Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 50

Văn bản gốc(Tây Tạng)

Trang 13 / 16 (50.000 ký tự/trang)
ྟ་བུར་གྱུར་
པའོ། །རང་བྱུང་གི་ནི་གདན་ཐོག་ཏུ་ཧཱུཾ་སྲོག་གི་ཚུལ་དུ་གནས་པ་དེའོ། །དེ་འོད་ལས་བྱུང་ནི་ས་བོན་ལས་འོད་འཕྲོས་ཏེ། སློབ་དཔོན་སངས་རྒྱས་དང་བཅས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང་སྤྱན་དྲངས་པའོ། །དེ་རྣམས་ལ་ཉི་དཀྱིལ་དུ་ཞེས་པས་གདན་ཉི་མ་པདྨ་དང་སེང་གེ་
རྣམས་ལ་བཞུགས་པའོ། །བླ་མ་མི་བསྐྱོད་གཟུགས་འཛིན་ལ་ནི་འོད་ཟེར་གྱི་འཕྲོ་འདུས་མི་བསྐྱོད་པའི་རྣམ་པར་བཞུགས་པའོ། །ཕྱག་འཚལ་ཕྱི་ནང་བཞི་ཡིས་མཆོད། །སྡིག་པ་བཤགས་ནས་སྡོམ་པ་བཟུང་། །ཡི་རང་བསྐུལ་དང་གསོལ་གདབ་པ། །བསྔོ་དང་སྐྱབས་འགྲོ་སེམས་
བསྐྱེད་དེ། །ཞེས་པ་ནི། ཕྱག་འཚལ་ནི་གསུམ་ཀ་ཚོགས་པའམ། ཡང་ན་ཡིད་ཀྱིས་སོ། །ཕྱི་ནང་བཞི་ཡིས་མཆོད་པ་ནི། །ཕྱི་ནི་རྫས་དང་ལྷ་མོ་དང་། །དབུལ་བའི་གནས་ཐ་དད་དུ་མཆོད་པའོ། །ནང་གི་ལྷ་མོ་རྣམས་ཀྱི་རང་གི་རྫས་རང་རང་གཅིག་ཏུ་ངེས་པའོ། །གསང་བ་ནི་ལྷ་མོའི་
མཆོད་པ་གསང་བས་མཉེས་པས་གསང་བའོ། །དེ་གསུམ་ཀ་ཕྱག་རྒྱ་ཆེན་པོར་རྟོགས་པ་ནི་བླ་ན་མེད་པའོ། །སྡིག་པ་བཤགས་ནི་གསུམ་ལ་གསུམ་གྱིས་གསུམ་པོ་སོ་སོ་རང་རང་དུ་མི་འཆབ་ཅིང་འགྱོད་པ་དང་བཅས་པས་བཤགས་ཤིང་དམ་འཆའ་བའོ། །དེ་ནས་རྒྱུད་དག་པའི་
རྗེས་ནས་སྡོམ་པ་བཟུང་བ་ནི་སྤྱི་དང་ཁྱད་པར་ཏེ་བླངས་པའི་དོན་ལས་ཕྱིར་མི་འདའ་བ་སྟེ་རིགས་དྲུག་གི་སྡོམ་པ་ལ་སོགས་པ་དང་འབྲེལ་ཏོ། །ཡི་རང་ནི་སྤྱི་དང་ཁྱད་པར་ཏེ་བླ་ན་མེད་པའི་ལམ་ལས་ལྷག་པ་གཞན་ཡོད་པ་མ་ཡིན་ཏེ། ཁྱད་པར་གྱི་དོན་བསྐུལ་བ་ནི་ཆོས་ཀྱི་འཁོར་ལོ་

བསྐོར་བ་སྟེ་སྤྱི་དང་བྱེ་བྲག་གོ། །གསོལ་བ་གདབ་པ་ནི་མྱ་ངན་ལས་འདའ་བ་མི་མངའ་ཡང་གདུལ་བྱའི་དོན་དུ་སྣང་སྟེ། དེའི་དོན་དུ་གསོལ་བ་འདེབས་པའོ། །བསྔོ་དང་ནི་འབྲས་བུ་ཁྱད་པར་ཅན་དུ་བྱ་བའི་ཕྱིར་བསྔོ་བ་སྟེ། བྱང་ཆུབ་ཏུ་ཡན་ལག་བདུན་པ་
བསྔོ་བའོ། །སྐྱབས་འགྲོ་ནི་ཕྱིའི་ལྷ་ཡོངས་སུ་བཅད་དེ་ཁྱད་པར་འཕགས་པ་གོས་སྔོན་པོ་ཅན་ལ་བདག་ཉིད་འདུད་ཅིང་སྐྱབས་ཞེས་པའི་དོན་ཏོ། །སེམས་བསྐྱེད་ནི་གཉི་གའི་སྟོབས་ཀྱིས་འཁོར་བ་ལས་གྲོལ་ཏེ་ལམ་བསྐྱོད་ལ་འབྲས་བུ་བྱང་ཆུབ་ཐོབ་པར་བྱེད་པའི་བློ་ཅན་ནོ། །དེ་ནི་ལམ་
ཁྱད་པར་ཅན་དུ་སྦྱང་བའི་ཕྱིར་རོ། །སྟེ་ཞེས་པ་ལྷག་པའི་དོན་ཏེ། བསོད་ནམས་ཀྱི་ཚོགས་དེར་མ་ཟད་དེ་ཚད་མེད་པ་ཡང་ཡིན་ཞེས་པའོ། །དེ་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་བྱེད་པའི་རྒྱུའི་དོན་ནོ། །ཚད་མེད་བཞི་པོ་ཡོངས་སུ་བསྐྱེད། །ཅེས་པ་ནི། བྱམས་པ་སྙིང་རྗེ་
དགའ་བ་བཏང་སྙོམས་བཞི་རིམ་པས་བསྒོམ་པ་སྟེ་ཡུལ་ལ་ཚད་མེད་པའི་ཕྱིར་དགེ་བ་ལ་ཚད་མེད་པའི་སྤྲུལ་པའི་སྐུའི་ནུས་པའོ། །རྒྱུ་དང་མི་རྒྱུ་རྣམ་པ་ཀུན། །ཐམས་ཅད་ཡོངས་སུ་དག་པ་ལས། །ཞེས་པ་ནི་མོས་པའམ་ཤཱུ་ནྱ་ཏཱའི་སྔགས་ཀྱི་སྟོབས་ཀྱིས་རྒྱུ་དང་ནང་སེམས་ཅན་
དང་། མི་རྒྱུ་ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པ་ཀུན། གཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་ཡོངས་སུ་དག་པ་སྟོང་པར་གྲུབ་པའོ། །སྤྲོས་པ་དང་བྲལ་བས་ཆོས་སྐུའི་རྒྱུའི་དོན་ནོ། །རྒྱུ་གསུམ་དང་ཚོགས་གཉིས་ལས་འབྲས་བུ་འགྲུབ་པའོ། །ལས་ནི་རྒྱུ་མཚན་གྱི་དོན་ཏེ།
ཚོགས་གཉིས་ཚོགས་པ་ལས་འབྱུང་ཞེས་པའི་དོན་ཏོ། །རང་འབྱུང་སྔགས་བསྐྱེད་འབྱུང་བ་ཡི། །གཞལ་ཡས་ལམ་ལྡན་རབ་ཏུ་བཅས། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་རིན་ཆེན་མཛེས། །དྲ་བ་དྲ་ཕྱེད་ཕ་གུ་དང་། །དར་དཔྱངས་རྟ་བབས་རྣམས་དང་ལྡན། །ཞེས་པ་ནི་
རྡོ་རྗེ་བསྲུང་བ་ལ་སོགས་པ་བློའི་བྱེ་བྲག་གིས་དག་པ་སྟོང་པ་སྟེ་གྲུབ་པ་དེ་གཅིག་ཏུའོ། །ཐ་མའི་བློ་ལ་དང་པོ་ཡོད་པའི་བློ་བརྟན་པའི་ཁང་པ་གོང་གི་རྐྱེན་གྱིས་མི་གཡོ་སྟེ་གནས་པའོ། །རང་བྱུང་ནི་སྟོང་པའི་ངང་ལས་སོ། །སྔགས་བསྐྱེད་ནི་ལམ་ལྡན་ཞེས་ཏེ། ཡཾ་རཾ་ཙཾ་ལཾ་སུཾ། བསྐྱེད་

ཅེས་པས་རྒྱུར་འགྱུར་བའོ། །གང་འབྱུང་བ་སྟེ་འབྱུང་བའི་དཀྱིལ་འཁོར་རླུང་ཆུ་གསར་གྱི་ས་གཞི་དང་། ལྷུན་པོ་རང་གི་མཚན་ཉིད་འཛིན། །གཞལ་ཡས་ལམ་ལྡན་རབ་ཏུ་བཅས་ནི། དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་པ་རིན་པོ་ཆེ་ལྔ་ལས་གྲུབ་པ་མཚན་ཉིད་དང་ལྡན་པའོ། །གྲུ་བཞི་
པ་ཚད་མེད་བཞི་དང་ལྡན། སྒོ་བཞི་པ་དྲན་པ་ཉེ་བར་གཞག་པ་བཞི་དང་ལྡན། ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན། རིན་ཆེན་ནི་རིན་པོ་ཆེ་ལྔ་ལས་གྲུབ་པའི་རང་བཞིན་ནོ། །མཛེས་འདོད་པའི་ཡོན་ཏན་གྱི་མཆོད་པས་མཛེས་པ་སྟེ། ལྔ་རྣམ་པར་དག་
པའོ། །དྲ་བ་ཤེས་བྱའི་སྒྲིབ་པ་དག་པའོ། །དྲ་ཕྱེད་ཉོན་མོངས་པའི་སྒྲིབ་པ་སྤངས་པའོ། །ཕ་གུ་ལྡན་ཏེ་ཚུལ་ཁྲིམས་རྣམ་པར་དག་པའོ། །དར་དཔྱངས་ནི་སུམ་ཅུ་རྩ་གཉིས་དང་ལྡན་པ་ནི་མཚན་སུམ་ཅུ་རྩ་གཉིས་སོ། །རྟ་བབས་ནི་ཕྱོགས་ཀྱི་རྟ་བབས་བཞི་ཡང་དག་པར་སྤང་བ་
བཞི་རྣམས་དང་ལྡན་ནི་ཕྱི་ནང་གི་རྒྱན་རྣམས་ཚོགས་པར་གྲུབ་པའོ། །དུར་ཁྲོད་བརྒྱད་ཀྱིས་ཉེ་བར་གྲུབ་པ་སྟེ། དུར་ཁྲོད་བརྒྱད་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ལམ་མཚོན་པའི་དོན་ཏོ། །ཤིང་དང་མཆོད་རྟེན་དང་ལྷ་དང་ཀླུ་དང་སྤྲིན་དང་། ཕྱོགས་ཀྱི་བདག་པོ་རྣམས་དང་ཅེ་སྤྱང་
དང་། ཀང་ཀ་མཆུ་རིངས་དང་། རོ་གསར་རྙིང་གི་རྣམ་པར་རྟོག་པ་དང་རྒྱུ་བ་མེད་པའོ། །སེང་གེ་འཁོར་ལོ་ཟླ་བའི་གདན། །ཞེས་པ་ནི། དབུས་སུ་སེང་གེ་འཁོར་ལོ་དང་། །ཉི་ཟླ་པདྨ་རོ་ཡི་གདན། །ཉོན་མོངས་མགོ་བོ་གནོན་པ་དང་། །རྣམ་ཀུན་མ་ལུས་གཅོད་པ་དང་། །ཐབས་དང་
ཤེས་རབ་ཟུང་དུ་ལྡན། །ཉེས་པའི་སྐྱོན་གྱིས་མ་གོས་པ། །རྣམ་རྟོག་ཐམས་ཅད་རབ་ཏུ་བཅོམ། །དེ་སྟེང་ཧཱུཾ་ལས་རྡོ་རྗེར་གྱུར། །དེ་ལས་དཔལ་ལྡན་གཉིས་ཀྱི་བདག །ཉོན་མོངས་ཀུན་སེལ་གཏུམ་པོའི་གཟུགས། །ཞེས་པ་ནི། དེ་སྟེང་ནི་གདན་དེ་རྣམས་ཀྱི་ཐོག་ཏུའོ། །ཧཱུཾ་ལས་ཞེས་པ་འོད་
ཟེར་གྱིས་ལས་གཉིས་བྱས་ཏེ། རྡོ་རྗེར་གྱུར་པའོ། །ཡང་གཉིས་ཀྱི་ལས་བྱས་ཏེ། དེ་ལས་དཔལ་ལྡན་གཉིས་ཀྱི་བདག་ནི། །མཆོག་ཐུན་མོང་གི་བདག་པོར་སྣང་བའོ། །ཉོན་མོངས་ཀུན་སེལ་ནི་མཐོང་བས་སྤང་བ་དང་བསྒོམ་པས་སྤང་བ་རྣམས་སོ། །གཏུམ་པོའི་གཟུགས་ནི་ཡུམ་

