟན་ཏོ། །གང་གི་ཚེ་ ཁམས་གསུམ་རྣམ་པར་རྒྱལ་བས་ཞུས་པ་དེའི་ཚེ་གསུངས་ཞེས་སྦྱར་རོ། །ཞུས་པའི་ལེའུ་རེ་རེ་ལས་སྦྱར་ཏེ། འདིར་མ་སྨོས་སོ། །ཉེན་བཟློག་པའི་གནས་གསུངས་པ། རིམ་པ་གསུམ་སྟེ། འདི་ལ་རིམ་པ་གསུམ་ཡོད་པས་རིམ་པ་གསུམ་པའོ། །དེར་ཅི་བྱ་ཞེ་ན། ཕྱི་ རོལ་གྱི་ཁང་པར་སྨེ་བའི་སྦྱིན་སྲེག་སྟེ། དེ་ཉིད་གསུངས་པ། ཧོམ་ཁུང་གྲུ་གསུམ་གདེངས་པའི་སྟེང་། །དུག་སོགས་ཤིང་ལས་མེ་སྦར་ཏེ། །སྟེང་དུ་ནད་པ་མེ་བརྒྱད་བསྒོམ། །གུ་གུལ་ལ་སོགས་དུད་པས་བདུག །སློབ་དཔོན་གསང་བའི་ཕྱག་རྒྱ་ཡིས། །བྱ་ཁྱུང་གཟུགས་ ལ་དབབ་པ་བརྩམ། །དེ་ཡིས་སྟེང་ནས་བརྡབ་པ་དང་། །ཀླུ་གཟིར་དྲག་སྔགས་བཟླས་པར་བྱ། །དེ་ལས་ཐོན་པའི་ཀླུ་རྣམས་བཀུག །ཕྱི་ཡི་གཞལ་ཡས་ཁང་དུ་དགུག །དུག་བཅོམ་སོས་ནས་གནས་སུ་བསྐྱལ། །ཞེས་སོ། །བར་དུ་ཕྱི་ནང་ཁྲུས་བྱས་ཏེ། །ཞེས་པ་ ནི། དེ་ནས་བར་གྱི་ཁང་པར་ཕྱི་ནང་གི་ཁྲུས་ཀྱིས་དག་པར་བྱའོ། །དེར་ནི་ཚོགས་ཀྱི་འཁོར་ལོ་ལ་སོགས་པའང་བྱ་སྟེ་མཉེས་པར་བྱའོ། །ནང་དུ་བུམ་པའི་དབང་བསྐུར་ཞེས་པ་ནི། ནང་དུ་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྫོགས་པར་བྱས་ཏེ། བུམ་པ་ལ་སོགས་པའི་དབང་བསྐུར་ བའོ། །དེས་ཅིར་འགྱུར་ཞེ་ན། ཉེན་རྣམས་བཟློག་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ། འབྱུང་པོའི་ཉེན་ལ་སོགས་པ་མྱུར་དུ་བཟློག་པར་འགྱུར་རོ། །རིགས་མཐུན་པའི་ཀླུ་ལ་སོགས་པ་ཁ་ཅིག་ལ་ནི་རུང་བ་མ་ཡིན་ནོ། །གཞན་ནི་གོ་སླའོ། །རྟོག་པ་ཐམས་ཅད་ བསྡུས་པའི་སྒྲོན་མ་ལས་ལེའུ་བདུན་པའི་བཤད་པའོ།། །།ཡི་དགས་ཐམས་ཅད་བཟློག་པའི་ཆོ་ག་གསུངས་ཀྱང་གཏོར་མའི་ལས་མེད་ན་འགྲུབ་པར་མི་འགྱུར་བས་དེའི་ཕྱིར་དེ་ལ་དེ་བསྟན་ཏོ། །ཐམས་ཅད་ལྡན་པའི་གཏོར་མ་ནི། །ཕྱེ་དང་མེ་ཏོག་ལ་སོགས་ པ་དང་སྨན་དང་འབྲུ་དང་དྲི་དང་སྙིང་པོའོ། །རཾ་གྱིས་སྦྱངས་ཞེས་པ་ནི། ཡི་གེ་རཾ་གྱིས་དངོས་པོ་བག་ཆགས་སུ་གྱུར་པ་བསྲེགས་པ་དང་། ཡཾ་ལས་རླུང་གི་བུས་ཁཾ་ལས་ཆུས་བཀྲུས། དེའི་དབུས་སུ་བཾ་ལས་ཆུ་རྒྱུན་བྱུང་བས་མཉེས་པར་བྱས་ཏེ། ཕྱི་ལྟར་བཤད་པའོ། ། ཡང་ན་ཐམས་ཅད་ལྡན་པ་ནི་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་སྟེ། དེ་ལ་ཡི་གེ་གསུམ་གྱིས་དག་པ་ལས་ཤ་ལྔ་བདུད་རྩི་ལྔ་བསྐྱེད་དེ། དབབ་པ་ནི་ཨོཾ་ལས་འོད་བྱུང་བས་ཡེ་ཤེས་ཀྱི་བདུད་རྩི་ཕབ་སྟེ། གཉིས་སུ་མེད་པ་ནི་སྦྱོར་བའོ། །ཛ་ཡིས་བཀུག་སྟེ་ཞེས་པ་ནི་བདག་ འཕགས་པ་གོས་སྔོན་པོ་ཅན་གྱི་བསམ་གཏན་དང་ལྡན་པའི་འོད་ཟེར་ལས་ལྷ་མོ་ལྕགས་ཀྱུ་ཅན་གྱི་ཚོགས་ཀྱིས་འབྱུང་པོ་ཐམས་ཅད་བཀུག་སྟེ། ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་གཏོར་མ་སྦྱིན་ནོ། །ང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་ མ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།བསམ་གཏན་འཁོར་ལོ་མེད་པ་ལ། །ཞེས་པ་ནི་བསམ་གཏན་མི་ནུས་པའོ། །སྔགས་ཀྱི་ངེས་པ་ནི་སྔགས་ཀྱི་མན་ངག་སྟེ། ནུས་པ་ཁྱད་པར་ཅན་འབྱུང་བའི་སྔགས་བཤད་པའོ། །དེ་ལ་ཏདྱ་ཐཱ་ཞེས་པ་ནི། དང་པ་ལས་ ཐམས་ཅད་པའི་སྔགས་སོ། །དེ་བས་སྔགས་དེ་ནི་ཀུན་ལ་སྦྱོར་རོ། །ལས་སོ་སོ་བ་ནི་འབྱུང་པོ་སོ་སོ་འདུལ་བའི་སྔགས་ཏེ། དེ་ནི་དང་པོ་ཀླུ་འདུལ་བའི་སྔགས་སོ། །བུདྡྷ་ལ་སོགས་པ་ནི་སྨེ་བའི་སྦྱིན་སྲེག་གི་དུས་སོ། །ཡང་ན། དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །དགའ་ བོ་ལ་སོགས་ཀླུ་བརྒྱད་དགོད། །མཉེས་པར་བྱས་ནས་བདུག་པ་དབུལ། །ཞེའོ། །དེའི་འོག་མ་གཤིན་རྗེ་དགོད་པ་དང་བཟློག་པ་སྟེ། འཁོར་ལོ་བཅུ་དྲུག་དཀྱིལ་འཁོར་དུ། །འཇམ་དཔལ་སྤྲུལ་པ་བཅུ་དྲུག་དགོད། །མཉེས་ནས་འཁོར་དུ་གཏོགས་པས་བཟློག ། ཅེའོ། །པྲེ་ཏ་ནི་ཡི་དགས་བཟློག་པ་སྟེ། དེ་ཡང་། འཁོར་ལོ་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཡི་དགས་གཙོ་བོ་བརྒྱད་པ་མནན། །འདོད་རྒྱལ་འཆིང་བྱེད་སྲོག་ལེན་དང་། །རལ་གཅིག་གཅེར་བུ་བུམ་པའི་སྣ། །མགོ་སྐྱེས་མིག་བཟང་ཞེས་སུ་བཤད། །དེ་ཡིས་ དེ་དག་གདུལ་བར་མཛད། །ཅེའོ། །གནོད་སྦྱིན་བཟློག་པ་ནི། གནོད་སྦྱིན་སྡེ་དཔོན་ཉི་ཤུ་ལྔ། །བསྡུས་པའི་གཙོ་བོ་རྣམ་པ་བརྒྱད། །འདབ་མ་བརྒྱད་ལ་བཀོད་ཅིང་བཟློག །ཅེའོ། །གཞན་ནི་གཞུང་ལས་ཤེས་པར་བྱའོ། །དེ་ལྟ་བུའི་སྔགས་གསུངས་པར་འགྱུར་བས་ བདག་པོ་སྟེ། དེ་ལྟ་བུའི་སྒོ་ནས་ཡོན་ཏན་བརྗོད་པ་ནི་བསྟོད་པའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་དགུ་པའི་བཤད་པའོ།། །།དེ་ནས་དགུག་པའི་ལས་བཤད་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་ནི་ཕྱག་ན་རྡོ་རྗེའི་འོད་ཟེར་ལས་བྱུང་བས་ལྕགས་ཀྱུའོ། །ཡང་ ན་རླུང་གི་རྔ་མོའམ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཀུག་ནས་འོང་བར་བསམ་མོ། །རླུང་དང་ལྕགས་ཀྱུས་འགྲུབ་པ་དེ་བཞིན་དུ་མེ་ཡིས་ཀྱང་ནུས་ཞེས་སྦྱར་རོ། །སྔགས་གོང་དུ་བསྟན་ཏོ། །བསམ་གཏན་དྲག་པོ་ནི་གོང་མ་ཉིད་དོ། །ཀླུ་རིགས་དུ་མ་ཐམས་ཅད་ཀུན། ། ཞེས་པ་ནི་རྒྱལ་རིགས་ལ་སོགས་པའོ། །འགུགས་འགྱུར་ཞེས་པ་ཐབས་འདི་ལས་གཞན་གྱིས་མ་ཡིན་ནོ། །ཁུགས་པ་དེ་ཇི་ལྟར་བྱ་ཞེ་ན། ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ། །ཞེས་པ་ཟངས་གཞོང་དུ་དགུག་ཅེས་སོ། །དེ་ནི་ཉེན་གྱིས་ཟིན་པའི་ལུས་ལ་སྦལ་པ་ལ་སོགས་ པ་བཀོད་ལ་སྔགས་དང་ཕྱག་རྒྱས་དབྱུང་བ་བྱས་ཏེ། ཟངས་གཞོང་དུ་དགུག་ཅེའོ། །དུག་གཞོམ་པ་ནི་འདོད་ཆགས་ལ་སོགས་པའོ། །སྨན་གྱིས་གསོ་ཞེས་པ་ནི། དབང་པོ་ལག་པ་ལ་སོགས་པས་གསོ་པའོ། །གང་གནོད་ཕྱོགས་སུ་བསྐྱལ་ཞེས་པ་ནི། གང་ལ་གནས་ པའི་སར་བསྐྱལ་བའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་པའི་བཤད་པའོ།། །།དེ་ནས་ཀླུ་གཟིར་བ་བཤད་པར་བྱ་སྟེ། ཞི་བའི་ལས་ཀྱིས་མི་འདུལ་བ་ནི་ཞི་བར་མི་འགྱུར་བའོ། །དེ་གཟིར་བའི་སྔགས་ནི་ཧ་ན་ལ་སོགས་པའོ། ། བསམ་གཏན་ཞེས་པ་ནི་སྔགས་དེ་དང་འབྲེལ་པའི་བསམ་གཏན་ནོ། །དེ་ནི་གང་ཞེ་ན། རྡོ་རྗེ་ལ་སོགས་པ་ཐོགས་པའི་ཁྲོ་བོས་བརྡེགས་པར་བསམ་མོ། །འོག་ཏུ་མེ་ཡི་འཁོར་ལོ་བསམ། །ཞེས་པ་མེ་བརྒྱད་བསྒོམ་པའོ། །གཞན་གོ་སླའོ། །ཡུངས་ཀར་ཡུངས་ནག་ལ་ སོགས་པ་ཁྲོ་བོའི་ཚོགས་སུ་བསམས་ལ་བརྡེག་ཅེའོ། །ཁྲ་སྤྱང་ལ་སོགས་པ་ནི། ཁྲ་དང་སྤྱང་ཀི་ལ་སོགས་པའི་གསོབ་ཀྱིས་བརྡབ་ཅིང་སྔགས་གོང་མའོ། །ཀླུ་གཟིར་བའི་ཆོ་ག་བསྟན་པ་དེ་བཞིན་དུ་ཡི་དགས་གཞན་ལ་ཡང་ཤེས་པར་བྱའོ། །མྱུར་དུ་ཐར་བ་ནི་མྱུར་དུ་གནོད་པ་ སེལ་བའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།དེ་ནས་མཆོད་པ་སྟོན་ཏེ། ཉིད་ལ་ཉིད་མཆོད་པ་ཞེས་པ་ནི་ཉིད་ཀྱིས་མཆོད་པ་ཉིད་ལ་ཁྱབ་པ་སྟེ། འོག་ནས་སྟོན་ཏོ། །རྡོ་རྗེ་བདུག་པ་མོ་ནི་ཕྱག་ན་རྡོ་རྗེ་མཉེས་པར་བྱེད་པའི་ སྤོས་སོ། །ཡང་ན་ཐོགས་པ་མེད་པས་རྡོ་རྗེའོ། །བདག་ཉིད་དྲི་ཡིས་རྒྱས་མཛད་མ། །ཞེས་བྱ་བ་ནི། དྲིའི་མཆོད་པས་མཉེས་པར་བྱེད་མ་ཞེའོ། །མེ་ཏོག་ཐོགས་པ་མེ་ཏོག་མའོ། །བདག་ཉིད་དཀྱིལ་འཁོར་གསལ་བར་བཀྲ་བས་བཀྲ་བའོ། །སྤོས་དང་སྨན་གྱི་འདི་གུ་ ཐོགས་པས་དྲི་ཆབ་མའོ། །ཉོན་མོངས་པ་ཐམས་ཅད་དག་པར་བྱེད་པས་དག་མའོ། །མར་མེ་ཐོགས་པས་མར་མེ་མའོ། །བདག་ཉིད་ཀྱི་དཀྱིལ་འཁོར་གསལ་བར་བྱེད་པས་གསལ་བྱེད་མའོ། །ཇི་སྲིད་ཐམས་ཅད་མཆོད་པ་ཆེ། །ཞེས་པ་ནི། ཇི་སྲིད་དུ་བསམ་གཏན་ གྱིས་ཁྱབ་པ་དེ་སྲིད་དུ་མཆོད་པའོ། །ཡང་ན་ཇི་སྲིད་དུ་ནམ་མཁའི་གར་ཁྱབ་པ་དེ་སྲིད་དུ་མཆོད་པ་ཆེན་པོ་ཞེའོ། །དེ་ཉིད་ཀྱིས་དབང་པོའི་རྒྱུད་ཚིམ་པས་བདེ་བའོ། །ཡང་ན། རྩ་ཡི་པདྨའི་སངས་རྒྱས་ལ། །བྱང་ཆུབ་སེམས་ཀྱིས་མཆོད་པས་བདེ། །ཞེའོ། །དེ་ཉིད་ ནི་བླ་ན་མེད་པའི་མཆོད་པ་སྟེ། ཁྱད་པར་དུ་འཕགས་པའོ། །ཡང་དག་པའི་མཆོད་པ་ནི་ལག་པའི་མཆོད་པ་དང་བྲལ་བའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། །།དེ་ནས་འཁོར་ལོ་སྔོན་བྱུང་སྟོན་ཏེ། བསྡུ་བ་ནི་ཀླུའི་ ཚོགས་ལ་སོགས་པ་བསྡུ་བའོ། །སྡུད་པར་བྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་སོ། །མེའི་འཁོར་ལོ་ནི་འཁོར་ལོ་བརྒྱད་པའོ། །དེའི་སྔགས་ནི་གོང་དུ་བསྟན་པའོ། །དེས་ཅི་བྱེད་ཅེ་ན། ཀླུ་ཚིག་པར་བྱས་ཞེས་ སོ། །བྲལ་ནས་དཔག་ཚད་གནས་སུ་འབྲོས། །ཞེས་པའོ། །བྲེད་ཤ་ཐོད་ནས་བྲོས་པའོ། །སླར་བསྡུས་བདུད་རྩི་སྨན་གྱིས་གསོས། །ཞེས་པ་ནི་བདུད་རྩིས་སོས་པར་གྱུར་པའོ། །སོ་སོའི་གནས་སུ་བཀོད་ཅེས་པ་ནི། སོ་སོའི་གནས་སུ་སོང་ཞེས་སོ། །གཞན་གོ་སླའོ། །ཆུ་ ཡི་ངང་ལ་གནས་འདོད་ན། །ཞེས་པ་ནི། ཆུ་ཡི་འཁོར་ལོ་བསྒོམས་པར་འདོད། །ཅེའོ། །ཆུ་བརྒྱད་ཏིང་འཛིན་ལ་གནས་ནས། །ཞེས་པ་ནི། གོང་མ་ལྟར་བསམ་པའོ། །འོག་མ་ནི་སྡོད་པའོ། །གཞན་ལའང་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་འཁོར་ལོ་བཞི་བསྒོམས་ པས་ཡོན་ཏན་གོང་དུ་སྨོས་པ་ཉིད་དོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་གསུམ་པའི་བཤད་པའོ།། །།དེ་ནས་རྫོགས་པའི་རིམ་པ་བཤད་པར་བྱ་སྟེ། ཕྲ་མོའི་ཏིང་འཛིན་ལ་གནས་པས། །ཞེས་པ་ནི། ཆོས་དང་སྤྲུལ་པ་དང་ལོངས་སྤྱོད་དང་ བདེ་བ་ཆེན་པོ་ལ་སོགས་པ་ལ་ཐིག་ལེ་གནས་པ་དང་། རང་བྱུང་གི་ཡི་གེ་གནས་པ་ནི་ཕྲ་མོའོ། །ཏིང་ངེ་འཛིན་གང་ལ་མིང་དེ་སྐད་བྱ་བ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞེས་པའོ། །ཞུགས་པ་དང་དེའི་ངང་ལ་གནས་པ་ནི་རྣམ་གྲངས་སུ་གཏོགས་ པའོ། །འཁོར་གྱི་གནོད་སྦྱིན་ནི་མིག་མི་བཟང་ལ་སོགས་པ་སྟེ། དེ་དག་གིས་ཞུས་པའོ། །ཕྲ་མོའི་ཐིག་ལེ་ནི་འཁོར་ལོ་བཞིའི་ཐིག་ལེའོ། །ཅིར་སྣང་དངོས་པོ་གཅིག་ཏུ་འདུས། །ཞེས་པ་ནི། འབར་བའི་མེའི་ངང་ལ་གནས་པས་བྱང་ཆུབ་སེམས་ཀྱི་ཁུ་བ་ཞུ་བའོ། །དེ་ ཉིད་མཐའ་འདས་རང་བཞིན་མེད། །ཅེས་པ་ནི། འོད་གསལ་ཆོས་སྐུ་ཐོབ་པ་སྟེ། རྣལ་འབྱོར་གྱི་ལམ་གྱི་དབང་དུ་བྱས་པའོ། །འདོད་ཆགས་ཏིང་འཛིན་ལ་གནས་ནས། །ཞེས་པ་ནི། རྡོ་རྗེ་ཁྲོས་མ་དང་སྦྱོར་བས་ཞེས་པ་སྟེ། གཞན་ལས། བདེ་བའི་འཕྲོ་ འདུ་རབ་བྱེད་ཅིང་། །འོ་དང་འཁྱུད་པ་ལ་སོགས་པ། །ཞེའོ། །འཁོར་གྱི་གནོད་སྦྱིན་མང་པོ་ཀུན། །ཞེས་པ་ནི། འཁོར་གྱི་གནོད་སྦྱིན་ནི་འདོད་ཆགས་དང་བྲལ་བའོ། །སྔངས་དང་ངུས་དང་བརྒྱལ་བ་དང་། །ཞེས་པ་ནི། དེ་ལྟ་བུའི་འདོད་ཆགས་ཀྱི་ཆོས་མཐོང་བས་སྔངས་པ་ ལ་སོགས་པའོ། །བསླང་སྟེ་བླ་མེད་དོན་བསྟན་པས། །ཞེས་པ་ནི། བརྒྱལ་བ་ཐམས་ཅད་བསླང་སྟེ། བླ་ན་མེད་པའི་ཕོ་ཉའི་མན་ངག་བཤད་པའོ། །དེས་ཅིར་འགྱུར་ཞེ་ན། ཐམས་ཅད་འདོད་ཆགས་མངོན་སངས་རྒྱས། །ཞེས་པ་ནི། གནོད་སྦྱིན་ཐམས་ཅད་ཕོ་ཉའི་ལམ་ དུ་ཞུགས་པས་སངས་རྒྱས་པར་འགྱུར་བའོ། །འཁོར་གྱིས་སྐུ་ལ་མངོན་པར་བསྟོད། །ཅེས་པ་ནི། འཁོར་གནོད་སྦྱིན་གྱི་ཚོགས་ཀྱི་ཡིད་རབ་ཏུ་དགའ་སྟེ། བསྟོད་པ་བྱས་ཤེའོ། །ལུང་གཞན་ལས། ཆོས་དང་ལོངས་སྤྱོད་བདེ་ཆེན་སྤྲུལ། །སུམ་ཅུ་གཉིས་དང་བཅུ་དྲུག་བརྒྱད། །དྲུག་ ཅུ་གཉིས་ཀྱི་དབུས་དག་ཏུ། །ཐིག་ལེ་བཞི་ལས་གཅིག་ཏུ་གྱུར། །དེས་ནི་བླ་མེད་མངོན་པར་འགྲུབ། །ཅེའོ། །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ལས་ལེའུ་བཅུ་བཞི་པའི་བཤད་པའོ།། །།དེའི་རྗེས་སུ་ཡི་རང་བསྟོན་པའི་ཕྱིར། །འདུས་པའི་འཁོར་རྣམས་ཀྱིས་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ལྕང་ལོ་ཅན་གྱི་ཕོ་བྲང་ན། །ཞེས་པ་ནི། འོག་མིན་གྱི་གནས་ན་ཞེས་པའོ། །གསང་བའི་བདག་པོ་གོས་སྔོན་ཅན། །ཞེས་པ་གོང་དུ་བཤད་པའོ། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །ཞེས་པ་ནི། མཚན་དང་དཔེ་ བྱད་དང་ལྡན་པའོ། །ཡང་ན་དངོས་གྲུབ་རྣམ་པ་གཉིས་འབྱུང་བའི་གནས་སུ་གྱུར་པའོ། །དངོས་མེད་དག་པ་ནི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་དང་ལྡན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སྦྱར་རོ། །འཁོར་གྱི་ཀླུ་ཚོགས་འདུལ་ བའི་ཚེ། །ཞེས་པ་ནི། །འཁོར་ན་གནས་པ་ཀླུ་རིགས་བཞི་འདུལ་བའོ། །ཀླུ་བརྒྱད་སྐུ་ལ་རབ་བརྒྱན་ནས། །ཞེས་པ་ནི་ཀླུ་དགའ་བོ་ལ་སོགས་པས་བརྒྱན་པའོ། །ཀླུ་གཙོ་ཞལ་དུ་གསོལ་བར་མཛད། །ཅེས་པ་ནི། སྦྲུལ་ནག་པོ་ཞལ་དུ་གསོལ་བར་མཛད་ཅེའོ། །དེ་ལྟར་ན་ཀླུ་ ཐམས་ཅད་འདུལ་བར་འགྱུར། དེའི་ལུས་ལ་བརྒྱན་པ་ནི་སྤྲུལ་པར་ཤེས་པར་བྱའོ། །ཀླུ་འདུལ་བའི་བྱམས་པ་ཆེན་པོས་ཀླུ་ཐམས་ཅད་འདུལ་བར་བྱེད་ཅེའོ། །སྣ་ཚོགས་དག་པའི་སྐུ་མངའ་ཞིང་། །ཞེས་པ་ནི། རང་བཞིན་གྱིས་རྣམ་པར་དག་པ་ལས་ལོངས་སྤྱོད་རྫོགས་པ་དང་ སྤྲུལ་པའི་སྐུ་སྣ་ཚོགས་པར་སྣང་བའོ། །རིགས་དྲུག་སྡེ་བརྒྱད་འདུལ་བར་མཛད། །ཅེས་པ་ནི་འགྲོ་བ་རིགས་དྲུག་གམ་ལྷ་མ་སྲིན་སྡེ་བརྒྱད་འདུལ་བར་བྱེད་པ་ཞེའོ། །སྐྱོན་གྱིས་མ་གོས་རང་སངས་རྒྱས། །ཞེས་པ་ནི། དངོས་པོ་དང་མཚན་མའི་སྐྱོན་གྱིས་མ་གོས་ཤིང་རང་བཞིན་ གྱིས་རྣམ་པར་དག་པའོ། །ཐོགས་མེད་ཀུན་འདུལ་ཞེས་པ་ནི། གདུག་པ་ཅན་ལ་སོགས་པ་འདུལ་བ་ལ་ཐོགས་པ་མེད་པ་ཞེའོ། །ཇི་ལྟར་བསམ་པའི་དངོས་པོ་ཀུན། །ཞེས་པ་ནི། ཇི་ལྟར་འདོད་པའི་དངོས་གྲུབ་ཀུན་ཤེས་པའི་དོན་ཏོ། །ཁྱོད་ལས་བྱུང་བས་མི་ཟད་གཏེར། །ཞེས་ པ་ནི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་འབྱུང་ཞེའོ། །སྣ་ཚོགས་ཡིད་བཞིན་འཕྲུལ་པོ་ཆེ། །ཞེས་པ་ནི། སྐུ་གསུང་ཐུགས་སྣ་ཚོགས་པར་འབྱུང་བ་སྟེ། སྒྱུ་མའམ་མིག་འཕྲུལ་དང་འདྲ་བ་ཞེས་པའི་དོན་ཏོ། །ཡིད་བཞིན་ནོར་བུ་ཁྱོད་ཕྱག་འཚལ། །ཞེས་པ་ནི། ཡིད་བཞིན་གྱི་ནོར་ བུ་དང་འདྲ་བའི་སྐུ་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །ནད་དང་རིམས་གྱི་གཉེན་པོ་མཛད། །ཅེས་པ་ནི། ནད་དང་རིམས་ཐམས་ཅད་སེལ་བར་མཛད་པ་སྟེ། སྣང་བ་དང་མུན་པ་ལྟ་བུའོ། །ནོར་དང་རྫས་ཀྱི་བདག་པོ་མཛད། །ཅེས་པ་ནི། ནོར་དང་རྫས་ཐམས་ ཅད་ལ་མངའ་བརྙེས་པ་ཞེས་པའོ། །འཇིགས་པ་ཀུན་ལས་བསྐྱབ་པར་མཛད། །ཅེས་པ་ནི། ནད་དང་དུག་དང་སྦྲུལ་ལ་སོགས་པའི་འཇིགས་པ་མི་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་ལ་ཕྱག་འཚལ་བ་དང་། མཆོད་པ་བྱེད་པ་དེ་ནི་ ནད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆུ་དང་མེ་ལ་སོགས་པས་འཇིགས། །གོས་སྔོན་མིང་ཙམ་ཐོས་པས་ཐར། །ཞེའོ། །བླ་མེད་སྐྱོབ་མཛད་ཅེས་པ་ནི། །བླ་ན་མེད་པའི་སྐུ་གསུམ་སྟེ་དེ་དང་ལྡན་པ་དེ་ཡང་བླ་ན་མེད་པའོ། །དེས་ སྐྱོབ་པ་ནི་གོང་དུ་བཤད་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །ལྷ་དང་ཀླུ་ལ་སོགས་པ་ནི་ཡི་དགས་དང་བརྗེད་བྱེད་དང་མངག་པ་དང་ཕོ་ཉ་ཡང་བསྡུའོ། །ཡིད་དགའི་མཆོད་པས་ཁྱབ་པར་འགྱུར། །ཞེས་པ་ནི་གོས་སྔོན་པོ་ཅན་མཉེས་པར་ འགྱུར་ཞེའོ། །མི་ལ་སོགས་པའི་འཇིག་རྟེན་ཉེན་དང་ལྡན་པ་ཐམས་ཅད་བདེ་བ་ལ་བཀོད་དོ་ཞེས་པ་ནི། རིམས་ནད་ལ་སོགས་པའི་ཉེན་ཐམས་ཅད་ལས་ཐར་བར་འགྱུར་ཞེའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅོན་རྒྱུད། །བདེ་གཤེགས་ཡུལ་གྱུར་རྟོགས་དཀའ་ སྦས་པའི་གསང་ཆེན་ཏེ། །བློ་དམན་བདག་གིས་ཤིན་ཏུ་བརྩམ་པར་མི་རིགས་ཀྱང་། །བདེ་གཤེགས་བཀའ་ལ་བདག་གིས་རབ་བརྟེན་ནས། །བདག་པས་དམན་ལ་ཕན་ཕྱིར་རྒྱུད་ཀྱི་འགྲེལ་འདི་བརྩམ། །འདི་ལ་ཉེས་པར་གྱུར་པའི་སྐྱོན་རྣམས་ཀུན། །ཕྱོགས་བཅུའི་ དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །ས་གནས་རྡོ་རྗེ་སེམས་ལ་བཟོད་པར་གསོལ། །བདག་གིས་བརྩམས་པའི་དགེ་རྩ་ཅི་ཐོབ་དེ་དང་དེ་དག་གིས། །འཇིག་རྟེན་ཁམས་འདིར་རྟོག་པ་བསྡུས་པའི་སྒྲོན་འདི་འདིར་གནས་ཤིང་། །འདི་ལ་བརྟེན་ནས་བདག་དང་ མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །བླ་མེད་གོས་སྔོན་མཆོག་དང་ཐུན་མོང་ཐམས་ཅད་ཐོབ་པར་ཤོག །རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱཾ་བ་ར་དྷ་ར་ནཱ་མ་ ཏནྟྲ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་གང་གིས་མི་ཤེས་རབ་རིབ་སེལ་ཅིང་བདེ་བ་དག་ལ་ལེགས་འགོད་པ། །མགོན་པོ་སྒྲིབ་པ་ཀུན་སྤངས་ ཡོན་ཏན་མ་ལུས་ཀུན་གྱི་བདག་ཉིད་འཁོར་ལོ་དཔའ་བོ་སྡེ་དཔོན་ཆེ། །ཉེས་དང་ཉེས་བྲལ་ཀུན་སྤངས་བདེ་བ་བླ་མེད་དག་དང་རབ་བཅས་ཀུན་དུ་སྣ་ཚོགས་དོན་གྲུབ་པ། །རྒྱལ་བ་གསང་ཆེན་རྡོ་རྗེ་ཅན་དང་བདག་པོར་བཅས་ལ་ཀུན་ནས་དང་བས་ཕྱག་འཚལ་ཏེ། །གང་ ཞིག་གསལ་བར་མ་བཤད་འགྲོ་བ་ཐམས་ཅད་མུན་འདྲར་འཐོམས་འགྱུར་ཞིང་། །ཤེས་རབ་མིག་དམར་ཕྱེ་ཕྱིར་གང་གིས་གང་བཤད་པ། །དེ་དག་དམན་པར་གྱུར་ཅིང་གསལ་བར་མ་བྱས་པ། །གྲོང་ཁྱེར་སེར་སྐྱ་ལ་སོགས་གནས་པའི་བདག་པོ་ལེགས་མཉེས་དེ་ཡི་སྟོབས་ ཀྱིས་འོངས། །ཅི་ནུས་གང་གནས་དཔུང་བཅས་ཤེས་རབ་ལེགས་བསྡམས་གང་ཐོབ་དེ་དག་དགྲོལ་བར་བྱ། །འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པའི་ཚིག་འདི་དག་གིས་ནི་རྒྱུད་འདི་བརྗོད་པར་བྱ་བ་དང་། དགོས་པ་དང་འབྲེལ་པ་དང་། དགོས་པའི་ཡང་ དགོས་པ་བསྟན་ཏེ། འདི་ལྟར་བརྗོད་པར་བྱ་བ་མེད་པའི་ཚིག་ལ་ནི། ནམ་ཡང་རྟོག་པ་སྔོན་དུ་གཏོང་བ་རྣམས་འཇུག་པར་མི་འགྱུར་ཏེ། སྨྱོན་པའི་ཚིག་ལྟ་བུ་ཡིན་ལ། ཉན་པ་པོ་སློབ་པ་དག་ཀྱང་དེ་ལྟ་བུའི་ཚིག་ལ་ཞུགས་ནས་ལྡོག་པར་འགྱུར་བ་ཉིད་དོ། །བརྗོད་པར་བྱ་བ་ ཡང་ཐ་སྙད་ཙམ་དུ་མེད་པ་མ་ཡིན་གྱི། དངོས་པོ་ལ་མེད་པ་ཉིད་དོ། །གལ་ཏེ་བརྗོད་པར་བྱ་བ་བསྟན་ཀྱང་དགོས་པ་མ་བསྟན་ན་ཡང་དེ་བཞིན་ཏེ། བྱིས་པའི་ཚིག་གམ་གང་དུ་གཞན་གྱི་ཚིག་བཞིན་དུ་དགོས་པ་མེད་དོ་ཞེས་བསྟན་པར་འགྱུར་བ་ཉིད་དོ། །བརྗོད་དགོས་པའང་ གཞན་གྱི་བསྒྲུབ་པ་ཡིན་གྱི། དེ་ལ་གཞན་དུ་ནི་མ་ཡིན་ནོ། །འབྲེལ་པ་མེད་པའི་ཚིག་ལ་དེ་བཞིན་ཏེ། དཔེར་ན་རྟ་བརྗོད་པའི་སྒྲས་གླང་པོ་ལ་སོགས་པ་ལྟ་བུ་ཡིན་ལ། དེ་ལྟ་ན་ཡང་དེ་བཞིན་དུ་འགྱུར་བ་ཉིད་དོ། །གལ་ཏེ་དགོས་པའི་དགོས་པ་མ་བསྟན་ན་ཡང་དེ་ བཞིན་ཏེ། འདི་ལྟར་གང་ཞིག་གི་འབྲས་བུ་མེད་པའི་རྟོགས་པ་འདིས་ཅི་ཞིག་བྱ། དཔེར་ན་བུད་མེད་བུད་མེད་ལ་འབྲེལ་པའི་ཡན་ལག་རྟེན་པ་ལྟ་བུ་དང་མ་ནིང་གི་གཟུགས་ལ་འདོད་ཆགས་ཅན་རྟོག་པ་ལྟ་བུ་སྟེ། བདག་ཀྱང་ཅི་ནས་ཡི་འཆད་པར་འགྱུར་རོ་ཞེས་ཡོངས་སུ་ བརྟགས་ནས་འཇུག་པར་མི་འགྱུར་བ་ལྟ་བུའོ། །དེ་བས་ན་འཇུག་པའི་ཡན་ལག་གི་གཙོ་བོ་ཡིན་པའི་ཕྱིར། ཐོག་མ་ཉིད་དུ་ནི་དགོས་པའི་དགོས་པ་བརྗོད་པར་བྱའོ། །དེ་གང་ལས་འབྱུང་བ་ཤེས་པར་བྱ་བའི་ཕྱིར། དེ་ནས་དགོས་པ་དང་འབྲེལ་པ་བརྗོད་པར་བྱའོ། །དེ་ལྟར་གཞན་དུ་ཡང་བརྗོད་ པར་བྱ་བ་ལ་སོགས་པ་ཚོལ་བར་ནུས་པ་ལ་ནི་ཐོག་མར་བརྗོད་པར་བྱ་བ་བསྟན་ཏོ། །དེ་ནས་དགོས་པ་ལ་སོགས་པ་བསྙད་པར་བྱའོ། །དེ་ལས་འདི་བརྗོད་པར་བྱ་བ་གང་ཞིག་ཅེ་ན། འདི་ལྟར་ལམ་དང་འབྲས་བུ་དང་སྤང་བྱ་སྟེ། འདི་ལྟར་ལམ་ལ་བརྟེན་ནས་འབྲས་བུ་ཐོབ་ པ་དེས་ན་དེ་དང་འགལ་བའི་ཆོས་སྤོང་བར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་དུ་ཟད་མོད། དེ་ཉིད་བསྟན་པ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་སྒྲའི་ཚིག་ལ་མ་བརྟེན་པར་ནམ་ཡང་རྟོགས་པ་མི་འབྱུང་ངོ་། །གལ་ཏེ་བྱུང་ན་ནི་ཐམས་ཅད་གཞུང་གི་ཚིག་ལ་སོགས་པ་ལ་མི་ལྟོས་པར་དེར་ འགྱུར་བ་ཞིག་ན་དེ་ནི་མེད་དོ། །གལ་ཏེ་ཡོད་ན་རྐྱེན་གཞན་ལ་ལྟོས་ཏེ་སྐྱེ་བའམ་རྐྱེན་གཞན་དང་བྲལ་བས་སྐྱེ་བ་རྟོགས་གྲང་ན་དང་པོ་ལྟར་ན་ཡང་ཐམས་ཅད་ལ་ཐམས་ཅད་སྐྱེ་བའམ། རྒྱུ་ཐམས་ཅད་དུ་རྒྱུ་ལ་རང་བཞིན་བྱེ་བྲག་ཏུ་འགྱུར་བ་མེད་པས་མེད་པར་ཐལ་བར་ འགྱུར་རོ། །ཕྱི་མ་ལྟར་ན་འབའ་ཞིག་པ་རྣམས་ལ་ནི་ནུས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་འགྱུར་རོ་ཞེ་ན་ནི། འབྲས་བུ་ཡན་ལག་མ་ཚང་བ་མེད་པའི་ཕྱིར་དུས་ཐམས་ཅད་འབྱུང་བ་ཞིག་ན་དེ་ནི་མེད་དོ། །དེ་བས་ན་གཞུང་གི་ཚོགས་མེད་ན་བརྗོད་པར་བྱ་བ་རྟོགས་པ་ མི་འབྱུང་ངོ་། །དེ་བཞིན་དུ་རྟོགས་པ་དགོངས་པ་ཡིན་པ་དང་། གཞུང་ཐམས་ཅད་ཡིན་པ་ལ་སོགས་པར་རྟོགས་པའི་དགོངས་པར་ཡང་མི་འབྱུང་ངོ་། །དེ་བས་ན་ཤུགས་ཀྱིས་གཞུང་གི་ཚོགས་འདི་དག་ཐབས་ཡིན་ལ། དགོས་པ་ཐབས་ལས་བྱུང་བ་ཉིད་ཀྱིས་འབྲེལ་ པའང་བསྙད་པ་ཡིན་ནོ། །དེ་བས་ན་གཞུང་གིས་བསྟན་པ་བླང་བ་དང་དོར་བ་ལ་སོགས་པ་ནི་དགོས་པ་ཡིན་ནོ། །དེ་ལ་ཅིར་འགྱུར་ཞེ་ན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་ཏེ། བསྒོམ་པའི་རིམ་གྱིས་ཐོག་མ་ཉིད་དུ་ཚོགས་ཀྱི་ལམ་ལ་གནས་པར་ བྱེད་དོ། །དེ་ནས་ཟབ་པ་དང་མི་ཟབ་པའི་བྱེ་བྲག་གི་རིམ་གྱིས་དྲོད་ཐོབ་པར་འགྱུར་བ་ལ་སོགས་པ་སྦྱོར་བའི་རིམ་གྱིས་ཐོབ་པར་འགྱུར་རོ། །དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པས་མཐོང་བའི་ལམ་ལ་སོགས་པ་ཐོབ་ནས། ཉོན་མོངས་པའི་ སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལ་སོགས་པ་ས་བོན་དང་བཅས་པ་བཏོན་པ་ནི་རང་གི་དོན་ཕུན་སུམ་ཚོགས་པར་གྱུར་པའོ། །བསྐྱེད་པ་ལ་སོགས་པ་ལས་སུ་རུང་ནས་སེམས་ཅན་རྣམས་ཀྱི་སྣོད་དང་སྣོད་མ་ཡིན་པ་ལེགས་པར་བརྟགས་ཏེ། མཐོ་རིས་ཀྱི་ལམ་ནི་དགེ་བ་དང་བསམ་ གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་ལམ་ལ་དགོད་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། ཇི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་ལ་ནི་ གསང་གནས་པའི། །མཐོང་དང་གོམས་པའི་རིམ་པ་ཡིས། །སངས་རྒྱས་སར་ནི་འགྲོ་བར་བྱེད། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །སྣ་ཚོགས་སྐུ་གསུང་ཐུགས་རྣམས་ཀྱིས། །བྱང་ཆུབ་སེམས་ནི་བསྐྱེད་བྱས་ན། །སོ་སོའི་འབྲས་བུ་ཐོབ་པར་བྱེད། །ཅེས་འབྱུང་བ་ དང་། གཞན་ཡང་ཐེག་པ་ཆེན་པོའི་རིགས་ཀྱི་གང་ཟག་གིས། །དང་པོ་བྱང་ཆུབ་སེམས་བསྐྱེད་དེ། །བསམ་གཏན་བསྒོམས་པའི་རིམ་པ་ཡིས། །སངས་རྒྱས་སར་ནི་འགྲོ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལྟར་དགོས་པའི་དགོས་པ་མཐར་ཐུག་པ་བརྗོད་ ནས། གང་དག་དད་པའི་རྗེས་སུ་འབྲང་བ་དག་ཀྱང་སྲིད་པ་ལེགས་པར་བཟུང་ནས་འཇུག་པར་འགྱུར་ལ། ཆོས་ཀྱིས་རྗེས་སུ་འབྲང་བ་དག་ཀྱང་དེ་ལྟ་བུ་ལ་གནོད་པ་དང་བྲལ་བས་འཇུག་པར་འགྱུར་རོ། །དེ་ལྟར་དགོས་པ་བརྗོད་ནས། ད་ནི་ཡན་ལག་བཤད་པར་བྱ་སྟེ། དེ་ལ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་བདག་གིས་ཞེས་བྱ་བ་འདིས་ནི་སྡུད་པ་པོའི་ཚིག་ཏུ་བརྗོད་དེ། འདི་ཁོ་ན་སྐད་བཤད་པ་བདག་གིས་ཐོས་ཞེས་པར་སྟོན་ཏེ། འདིའི་དུས་ནི་འདི་ཁོ་ན་ལྟར་ཐོས་ཞེས་སོ། །གལ་ཏེ་གཞན་དུ་མི་འཁྲུལ་བར་འགྱུར་རོ། ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །ཡང་འདི་སྐད་དུ་བདག་ཁོ་ནས་ཐོས་ཞེས་པར་ཡང་སྟོན་ཏོ། །གང་གིས་འདི་ལྟར་གཞན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དུས་གཅིག་ཁོ་ནའི་ཚེ་ཐོས་ཞེས་པས་ཀྱང་གཞན་སྤོང་བ་ཉིད་དུ་འགྱུར་རོ་ཞེས་བྱ་བས་ཏེ། འདིས་ཆོས་གཞན་དང་ལྡན་པ་དང་། དུས་གཞན་དང་ལྡན་པ་རྣམས་གཅོད་པའོ། །གལ་ཏེ་དེ་ལྟ་ན་ནི་འཁོར་ཕུན་སུམ་ཚོགས་པ་དང་། སྡུད་པ་ཐོས་པ་མང་བ་དང་། ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་ལ་སོགས་པ་སྤངས་པ་ཉིད་དོ་ཞེན་མ་ཡིན་ཏེ། གཅིག་གིས་གཅིག་ གསལ་བ་ཉིད་ཀྱི་ཡང་ཕྱིར་རོ། །འཁོར་ཕུན་སུམ་ཚོགས་པ་ཡང་མ་ཡིན་ཏེ། འདི་དང་ལྷན་ཅིག་ཏུ་ཞེས་པའོ། །གལ་ཏེ་དེ་ལྟར་ན་འགལ་བ་ཉིད་དོ་ཞེ་ན་མ་ཡིན་ཏེ། སྡུད་པ་པོར་གྱུར་པ་བདག་ཁོ་ན་ཞེས་པའི་དོན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཁམས་གསུམ་རྣམ་པར་ རྒྱལ་བ་ལ་གཟིགས་ཏེ་འཛུམ་པ་མཛད་ནས། ཁམས་གསུམ་རྣམ་པར་རྒྱལ་བ་ཁྱོད་སྤོབས་པར་གྱིས་ཤིག་ཅེས་གསུངས་པ་དང་། དེ་ནས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་འབྱུང་བའི་ཕྱིར་རོ། ། འདི་ཁོ་ན་སྐད་བཤད་པས་ཀྱང་། ཆོས་གཞན་སྤངས་པ་མ་ཡིན་ཏེ་དེའི་དུས་སོ། །གལ་ཏེ་དེ་ལྟ་ན་སྡུད་པ་པོ་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ་གཞན་གྱི་ཚེ་གཞན་ཐོས་སོ། །ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པ་དང་འགལ་བ་ཡིན་ཏེ། དུས་གཞན་དུ་གཞན་ལ་རྒྱུན་མི་འཆད་པའི་ཕྱིར་དང་། འདི་ཁོ་ན་ཞེས་ངེས་པར་གཟུང་བར་མི་ནུས་ཏེ།རྒྱུན་དུ་ཡང་དང་ཡང་དུ་འབྱུང་བ་མ་ཡིན་པས་རྙེད་པར་དཀའ་བ་ཉིད་དོ། །དེ་བས་ན་བདག་ཁོ་ནས་ཐོས་ཞེས་པ་ནི་བློ་རྣོ་བ་དང་། ཐོས་པ་ཆེ་བ་དང་། རྒྱུད་རྙེད་པར་དཀའ་བ་སྟོན་ཏེ། ཐོས་ཞེས་པའི་སྒྲས་སྐད་ཅིག་གཅིག་ཙམ་གྱིས་ཐོས་ ཞེས་པ་ནི་བློ་རྣོ་བ་བསྟན་ཏོ། གཞན་དུ་ནི་སྐད་ཅིག་ཙམ་གྱིས་འཛིན་པར་ག་ལ་ནུས། ཐོས་པ་ཆེ་བ་ཡང་འདིའི་ཚེ་འདི་ཐོས་གཞན་དུ་གཞན་ཐོས་ཞེས་པས་བསྟན་ཏེ། དེས་ནི་ཁྱབ་པ་ཉིད་ཀྱང་བསྟན་ཏོ། །གཞན་དུ་མ་ཐོས་ཞེས་པ་ནི་རྒྱུད་རྙེད་པར་དཀའ་བ་བསྟན་ཏེ། ཐམས་ཅད་ ཀྱིས་གཞན་གྱི་གནས་སུ་ཐོས་པ་དང་རྙེད་པར་ག་ལ་ནུས། དེ་བས་བདག་ཁོ་ན་ཞེས་པ་འགལ་བ་མེད་པ་ཉིད་དོ། །གལ་ཏེ་སྐད་ཅིག་ཙམ་གྱིས་ཐོས་ན་ནི་དེའི་རིམ་པ་དང་འགལ་བ་ཉིད་དོ་ཞེ་ན། མ་ཡིན་ཏེ། བྱིན་གྱི་རླབས་ཀྱིས་མ་འགགས་པའི་རྨི་ལམ་བཞིན་ནོ། །གཞན་གྱི་ཚེ་ གཞན་ཐོས་ཞེས་པ་ཡང་དེ་ཉིད་དེ་ཡིན་པའམ། དེ་ཡང་ཡིན་པ་ཉིད་དོ་ཞེ་ན། དེ་ལ་ཅིར་འགྱུར། གལ་ཏེ་འདི་ཉིད་ཡིན་ནོ་ཞེ་ན། མངོན་སུམ་དུ་གང་ལ་ཡང་གཞན་དུ་དེ་མ་གྲུབ་པ་ཉིད་དོ། །གལ་ཏེ་དེ་ཡང་དེ་ཡིན་ནོ་ཞེ་ན། ཐམས་ཅད་ཐམས་ཅད་དུ་འགྱུར་བ་ཤིན་ཏུ་གཅིག་པ་ ཉིད་དོ་ཞེ་ན་ནི། དེ་ནི་ཉེས་པ་མེད་པ་སྟེ། འདི་ལྟར་ཁམས་གསུམ་རྣམ་པར་རྒྱལ་བ་ཉིད་དེ་དེའི་དུས་ན་ནི་དེར་སྣང་སྟེ་བསམ་གྱིས་མི་ཁྱབ་པའི་མཐུ་དང་སོ་སོའི་རྐྱེན་གྱིས་དེར་སྣང་བ་ཉིད་དེ་ཟླ་བ་དང་ཆུ་བཞིན་ནོ། །དེ་བས་ན་དོན་དུ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ཡང་ཕྱག་ན་རྡོ་རྗེ་ ཉིད་དོ། །གཞན་དུ་ན་དེ་ལྟར་སྟོན་པར་ག་ལ་ནུས། གལ་ཏེ་དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་སྐད་སྨྲས་པ་ལ་ཡོན་ཏན་ལྷག་པ་ཅི་ཡོད། །བཅོམ་ལྡན་འདས་ཀྱི་བཀའ་ཉིད་དུ་བསྟན་པ་ཉིད་དོ། །གལ་ཏེ་དེ་ལྟར་ན། བཅོམ་ ལྡན་འདས་ཀྱིས་བསྟན་པ་བདག་གིས་ཐོས་ཞེས་བྱ་བར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་པ་ཞེས་བྱ་བས་སྡུད་པ་པོ་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པར་གསལ་ཏེ། ཅི་ནས་ཀྱང་གཅིག་ཏུ་བརྒྱུད་པས་སྨོན་པས་བར་གཅོད་པ་དང་། སྨན་ པས་ལུང་བསྟན་པ་ལ་སོགས་པ་དང་། ཇི་སྐད་བཤད་པས་ལྡོག་པར་འགྱུར་བ་ཉིད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གིས་དུས་གཅིག་ན་ཐོས་ཞེས་པས་ཇི་སྐད་སྨོས་པའི་ཉེས་པ་མེད་དོ། །སྨན་པ་རྣམས་ཀྱིས་བདེ་བར་རྟོགས་སོ། །དེ་ལྟ་ན་ནི་འདི་ དང་ལྷན་ཅིག་ཏུ་ཞེས་པ་དང་། འདིར་ཞེས་པ་ལ་སོགས་པ་ཡང་སྨོས་པར་འགྱུར་རོ། །དེ་ལ་དེར་འགྱུར་ལ་ཤུགས་ཀྱིས་རྟོགས་སོ་ཞེས་བྱ་བར་ཡང་མི་ནུས་ཏེ་མཚུངས་པའི་ཕྱིར། གལ་ཏེ་དེ་ལྟར་ན་གཞུང་མང་པོར་འགྱུར་བའི་ཉེས་པ་དང་ལྡན་པར་འགྱུར་རོ། །གལ་ཏེ་མི་ རྟོག་པ་ཉིད་དེ་ལ་དེར་འགྱུར་རོ་ཞེས་བྱ་བ་ཡང་གང་གི་ཕྱིར། དངོས་སུ་ཐོས་ཞེས་པ་ལྟར་ན་དེས་གསུངས་པ། དངོས་སུ་ཐོས་ཏེ་མ་གསུངས་པ་ལ་ནི་ནམ་ཡང་ཐོས་པ་མེད་དོ་ཞེས་འཇིག་རྟེན་ན་གསལ་བར་བཤད་ཟིན་ཏོ། །གལ་ཏེ་མ་གསུངས་ཀྱང་བྱིན་གྱིས་ བརླབས་པ་ལས་ཐོས་པ་ཞེས་བྱ་བ་འབྱུང་བས། དེ་གསུངས་པའི་ཕྱིར་རོ་ཞེ་ན། བྱིན་གྱིས་བརླབས་དང་སྨོན་ལམ་གྱི་མཐུས་ཞེས་བྱ་བ་ལས་རྟོགས་པར་གསུངས་སོ། །ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད། །གལ་ཏེ་མདོ་ལས་གནོད་པ་དང་། །གཞན་སྒྲུབ་པ་ནི་ཅུང་ཟད་མེད་དེ། འདི་ནི་བསམ་པར་བྱའོ། །གལ་ཏེ་དེ་ལྟར་ན་བཀའ་མ་ཡིན་ཏེ་དུས་ཕྱིས་འབྱུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལས་འཁོར་ཉེ་བ་རྣམས་ཀྱིས་དྲིས་པ་དང་། མདོ་སྡེ་རྣམས་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ ལྡན་འདས་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་ནས། འཁོར་དེ་དག་ཐམས་ཅད་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་ཡང་དག་པར་བྱོས་ཤིག་པར་ལུང་ཕོག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལུང་དང་མཐུན་པར་ཡང་དག་པར་ སྡུད་པར་བྱེད་པས་དེ་སྐད་དུ་བསྟན་པ་ཉིད་དོ། །དེ་ལྟར་ན་མངོན་པར་ཡང་སྡེ་སྣོད་གསུམ་སྡུད་པའི་དུས་སུ་ཀུན་དགའ་བོའི་གདོང་མཆི་མ་དང་བཅས་པས་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལས། གསུང་གིས་མ་ནོར་བར་བསྟན་པ་བཞིན་ནོ། །དེ་བས་ ན་རྒྱུད་ཐམས་ཅད་ཀྱི་དོན་མ་ལུས་པར་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་འདིའི་དོན་དང་བཅས་པ། ཡོན་ཏན་དང་བཅས་པ། བྱིན་རླབས་ཆེན་པོ་ལ་སོགས་པ་དང་རབ་ཏུ་བཅས་པའོ། །གལ་ཏེ་འདི་ལྟར་ན་འདི་ཞེས་ པའམ། འདི་དག་ཅེས་པའམ། །འདི་རྣམས་ཞེས་པས་ཀྱང་དེ་ཁོ་ནའི་དོན་ཐམས་ཅད་སྟོན་པར་ནུས་པས། འདི་ཁོ་ན་ཞེས་པ་ངེས་པར་གསུང་བར་མི་བྱའོ་ཞེ་ན། མ་ཡིན་ཏེ། གང་གི་ཕྱིར་ཐབས་དང་ཤེས་རབ་ཟབ་མོ་སྟོན་པའི་བརྡར་འགྱུར་བའི་ཕྱིར་ཏེ། ཛ་རི་ཁཾ་ཞེས་པ་བཞིན་ ནོ། །དེ་ལྟར་ན་བདག་གིས་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་པ་ཉིད་དུ་ཞེ་ན། འདོད་པ་ཉིད་དོ། །གལ་ཏེ་དེ་ལྟར་ན་སྡུད་པ་པོ་མེད་པར་འགྱུར་རོ་ཞེ་ན། འདོད་པ་ཉིད་དོ། །འདིར་སེམས་ཅན་འདུལ་བའི་དབང་མ་གཏོགས་པར་སྟོན་པ་ཞེས་བྱ་བ་དང་། སྡུད་པ་པོ་ཞེས་བྱ་བ་ ལ་སོགས་པ་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བའི་ཡི་གེའི་དོན་རྣམས་ཀུན། །རྫོགས་སངས་རྒྱས་ཀྱིས་བསྟན་དུ་གསོལ། །བདེ་བར་གཤེགས་པས་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་རབ་ གསན་ནས། །ལེགས་ཞེས་ལན་གསུམ་གསུངས་མཛད་ནས། །རྒྱལ་བའི་སྲས་ལ་དོན་འདི་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བའི་ཡི་གེ་དེ་རྣམས་ཀུན། །ངས་ནི་ཁྱོད་ལ་བཤད་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཨེ་ནི་ནམ་མཁའི་ཁམས་ ཡིན་ཏེ། །འབྱུང་བ་སྡུད་པ་ཡོངས་དག་པའི། །འབྲས་བུ་བདེ་གཤེགས་ཀུན་གྱི་བདག །གཙོ་བོ་རྡོ་རྗེ་གོས་སྔོན་ཅན། །བ་ནི་འབྱུང་བ་ཀུན་སྡུད་ཆུ། །དཀྱིལ་འཁོར་དག་བྱང་ཆུ་ཡི་ཁམས། །ཡོངས་སུ་དག་པ་ལྷ་ཡི་སྐུ། །རིན་ཆེན་གོས་སྔོན་ཞེས་སུ་བཤད། །ལ་ནི་གཅོད་ པའི་སྒྲ་གཅན་ས། །བརྟན་དང་གཡོ་བའི་ངོ་བོ་ཉིད། །ཡོངས་སུ་དག་པ་ལྷ་ཡི་སྐུ། །བདེ་གཤེགས་གོས་སྔོན་ཞེས་སུ་བཤད། །མ་ནི་འབྱུང་བ་མེ་རང་བཞིན། །ཚ་ཞིང་སྨིན་པའི་བདག་ཉིད་ཅན། །ཡོངས་སུ་དག་པ་ལྷ་ཡི་སྐུ། །པདྨ་གོས་སྔོན་ཞེས་སུ་བཤད། །ཡ་ནི་རླུང་དུ་གྲགས་པ་ སྟེ། །ཡང་ཞིང་གཡོ་བའི་བདག་ཉིད་ཅན། །ཡོངས་སུ་དག་པ་ལྷ་ཡི་སྐུ། །ལས་ཀྱི་གོས་སྔོན་ཞེས་སུ་བཤད། །གསང་བ་བདེ་མ་བསྒྲུབ་པ་ལས། །གཞན་དུ་གསང་བ་རྙེད་མ་ཡིན། །གསང་བ་འདི་ཡི་དུས་རྣམས་སུ། །རྣལ་འབྱོར་མཆོག་གིས་ནན་ཏན་བྱ། །ཨ་ནི་ནམ་མཁའ་ ཡོངས་སུ་དག །ལུས་ཀུན་ལ་ནི་གནས་པའི་རླུང་། །ཁྱབ་བྱེད་ཅེས་སུ་གྲགས་པ་སྟེ། །ནམ་མཁའ་རྣམ་དག་འདི་ལས་བྱུང་། །ལ་ནི་ས་ཡི་དཀྱིལ་འཁོར་ཏེ། །སྙིང་ན་དྲོད་རླུང་ཁ་དོག་སེར། །གཉི་ག་ལས་ནི་འབྱུང་བ་སྟེ། །ཡི་གེ་ལ་དང་ཡང་དག་ལྡན། །བ་ནི་ཆུ་ཡི་དཀྱིལ་འཁོར་ ཏེ། །ལྟེ་བར་མཉམ་གནས་དཀར་ཟླུམ་བདག །གཉི་ག་ལས་ནི་དལ་བར་འབྱུང་། །ཡི་གེ་བ་དང་ཡང་དག་ལྡན། །མ་ནི་མེ་ཡི་དཀྱིལ་འཁོར་ཏེ། །མགྲིན་པ་གྱེན་རྒྱུ་གྲུ་གསུམ་དམར། །གཡོན་པ་ནས་ནི་འབྱུང་བ་སྟེ། །ཡི་གེ་མ་དང་ཡང་དག་ལྡན། །ཡཾ་ནི་ རླུང་གི་དཀྱིལ་འཁོར་ཏེ། །གསང་བ་ཐུར་སེལ་གཞུ་དབྱིབས་ལྗང་། །གཡས་པ་ནས་ནི་འབྱུང་བ་སྟེ། །ཡི་གེ་ཡ་དང་ཡང་དག་ལྡན། །ཨེ་ནི་སྒྲ་ཡི་རང་བཞིན་ཅན། །ལ་ནི་གཟུགས་ཀྱི་བདག་ཉིད་ཅན། །དེ་བཞིན་པ་ནི་དྲི་ཡི་བདག །མ་ནི་རོ་ཡི་བདག་ཉིད་དེའི། །ཡ་ནི་བྱ་ཡི་ བདག་ཉིད་ཡིན། །དེ་ཉིད་སྲུང་བའི་མཆོག་གི་རྒྱུད། །གསང་བ་བདེ་བ་ཆེན་པོར་འབྱུང་། །གང་ཞིག་འདི་ལ་རྟག་གནས་ན། །རྡོ་རྗེ་དེ་ཉིད་སྡུད་པ་ཐོབ། །ཅེས་བདེ་བ་ཆེན་པོ་བསྒྲུབ་པའི་རྟོག་པ་དེ་ཁོ་ན་ཉིད་ལས་འབྱུང་བ་དང་། གཞན་ཡང་། ཨེ་ནི་བདེ་བ་ཆེན་པོར་འབྱུང་། ། ཡོན་ཏན་ཐམས་ཅད་འབྱུང་འགྱུར་བའི། །ས་བོན་གསང་བ་མཆོག་གི་རྒྱས། །དེ་དབུས་ནོར་བུ་བཟང་པོ་ཉིད། །བཾ་གྱི། འཁོར་ལོ་འདི་ནི་གསང་བ་ཆེ། །གང་ཞིག་ཡོན་ཏན་མཆོག་གིས་རྒྱས། །སྤྲུལ་པའི་ས་བོན་ཡང་དག་ལྡན། །གསང་བ་དེ་ནི་བདེ་བ་ཆེ། །མ་ནི། ལོངས་སྤྱོད་ ཆེན་པོ་དམ་པ་ཉིད། །གསང་བ་འདི་ལས་འབྱུང་བ་སྟེ། །རོལ་པའི་ཆོ་འཕྲུལ་དམ་པ་སྟེ། །དགའ་བ་འདིར་ནི་བསམ་པར་བྱ། །ཡ་ནི་ཀུན་དུ་སྐྱོད་བྱེད་རྟེན། །སྣ་ཚོགས་གསང་བ་བླ་ན་མེད། །ཡོན་ཏན་ཆོས་ཀྱི་འཁོར་ལོ་སྟེ། །རྡོ་རྗེ་ཐུགས་ཀྱི་བདག་ཉིད་འགྲུབ། །རླུང་དང་རྩ་དང་ འཁོར་ལོ་དང་། །དག་པའི་ཐིག་ལེའི་རྟགས་རྣམས་ནི། །ཡི་གེ་བཞི་པས་ཡང་དག་འབྱུང་། །ཆགས་དང་གྲོལ་བའི་དབང་དུ་གཉིས། །ཞེས་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་འབྱུང་བ་ལྟ་བུའོ། །གཞན་ཡང་གསུངས་པ། ཨེ་ནི་སྐུ་ཡི་འཁོར་ལོ་ཉིད། །བཾ་ནི་ཐུགས་ཀྱི་འཁོར་ལོ་ ཉིད། །མ་ནི་གསུང་གི་འཁོར་ལོ་ཉིད། །ཡ་ནི་བདེ་བ་ཆེན་པོ་ཉིད། །དབང་བཞི་ལ་ནི་གང་གནས་པ། །རྣལ་འབྱོར་དངོས་པོ་བཞི་དང་འབྲེལ། །ཡི་གེ་ཨེ་ནི་དབྱིངས་ཡིན་ཏེ། །བ་ནི་རོལ་པའི་ཡེ་ཤེས་ཏེ། །ཐིག་ལེ་གཉིས་མེད་ཕྱག་རྒྱ་སྟེ། །དེ་ལ་ལོངས་སྤྱོད་སྤྲུལ་པ་འབྱུང་། ། ཞེས་པ་ལ་སོགས་པ་འབྱུང་བ་ལྟ་བུའོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། །གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནོད་སྦྱིན་གང་བ་བཟང་པོ་དང་། །ནོར་བུ་བཟང་པོ་དང་། ལྔས་རྩེན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་གང་ན་གནས་པའི་ཕྱོགས་དེ་ནི། གནོད་སྦྱིན་ཐམས་ཅད་ཡོངས་སུ་རྒྱུ་བའི་གནས་སོ། །ཤིན་ཏུ་བདེན་པ་ནི་གནོད་པས་བརྫི་བ་མེད་པ་ཉིད་དོ། །འདིའི་གདུལ་བྱ་ཕུན་སུམ་ཚོགས་པ་གཙོར་བསྟན་པ་དང་། བར་དུ་གཅོད་པར་འགྱུར་བ་སྤངས་པར་བསྟན་ཏོ། །ཡོངས་སུ་དག་པ་ ནི་ཤེལ་དངས་པ་ལྟ་བུར་གནས་པ་སྟེ། འདི་དག་གི་དོན་ཡང་ཤེལ་གྱི་ནང་དུ་ཆུད་པ་ལྟ་བུའི་གཞལ་ཡས་ཁང་ཤེལ་དུ་གསལ་བ། དཀྱིལ་འཁོར་རྒྱན་དང་ལྡན་པའི་དབུས་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་བཞུགས་ཤེ་ན། གནོད་སྦྱིན་སྡེ་ དཔོན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོའི་ཡང་གཙོ་བོ་ཡིན་པའི་ཕྱིར་རོ། །དུས་གསུམ་གྱི་དེ་བཞིན་དུ་བྱ་བ་ལ་སོགས་པའི་དོན་ནི། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པའི་དུས་སུ་པདྨ་སྟོང་དང་ལྡན་པའི་དབུས་སུ་བཞུགས་ ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་། ཕྱག་ན་རྡོ་རྗེ་ཁྱོད་སོང་ལ། །ཞེས་བྱ་བ་ལ་སོགས་པ་གཞན་གྱིས་ཀྱང་གསུངས་པ་ཉིད་དོ། །མཆེ་བ་གཙིགས་པ་ནི་གང་གིས་ལོག་པར་རྟོགས་པ་ཟ་བའི་ཕྱིར་རོ། །ཡིད་ཁྲོས་པ་ནི་ཞི་བའི་ལས་ཀྱིས་ ནི་མི་འདུལ་བའི་ཕྱིར་རོ། །མིག་མེ་མདག་གི་ཕུང་པོ་འདྲ་བ་ནི་བལྟས་པ་ཙམ་གྱིས་འཇིགས་པར་བྱ་བའི་ཕྱིར་རོ། །དབུགས་མེ་ལྕེ་ལྟར་འབར་བ་ནི། སྒྲ་ཙམ་གྱིས་འདུལ་བའི་ཕྱིར་རོ། །འཇིགས་པའི་ང་རོ་ཅན་ནི། ངག་གི་ཉེས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་རོ། ། འདི་དག་ཀྱང་དམན་པའི་ཟས་དང་། ཡིད་ཀྱི་ཟུག་རྔུ་དང་། དམན་པ་ལ་བལྟ་བ་དང་། བརྫུན་ལ་སོགས་པའི་ཉེས་པ་དང་བྲལ་བར་ཡང་བསྟན་ལ། གདུལ་བྱའི་རྟགས་ཐུན་མོང་མ་ཡིན་པ་ཡང་བསྟན་ཏེ། ལེགས་པ་དང་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །སྦྲུལ་དཀར་པོ་ དང་ནག་པོ་དང་། སེར་པོ་དང་འོག་ནས་སྟོན་པའི་དམར་པོ་རྣམས་ཀྱིས་ལུས་བརྒྱན་པ་སྟེ། རང་འདོད་ཆགས་གཙོ་བོར་གྱུར་པའི་ཚུལ་ཁྲིམས་ཉམས་པ་དང་བྲལ་ཞིང་། ཕྱི་རོལ་གྱི་ཀླུ་རིགས་དྲུག་ལ་སོགས་པ་འདུལ་བའི་རྟགས་སུ་བསྟན་ཏོ། །བཞིན་ རྒྱས་པ་ནི་གདོང་འཕེལ་ཁ་ཆེ་བ་སྟེ། ལྷ་ཐམས་ཅད་འདུལ་བའི་རྟགས་སུ་བསྟན་པའོ། །སྨིན་མ་དཔྲལ་བར་བསྡུས་པ་ནི་ཁྲོ་གཉེར་མེའི་ཕྲེང་བ་དང་བཅས་པ་སྟེ་མེ་ལྷ་འདུལ་བའི་ཕྱིར་རོ། །ཡ་སོས་མ་མཆུ་མནན་པ་ནི། སྲིན་པོ་འདུལ་བའི་ཕྱིར་རོ། །གཤིན་རྗེའི་ཆ་བྱད་ཅན་ ནི། གསུས་པ་ཆེ་བ་སྟེ་གཤིན་རྗེའི་རིགས་འདུལ་བའི་ཕྱིར་རོ། །ལག་པ་བརྡབས་པས་ནི་རྡོ་རྗེ་དང་ལྡན་པ་སྟེ་ཐམས་ཅད་ཀྱང་ངོ་། །ཨ་ལ་ལ་ཞེས་སྒྲ་སྒྲོགས་པ་ནི་རླུང་ལྷ་དང་གནོད་སྦྱིན་འདུལ་བའི་ཕྱིར་རོ། །གད་རྒྱངས་དགོད་པ་ནི་འབྱུང་པོ་འདུལ་བའི་ཕྱིར་རོ། །རྒྱ་མཚོ་ལ་ སོགས་པ་གསུམ་ནི་ཀླུ་དང་ལྷ་འདུལ་བའི་རྟགས་ཏེ་ཅི་རིགས་སུ་སྦྱར་རོ། །དེ་དང་དེ་དག་གིས་ཅི་ཞིག་འདུལ་བར་མཛད་ཅེ་ན། སྦྱོར་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་ལྷ་ལ་སོགས་པ་ནད་སྣ་ཚོགས་གཏོང་བའི་ཐབས་བྱས་སོ། །བཟློག་པ་ནི་རང་གི་གནས་ སུ་སྦྱར་ཏེ། གནོད་པའི་བདག་པོ་དང་བཅས་པའོ། །གཅོད་པ་ནི་སྦྱོར་བའི་བདག་པོ་ཤི་བར་བྱེད་པའོ། །ཡོན་ཏན་ནི་སངས་རྒྱས་ཀྱི་དང་ལྡན་པ་སྟེ། མ་ལུས་པའི་བདག་པོ་ནི་ཐམས་ཅད་ཀྱི་དང་ལྡན་པ་སྟེ། དེ་ལྟ་བུའི་ཡོན་ཏན་ནི་སྟོབས་བཅུ་དང་།མི་འཇིགས་པ་བཞི་དང་། བསྲུང་ བ་མེད་པ་གསུམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་ལ་སོགས་པ་དང་ལྡན་པར་བཞུགས་སོ་ཞེས་བྱ་བ་དང་སྦྱར་རོ། །འཁོར་གང་དང་ཞེ་ན། འདི་ལྟར་བདེ་གཤེགས་གོས་སྔོན་ཅན་ཞེས་བྱ་བ་ལ་སོགས་པ་དང་། གཞན་ ཡང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནི་སྔ་མ་བཞིན་ཏེ། གནོད་སྦྱིན་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཉིད་དོ། །གནོད་སྦྱིན་མཐུ་བོ་ཆེ་ནི་གནོད་སྦྱིན་གཞན་པས་མཐུའི་བྱེ་བྲག་ཐམས་ཅད་དུ་དཔགས་པའོ། །གནོད་སྦྱིན་དྲག་པོ་ནི་འདིར་ཞི་བ་ལ་སོགས་པའི་ལས་ཀྱིས་ འདུལ་བའི་སྤྲུལ་པ་ཡིན་ཏེ། འདིར་གདུལ་བྱའི་གཙོ་བོ་གོས་སྔོན་ཅན་གྱི་དབང་དུ་བྱས་ནས་ཤིན་ཏུ་གོང་དུ་སྨོས་པ་ཉིད་དུ་རིག་པར་བྱའོ། །ལྷ་ནི་མ་ཧཱ་དེ་བ་དང་། ཁྱབ་འཇུག་ལ་སོགས་པའོ། །དེ་བཞིན་དུ་གཞན་ཡང་རང་གི་ཆུང་མ་དང་འཁོར་དང་བཅས་ཏེ་འཁོད་པར་གྱུར་ཏོ། ། འདི་ལྟར་ཉི་མ་དང་ཞེས་བྱ་བས་ནི་གཙོ་བོའི་ཡང་གཙོ་བོའི་གཟི་བརྗིད་དོ། །ཟླ་བ་དང་ཞེས་བྱ་བས་ནི། བདེ་གཤེགས་གོས་སྔོན་པོ་ཅན་ལ་སོགས་པའི་གཟི་བརྗིད་ཉིད་དོ། །ལྷ་ལ་སོགས་པའི་གཟི་བརྗིད་དེ། དེ་ལྟ་བུར་གྱུར་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ ཉིད་དོ། །དམན་པར་གྱུར་པའི་གཟི་བརྗིད་ཟིལ་གྱིས་གནོན་པ་དང་། རང་གདུལ་བྱའི་དོན་དུ་སྣ་ཚོགས་པར་གྱུར་པ་ཉིད་དོ། །དེའི་ཚེ་ས་ཡང་ཆེར་གཡོས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་གླེང་བསླང་བ་བསྟན་པ། འཁོར་ཐམས་ཅད་ནི་ལྷ་ལ་སོགས་པ་སྟེ། ཁམས་ གསུམ་རྣམ་པར་རྒྱལ་བ་གཙོ་བོར་གྱུར་པ་དང་ཞེས་བྱ་བའི་དོན་ཏོ། །བླ་མེད་གོས་སྔོན་ཅན་ཁྱོད་ཅེས་པ་ནི་གང་ཡིན་ཞེས་པའོ། །གང་དང་གང་ཡོད་ཅེ་ན། །བདེ་གཤེགས་ཀུན་གྱིས་སྤྲུལ་པའམ། །ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་འོད་ཟེར་ལས་སྤྲུལ་པ་ ཞིག་གམ་ཞེས་པའོ། །དེ་ལྟ་མ་ཡིན་ན། གལ་ཏེ་བསྡུས་པའི་སྐུ་ཡིན་ནམ་ཞེས་པ་སངས་རྒྱས་ཐམས་ཅད་དེའི་ངོ་བོར་བྱས་པ་ཞིག་གམ། གལ་ཏེ་ལས་ཀྱི་ཁྲོ་བོར་དབང་བསྐུར་བའམ་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའམ། དེར་གྱུར་པ་ཞིག་ གམ་ཞེས་པའོ། །བདག་འཁོར་དང་བཅས་པ་ནི་དེར་ཚོགས་པ་ཉིད་དོ། །ཇི་ལྟར་དུས་གསུམ་བཀའ་ཉན་ཏེ། །ཞེས་པའི་དུས་གསུམ་བཀའ་ལས་མི་འདའ་བ་ཉིད་དོ། །ལས་དང་བྱ་བ་ནི་གོ་སླའོ། །དྲག་པོའི་ཏིང་ངེ་འཛིན་བསྟན་དུ་གསོལ་ཞེས་པ་ནི། སེམས་ཅན་གྱི་ དོན་དུ་ཏིང་ངེ་འཛིན་སྣ་ཚོགས་པ་ལ་སྙོམས་པར་ཞུགས་ཤིག་པའོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པ་འདུས་པ་ཆེན་པོའི་འཁོར་རྣམས་ལ་བཀའ་སྩལ་པ། ཀྱེ་མ་འདུས་པ་ཆེན་པོའི་ཚོགས། །ལེགས་སོ་ ལེགས་སོ་ལེགས་པར་གསུངས། །གང་ཕྱིར་དུས་གསུམ་སངས་རྒྱས་རྣམས། །རང་བཞིན་མེད་ཅིང་མཚན་ཉིད་མེད། །སྤྲོས་མེད་གཡོ་བ་མེད་པ་སྟེ། །འགྲོ་བ་འདུས་པར་གྱུར་པ་རྣམས། །ང་ཡི་བསྟན་ལ་གནས་པ་ལ། །རིམས་དང་དུག་ལ་སོགས་པས་ འཚེ། །དེ་ཕྱིར་ང་ནི་ཁྲོ་བོའི་གཟུགས། །སྣ་ཚོགས་རྒྱན་གྱིས་རྣམ་པར་སྣང་། །གང་ཞིག་དེ་ཉིད་སངས་རྒྱས་གཟུགས། །འགྲོ་བའི་དབང་དུ་སྤྲུལ་པ་སྟེ། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །དབང་བསྐུར་བར་ཡང་ཡང་དག་བཤད། །ང་ནི་དུས་གསུམ་ཀུན་དུ་འབྱུང་། །ང་ནི་ སངས་རྒྱས་ཀུན་རང་བཞིན། །ང་ནི་རྒྱུད་རྣམས་སྟོན་པ་སྟེ། །བླུན་པར་གྱུར་པའི་འགྲོ་བ་ལ། །མིག་འཕྲུལ་ཚུལ་ནི་སྟོན་བྱེད་པ། །ཞེས་གསུངས་མ་ཐག་ཏུ་འདུས་པ་ཆེན་པོའི་འཁོར་ཐམས་ཅད་ཀྱིས་རྨད་དུ་བྱུང་བའི་རོལ་པའི་མཆོད་པ་ཆེན་པོས་ཁྱབ་པར་གྱུར་ཏེ་ཞེས་བྱ་བ་འདི་སྐད་ དུ་སྟོན་ཏེ། བདག་ནི་དངོས་སུ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ཡང་སེམས་ཅན་གྱི་དོན་དུ་དབང་བསྐུར་བར་སྣང་ངོ་ཞེས་སོ། །འདིར་ལེའུ་དང་པོ་གླེང་གཞིའི་ལེའུ་སྟེ་ངེས་པར་འབྱིན་པར་བྱེད་པས་གླེང་གཞི་ཞེས་བྱའོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྒྱ་ ཆེར་བཤད་པ་ལས་ལེའུ་དང་པོའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་ཀྱང་། ལམ་རྣམ་པ་གཉིས་རྫོགས་པར་མ་བསྟན་ན། །སྒྲུབ་པ་ལ་འཇུག་པ་དག་ཀྱང་དམན་པར་འགྱུར་བའི་ཕྱིར། དེ་ནས་འཕགས་པ་གོས་སྔོན་པོ་ཅན་གྱིས་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། དེ་ལ་རྡོ་རྗེ་དྲག་པོ་ནི་བསྐྱེད་པ་དང་རྫོགས་པ་སྔོན་དུ་འགྲོ་བ་དང་བཅས་པ་སྟེ། སྒྲིབ་པའི་རི་འཇོམས་པའི་ཕྱིར་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་དང་པོ་རགས་པའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་བསྐྱེད་པའི་རིམ་པ་ལ་བསླབ་བོ། །དེ་ནས་རགས་པའི་ རྣམ་པར་རྟོག་པ་ལས་ལོག་སྟེ། ཡུལ་གང་ལ་ཡང་རྩེ་གཅིག་པ་ཐོབ་པར་འགྱུར་རོ། །དེ་ནས་ཡིད་ནི་ནང་དུ་བཀུག་སྟེ་རྫོགས་པའི་རིམ་པ་ལ་སློབ་བོ། །དེ་ནས་ཕྲ་བའི་རྣམ་པར་རྟོག་པ་ལས་ལོག་ནས་སྟོང་པ་ཉིད་ལ་ཉེ་བར་འགྱུར་ཏེ། གཞན་ལ། གང་གིས་དང་པོར་བསྐྱེད་ ལ་གནས། །རང་གི་ལས་ནི་ཡང་དག་རྫོགས། །དེ་ནས་སློབ་མ་བརྟག་བྱ་སྟེ། །ལས་སུ་རུང་ནས་ཆོས་རྣམས་ཀྱི། །དེ་ཉིད་ངེས་པར་ཐོབ་པར་འགྱུར། །ཞེས་འབྱུང་བ་ལ་སོགས་པས་ཀྱང་། །དེ་ཉིད་གསལ་བར་འགྱུར་རོ། །དེ་ནས་བསྐྱེད་པ་ལ་སོགས་པའི་རིམ་པ་རྒྱས་པར་བསྟན་པར་བྱ་ བའི་ཕྱིར། ཕྱག་རྒྱ་གསང་སྔགས་ཐུགས་སྦྱོར་ལས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བའི་ཡི་གེ་ནི་སེམས་ཡིན། །ཧཱུཾ་གསང་སྔགས་སོ། །དེ་ལ་ཐུགས་ཀྱི་རྟགས་འབྱུང་བ་ནི་ཐུགས་སྦྱོར་རོ། །དེ་ལས་བྱུང་བའི་དཔལ་ལྡན་གོས་སྔོན་ ཅན་ནི་ཁྲོ་བོ་དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོས་དབང་བསྐུར་བ་ནི་བྱིན་གྱིས་བརླབས་པའོ། །དེ་དག་ནི། དོན་ཡང་ཡ་མཚན་སྣ་ཚོགས་ལྡན། །ཞེས་པ་གང་ལ་སྤྲོས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་གདུག་པ་ཅན་བཏུལ་ཏེ་སླར་འདུས་པ་འདིས་སྤྲུལ་པའི་དཀྱིལ་ འཁོར་གཅིག་ཏུ་མཛད་པའོ། །དེ་དག་གི་དོན་ཡང་ཐོག་མར་འོག་ནས་འབྱུང་བའི་རིམ་པས། བླ་མ་དང་། སངས་རྒྱས་ཐམས་ཅད་མདུན་དུ་སྤྱན་དྲངས་ཏེ། སྤོས་དང་། མེ་ཏོག་དང་། མར་མེ་དང་། དྲི་དང་། ཞལ་ཟས་ལ་སོགས་པས་ཡང་དག་པར་མཆོད་དེ། བདག་གིས་ སྡིག་པ་ཅི་བགྱིས་དང་། །བགྱིད་དུ་སྩལ་དང་ཡི་རང་ལ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་སོ་སོར་བཤགས་པར་བགྱི། །ཞེས་སྡིག་པ་བཤགས་པར་བྱའོ། །དེ་ནས་ཕྱོགས་བཅུ་དག་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་། ཉན་ཐོས་ནས་ སོ་སོའི་སྐྱེ་བོའི་ལམ་ལ་གནས་པ་ལ་རྗེས་སུ་ཡི་རང་བར་བྱའོ། །དེ་ནས། ཕྱོགས་བཅུ་དག་ན་གང་བཞུགས་པའི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སེམས་ཅན་མ་ལུས་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་བསྐུལ་ལོ། །དེའི་རྗེས་སུ། རྒྱལ་ བ་མྱ་ངན་འདའ་བཞེད་དམ། །ཇི་སྲིད་སེམས་ཅན་གནས་ཀྱི་བར། །འགྲོ་ལ་ཕན་པའི་དོན་གྱི་ཕྱིར། །བླ་མེད་ཆོས་རྣམས་བསྟན་དུ་གསོལ། །ཞེས་བརྗོད་ལ། དེ་ནས་རང་ཉེས་པ་ལས་ལྡོག་པའི་བསམ་པས་ཅི་ནུས་ཀྱིས་ལྡོག་པར་བྱ། གཟུང་བར་བྱའོ། །དེ་ནས་ཚད་མེད་པས་བྱང་ ཆུབ་ཏུ་སེ