མེད་པ་སྟེ། སྤང་བྱ་ཕྱིར་རྒོལ་བ་རྣམས་ལ་གཏུམ་པོའོ། །རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན། །མཐིང་ག་གོས་སྔོན་སྐུ་ལ་གསོལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །ཐུན་མོང་ལས་དང་རྗེས་མཐུན་ནོ། །མཆོག་ཀྱང་ཐོགས་པ་མེད་པར་རོ། །སྦྲུལ་བཞིས་
ལུས་ལ་རྣམ་པར་བརྒྱན། །སྤྱན་དམར་མཆེ་གཙིགས་སྦྲུལ་ནག་ཟ། །རིན་ཆེན་དཔའ་བོའི་ཆས་ཀྱིས་བརྒྱན། །བརྐྱང་བསྐུམ་ཁྲོ་བོ་བརྗིད་པའི་ཞལ། །གསུས་ཁྱིམ་ཆེ་ཞིང་འཇིགས་པ་ཅན། །ཞེས་པ་ནི། རིགས་ལྔའི་སངས་རྒྱས་དབུ་ལ་བརྒྱན་པ་ནི་ཕུང་ལྔ་དག་པས་རིགས་ལྔ་དེ་ཡེ་
ཤེས་ལྔའི་ངོ་བོ་དང་ལྡན་པའོ། །མཐིང་གར་གནས་པ་ནི་དོན་སྟོང་པ་ཉིད་ལ་འགྱུར་བ་མེད་པའོ། །གོས་སྔོན་སྐུ་ལ་གསོལ་བ་ནི་རིགས་འཛིན་པ་སྟེ་དར་ལྗང་གུའི་ཁ་ཆག་ཅན་ནོ། །རྡོ་རྗེ་ནི་ལག་གཡས་ན་ཐོགས་ཏེ་ཐབས་ཀྱི་རང་བཞིན་རྩེ་ལྔ་ལ་ཁྱུང་ལྔ་དང་ས་བོན་བཀོད་པའོ། །གཡོན་
དྲིལ་བུ་ཐོགས་ཏེ་ཤེས་རབ་ཀྱི་རང་བཞིན། ཐུན་མོང་ལས་དང་རྗེས་མཐུན་ནི། ཐུན་མོང་གཙོ་བོར་བསྒྲུབ་པ་ལ་ཕྱག་མཚན་གདུལ་བྱའི་དབང་གི་སྐབས་དང་སྦྱར་རོ། །མཆོག་ཀྱང་ཐོགས་པ་མེད་པར་རོ་ནི། མཆོག་གཙོར་སྒྲུབ་པ་ལ་ཟུང་དུ་འབྲེལ་པའི་རང་བཞིན་ནོ། །སྦྲུལ་བཞིས་
ལུས་ལ་རྣམ་པར་བརྒྱན་ནི། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དམངས་རིགས་རྣམས། །ཁ་དོག་སེར་པོ་དམར་པོ་དཀར་པོ་དང་། །ནག་པོ་ཞབས་གདུབ་ལ་སོགས་བྱས་པའོ། །སྤྱན་དམར་བ་ནི་སེམས་ཅན་ལ་ཐུགས་རྗེས་ཆགས་པའོ། །མཆེ་བ་གཙིགས་པ་ནི་བདུད་བཞི་དང་སྡང་
བ་འདུལ་བ་སྟེ་དོན་བྱེད་པའི་རྟགས་སྦྲུལ་ནག་ཟ་བ་ནི་ཉོན་མོངས་པའི་གདུག་པ་མཇོམས་པའོ། །རིན་ཆེན་དཔའ་བོའི་ཆས་ཀྱིས་བརྒྱན་ནི། རིན་པོ་ཆེའི་རྒྱན་དང་དཔའ་བོའི་ཆས་ཀྱིས་བརྒྱན་པའོ། །བརྐྱང་བསྐུམ་ནི་དོན་གཉིས་མཛད་པའོ། །ཁྲོ་བོ་བརྗིད་པའི་ཞལ་ནི་ཁྲོ་ཆགས་གཉིས་
ཀྱི་ཚུལ་གྱིས་དོན་མཛད་པའོ། །གསུས་ཁྱིམ་ཆེ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཟབ་པའི་དོན་ནོ། །འཇིགས་པ་ཅན་ནི་གཞན་གྱིས་མི་ཚུགས་པའོ། །དེ་གསལ་མདུན་དུ་ཡེ་ཤེས་དགུག །བགེགས་བསལ་མཆོད་དང་གཏོར་མས་མཉེས། ཞེས་པ་ནི། དེ་གསལ་མདུན་དུ་ནི་

དམ་ཚིག་པ་རགས་པ་དང་ཕྲ་བ་གསལ་བའི་མདུན་དུ་ཡེ་ཤེས་པ་དགུག་སྟེ་ཧཱུཾ་གི་འོད་ཀྱིས་འོག་མིན་གྱི་གནས་ནས་ཡེ་ཤེས་པའི་ལྷ་རྣམས་དགུག་ཅེས་པའོ། །བཛྲ་ས་མནྟ་ཛཿཞེས་པ་དང་འབྲེལ་ཏོ། །བགེགས་བསལ་ནི་ཡེ་ཤེས་པ་དང་ལྷན་ཅིག་པའི་བགེགས་རྣམས་བསྐྲད་པ་
སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ་ཅེས་པས་འབྱེར་བར་བྱེད་པའོ། །ཕྱིན་ཅི་ལོག་གི་རྟོག་པ་བསལ་བའི་ཕྱིར་གསུང་གི་ཐ་སྙད་ཙམ་དུ་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་གཉིས་འགལ་བའི་ཕྱིར་རོ། །མཆོད་དང་གཏོར་མས་མཉེས་ནི་ཕྱག་སྔོན་དུ་བྱས་ཏེ་དངོས་སམ་མཆོད་པ་ཡིད་ཀྱིས་
དབུལ་བའོ། །གཞན་ཡང་མཆོད་པས་མཉེས་པར་བྱ་བའོ། །དེ་ནས་གསོལ་བ་གདབ་པར་བྱ་སྟེ། ཨེ་མ་ཧོ་དཔལ་ལྡན་གོས་སྔོན་ཅན། །ལུས་ཀྱི་རྟོག་པ་བསལ་བའི་ཕྱིར། །ཡེ་ཤེས་ཐུགས་རྗེ་ཆེན་པོའི་ངང་། །བདག་ལུས་ཡེ་ཤེས་སྐུར་བྱིན་རློབས། །ཞེས་གསོལ་བ་གདབ་བོ། །
ཚིག་གཉིས་སུ་ངག་དང་ཡིད་ལ་གཞུག་པར་བྱའོ། །དེ་ནས་སྐུ་གསུང་ཐུགས་གནས་སུ། །ཡིག་འབྲུ་གསུམ་ལས་འོད་བྱུང་ནས། །མི་སྡུག་ཡིག་འབྲུ་འོད་ཀྱི་གཟུགས། །བསྡུས་ཤིང་བསྲེགས་ཏེ་སྦྱོང་བ་ལས། །ཡེ་ཤེས་གསུམ་ནི་གནས་སུ་གནས། །ཞེས་པ་ནི་གསོལ་བ་གདབ་
པའི་རྗེས་དེ་ནས་སྐུ་གསུང་ཐུགས་ཀྱི་གནས་སུ་ཡིག་འབྲུ་གསུམ་སྟེ། ཨོཾ་ཨཱཿཧཱུཾ་བཀོད་ལ། དེ་གསུམ་ལས་འོད་བྱུང་ནས་མི་སྡུག་སྟེ་ལུས་ཀྱི་སྡོམ་མམ་སྡིག་པའི་གཟུགས་སུ་ཡིག་འབྲུ་ངག་གི་ཀཾ་ནག་པོར་ཡིད་ཀྱི་གཟུགས་ཏེ། ཡིད་ཀྱི་འོད་དཔུང་ནག་པོའི་གཟུགས་སུ་སྙིང་གར་
བསྡུའོ། །དེ་རྣམས་སྙིང་གར་བསྲེག་པའོ། །སྤྱི་བོར་སྦྱར་ཏེ་བཀྲུ་བའོ། །འོད་ཟེར་གྱི་རྩལ་གྱི་ལས་སོ། །གནས་གསུམ་དུ་རིགས་ཀྱི་ལྷ་གསུམ་གྲུབ་སྟེ། དེ་ཡང་ཡེ་ཤེས་གསུམ་ནི་གནས་སུ་སྟེ། རང་རང་གི་རིགས་ལ་ཡེ་ཤེས་པའི་ལྷ་བསྟིམས་པའོ། །ཡེ་ཤེས་རིགས་ལྔས་བྱིན་
གྱིས་བརླབ། །དབང་བསྐུར་མི་བསྐྱོད་རིགས་ལྔས་བརྒྱན། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་ཀྱིས་ངག་ཡོངས་སུ་དག་པར་བྱས་ཏེ་ཞེས་པ་ནི། བླ་མས་རིག་སྔགས་གསོལ་བ་གདབ། །ཡེ་ཤེས་རིག་སྔགས་བྱིན་བརླབས་ཏེ། །དབང་བསྐུར་གསོལ་བ་གདབ་པ་

ནི། །ཨོཾ་ལ་སོགས་པ་བརྗོད་པའོ། །དབང་བསྐུར་ཞེས་ནི་གསུངས་པ་སྟེ། །རིགས་ལྔ་ཤར་ནས་ཆུ་ཡི་དབང་། །ཞེ་སྡང་རྣམ་པར་སེལ་བ་དང་། །མེ་ལོང་ཡེ་ཤེས་རྒྱུད་ལ་གནས། །ལྷོ་ནས་དབུ་རྒྱན་དབང་བསྐུར་བས། །སེར་སྣ་རྣམ་པར་སེལ་བ་དང་། །
མཉམ་པ་ཉིད་ཀྱི་ཡེ་ཤེས་གནས། །ནུབ་ནས་རྡོ་རྗེའི་དབང་བསྐུར་བས། །འདོད་ཆགས་རྣམ་པར་སེལ་བ་དང་། །སོ་སོ་ཐར་པའི་ཡེ་ཤེས་གནས། །བྱང་ནས་དྲིལ་བུའི་དབང་བསྐུར་བས། །ཕྲག་དོག་སྒྲིབ་པ་སེལ་བ་དང་། །བྱ་བ་ནན་ཏན་ཡེ་ཤེས་གནས། །དབུས་སུ་མིང་གི་དབང་
བསྐུར་བས། །མ་རིག་མུན་པ་སེལ་བ་དང་། །ཆོས་དབྱིངས་ཡེ་ཤེས་གནས་པའོ། །དེ་ལ་རྟགས་དང་རྒྱས་གདབ་ནི། །མི་བསྐྱོད་རིགས་ལྔས་བརྒྱན་པ་སྟེ། །མི་བསྐྱོད་གཙོ་བོར་གནས་པའོ། །ལུས་ཀྱི་དྲི་མ་རྣམ་པར་སྦྱང་། །ངག་ཡོངས་སུ་དག་པར་བྱ་སྟེ་ཞེས་པ། གསང་བའི་
དབང་ནི་རབ་ཏུ་བླང་། །རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས། །ཐུགས་རྗེ་ཆེན་པོའི་ངང་དུ་ཞུ། །ཐིག་ལེ་ཨཱཿདང་ཧཱུཾ་རྣམས་ལ། །ཨ་བྷི་ཥིཉྩས་སྦྱིན་པར་བྱ། །ཨ་ཧོ་སུ་ཁས་ལྕེས་བླངས་ལ། །ངག་ལས་གྱུར་པའི་དྲི་མ་རྣམས། །ཐམས་ཅད་དག་སྟེ་ནུས་མཐུ་ཅན། །དབྱངས་
དང་རྡོ་རྗེར་གྱུར་པའོ། །ཐུན་མོང་གཙོ་བོ་གཉིས་པོས་གྲུབ། །གཞན་རྣམས་མོས་པ་ཙམ་ཉིད་དོ། །མཆོག་ལ་རྫོགས་པར་བླང་བར་གསུངས། །སེམས་ནི་ཡོངས་སུ་དག་བྱ་སྟེ། །དོན་གྱིས་གནས་པར་ཤེས་པར་བྱ། །ལྷ་མོ་འདི་ཡང་མཚན་ཉིད་ལྡན། །ལག་པས་བཟུང་
སྟེ་གསོལ་བ་བཏབ། །དག་པ་བཞི་ཡི་དབྱེ་བ་ལས། །གཉིས་མེད་ཡེ་ཤེས་གནས་པའོ། །དེ་ནས་ཡན་ལག་དྲུག་གིས་བསྐྱེད། །བཞི་པ་ཕྱག་རྒྱ་ཆེན་པོར་གནས། །གསང་སྔགས་བཟླས་སོ་ཞེས་པས་དབང་གི་རྗེས་དེ་ནས་སྔགས་བཟླས་པའོ། །གསལ་བ་རྣམ་གཉིས་རགས་
དང་ཕྲ། །བདག་དང་གཞན་གྱི་རྣམ་པ་ལ་གསལ་བར་བྱེད་པ་དེ་ཉིད་དོ་ཞེས་པ་ནི། གསལ་བ་རྣམ་གཉིས་རགས་དང་ཕྲ་ན་རགས་པ་གསལ་བ་གཙོ་བོ་གསལ་བ་སྟེ་སྐུ་མདོག་དང་རྒྱན་ཆ་གསལ་བའོ། །ཕྲ་བ་གསལ་བ་ནི་སེམས་དཔའ་སུམ་བརྩེགས་གསལ་བའོ། །བདག་

ནི་བདག་ལྷར་གསལ་བ། གཞན་གྱི་རྣམ་པ་ནི་གཞལ་ཡས་ཁང་དང་བསྲུང་བ་གསལ་བའོ། །གསལ་བར་བསྒོམ་པ་དེ་ཉིད་དོ་ཞེས་པའི་དོན་ཏོ། །རྒྱུད་རྣམས་སྦྱོང་བའི་བཟླས་པ་ནི། །རགས་པ་དང་ནི་ཕྲ་བའོ། །རགས་པ་གཉིས་ཏེ་བ་ཐག་དང་། །བ་ཐག་མེད་དོ་གཉིས་ཀ་ལ། །
མགལ་མེ་ཕྲེང་བ་ཉི་མའི་ཚུལ། །ཕྲ་བའང་གསུམ་དུ་བྱུང་བ་ནི། །ཧཱུཾ་བསྐུལ་སྲེག་པ་རཾ་ཡིན་ཏེ། །ལྟེ་བར་བཀྲུ་བ་སྤྱི་བོ་ཨ། །ཞེས་པ་ནི། དྲི་མ་སྦྱོང་བའི་བཟླས་པ་ལ། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །རགས་པ་དུས་མཉམ་གདོན་ལ་སོགས། །ཕྲ་བ་རིམ་པས་བྱ་བའོ། །རགས་པ་
ལ་ཟློས་ལུགས་གཉིས་ཏེ། །བ་ཐག་ཡོད་པ་ནི་ལུས་ངག་ཡིད་ཀྱི་སྐུད་པ་འབྲེལ་པའི་ཚུལ་དུ་དུས་མཉམ་དུ་སྙིང་ག་ནས་སྡོམ་མམ་སྡིག་པའམ་ཡི་གེ་འོད་དཔུང་དུ་འདོན་པ་སྟེ། སརྦ་པཱ་པཾ་ཨུ་ཙ་ཏ་ཡ་ཞེས་པ་དང་འབྲེལ་ཏོ། །དེ་རྣམས་མ་ལུས་ལྟེ་བར་རཾ་ལས་མེས་བསྲེགས་ཏེ། ད་
ཧ་ཛྭ་ལ་རཾ་ཞེས་པ་དང་འབྲེལ་ཏོ། །ཐལ་བ་མ་ལུས་པ་སྤྱི་བོ་ནས་ཧཾ་དཀར་པོས་ཆུ་རྒྱུན་ཕབ་སྟེ། སརྦ་པཱ་པཾ་ཤུདྡྷོ྅་ཧཾ་ཞེས་པ་དང་འབྲེལ་ཏོ། །བ་ཐག་མེད་པ་ནི་འོད་ཀྱི་སྐུད་པ་སྦྲེལ་བ་མ་ཡིན་ཏེ། འོད་ཟེར་གྱིས་ལུས་ངག་ཡིད་ཀྱི་ལས་ངན་པ་རྣམས་འབྱེད་པ་སྟེ། ནོར་བུ་ཆུ་འཐུང་བ་
བཞིན་ནོ། །གཉི་ག་ལ་སྟེ་རགས་པ་དང་ཕྲ་བ་གཉི་ག་ལ་ཚུལ་འདི་ཉིད་དེ་མགལ་མེ་བར་མ་ཆད་པའོ། །ཕྲེང་བ་ཡིག་འབྲུ་ལ་འོད་ཟེར་གནས་པའོ། །ཉི་མ་ནི་འོད་ཟེར་ལུས་ཡོངས་ལ་ཁྱབ་པའོ། །ཕྲ་བའང་གསུམ་དུ་བྱུང་བ་ནི་དུས་མཉམ་ཡིན་ཏེ་རེ་མོས་རིམ་གྱིས་གསུམ་འབྱུང་
བའོ། །ཧཱུཾ་བསྐུལ་སྲེག་པ་རཾ་ཡིན་ཏེ། ལྟེ་བ་བཀྲུ་བ་སྤྱི་བོ་ཨ་ནི་ལུས་ཀྱི་སྙིང་ག་ནས་སྡོམ་གྱི་གཟུགས་སུ་བཏོན། ལྟེ་བར་རཾ་ལས་བསྲེག །སྤྱི་བོ་ཨས་བཀྲུ་བའོ། །ངག་གི་ཀཾ་ནག་པོ་རུ་ཡིད་ཀྱི་འོད་དཔུང་དུ་གདོན་པ་དང་སྲེག་པ་དང་བཀྲུ་བ་རིམ་གྱིས་སོ། །མཚན་མ་འདོད་
པའི་བཟླས་པ་ལ། །རྣམ་པ་ལྔར་ནི་འདིར་མ་བྱས། །ཞེས་པ་ནི། མཚན་མ་བསྙེན་པ་སྐྱེལ་བའི་བཟླས་པ་ལ། །གཞན་དག་ན་རྣམ་པ་ལྔར་བཤད་པ་ཡོད་དེ། འདི་ཡི་དོན་མ་ཡིན་ནོ། །སྙིང་གར་བསྐོར་རོ་མཚན་མ་འབྱུང་། །བ་ཐག་གཟིངས་དང་དམིགས་པ་མེད། །འོད་ཟེར་དཀར་

དམར་འཕྲོ་འདུ་དང་། །རཾ་དང་ཧཱུཾ་ལས་མེ་བྱུང་བས། །ཞེས་པས་ཁྱད་པར་གྱི་དོན་ཏེ། འདི་བཞིར་ཤེས་པར་བྱ་སྟེ། བསྙེན་པ་ནི་སྙིང་གར་བསྐོར་རོ་མཚན་མ་འབྱུང་ཞེས་པའི་དོན་ཏེ། གྲངས་ཀྱི་བསྙེན་པ་སྐྱེལ་འདོད་ན། །འབུམ་ཚོ་གཅིག་དང་གཉིས་དང་
གསུམ། །གསུམ་དང་བདུན་དང་བྱེ་བའོ། །སྙིགས་མའི་དུས་སུ་ཉི་ཤུ་སྟེ། །གསུམ་ལ་རེ་རེ་སྤྱི་རུ་གཅིག །དེ་ལྟར་ཉི་ཤུ་རྩ་བཞིའོ། །རྩ་བའི་སྔགས་ལ་གཙོ་བོར་བསྐྱལ། །སྙིང་ནང་ཡེ་ཤེས་སེམས་དཔའ་ཡི། །རྡོ་རྗེ་ཧཱུཾ་ལ་བསྐོར་བ་སྟེ། །མགལ་མེ་ཕྲེང་བ་ཉི་མའི་ཚུལ། །དེ་ལ་
རྟགས་རྣམས་འབྱུང་བའོ། །ཉེ་བའི་བསྙེན་པ་ནི། བ་ཐག་གཟིངས་དང་དམིགས་པ་མེད་ཅེས་པའི་དོན་ཏེ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འོག་མིན་དུ་ཡེ་ཤེས་པ་ལ་ཕོག་སྟེ་མཆོད་པས་ཚུར་འདུས་ཏེ་ཡེ་ཤེས་ཀྱི་བྱིན་རླབས་བསྟིམ་པའོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་རཱ་ཛ་
མ་ཧཱ་ག་རུ་ཌ་ཧཱུཾ་ཧཱུཾ་ཧཱུཾ་འདི་རྣམས་བཟླས་པའི་དོན་ཏེ། དེ་བཞིན་དུ་བསྐྱལ་བའོ། །འོད་ཟེར་དཀར་དམར་འཕྲོ་འདུ་དང་། །ཞེས་པ་ནི་བསྒྲུབ་པའི་ལས་སྟོན་པའོ། །ས་བོན་ལས་འོད་ཟེར་འཕྲོས་ཏེ་དགུག་ལ་ཡེ་ཤེས་པ་ལ་འོད་ཟེར་གྱིས་མཆོད་ནས་མཉེས་ཏེ། དེ་ལས་འོད་ཟེར་གཉིས་བྱུང་བས་
ལས་ངན་པ་དང་སྒྲིབ་པ་དང་ནུས་མཐུ་རྣམས་དམར་པོས་བསྲེག་པའོ། །ཉི་མ་རྣམས་དཀར་པོས་འགྲུབ་པའོ། །སྔགས་ནི་རྩ་བའི་སྔགས་དང་འབྱིན་པའི་སྔགས་དང་བཅུ་གཅིག་པ་དང་ལྔ་པའོ། །འདི་ཡང་དེ་ལྟར་ཤེས་པར་བྱའོ། །ད་ནི་སྒྲུབ་པ་ཆེན་པོ་ལས་བརྩམ་པར་བྱ་སྟེ། རཾ་
དང་ཧཱུཾ་ལས་མེ་བྱུང་བས་ཞེས་པའི་དོན་ཏོ། །སེམས་དཔའ་སུམ་བརྩེགས་ཀྱི་རྡོ་རྗེའི་ལྟེ་བའི་ཧཱུཾ་དམར་ནག་དང་། ལྟེ་བའི་རཾ་ལས་མེ་འབར་ཏེ། སོར་གཅིག་གམ་གཉིས་སམ་ཁྲུ་གང་ལ་སོགས་པ་འཕྲོས་ཏེ། མེ་ཤིན་ཏུ་དྲག་ཅིང་རྩུབ་པ་མྱུར་བ་ཆེ་བའི་རང་བཞིན་ཅན། དེ་རྣམ་སྨིན་གྱི་
ལུས་བག་ཆགས་ངན་པ་ཉོན་མོངས་པ་ཅན་གྱི་ཡིད་བགེགས་ཀྱི་གནོད་སེམས་ནུས་མཐུ་ལས་ཀྱི་སྒྲིབ་པ་རྣམས་བསྲེག་པའོ། །འོད་འོག་མིན་དུ་འཕྲོས་པས་བདེ་བར་གཤེགས་པ་ཐུགས་རྗེ་མེའི་ཕུང་པོར་འདུས་ནས། དེ་རྣམས་མེ་གཉིས་བསྲེག་པའོ། །སྔགས་བཟླས་པས་

ཀྱང་མེའི་རང་བཞིན་དུ་བྱུང་སྟེ་བསྲེག་པའོ། །ངག་གི་སྔགས་བཟླས་པ་ཡང་། གཟུངས་རིང་གཙོ་བོར་བྱ་སྟེ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཀསྟསྟམ་གུ་ལི་ཙ་ལ་ན་སརྦ་བེ་ཙ་ཨཱ་མརྫ་ནཱ་ནཱ་ག་མཱ་ར་ཡ་ཕཊ། ཧ་པ་ཨོཾ་པ་ཁྲི་ཨོཾ་རཱ་ཛ་མ་ཧཱ་ག་རུ་ཌ་ཧཱུཾ་ཧཱུཾ་ཧཱུཾ། ཡང་ན་ཟློས་པ་དང་
སྐོར་བཟློག་ཏུ་ཤེས་པར་བྱའོ། །དེ་ལྟར་བསྲེགས་ཏེ་རྣམ་པར་བྱང་བའི་སེམས་ཉིད་ལས། ཡེ་ཤེས་ལུས་སུ་གསལ་བར་སྣང་། །ཞེས་པས། གཙོ་བོ་དང་ཕྱག་གཡོན་པའི་བྱ་ཁྱུང་དང་གཉིས་ཐ་མི་དད་པ་ལྷའི་ངོ་བོ་མེའི་རྣམ་པར་གྲུབ་པའོ། །ཐུན་བཞིའི་རྣལ་འབྱོར་གྱི་རྗེས་ལ། ལྷ་དང་
སྔགས་འདི་རྣམས་ཀྱིས་ངན་སོང་ལས་སྒྲོལ་བར་འགྱུར། ནད་ཀྱི་སྡུག་བསྔལ་ལས་ཐར་བར་འགྱུར། གནོད་པའི་བགེགས་ལ་འཆི་སྙམ་པའི་འཇིགས་པ་འབྱུང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་འགྱུར། །སྔགས་རྣམས་ཀྱི་གཤམ་དུ་ནད་དང་
སྡུག་བསྔལ་ཐམས་ཅད་བྱང་བར་གྱུར་ཅིག་སྭཱ་ཧཱ་ཧཱུཾ་ཕཊ་ཅེས་བཏགས་ཤིང་སེམས་བསྐྱེད་པར་བྱའོ། །དེ་ནི་མཚན་མ་འདོད་པའོ་འབྱུང་སྟེ། གྲུབ་རྟགས་ཐོན་པའི་རྟགས་གསུམ་ལས། །འོད་སྒྲ་སྐུ་སྟོན་སྒྱུ་མ་དང་། །ཞེས་པ་ནི་རྟགས་རྣམ་པ་གསུམ་འབྱུང་སྟེ། ལྷ་གྲུབ་པ་གོས་སྔོན་པོ་གོན་
པ་མེ་ཏོག་སྔོན་པོ་ཐུ་བ་ཉི་ཟླའི་སྟེང་ན་འདུག་པ་ལ་སོགས་པའོ། །སྡིག་པ་དང་ནད་ཐོན་རྟགས་ནི་ལུས་ལས་མི་གཙང་བ་ལ་སོགས་པ་དང་། རྣག་ཁྲག་ལ་སོགས་པ་འབྱུང་བའོ། །རྟགས་གསུམ་པ་ནི་སྡིག་སྦྲུལ་ལ་སོགས་བསྲེག་ཅིང་འཚོད་པའོ། །དངོས་སུ་འབྱུང་བའི་མཚན་མ་ནི་འོད་ཀྱི་ཕུང་པོའམ།
འོད་ཟེར་གྱི་རྣམ་པའམ། གཞའ་ཚོན་རྣམ་པར་འབྱུང་བའོ། །དབུགས་འབྱིན་པའི་སྒྲའམ། ལྷའི་སྒྲའམ། ཆོས་སྟོན་པའི་སྒྲའོ། །སྤྲུལ་པ་ལ་སྐུ་གཅིག་གི་ཞལ་མཐོང་བའམ། མང་པོའི་ཞལ་མཐོང་བའམ། དཔག་ཏུ་མེད་པའི་ཞལ་མཐོང་བ་འབྱུང་སྟེ། ཐ་མ་དང་འབྲིང་དང་རབ་ཏུ་འབྱུང་
བའོ། །དེ་ལྟ་བུའི་རྣམ་པ་བྱུང་ཡང་། བདེན་པའི་དངོས་པོར་གང་ཡང་གྲུབ་པ་མེད་དེ། གང་ཞིག་ཡོད་པར་རྟོག་པ་ཡང་། །འདི་ཡང་སྒྱུ་མའི་མཚན་ཉིད་མིན། །གང་ཞིག་མེད་པར་རྟོག་པ་ཡང་། །འདི་ཡང་སྒྱུ་མའི་མཚན་ཉིད་མིན། །གང་ཞིག་གཉི་གར་རྟོག་པ་ཡང་། །

འདི་ལས་སྒྱུ་མའི་མཚན་ཉིད་མིན། །རྟོགས་དང་བརྟག་པར་བྱ་བ་དག །གཉིས་སུ་བཟུང་ན་བདུད་ཀྱི་ལས། །རྣམ་པར་སྣང་བ་སེམས་ཉིད་དེ། །གང་དུ་ཡང་ནི་གྲུབ་པ་མེད། །ཅེས་གསུངས་སོ། །དེ་ཚེ་གཉིས་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ་བསོད་ནམས་
ཀྱི་ལས་ཚོགས་དང་གཏོར་མ་ལ་སོགས་པ་བྱའོ། །དགའ་བའམ་མི་དགའ་བའི་སེམས་སྒྱུ་མའི་བློས་བཟློག་པའོ། །དེ་རྗེས་སངས་རྒྱས་ལུང་སྟོན་འབྱུང་། །ཞེས་པས། དེ་ལ་མཁའ་འགྲོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་པར་བྱེད་དོ། །སྤྲུལ་
པའི་སྐུའི་སངས་རྒྱས་མང་པོས་ལུང་སྟོན་ཏོ། །ཞིང་ཁམས་འདི་ཞེས་བྱ་བར་འཁོར་དང་གདུལ་བྱ་དང་བསྟན་པ་འདི་སྲིད་གནས་སོ་ཞེས་སྟོན་པར་འགྱུར་རོ། །གྲོགས་ནི་ཁྲུས་དང་སྲེག་དང་ཚེ། །བདུད་རྩི་ཀློག་འདོན་མཎྜལ་དང་། །ཚོགས་དང་སྦྱིན་སྲེག་གསད་པ་དང་། །ཚ་
ཚ་གཏོར་མ་ལ་སོགས་པ། །འདི་ཡང་གྲོགས་སུ་འགྲོ་བ་ཡིན། །དེ་ནས་གསེར་ལ་སོགས་པ་འགྲུབ། །ཅེས་པ་ནི་བསྐྱེད་རྫོགས་ཀྱི་གྲོགས་བསྟན་པ་ཡིན་ཏེ། ཁྲུས་ནི་ཕྱི་དང་ནང་ངོ་། །དྲིའི་རྣམ་པ་དང་། རྣམ་པར་མི་རྟོག་པ་སྟེ། ཐམས་ཅད་སེལ་བར་བྱེད་དོ། །སྲེག་པ་ནི་ནང་
གི་སྦྱིན་སྲེག་ཏིང་ངེ་འཛིན་གྱིས་སྡིག་པ་བསྲེག་པ་སྟེ་གྲོགས་སོ། །ཚེ་ནི་ཕྱིའི་ཚེ་བསྲིང་བའི་ལས་ཀུན་བྱ་བ་དང་། ནོར་སྤེལ་བ་ལྷ་རྣམ་ཐོས་བུ་བརྟེན་ཏེ་སྤེལ་བའོ། །ནང་གི་ཚེ་རིན་པོ་ཆེའི་གའུའི་ནང་དུ་གནས་བཅས་ཏེ་བརྟན་པར་བྱའོ། །བདུད་རྩི་ནི་བདུད་རྩི་རྣམ་པ་ལྔ་དང་འབྲེལ་པ་སྟེ།
བཅུད་ལེན་ཐབས་དང་འབྲེལ་པའོ། །ཀློག་འདོན་ནི་བཀའི་རྒྱུན་འབུམ་ཁ་ཐོན་ནམ་གླེགས་བམ་ལ་ཚུལ་བཞིན་དུ་ཀློག །ཀུན་ཆུབ་པར་བྱེད་ཡིད་ལ་བྱེད་པའོ། །མཎྜལ་ནི་བླ་མ་རྡོ་རྗེ་འཛིན་པ་ལ་དབུལ་བའི་རིམ་པའོ། །ཚོགས་ནི་ཚོགས་ཀྱི་འཁོར་ལོ་དང་། ཚོགས་ཀྱི་མཆོད་པ་
དང་། དཔའ་བོ་དང་དཔའ་མོའི་སྟོན་མོ་བྱའོ། །སྦྱིན་སྲེག་ནི་ཕྲིན་ལས་བཞིའི་སྦྱིན་སྲེག་སྟེ་དངོས་གྲུབ་བཞི་འགྲུབ་པའི་སྦྱིན་སྲེག་གོ། །གསད་པ་ནི་སྐྱེད་པར་བྱེད་པའི་རྒྱུ་གསད་པའོ། །བླ་མ་དང་དཀོན་མཆོག་གི་སྐུ་དགྲ་རྣམས་མངོན་སྤྱོད་ཀྱི་ལས་བརྩམས་པས་ཏེ་སྙིང་རྗེའི་

བསམ་པ་དང་ལྡན་པས་གསད་པའོ། །ཚ་ཚ་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའོ། །གཏོར་མ་ནི་ཕྱི་ནང་དུ་ཤེས་པར་བྱའོ། །སོགས་པའི་དོན་ནི་ལས་བཅུ་དང་བསོད་ནམས་ཀྱི་ལས་སོ། །འདི་ཡང་གྲོགས་སུ་འགྲོ་བ་ཡིན་ཏེ། དངོས་གྲུབ་གཉིས་ཐོབ་པར་བྱེད་ལ་གཙོ་བོ་མ་ཡིན་
ཡང་འདི་རྣམས་བསྐྱེད་དུ་འགྱུར་ཏེ། ཉམས་སུ་བླང་བའི་རིམ་པའོ། །དེ་རྣམས་ལྡན་ན་གསེར་ལ་སོགས་པ་འགྲུབ་སྟེ། ཐུན་མོང་གི་དངོས་གྲུབ་བརྒྱད་འགྲུབ་བོ། །ཡུམ་ལྕང་ལོ་ཅན་གྱི་རྒྱུད་ལས། རི་ལུ་རྐང་མགྱོགས་མིག་སྨན་དང་། །གཏེར་དང་དགྲ་བོ་ཚར་གཅོད་དང་། །གནོད་
སྦྱིན་མོ་དང་བཅུད་ཀྱིས་ལེན། །རལ་གྲི་འཇིག་རྟེན་དངོས་གྲུབ་བརྒྱད། །བཟླས་པ་ཚོགས་དང་གཏོར་མས་འགྲུབ། །ཅེས་གསུངས་སོ། །མཆོད་འདོད་པ་ཡི་སེམས་ཅན་གྱིས། །ཞེས་པ་ནི་རྫོགས་པའི་རིམ་པའི་མན་ངག་སྟོན་པ་ཡིན་ཏེ། མཆོད་འདོད་པ་ནི་ཕྱག་རྒྱ་ཆེན་པོའི་འབྲས་བུ་
འདོད་པའོ། །སེམས་ཅན་ནི་རིགས་དང་ལྡན་པ་གང་ཟག་དེ་གཙོ་བོར་གྲུབ་པའོ། །ཐབས་དང་ཤེས་རབ་འཁོར་ལོ་དང་། །སྙིང་ནང་སྦྱོར་བ་གསུམ་གྱི་རྩ། །ཐིག་ལེ་ཐིག་ལེ་ཡི་གེས་མཚན། །དབུས་སུ་ཐབས་དང་ཤེས་རབ་འབར། །ཐིག་ལེ་ཡེ་ཤེས་གསལ་བར་འབར། །
ཞེས་པ་ནི། ཐབས་དང་ཤེས་རབ་འཁོར་ལོ་བཞི་ནི་སྤྱི་བོ་མགྲིན་སྙིང་ལྟེ་བ་བཞི། ཟུང་དུ་འབྲེལ་པའི་འཁོར་ལོ་ལ། །འོག་མ་གཉིས་པོ་ཤེས་རབ་སྟེ། །གོང་མ་ཐབས་སུ་ཡང་དག་བཤད། །ཨ་ཝ་དྷཱུ་ཏཱི་དབུས་གནས་ཏེ། །ལ་ལ་ནཱ་དང་ར་ས་ནཱ། །གཡས་དང་གཡོན་དུ་གནས་
པའོ། །སྙིང་པོའི་ཚུལ་དུ་གནས་པའོ། །རྩ་འདབ་སུམ་ཅུ་རྩ་གཉིས་དང་། །བཅུ་དྲུག་པ་དང་དེ་ཡི་ཕྱེད། །དྲུག་ཅུ་རིམ་གྱིས་གནས་པའོ། །ཐིག་ལེ་ཐིག་ལེ་ཡང་དག་མཚན་ནི་འཁོར་ལོ་དབྱེ་བ་དེ་རྣམས་ལ། ཨཱ་ལི་ཉིས་འགྱུར་རྐྱང་པ་དང་། །སྡེ་ཚན་བརྒྱད་དུ་ཡང་དག་
གནས། །ཀཱ་ལི་ཉིས་འགྱུར་རྣམ་དབྱེས་མཚན། །གཡས་པའི་རྩ་ན་ཨཱ་ལི་སྟེ། །གཡོན་པ་ཉིད་ན་ཀཱ་ལིའོ། །ཐིག་ལེ་འཁྱགས་པའི་ཚུལ་དུ་གནས། །སྙིང་དབུས་སུ་ཐབས་དང་ཤེས་རབ་འབར་ནི། སྙིང་ནང་ཉི་ཟླའི་བར་དུ་ནི། །ཨཱ་ལི་ཐིག་ལེ་ཡེ་ཤེས་གསལ་བར་བསམས་ནི་ཧཾ་

ཨཱཿཨོཾ་ཧཱུཾ་གི་ཡི་གེ་ནི། ཐིག་ལེའི་ཚུལ་དུ་གནས་པ་སྟེ། །ཐིག་ལེ་གསལ་བ་ཡེ་ཤེས་རྒྱུ། །དེ་ལ་ཡེ་ཤེས་བརྟགས་པའོ། །ཨུ་མ་དབྱིངས་ནས་སྤྲུལ་པ་རུ། །ཡེ་ཤེས་གསལ་བ་དབྱིངས་ལ་ཐུག །དེ་ཚེ་མི་གནས་བསམ་དང་བྲལ། །ཞེས་པ། དབུ་མ་དབྱིངས་
ནས་སྤྲུལ་པ་རུ། །འོག་གི་ལམ་གྱི་གནས་སུ་ནི། །རླུང་སྔོན་ཁ་དོག་རྣམ་ལྔ་བསྐྱེད། །གཏུམ་མོའི་མེ་ནི་རབ་ཏུ་བུས། །རྩ་གསུམ་ནང་ན་ཡར་ལ་ཞུགས། །འཁོར་ལོ་རིམ་གྱིས་གསལ་བར་འབྱུང་། །གསལ་ཞིང་ཞུ་བས་བདེ་ཆེན་འབྱུང་། །ཡེ་ཤེས་གསལ་བ་དབྱིངས་ལ་ཐུག་ནི་
འོད་ཟེར་ཚངས་པའི་གནས་ནས་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་ཐིག་ལེའི་རྣམ་པ་བཀུག །གནས་སུ་ཞུགས་ནས་གཉིས་མེད་འདྲེས། །དེ་ཚེ་མི་གནས་བསམ་བྲལ་འབྱུང་། །དེ་ལྟར་དུ་ནི་བསྒོམས་པ་ལ། །ཕྱག་རྒྱ་ཆེན་པོ་སྐྱེ་བ་སྟེ། །བསམ་དང་
རྟོག་པའི་ཡུལ་ལས་འདས། །ཚིག་དང་སྒྲ་ཡི་ཡུལ་ལས་འདས། །གང་དུ་ཡང་ནི་མི་གནས་སོ། །འགྲོ་བའི་དབང་པོ་གང་དང་གང་གི་རྩ། །ཁ་ཕྱེ་སྟེང་དུ་ཐིག་ལེ་བསམ། །ཞེས་པ་ནི་འགྲོ་བའི་ཚེ། དབང་པོ་ཡུལ་ལ་འཕྲོ་འགྱུར་ན། །དབང་པོ་གང་དང་གང་གི་རྩ། །དབང་པོ་
ལྔ་པོ་གང་ཡང་རུང་། །གཟུགས་སྒྲ་དེ་བཞིན་ཡུལ་རྣམས་ལ། །འཛིན་པར་བྱེད་པའི་རྩ་རྣམས་ལ། །ཁ་ཕྱེ་སྟེ། དབང་པོ་ཡུལ་དང་ཡུལ་ཅན་གཉིས། །དེ་གཉིས་ཐིག་ལེ་སྟོང་པར་བསྒོམ། །འོད་གསལ་མེ་ཡིས་སྦྱངས་པ་སྟེ། །དེ་ལྟར་དུ་ནི་བསམ་ཞེས་གསུངས། །བ་ཐག་ཕུག་ནས་ཐིག་
ལེ་ལ། །ཐིམ་མོ་དེ་ལ་བློ་གཏད་པས། །མཐའ་འདས་རང་བཞིན་མེད་པའོ། །ཞེས་པ་ནི། བ་ཐག་ཅེས་ནི་འབྲེལ་པ་སྟེ། །གཟུང་འཛིན་གཉིས་སུ་བཏགས་པའོ། །ཕུག་པས་རབ་ཏུ་འཇོམས་པའོ། །སྣང་བ་ལམ་དུ་བྱེད་པ་ཡིན། །སྣང་བ་ཐིག་ལེའི་རང་བཞིན་ནོ། །སྣང་བ་སྟོང་པ་གཅིག་
ཏུ་ཐིམ། །སྟོང་པ་རང་བཞིན་དངོས་དེ་ལ། །མི་རྟོག་པ་ཡི་བློ་གཏད་པས། །མཐའ་འདས་རང་བཞིན་མེད་པ་སྟེ། །གང་དུ་ཡང་ནི་གྲུབ་པ་མེད། །བརྗོད་མིན་རྟོག་མིན་ལྷན་ཅིག་སྐྱེས། །འཇུག་པ་བ་ཐག་བཞི་པོ་ཡང་། །སྲིད་གསུམ་འཇོམས་པའི་རང་བཞིན་ཏེ། །སྟོང་པ་བ་

ཐག་བཞི་པོར་ཐིམ། །ཞེས་པ་ནི། འཇུག་པ་རྣམ་ཤེས་འཕོ་འཇུག་སྟེ། །བ་ཐག་ཀུན་དུ་བརྟགས་པའོ། །བཞི་པོ་ཡང་ནི་ཐ་དད་མེད། །སྐྱེ་བ་རྨི་ལམ་སྲིད་པ་གསུམ། །སྲིད་གསུམ་ཞེས་ནི་རབ་ཏུ་བཤད། །དེ་རྣམས་སྲིད་པའི་རང་བཞིན་ཏེ། །རོ་མཉམ་གཅིག་ཏུ་རྟོགས་པས་སོ། །སྟོང་
པ་བ་ཐག་བཞི་པོར་ཐིམ། །ཆོས་ཀྱི་དབྱིངས་ཀྱི་གནས་ལུགས་ལ། །འབྲས་བུ་རྟོག་པའི་སྟོང་ཉིད་ཐིམ། །མ་ལ་བུ་ནི་ཐིམ་པ་སྟེ། །རྟོག་པ་ཐམས་ཅད་བཅོམ་པའོ། །དབང་པོ་ཐིག་ལེ་མེད་པ་ལ། །ཨུ་མ་ཆེན་པོ་དབྱིངས་ཉིད་དུ། །ཡེ་ཤེས་ཕྲ་མོ་ལས་ཀྱིས་སྤྲོ། །འབྱུང་འཇུག་ཕྲ་བ་བ་
ཐག་ནི། །སྐོར་བདུན་འོང་དང་འགྲོ་བས་འགྲུབ། །ཅེས་པ་ནི། རླུང་རྐྱང་པ་ལ་སྒོམ་པ་སྟེ། །དབང་པོ་ཐིག་ལེ་མེད་པ་ལ་རྩ་དང་ཐིག་ལེ་མི་སྒོམ་པ་རླུང་རྐྱང་པ་ལ་སྒོམ་པ་སྟེ། རྡོ་རྗེའི་བཟླས་པ་བྱ་བའི་དོན་ནོ། །རླུང་ནི་འཁོར་བར་བསྐྱེད་པའི་རྒྱུ་ཡིན་པས། །དེ་རྒྱུ་ལམ་དུ་འགྲོ་བར་ཤེས། །རྒྱུ་ལམ་
འབྲས་བུར་རྣམ་པར་བཤད། །ཡང་དག་དོན་ལ་དབྱེ་བ་མེད། །དབུས་མ་ཨ་ཝ་དྷཱུ་ཏཱིའོ། །བདེ་བ་ཆེན་པོ་འབྱུང་བའི་གནས་ཡིན་པས་དབྱིངས་སོ། །ཡེ་ཤེས་རླུང་གཡས་གཡོན་སྤྲོ་བའོ། །འབྱུང་བ་ཕྱིར་འབྱུང་སྟེ་ཧཱུཾ་གི་ངོ་བོའོ། །འཇུག་པ་རླུང་ནང་དུ་ཨོཾ་གྱི་ངོ་བོ་འཇུག་པའོ། །ཕྲ་བ་
ནི་རྟོག་པ་རགས་པ་སྟོང་པ་སྟེ། གནས་པ་ཨ་སྐྱེ་བ་མེད་པའི་དོན་དུ་བསྒོམ་སྟེ། རླུང་བ་ཐག་དང་འདྲ་བ་དེ་ལ་བརྟེན་པའོ། །ཐུན་ཚོད་ནི་སྐོར་བདུན་ལ་སོགས་ཏེ། ཆུ་ཚོད་དང་། ཆུ་སྲང་དང་། དབྱུ་གུ་དང་ཐུན་ཚད་ལ་སོགས་པའོ། །དེ་ལ་བརྟེན་ནས་དངོས་གྲུབ་འབྱུང་བའོ། །དེ་
ལ་རྟགས་འབྱུང་བ་ཡི་དོན། །རྟགས་ཕྱག་རྒྱའི་ཡེ་ཤེས་ཆེན་པོ་ཐོབ་པར་འགྱུར་ཞེས་པ་སྟེ། དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་མཁར་སྣང་རྟགས། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། །བདེ་ཆེན་སྐུ་ལ་སོགས་པ་གཉིས་མེད་འབྱུང་། །དོན་རྣམས་མ་ལུས་རྫོགས་པར་མཛད། །
འདི་ནི་གང་ཟག་སྣོད་ཅན་ལས། ཤེས་པ་བདུད་རྩི་དང་འདྲ་བ་འདི་གང་ཟག་སྣོད་ཅན་ལ་བསྟན་པ་ཡིན་ཏེ། དད་ལྡན་ང་རྒྱལ་མེད་ཅིང་དོན་ལ་ཕྱོགས། །བརྩོན་འགྲུས་ལྡན་ཞིང་ཟབ་མོའི་དོན་ལ་མོས། །བླ་མ་ལ་གུས་དགེ་ལ་རིན་ཆེན་རིགས། །གཞན་ལ་བསྟན་པར་

བྱ་བ་མིན། །གང་ཟག་ཚུལ་འཆོས་གཡོ་ཅན་རྣམས། །གསང་སྔགས་ཕྲག་ཁྱེར་ངན་སོང་རྒྱུ། །དེ་ལ་སྦྱིན་པར་མི་བྱའོ། །ཞེས་གསུངས་སོ། །མཚན་ཉིད་ལྡན་པའི་གང་ཟག་གིས། །བསྒྲུབས་ན་མཁའ་སྤྱོད་ལ་སོགས་པ། །ཐོགས་པ་མེད་པར་འབྱུང་བར་
འགྱུར། །ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། །དངོས་གྲུབ་ཀླུ་མོ་མཁའ་འགྲོས་སྟེར། །ཞེས་གསུངས་སོ། །བརྒྱུད་པའི་རིམ་པ་མན་ངག་འདི་བཀོད་པས། །ཚིག་དང་དོན་ལ་ཉེས་པ་ཤོར་སྲིད་ན། །རིགས་ལྔ་བདེ་བར་གཤེགས་པ་དང་། །མཁས་པ་རྣམས་ལ་བཟོད་པར་གསོལ།
ཞེས་གོང་མ་རྣམས་ལ་བཟོད་པར་གསོལ་བའི་དོན་ཏེ། བློ་གྲོས་རིན་ཆེན་ལ་སོགས་བདེ་གཤེགས་མཁའ་འགྲོ་རྣམས་ལའོ། །དགོས་པའི་དོན་ནི། ཁེངས་པ་རྙེད་པ་བཀུར་སྟི་ལ་སོགས་མིན། །ཕྱི་རབས་རྩོད་པའི་དུས་སུ་སེམས་ཅན་དངོས་གྲུབ་འབྱུང་། །ཞེས་པའོ། །འདི་བརྩམས་
པ་ཡི་བསོད་ནམས་ཀྱིས། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །རགས་དང་ཕྲ་བའི་རྟོག་པ་ཡོངས་སྤངས་ནས། །ཡོངས་སུ་དག་པའི་ས་ཐོབ་ཤོག །ཅེས་པ་བསྔོ་བའི་དོན་ཏེ། སེམས་ཅན་ཀུན་གྱིས་སྤང་བྱ་རྣམས་སྤངས་ནས། །ཕྱག་རྒྱ་ཆེན་པོའི་ས་ཐོབ་པར་ཤོག །ཅེས་པའོ། །བློ་
ཆུང་བདག་གིས་བརྩམས་པར་མི་འོས་ཏེ། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །ཚིག་དང་དོན་ལ་ཉེས་སྲིད་ན། །དེ་ཉིད་ཁྱེད་རྣམས་བཟོད་པར་མཛོད། །བདག་གིས་འདི་བརྩམས་བསོད་ནམས་ཀྱིས། །འགྲོ་བ་མ་ལུས་ཐམས་ཅད་ཀུན། །དེ་ཉིད་དོན་ནི་རབ་རྟོགས་ཤོག །བདག་
ཀྱང་འགྲོ་དོན་བྱེད་པར་ཤོག །ཀླུའི་བྱང་ཆུབ་ཀྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཞེས་བྱ་བ་རྫོགས་སོ།། །།སློབ་དཔོན་ནཱ་གཱརྫུ་ན་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོ་ཞེས་ཀྱང་བྱ། ཀླུ་ཡི་བྱང་ཆུབ་ཞེས་ཀྱང་བྱ། ཀླུ་སྒྲུབ་སྙིང་པོས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནོ་པི་ཀ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཁོར་བའི་སྡུག་བསྔལ་ཆུ་བོ་

སྐེམས་མཛད་པ། །མཐུ་ལྡན་བདེ་བ་ཆེན་པོ་བདག་ཉིད་དེ། །ཉི་ཟླ་ལྟ་བུའི་ཐུགས་མངའ་བའི། །བཅོམ་ལྡན་བདེ་ཆེན་ཐུགས་རྗེ་ཆེན་པོའི་དང་། །སྨན་མཆོག་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །རང་བཞིན་རིག་པ་སྟོང་པ་ཆེན་པོའི་དང་། །གཉུག་མ་བདེ་བ་སྙིང་རྗེ་ཆེན་པོའི་དང་། །བདེ་བ་
ཆེན་པོའི་མཐའ་བྲལ་རྡོ་རྗེ་འཛིན་པ་ཉིད། །ཕྱག་རྒྱ་ཆེན་པོ་རང་བཞིན་འབྲས་བུ་དངོས། །ཐོབ་པའི་ལམ་ནི་ཡོད་དང་མེད་པ་ཡི། །ཕྱག་རྒྱ་བཞི་པོ་ལམ་གྱིས་གྲོལ་བའོ། །དགའ་བཞི་སྟོང་པའི་རང་བཞིན་ཆེན་པོ་ནི། །སྟོང་པ་བདག་མེད་ལམ་གྱིས་གྲོལ་ཞེས་གསུང་། །དེ་བཞིན་
ཚོགས་ལམ་དྲོད་དང་རྩེ་མོ་བཟོད་པ་ལམ། །འཇིག་རྟེན་ཆོས་དང་མཐོང་ལམ་དང་། །བསྒོམ་པ་མཐའ་ཕྱིན་ལམ་གྱིས་ནི། །གནས་པའི་ཡེ་ཤེས་བྱང་ཆུབ་ངོ་བོའི་ལམ། །མཐོང་ཞིང་གྲོལ་བར་བླ་མ་ཆེན་པོ་གསུངས། །རྒྱུ་འབྲས་གཉིས་མེད་གསང་སྔགས་བླ་མེད་ལམ། །འབྲས་
བུ་དམིགས་བཅས་གསང་བ་བླ་མེད་ལམ། །ལམ་ལ་གོམས་པས་འབྲས་བུ་གསང་སྔགས་ལམ། །འབྲས་བུའམ་འདིར་ནི་རྒྱུ་ནི་ངོ་ཤེས་པ། །དེ་ཡང་བླ་མ་ཆེན་པོའི་འབྲས་བུ་རྟོགས། །ལམ་མེད་འབྲས་བུ་མཆོག་ཏུ་བདག་གི་གཞུང་གིས་རྟོགས། །རྒྱུ་ནི་རྒྱུ་ལས་འབྲས་བུ་
འབྱིན་པས་ཏེ། །ལམ་ལྔ་རྣམ་པས་ཕ་རོལ་ཐོབ་པ་སྟེ། །མཐོང་སྤངས་སྒོམ་སྤངས་འབྲས་བུ་ཐོབ་སྤངས་པ། །བདེན་པ་བཞི་ནི་ཉོན་མོངས་གཉེན་པོའོ། །རྩ་བ་ཉོན་མོངས་ཉེ་བའི་ཉོན་མོངས་རྣམས། །བདེན་པ་རྣམས་ཀྱིས་ཞིང་ནི་གྲོལ་བར་འདོད། །བདེན་པ་གཉིས་ལ་རབ་གནས་
འབྲས་བུ་སྔགས་ཀྱི་ཚུལ། །བསྐྱེད་རྫོགས་མཐར་ཕྱིན་ཐབས་དང་ཤེས་རབ་བོ། །ཡེ་ཤེས་ལྔ་ཡི་ལམ་ལ་གནས་པས་འབྲས་བུ་གྲོལ་བའོ། །དེ་ལ་རྩ་བའི་དོན་བཤད་པར་འདོད་པས། འགྲོ་བ་སེམས་ཅན་མུན་འཐོམས་པའི། །སྒྲོན་མ་བྱ་ཕྱིར་སྒྲུབ་པའི་ཐབས། །དཔལ་ལྡན་
རྡོ་རྗེ་འཛིན་བཏུད་དེ། །ཞེས་པ་ལ། འགྲོ་བ་ནི་རིགས་དྲུག་སྟེ། སེམས་པའི་བག་ཆགས་ཀྱིས་སྐྱེ་བ་གཅིག་ཏུ་ལེན་པའི་ཕྱིར་འགྲོ་བའོ། །སེམས་ཅན་ནི་ཉོན་མོངས་པའི་ཡིད་ཅན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཅན་ཏེ། སྐྱེ་འཇིག་གི་ཆོས་ཅན་ནོ། །མུན་འཐོམས་པ་ནི་མུན་པ་

ནི་རྡུལ་དང་མུན་པ་སྙིང་སྟོབས་ལ་སོགས་ཏེ། །མཐོང་བསྒོམ་ཉོན་མོངས་པས་ཀུན་ནས་དཀྲིས་ཏེ་བཅིངས་པའོ། །འཐོམས་པ་ནི་ལས་དང་ལས་ཀྱི་འབྲས་བུ་མི་ཤེས་པ་སྟེ་མ་རིག་པས་སོ། །དེའི་སྒྲོན་མ་བྱ་ཕྱིར་ནི་ཉོན་མོངས་པའི་གཉེན་པོ་བདེན་པ་རྣམས་ཀྱིས་རང་
བཞིན་གསང་སྔགས་གཞུང་འདི་ཉིད་དེ། སྐྱེད་པ་ལ་སོགས་སྟོང་པ་ཉིད་ཀྱི་ཉོན་མོངས་པ་ཟག་པ་ཟད་པ་ནི། ཐབས་གསལ་བར་བསྟན་པ་ནི་སྒྲོན་མའོ། །སྒྲུབ་ཐབས་ནི་འགྲུབ་པ་དང་འགྲུབ་པར་བྱེད་པ་སྟེ་དོན་ཐོབ་པར་བྱེད་པའོ། །དཔལ་ལྡན་ནི་ཡོན་ཏན་རྣམ་པ་གཉིས་ཏེ་རྒྱུ་དང་
འབྲས་བུ་ལས་གྲུབ་ཅིང་སྨིན་པའོ། །རྡོ་རྗེ་ནི་དོན་རྟགས་གསུམ་སྟེ། །སྟོང་པའི་རང་བཞིན་ཞེས་པའི་དོན་ཏོ། །དེའི་རང་བཞིན་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ནི་འཛིན་ཅིང་འཆང་བའོ། །བཏུད་པ་ནི་གཞུང་བཀྲ་ཤིས་ཤིང་མཛེས་པ་དང་འཇུག་པ་དང་ཐོབ་པའོ། །ལུས་ངག་ཡིད་
ཀྱིས་ཡོན་ཏན་གསུམ་དང་ལྡན་པའི་ཡི་དམ་ལྷ་ལ་དང་ལ་བཏུད་ཅེས་སོ། །མཆོག་རབ་སྙིང་པོས་རིམ་བཞིན་བཤད་ན། སློབ་དཔོན་གྱི་མན་ངག་ལས་གཞུང་གི་དོན་མཆོག་རབ་ཀྱིས་བྲིས་པའི་དོན་ཏོ། །སྔགས་པ་ཡོན་ཏན་ཀུན་ལྡན་པས། །ཤིན་ཏུ་ཡིད་འོང་བདེ་གནས་སུ། །ཞེས་
པ་ལ། །སྔགས་པ་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རིན་པོ་ཆེ་རིགས་ཀྱི་གང་ཟག་དད་པ་གསུམ་དང་ལྡན་པ་ཡོངས་སུ་བཟུང་ངོ་། །ཡོན་ཏན་ཀུན་དང་ལྡན་པ་ནི་དབང་ཐོབ་ཅིང་མ་ནོར་བར། །དམ་ཚིག་སྡོམ་པ་གསུམ་དང་དོན་གྱི་རང་བཞིན་མ་ནོར་བར་མཐོང་བ་དང་ལམ་ཤེས་པའོ། །
ཤིན་ཏུ་ཡིད་འོང་བདེ་གནས་ནི་གྲགས་པས་མ་སྨད་པ་ལ། བྱང་སྐྱོབ་ཤར་དམའ་ལྷོ་གཞོལ་ནུབ་དགྱེ་བའོ། །ཡང་ན་རང་ཉམས་དགའ་ཞེས་པའོ། །སྙིང་གར་ཉི་ལ་ཧཱུཾ་བཞག་སྟེ། །འོད་ཀྱིས་བགེགས་བསལ་ཁང་པ་དབུབ། །ཅེས་པ་ལ། སྔགས་པའི་སྒྲུབ་པ་པོ་ཆོས་བཞི་
དང་ལྡན་པས། ལུས་ལ་དྲན་པ་ཉེ་བར་གཞག་སྟེ། ཐུན་མོང་དང་ཁྱད་པར་གྱི་སེམས་གཉིས་བསྐྱེད་དེ། །ནང་གི་ཁྲུས་སྟོང་པར་སེམས་དཔའ་དང་བཅས་པར་གཞག་པའོ། །དེས་ནི་ཧཱུཾ་རིང་པོར་སྐད་ཅིག་མས་འདོད་པའི་ལྷ་རུ་བསམ་པའོ། །དེ་ལ་སྙིང་ག་དང་སྤྱི་བོ་དང་མགྲིན་

པ་གསུམ་དུ། ཡེ་ཤེས་བསྒོམ་པ་དང་བསྟིམ་པ་དང་། ཡེ་ཤེས་པ་མ་ལུས་ཤིང་ལུས་པ་མེད་པར་བསྟིམ་པའོ། །འོད་ཀྱིས་བགེགས་བསལ་ནི་ཐུགས་རྗེ་དང་ལྡན་པའི་སྡང་མིག་གིས་ཕྱོགས་ཀུན་དུ་བལྟ་ཞེས་པའི་དོན་དང་འབྲེལ་ཏོ། །དེས་བཀའ་བསྒོ་བ་ནི་རྒྱུ་གཅིག་མ་འདུག་
ཅིག །འདིར་མཐུ་ལྡན་གྱི་ཁང་པ་ཡིན་ནོ་བ་དང་འབྲེལ་ཏོ། །ཁང་པ་ནི་བསྐྱེད་པ་དང་ཕྱིས་བསྐྱེད་པའི་ཚིག་འབྲེལ་ཏོ། །མ་སོང་བ་ལ་བདག་འོད་དཀྱིལ་འཁོར་ལ་ཕོག་སྟེ། ཙཀྲ་ཨོཾ་བྷྲཱུཾ་ཧཱུཾ་བྷྲཱུཾ་ས་བྷྲཱུཾ་ཧ་བྷྲཱུཾ་ཨ་བྷྲཱུཾ་གྱིས་ཐོག་ལྔ་ཡང་ནས་ཡང་དུ་ཕབ་སྟེ་བསྒྲལ་བའོ། །ཁང་པ་དབུབ་ནི་རང་
གི་ཉི་མའི་འབར་བའི་ཧཱུཾ་ལས་འོད་ཟེར་ལ་ཧ་ལྗང་གུ་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུར་འཕྲོས་ཏེ། རྡོ་རྗེའི་ཁང་པ་ཕྱོགས་བཞི་རུ་ཁ་དོག་དཀར་པོ་དང་ཁ་དོག་ལྔར་གྲུབ་པར་གྱུར་པའོ། །ཧཱུཾ་ཧཱུཾ་ཞེས་བརྗོད་དོ། །ཨོཾ་བཛྲ་ཙཀྲ་ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང་བཛྲ་ཧ་ན་ཧ་ན་ཞེས་པ་དང་། བཛྲ་
ཛྭ་ལ་རཾ་གྱིས་འཁོར་ལོའི་ཁང་པ་དང་། མདའ་དང་མཚོན་ཆའི་ཁང་པ་དང་། མེའི་སྲུང་བར་ཤིན་ཏུ་འཐས་པར་གྲུབ་པའོ། །བསྲུང་བ་གྲུབ་ནས་བགེགས་གསོ་བ་ནི། སྙིང་རྗེ་དང་བྲལ་བ་ཡིན་པའི་ཕྱིར། མིག་གཡས་པའི་རཾ་གྱིས་སྡིག་པ་བསྲེགས་ཏེ་ཞི་བའོ། །གཡོན་པའི་ཨས་ཀུན་གཞི་
གསོས་ཏེ། གསད་པའི་དོགས་པ་དང་བཅས་པས་བྲོས་ཏེ་བྱེར་བའོ། །དེ་ནི་བསྲུང་བའོ། །དེ་འོད་ལས་བྱུང་ཉི་དཀྱིལ་དུ། །སློབ་དཔོན་སངས་རྒྱས་བཅས་སྤྱན་དྲངས། །ཕྱག་འཚལ་མཆོད་ནས་སྡིག་པ་བཤགས། །སྡོམ་པ་བཟུང་དང་ཡི་རང་དང་། །བསྔོ་དང་སྐྱབས་འགྲོ་
སེམས་བསྐྱེད་དེ། །ཞེས་པ་ལ། ཉི་མའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་དོན་བྱས་ཡེ་ཤེས་པའི་ཐུགས་ཀར་ཐིམ་སྙིང་པོ་དེ་ཉིད་དྲངས་ཏེ། བདག་གི་རྒྱུད་ལ་ཕོག་པས་སྒྲིབ་པ་བཞི་དག་ནས། རྒྱུད་རང་
གོས་ཕྱིར་བཟློག་པ་བཞིན་དུ་གྱུར་པའོ། །དེ་འདི་ནི་རང་གི་སྙིང་གི་བདག་པོ་ཡིས། སེང་གེ་ལ་སོགས་པའི་གདན་ལ། བདག་པོ་འོད་ཀྱི་བླ་མ་དང་། སངས་རྒྱས་སྤྱན་དྲངས་ཏེ་གཞུག་པའོ། །ཕྱག་བཙལ་བ་ནི་ལུས་ངག་ཡིད་ཀྱིས་སམ་ཡིད་ཅེས་པ་དང་

འབྲེལ་ཏོ། །མཆོད་པ་ནི་ཕྱི་ནང་གསང་བ་སྟེ། ཕྱི་ནི་རྩ་དང་། ལྷ་མོ་དང་། དབུལ་བའི་གནས་ཐ་དད་དུ་མཆོད་པའོ། །ནང་ནི་ལྷ་མོ་རྣམས་ཀྱིས་རང་གི་རྩས་རང་རང་གིས་གཅིག་ཏུའོ། །གསང་བ་ནི་ལྷ་ཕོ་མོའི་མཆོད་པའོ། །གསུམ་ག་ཕྱག་རྒྱ་
ཆེན་པོ་གསང་བས་མཉེས་པས་གསང་བའོ། །དེ་གོང་མའི་དོན་རྣམས་ཀུན་སྟོང་པ་བླ་ན་མེད་པའོ། །སྡིག་པ་བཤགས་པ་ནི་གསུམ་ལས་གསུམ་གྱིས་གསུམ་པོ་རང་རང་དུ་མི་འཆབ་ཅིང་འགྱོད་པ་དང་བཅས་པས་བཤགས་ཤིང་ཕྱིས་མི་བྱ་བ་དང་འབྲེལ་ཏོ། །སྡོམ་པ་གཟུང་བ་ནི་སྤྱི་
དང་ཁྱད་པར་དེ་བླངས་པའི་དོན་ལས་ཕྱིས་མི་འདའ་སྟེ། ཡི་དམ་དངོས་སུ་བླང་ཞེས་པ་དང་འབྲེལ་ཏོ། །ཡི་རང་བ་ནི་སྤྱི་དང་ཁྱད་པར་ཏེ་བླ་ན་མེད་པའི་ལམ་ལ་གོས་སྔོན་པོའི་ཆོས་འདི་ལས་ལྷག་པ་གཞན་སུ་ཡང་ཡོད་མ་ཡིན་ཏེ། ཁྱད་པར་དོན་ཞེས་པ་དང་འབྲེལ་པར་ཡོངས་སུ་
གཟུང་བས། །དེ་དང་འབྲེལ་པའི་ནུས་པ་ཁྱད་པར་ཅན་ཐོབ་ཅེས་པའོ། །དེས་ནི་དེའི་སྟོང་པ་མི་འགྲོ་བར་གཞུག་པ་དང་། འབྲས་བུ་མེད་པའི་དོགས་པ་བྱང་ཆུབ་ཏུ་ཡན་ལག་བདུན་པ་བསྔོའོ། །སྐྱབས་འགྲོ་ནི་ཕྱི་མའི་ལྷ་ཡོངས་སུ་བཅད་དེ་ཁྱད་པར་འཕགས་པ་གོས་སྔོན་
ཅན་ལ་བདག་ཉིད་འདུད་ཅིང་། སེམས་ཅན་མ་ལུས་ལུས་པ་མེད་པའི་དོན་བྱས་ཤིང་། བདག་ཉིད་སྐྱབས་ཞེས་པ་དང་འབྲེལ་ཏོ། །སེམས་བསྐྱེད་དེ་ཞེས་པ་ལ། བྱང་ཆུབ་སེམས་དཔའ་རིགས་ཀྱི་བུའམ་བུ་མོས་ལམ་ལ་གནས་པ། ས་གཅིག་པས་གཉིས་པ་དང་
གསུམ་བསྐྱེད་ཅིང་འཛེག་པ་སྟེ། གོང་གི་དགེ་ཤུལ་གྱི་དགེ་བ་དང་བ་མ་ལུས་པས་སེམས་ཅན་མ་ལུས་པ་ཐམས་ཅད་འཁོར་བ་ལས་བསྒྲལ་ཞེས་པའི་དོན་དང་འབྲེལ་ལོ། །ད་ནི་ལམ་གྱི་སེམས་བསྐྱེད་ནི། དགེ་བ་ཁྱད་པར་ཅན་ཐོབ་ཅེས་པའི་དོན་དང་འབྲེལ་ཏོ། །དེ་རྣམས་
རྒྱུ་སྟེ་ལོངས་སྤྱོད་རྫོགས་པའི་མཚན་དང་དཔེ་བྱད་མང་པོ་ཐོབ་ཅེས་པའི་དོན་དང་འབྲེལ་ཏོ། །ཚད་མེད་བཞི་པོ་སྔོན་བཏང་ནས། །ཞེས་པ་ལ། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་རིམ་པས་བསྒོམས་ཏེ། སེམས་ཅན་དང་བདག་རང་འབྲེལ་པའི་བདག་པོས་རྒྱུ་དང་གླན་

ཞེས་པའོ། །སྤྲུལ་པ་དཔག་ཏུ་མེད་པས་སངས་རྒྱས་ཀྱི་འབྲས་བུ་མཐུན་པ་སྤྲུལ་པའི་ནུས་པ་ཞེས་པ་དང་ཐམས་ཅད་ཡོངས་སུ་དག་པ་ལས་ཞེས་པ་ལ། ཡེ་ཤེས་ཚོགས་དེ་སྟོང་པ་ཉིད་དམ་སྔགས་ལ་སོགས་པས་ཕྱི་ནང་མ་ལུས་པ་སྟོང་པ་ཉིད་དུ་གནས་པ་སྟེ། སྤྲོས་པ་དང་བྲལ་
བས་ཆོས་སྐུའི་རྒྱུ་ཞེས་པའི་དོན་ཏོ། །དེ་རྣམས་རྒྱུ་སྟེ་སྔོན་དུ་བྱ་བའི་རིམ་པའོ། །སྔགས་བསྐྱེད་འབྱུང་བ་གཞས་ཡས་བཅས། །ཉི་སྟེང་ཞེས་བྱ་བའི་དོན་ལ། རྡོ་རྗེ་བསྲུང་བ་བློ་རབ་རྣམས་ལ་ནི། གོང་ནི་གོང་གི་དག་པས་སྟོང་པ་ཞེས་བྱ་སྟེ། ཕྱིས་གཞལ་ཡས་ཁང་གྲུབ་པའི་དུས་
སུ་སྲུང་ཡང་སྣང་ལ་རྣལ་འབྱོར་པ་བློ་བརྟེན་ནོ་ཞེས་པ་དང་འབྲེལ། ཐ་མའི་གང་ཟག་རྣམས་ལ་ནི། དང་པོ་ཡོད་པའི་བློ་བརྟན་པའི་ཁང་པ་གྲོང་གི་རྐྱེན་གྱིས་མི་གཡོ་སྟེ། བློ་བྱེ་བྲག་ཡིན་པའི་ཕྱིར་རོ། །སྔགས་བསྐྱེད་ནི་ཡཾ་དང་རཾ་དང་བཾ་ལཾ་སུཾ་ལས་འབྱུང་བའི་དཀྱིལ་འཁོར་རིམ་པས་
བསྐྱེད་ཅེས་པའི་དོན་ཏོ། །རི་རབ་ལ་སོགས་པའི་ཁང་པར་རང་གི་ཁ་དོག་དང་མཐུན་པའོ། །དེ་སྟེང་བྷཱུཾ་ལས་གཞལ་ཡས་ཁང་པ་རིན་པོ་ཆེ་ལྔ་ལས་བརྩིགས་པ་སྒོ་བཞི་ཀ་བ་བརྒྱད་པ། རྟ་བབས་བཞི་དང་ཟུར་བཞི་པ།ཕྱི་དང་ནང་གི་རྒྱན་གྱིས་བརྒྱན་པ། དུར་ཁྲོད་བརྒྱད་ཀྱིས་
ཉེ་བར་ཀླུབས་པ། དུར་ཁྲོད་བརྒྱད་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ལམ་ཞེས་པའི་དོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་ཤིང་དང་མཆོད་རྟེན་དང་ལྷ་དང་ཀླུ་དང་སྤྲིན་དང་། ཕྱོགས་ཀྱི་བདག་པོ་རྣམས་མཆོད་པའོ། །རོ་གསར་རྙིང་རྟོག་པ་མེད་པ་དང་། ཅེ་སྤྱང་
དང་། ཀང་ཀ་མཆུ་རིངས་ཀྱི་བྱ་དང་། མི་རྟོག་པ་དང་ཕྲ་མོ་རྟོག་པ་སེལ་བའོ། །ཉི་སྟེང་ནི། གཞལ་ཡས་ཁང་གི་དབུས་སུ་སེང་གེ་དང་པདྨ་ཉི་ཟླའི་གདན་བསྐྱེད་པའོ། །ཧཱུཾ་ལས་རྡོ་རྗེར་གྱུར། དེ་ལས་དཔལ་ལྡན་གཉིས་ཀྱི་བདག །རིག་པ་ཡོད་མེད་ཐུན་མོང་བཟློག །ཅེས་
པ་ལ། ཏིང་ངེ་འཛིན་གསུམ་གྱི་རང་བཞིན། རྐྱེན་གྱི་ངོ་བོ་ཧཱུཾ་དུ་སྣང་བའོ། །དེའི་འོད་ཟེར་གྱིས་ལས་གཉིས་བྱས། སངས་རྒྱས་ཀྱི་སྙིང་པོ་ཞུགས་ནས། ཐུགས་ཀྱི་རང་བཞིན་དང་ཧཱུཾ་རིང་པོར་གྱུར་པའོ། །ཡང་འོད་འདུས་པས་གཉིས་བྱས་ཏེ། དཔལ་ལྡན་གཉིས་ཀྱི་བདག །

མཆོག་དང་ཐུན་མོང་གི་བདག་པོ་སྤྲུལ་སྐུ་རུ་སྣང་བའོ། །རིག་མ་ཡོད་མེད་ཐུན་མོང་བཟློག་ནི། ཡུམ་ཡོད་ན་མཆོག་གི་འབྲས་བུ་ཤས་ཆེ་སྟེ་གྲིབ་མ་བཞིན་གྲུབ་ཅེས་པའི་དོན་ཏོ། །རིག་མ་མེད་པ་ནི་ཐུན་མོང་དང་འབྲེལ་ཏེ་ཡུམ་མེད་པའོ། །མཐིང་ནག་གོས་སྔོན་སྐུ་
ལ་གསོལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྦྲུལ་ཞགས་བཞིས་ལུས་རྣམ་པར་བརྒྱན། །སྤྱན་དམར་མཆེ་གཙིགས་སྦྲུལ་ཞགས་ཟ། །གསུས་ཁྱིམ་ཆེ་ཞིང་འཇིགས་པ་ཅན། །ཞེས་པ་ལ། མཐིང་ག་རུ་བྱུང་བ་ནི་དོན་སྟོང་པ་ཉིད་ལ་འགྱུར་བ་མེད་པའོ། །གོས་སྔོན་སྐུ་ལ་གསོལ་བ་ནི། །
རིགས་འཛིན་པ་དར་ལྗང་གུའི་ཁ་ཅག་ཅན་ནོ། །རྡོ་རྗེ་དྲིལ་བུ་ནི་གཡས་ན་རྡོ་རྗེ་རྩེ་ལྔ་པ་ལ་ཁྱུང་ལྔ་དང་། རིགས་ལྔའི་ས་བོན་བཀོད་པའོ། །གཡོན་ཤེས་རབ་ཀྱི་རང་བཞིན་དྲིལ་བུ་ཐོགས་པའོ། །སྦྲུལ་བཞིས་ལུས་ལ་བརྒྱན་པ་ནི། རྒྱལ་རིགས་དང་རྗེའུ་དམར་པོ་དང་། བྲམ་ཟེ་
དཀར་པོ་དམངས་རིགས་ནག་པོས་རྣ་ཆ་ལ་སོགས་པ་བྱས་པའོ། །སྤྱན་དམར་བ་ནི་སེམས་ཅན་ཆགས་པ་ཞེས་པའི་དོན་ཏེ། གདུག་པ་ཟིལ་གྱིས་གནོན་པ་ཡང་ཞེས་བྱའོ། །མཆེ་བ་གཙིགས་པ་ནི་བདུད་བཞི་དང་སྡང་བ་འདུལ་བ་སྟེ་དོན་བྱེད་པའི་
རྟགས་སོ། །གསུས་པ་ཆེ་བ་ནི་སྟོང་པ་ཉིད་དང་འབྲེལ་པའི་དོན་ཏོ། །འཇིགས་པ་ཅན་ནི་གཤེ་བའམ་དཔའ་ལ་སྒེག་པའོ། །དེ་གསལ་མདུན་དུ་དཀྱིལ་འཁོར་དགུག །མཆོད་དང་གཏོར་མས་མཉེས་བྱས་ནས། །བདག་བྱིན་བརླབ་པའི་གསོལ་བ་གདབ། །དབང་ཐོབ་གྱུར་ནས་གསང་
སྔགས་བཟླས། །ཞེས་པ་ལ། དམ་ཚིག་པའི་རྒྱན་ཆ་དང་ཕྱག་མཚན་གསལ་ནས། ཧཱུཾ་གི་འོད་ཀྱིས་འོག་མིན་ནས་ཡེ་ཤེས་ལྷ་ཚོགས་དགུག་ཅེས་པ་དང་འབྲེལ་ཏེ། བཛྲ་ས་མནྟ་ཛཿཞེས་པས་སོ། །ཡེ་ཤེས་པ་དང་ལྷན་ཅིག་པའི་བགེགས་བཛྲ་ཡཀྵ་ཧཱུཾ་ཕཊ། ཅེས་པས་
དེངས་པར་བྱའོ། །དེ་ལ་བདག་དོན་སྔོན་དུ་འགྲོ་བས་མཆོད་ཡོན་དང་ཡིད་ཀྱི་མཆོད་པ་དབུལ་ཞེས་པའོ། །གཞན་ལ་ནི་ཕྱི་མཆོད་དངོས་དང་གཏོར་མ་སྨན་གྱིས་མཆོད་ལ་གསོལ་བ་གདབ་པའོ། །བདག་བྱིན་གྱིས་བརླབ་པའི་གསོལ་བ་གདབ་པ་ནི། ཨེ་མ་དཔལ་ལྡན་གོས་

སྔོན་ཅན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལུས་ཀྱི་རྟོག་པ་བསལ་བའི་ཕྱིར། །བདག་ལུས་བདེ་གཤེགས་སྐུར་བྱིན་རློབས། །ངག་དང་ཡིད་ལ་ཡང་ཡང་བརྗོད། །དེ་ནས་གནས་གསུམ་དུ་ཨོཾ་དང་ཨཱཿདང་ཧཱུཾ་དཀར་པོ་དང་དམར་པོ་དང་མཐིང་ག་གནས་སུ་བལྟས་ཏེ།
འབྲུ་གསུམ་ལས་འོད་ལངས་ཏེ་སྡོམ་མམ་ཀཾ་ངམ་འོད་ནག་པོ་བསྡུས་ཏེ་བསྲེགས་ཤིང་སྦྱང་སྟེ་དེས་ནི་ཀུན་གཞི་ལ་བག་ཆགས་ཡོད་པའི་མཛེའི་ས་བོན་ཡང་སྦྱངས་ཤིང་བསྲེགས་ནས། རང་རང་གི་ཕྱག་མཚན་དང་སྐུ་རུ་གནས་སུ་དགོད་པ་ལ། ཡེ་ཤེས་པ་བསྟིམ་པ་ནི་རང་གི་
བདག་པོའོ། །ཡང་འོད་ཀྱིས་མདུན་ན་གནས་པ་དང་། རིགས་ལྔ་སངས་རྒྱས་གནས་ནས་བསྟིམས་པའོ། །དབང་ཐོབ་ནི་བླ་མས་རིགས་ཀྱི་བདག་པོ་བསྐུལ་ཏེ། རིགས་ལྔས་ཤར་ནས་ཆུའི་དབང་དང་། མེ་ལོང་གསལ་བ་རྒྱུད་ལ་བསྟིམ་པ་དང་། ཞེ་སྡང་རྣམ་པར་དག་
པའོ། །ལྷོ་ནས་དབུ་རྒྱན་གྱིས་མཉམ་པ་ཉིད་དང་། ང་རྒྱལ་ལམ་སེར་སྣ་སེལ་བའོ། །ནུབ་ནས་རྡོ་རྗེ་ནི་སོ་སོར་རྟོག་པས་འདོད་ཆགས་སེལ་བའོ། །དེ་ནས་དྲིལ་བུས་བྱ་བ་ཡེ་ཤེས་དང་ཕྲག་དོག་སེལ། དབུས་ནས་མིང་དང་རྡོ་རྗེ་དྲིལ་བུ་གཏི་མུག་སེལ་ཅིང་ཁྱབ་བྱ་བསྟིམ་པའོ། །ཏིལ་མར་ལ་
མར་བསྐུས་ཁྱབ་པ་བཞིན་ཏེ། ཐོབ་པ་ནི་དབུ་ལ་རིགས་ལྔས་བརྒྱན་པའོ། །ཡང་བདག་པོ་དང་རིགས་ལྔ་སྦྱོར་བ་བྱས་ལ། ཐིག་ལེ་ཨཾ་དང་ཧཱུཾ་གི་རྣམ་པར་ཐུགས་རྗེ་ཆེན་པོའི་དང་དུ་ཞུ་ནས། གུཧྱ་ཨ་བྷི་ཥིཉྩ་ཞེས་པ་དང་། སློབ་མས་ཨ་ཧོ་སུ་ཁ་བརྗོད་ནས། ལྕེ་ལ་བྱིན་པ་དག་
ལས་གྱུར་པའི་ཉོན་མོངས་པ་དག་སྟེ། སྔགས་ཟློས་པ་ནུས་པ་མཐུ་ཅན་དུ་གྱུར་ནས། གསུང་དབྱངས་ཡན་ལག་བརྒྱད་ཅུའམ། དྲུག་ཅུ་དང་ལྡན་ཏེ་ལྕེ་རྡོ་རྗེའི་རང་བཞིན་དུ་སོང་བའོ། །དབང་གསུམ་པ་དང་བཞི་པའི་ཡོན་ཏན་འོག་ནས་གོང་དུ་འཕེལ་བར་འགྱུར་ཞེས་པ་སྟེ།
ཐུན་མོང་གཙོར་བྱས་པའོ། །མཆོག་རྣམས་ཀྱིས་ནི་གསུམ་པ་དང་བཞི་པ་རིམ་པས་བླངས་ཏེ། ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པ་ལས། ཕྱོགས་བཅུར་ལྷ་མོས་གསོལ་བ་བཏབ་སྟེ། ཡན་ལག་ལྔའི་ཚུལ་གྱིས་སྐུ་ལངས་ཏེ། སྔགས་བཟླས་ཞེས་པ་དང་འབྲེལ་ཏོ། །གསལ་

བ་རྣམ་གཉིས་རགས་དང་ཕྲ། །ཞེས་པ་ནི། གསལ་བ་གཉིས་ནི་གཙོ་བོ་དང་རྟེན་གཞལ་ཡས་ཁང་དང་སྲུང་བ་གསལ་བའོ། །རགས་པ་ནི་གཙོ་བོ་གསལ་བ་སྟེ། ཕྱི་སྐུ་མདོག་དང་རྒྱན་ཆ་གསལ་བའོ། །ཕྲ་བ་ནི་ནང་གི་སེམས་དཔའ་སུམ་བརྩེགས་
གསལ་བའོ། །དེས་ནི་ཏིང་ངེ་འཛིན་གྱི་རིམ་པའོ། །རྒྱུད་སྦྱོང་རགས་དང་ཕྲ་བའོ། །རགས་པ་གཉིས་ཏེ་བ་ཐག་དང་། །བ་ཐག་མེད་དོ་གཉི་ག་ལ། །མགལ་མེ་ཕྲེང་བ་ཉི་མའི་ཚུལ། །ཞེས་པ་ལ། རྒྱུད་སྦྱངས་པའི་བཟླས་པ་ལ་རགས་པར་བཟླས་པ་དང་ཕྲ་བར་བཟླས་
པའོ། །རགས་པ་བ་ཐག་ཡོད་པར་ཟློས་པ་ནི། ལུས་ངག་ཡིད་ཀྱི་སྒྲིབ་པ་དུས་མཉམ་དུ་སྙིང་ག་ནས་སྡོམ་མམ་ཀཾ་འོད་ཕུང་དུ་འཐོན་ཏེ་སརྦ་པཱ་པཾ་ཨུ་ཙ་ཏ་ཡ་ཞེས་པ་དང་འབྲེལ་ཏོ། །གོང་གི་མ་ལུས་པ་ལྟེ་བར་རཾ་ལས་མེས་བསྲེག་ད་ཧ་ཛྭ་ལ་རཾ་ཞེས་པ་དང་འབྲེལ་ཏོ། །ཐལ་
བ་མ་ལུས་སྤྱི་བོ་ནས་ཧཾ་དཀར་པོས་ཆུ་རྒྱུན་ཕབ་སྟེ། ཤུདྡྷོ྅ཧཾ་ཞེས་པའི་དོན་དང་འབྲེལ་ཏེ་ཡིད་དང་ངག་གི་ལས་སོ། །བ་ཐག་ཡོད་པ་ནི་ལུས་ངག་ཡིད་ཡོ་འོད་ཀྱི་སྐུད་པས་སྦྲེལ་བའི་ཚུལ་དེ་བདག་པོའི་སྔགས་ལས་ཤེས་པའི་འོད་ཀྱི་སྐུད་པས་སྦྲེལ་ནས་འདོན་ཞིང་སྲེག །
ཅེས་པའོ། །བ་ཐག་མེད་པ་ནི་འོད་ཀྱི་སྐུད་པ་སྦྲེལ་བ་མ་ཡིན་འོད་ཟེར་གྱིས། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་འབྲས་བུ་འབྱར་ལ་མ་རེག་པར་འདོད་པའོ། །དེས་ནི་འབྲས་དང་ཡེ་མོ་རླུང་གིས་འབྱེད་པ་བཞིན་ནོ། །མགལ་མེ་ནི་བར་མ་ཆད་པའོ། །ཕྲེང་བ་ནི་ཡིག་འབྲུ་ལ་འོད་ཟེར་
ཞོན་པའོ། །ཉི་མ་ནི་འོད་ཟེར་ལུས་ཡོ་ལ་བདལ་བའོ། །ཕྲ་བ་ཡང་གསུམ་དུ་བྱུང་བ་ནི། ཧཱུཾ་སྐུལ་སྲེག་པ་རཾ་ཡིན་ཏེ། །ལྟེ་བར་བ་ཀྲུབ་སྤྱི་བོ་ཨ། །ཞེས་པ་ལ། ཕྲ་བ་གསུམ་དུ་བྱུང་བ་ནི། དུས་མཉམ་དུ་མ་ཡིན་ཏེ་ལུས་ངག་ཡིད་ཀྱི་སྒྲིབ་པ་རེ་མོས་ཞེས་པར་སྙིང་ག་ནས་སྡོམ་མམ་སྡིག་པར་
བཏོན་ལྟེ་བ་རཾ་མེར་སྲེག །སྤྱི་བོ་ཨས་བསྲེགས་པའི་ཐལ་བ་བཀྲུ་ཞེས་པའོ། །ངག་གི་ཀཾ་ནག་པོ་ཞིབ་མོར་སྙིང་ག་ནས་བཏོན་ལྟེ་བར་སྲེག་སྤྱི་བོ་ནས་བཀྲུ་ཞེས་པའོ། །ཡིད་ཀྱི་འོད་དཔུང་དུ་བཏོན་པ་དང་བསྲེག་པ་དང་བཀྲུ་ཞེས་པའི་གོང་དུ་བཤད་པར་བསམས་ཏེ། ཀུན་གཞིའི་སྒྲིབ་པ་

སྦྱང་ཞེས་པའོ། །མཚན་མ་འདོད་པ་རྣམ་པ་ལྔ། །ཡུམ་ལ་བསྐོར་བ་རྣམ་གསུམ་དང་། །ཡེ་བདག་རྣམ་པ་གསུམ་ཞེས་པ་ལ། མཚན་མ་འདོད་པ་ལྔ་ཟློས་ལུགས་ལྔའོ། །ཡུམ་ལ་བསྐོར་བ་རྣམ་གསུམ་ནི། །དམ་ཚིག་པ་ཡབ་ཡུམ་དང་ཡེ་ཤེས་གཙོ་བོ་གཅིག་པོ་སྟེ་ཐུགས་
དང་འོག་སྒོ་ཡང་གཟུང་ངོ་། །ཡེ་ཤེས་པ་དང་རྣམ་པ་གསུམ་ནི་ཡེ་ཤེས་ཡབ་ཡུམ་དང་དམ་ཚིག་པ་གཙོ་བོ་སྟེ་གོང་དང་གོང་བཟློག་ཅེས་པའོ། །འཁོར་དང་ཡུམ་བསྐོར་གོང་དང་འདྲ། བདག་བསྐོར་ཉེ་བསྐོར་ཐ་མ་ནི། །སྙིང་གར་བསྐོར་རོ་མཚན་མ་འབྱུང་། །ཞེས་པ་ལ། འཁོར་
དང་ཡུམ་བསྐོར་གོང་མ་འདྲ། །ཞེས་པ་ལ་འཁོར་ཡུམ་ཅན་གཙོ་བོ་ཡུམ་མེད་དོ། །བདག་རང་གི་བཟླས་པ་ལ་ཡུམ་ཡོད་ན་ཡུམ་དང་འཁོར་བ་དང་། ཡུམ་མེད་ན་སྙིང་གའི་ཡེ་ཤེས་སེམས་དཔའི་རྡོ་རྗེ་ཧཱུཾ་ཅན་ལ་བཟླས་པ་སྟེ། མགལ་མེའི་ཕྲེང་བ་ཉི་མ་ནི་ཡོ་ལ་སྦྱོར་བའོ། །
གྲངས་ནི་འབུམ་དང་ཉིས་འབུམ་སུམ་འབུམ་དང་བདུན་འབུམ་དང་། བྱེ་བ་དང་ཉི་ཤུ་དང་། ལུས་ངག་ཡིད་གསུམ་རེ་རེ་སྤྱིར་གཅིག་སྟེ། ཉི་ཤུ་རྩ་བཞིའོ། །དེ་ནི་གྲངས་ཀྱི་བསྙེན་པ་སྐྱེལ་བ་སྟེ། འོད་ཟེར་དཀར་པོ་སྒྲིབ་པ་སྦྱང་། །ཞེས་པའོ། །ཉེ་བསྙེན་ཡེ་ཤེས་པ་ལ་འོད་ཀྱིས་
མཆོད་ནས། ལས་དང་སྒྲིབ་པ་སྦྱོང་བ་སྟེ་འོད་ཟེར་དཀར་པོ་ཆུ་རྒྱུན་ཅན་དང་འབྲེལ་ཏེ་ཡེ་ཤེས་བསྟིམ་པ་ཡང་གཟུང་ངོ་། །བསྒྲུབ་པ་ཡང་འོད་ཟེར་དཀར་དམར་ཏེ། དམར་པོས་བསྲེག་ཅིང་དཀར་པོས་འཁྲུད་དེ་དཔེ་ཉི་མ་བཞིན་ནོ། །བགྲང་བའི་སྙིང་པོ་ཡང་གཙོ་བོའི་སྙིང་
པོ་དངོས་དྲག་སྔགས་འབྲེལ་པས་བཟླས་ཞེས་པའོ། །བསྒྲུབ་པ་ཆེན་པོའི་བཟླས་པ་ཡང་བསྒྲུབ་པའི་སྙིང་གའི་ཧཱུཾ་ལས་མེ་འཕྲོ་བའི་རྣམ་པ་ལྟེ་བར་རཾ་ལས་འབར་བ་སོར་བཞི་དང་མཐོ་གང་ཁྲུ་གང་མཆོད་དེ་མེས་འབར་ཞིང་བསྲེག་འཕྲོས་པས་ཡས་འཕྲོ་ཀུན་གཞིའི་སྒྲིབ་པ་དང་། གདོན་
གྱི་ནུས་མཐུ་དང་གདོན་གྱི་གནོད་སེམས་མེ་སྟག་འཐོར་ཞིང་འཕྲོས་བསྲེགས་ཏེ། ཡེ་ཤེས་པ་དང་འཕྲོ་འདུ་སྔགས་ཀྱིས་ཀྱང་མེའི་རང་བཞིན་གྱིས་དུས་གཅིག་པར་དྲག་པོ་ཚུལ་དུ་འཚིག་པའོ། །རྣམ་པར་སྨིན་པའི་ལུས་བསྲེགས་ཡེ་ཤེས་ཕྱག་རྡོར་གྱུར་ཡེ་ཤེས་བསྟིམ་

པར་བྱ། བགྲང་བའི་སྙིང་པོ་ཡང་ཨོཾ་བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱམྦ་ར་དྷཱ་ར་ཎི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ་ཧཱ་པ་ཨོཾ་སྭཱ་ཁྲི་གོ་བཟློག་བཟླས་པའོ། །ཐུན་བཞིའི་རྣལ་འབྱོར་གྱིས། བཟླས་པའི་སྔགས་འདི་རྣམས་
ཀྱིས་བླ་ན་མེད་པའི་འབྲས་བུ་ཐོབ། མཛེ་ལ་སོགས་ཏེ་ནད་ཟུག་རྔུ་འབྱིན། གནོད་པའི་བགེགས་ལ་འཆི་སྙམ་པ་འབྱུང་། བྲོས་ཏེ་འགྲོ་བ་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འོང་སྙམ་པ་དང་དངོས་གྲུབ་ཀུན་དང་འབྲེལ་ཞེས་པ་སྟེ། དེས་ནི་མྱུར་དུ་འགྲུབ་པར་འགྱུར་
རོ། །དེ་ནི་མཚན་མ་འདོད་པའོ། །མཚན་མ་བྱུང་འོད་སྒྲ་སྐུ་སྟོན་སྒྱུར་བཟློག་ནི། སྔགས་གྲུབ་པ་དང་ནང་ཐོན་པ་དང་། གདོན་ཐུབ་པ་སྟེ་གོས་སྔོན་པོ་གོན་པ་དང་མེ་ཏོག་སྔོན་པོ་ཐུ་བ་ལ་སོགས་པ་དང་། ལུས་ལས་རྣག་ཁྲག་ཐོན་པ་ལ་སོགས་པ་དང་། ཉ་སྦལ་ལ་སོགས་པ་རིད་
ཅིང་མེ་ནང་བསྲེགས་པའོ། །འོད་ནི་ཐ་མའོ། །སྒྲ་འབྲིང་སྐུ་རབ་སྟེ། དགའ་མི་དགའ་སེམས་དང་བྲལ་བའི་སྒྱུ་མས་བཟློག་ཅེས་པའོ། །བསྐྱེད་རིམ་པ་ཀུན་བརྟགས་ལམ་དུ་བྱ་ཞེས་པའི་དོན་ཏོ། །དེ་རྗེས་སངས་རྒྱས་ལུང་སྟོན་ནི་སྤྲུལ་སྐུ་དངོས་ཆོས་སྟོན་ཏེ། བསྐྱེད་པའི་རིམ་
པའི་མན་ངག་དང་འབྲེལ་ཏོ། །གྲོགས་ནི་ཁྲུས་དང་སྲེག་དང་ཚ། །བདུད་རྩི་ཚོགས་དང་གཏོར་མས་བྱ། །དེ་ནས་གསེར་ལ་སོགས་པ་གྲུབ་པ་ལ། །བསྐྱེད་རྫོགས་ཀྱི་གྲོགས་བསྟན་པ་ཡིན་ཏེ།ཁྲུས་ནི་ཕྱི་དང་ནང་ངོ་། །དེ་གཉིས་ཀྱིས་ཐམས་ཅད་བདག་ཅེས་པའོ། །
ཕྱི་དྲི་ལྔ་རིག་པས་དག་ཅེས་པའོ། །ནད་ཀུན་ཀྱང་སེལ་བ་མི་རྟོག་པའི་སྲེག་པ་སྟེ། ཕྲིན་ལས་བཞིས་སྲེག་གོ། །དེས་དངོས་གྲུབ་བཞི་གྲུབ་པའི་ཕྱིར་སྦྱིན་སྲེག་གོ། །ཚེ་ནི་ཕྱི་ཚེ་དང་ནོར་རྣམ་ཐོས་བུ་དང་འབྲེལ་པས་ནོར་འཕེལ་ཞིང་ཚེ་བརྟན་པའོ། །ནང་གི་ཚེ་རིན་པོ་ཆེ་ག་
བུའི་ནང་དུ་བརྟན་ཞེས་པའོ། །བདུད་རྩི་ནི་བདུད་རྩིའི་རྣམ་པ་ལྔ་དང་འབྲེལ་པ་སྟེ། རྐྱང་པའམ་བཅུད་ལེན་གྱི་སྒྲུབ་ཐབས་དང་འབྲེལ་ཏོ། །ཚོགས་ཀྱི་ཚོགས་འཁོར་དང་དཔའ་བོའི་སྟོན་མོ་དང་། ཚོགས་མཆོད་དེ་ཚོགས་ཀྱི་མན་ངག་ལས་ཤེས་པར་བྱའོ། །གཏོར་མ་ནི་ཕྱི་དང་

ནང་ངོ་། །དྲུག་པོ་དེས་གསེར་ལ་སོགས་པ་འགྲུབ་སྟེ། ཐུན་མོང་གི་དངོས་གྲུབ་རྣམས་སོ། །དེ་ཡུམ་ལྕང་ལོ་ཅན་གྱི་རྒྱུད་ནས། རིལ་བུ་རྐང་མགྱོགས་མིག་སྨན་དང་། །གཏེར་དང་དགྲ་བོ་ཚར་གཅོད་དང་། །གནོད་སྦྱིན་མོ་དང་བདུད་རྩི་ལེན། །རལ་གྲི་འཇིག་རྟེན་
དངོས་གྲུབ་ཆེན་པོ་བརྒྱད། །བཟླས་པ་ཚོགས་དང་གཏོར་མ་རྣམས་ཀྱིས་འགྲུབ། །ཅེས་རྡོ་རྗེ་འཆང་གིས་གསུངས་སོ། །མཆོག་འདོད་པ་ཡི་སེམས་ཅན་གྱིས། སྙིང་གའི་སྦྱོར་བ་གསུམ་གྱི་རྩ། །ཡི་གེ་ཐིག་ལེས་ཡང་དག་མཚན། །ཞེས་པ་ལ་སོགས་པའི་མན་
ངག་སྟོན་པ་ཡིན་ཏེ། མཆོག་འདོད་པའི་འབྲས་བུ་བླ་ན་མེད་པ་ཕྱག་རྒྱ་ཆེན་པོ་འདོད་པའོ། །སེམས་ཅན་ནི་དེ་བསྒྲུབ་པའི་གང་ཟག་སྔགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །སྙིང་ག་སྦྱོར་བ་ནི་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་མེ་ལོང་ངོ་། །རྩའང་བ་
སོ་གཉིས་དང་། བཅུ་དྲུག་དང་བརྒྱད་དང་དྲུག་ཅུའོ། །གསུམ་ནི་ཨ་ཝ་དྷཱུ་ཏཱི་ལ་ལ་ནཱ་ར་ས་ནཱ་འཇའ་ཚོན་གྱི་ཚུལ་དུ་གནས་ཞེས་པའོ། །ཡི་གེའི་ཐིག་ལེ་ནི་ཨཱ་ལི་ཉིས་ལྡབ་དང་། བཅུ་དྲུག་རྐྱང་པ་དང་། སྡེ་ཚན་བརྒྱད་དང་། ཀཱ་ལི་ཉིས་ལྡབ་འཁོར་ལོ་ལའོ། །དྷཱུ་ཏཱི་ན་
ཧཱུཾ་ངོ་། །གཡས་ན་ཨཱ་ལི་གཡོན་ན་ཀཱ་ལིའི་ཐིག་ལེ་འཁྱགས་པའི་དངོས་སོ། །དབུས་ནས་ཐབས་དང་ཤེས་རབ་འབར། །ཐིག་ལེ་བསམ་མོ་འགྲོ་བའི་ཚེ། །ཞེས་པས་དབུས་ཐབས་དང་ཤེས་རབ་འབར་ནི་སྙིང་གར་ཉི་ཟླའི་བར་དུ་ཨ་ཐིག་ལེའི་ངོ་བོར་གནས་པའི་ཧཾ་དང་། ཨོཾ་
ཨཱ་ཡཾ་རིམ་པས་བསམ་པ་སྟེ་ཐིག་ལེའི་ངོ་བོའོ། །འགྲོ་བའི་ཚེ་ནི་རླུང་སྔོན་པོ་ལྔས་གཏུམ་མོའི་མེ་བུས་ཏེ། སྟོང་པ་ཉིད་གསུམ་གྱི་ནང་ན་ཡར་མེ་སོང་སྟེ། སྙིང་གར་ཉི་ཟླ་གསུམ་ལས་སྣང་སྟོང་གི་མེ་འབར་ཏེ་བདེ་བ་ཆེན་པོ་ཐོབ་ཞེས་པའི་དོན་ཏོ། །དེ་ནས་ཡར་ལ་སངས་རྒྱས་
ཞིང་ཁམས་གཞན་ནས། བྱང་ཆུབ་བ་ཆུའི་ངོ་བོ་བཀུག་ནས་རྒྱུད་བརླན་ཞེས་པའོ། །དེ་ན་དབྱུ་གུ་ཆུ་ཚོད་འཕོ་བ་ཐུན་གྱི་བར་དུ་བསྒོམ་ཞེས་པའོ། །དབང་པོ་གང་དང་གང་གི་རྩ། །ཁ་ཕྱེའི་སྟེང་དུ་ཐིག་ལེ་བསམ། །ཞེས་པ་ལ། དབང་པོ་ཡུལ་ལ་འཕྲོ་བར་གྱུར་ན། དབང་པོ་ལྔ་པོ་

གང་ཡུལ་ལ་འཕྲོ་བའི་ཚེ། གཟུགས་དང་སྒྲ་ལ་སོགས་པ་ལ་ཁ་ཕྱེ་སྟེ། རང་རང་གི་ཡུལ་སྟོང་པར་མེ་འབར་བར་ཞེས་པའོ། །བ་ཐག་ཕུག་ནས་ཐིག་ལེ་ལ་བློ་གཏད་ནས། འཇུག་པ་བ་ཐག་གཞི་པོར་ཐིམ། །ཞེས་པ་ལ། བ་ཐག་ནི་དངོས་པོར་སྣང་
བའི་ཡུལ་ལོ། །ཐག་པ་དང་འདྲ་བར་འཛིན་པ་ཡིན་པའི་ཕྱིར་རོ། །ཕུག་ནས་ནི་སྣང་བ་ལམ་དུ་ཁྱེར་བ་སྟེ། །སྣང་བ་ཐིག་ལེ་རང་བཞིན་དུ་གྱུར་བའོ། །ཐིམ་མོ་དེ་ལ་བློ་གཏད་ནི་སྣང་བ་དང་སྟོང་པ་གཅིག་ཏུ་ཐིམ་ཞེས་པའི་དོན་ཏེ། བདེན་པ་གཉིས་འདྲེས་པའི་ལམ་མོ། །
དེ་ནི་དོན་སྟོང་པ་སྟེ། འདྲིས་པར་བྱ་བའི་ཡུལ་ལོ། །འཇུག་པ་བ་ཐག་ནི་རྣམ་ཤེས་འཕོ་འཇུག་སྟེ། སྐྱེ་བ་དང་རྨི་ལམ་དང་སྲིད་པར་འཁོར་བ་རྩད་ནས་གཅོད་པའོ། །དོན་གྱི་ངོ་བོས་གནས་པས་སྟོང་པ་གཅིག་ནས་གཅིག་ཏུ་འཕོ་བ་སྟེ། རང་བཞིན་གནས་པ་ནི་གཅིག་གི་
ཤེས་པའོ། །བ་ཐག་ནི་ཀུན་བརྟགས་ཀྱི་རྟོག་པའོ། །བཞི་པོར་ཐིམ་པ་ནི། གཞི་གནས་པའི་ངོ་བོ་སྟོང་པ་ཉིད་ལ་མ་ལ་བུ་ཐིམ་ཞེས་པ་སྟེ། འབྲས་བུ་རང་བཞིན་ནོ། །དབང་པོ་ཐིག་ལེ་མེད་པ་ལ། །འབྱུང་འཇུག་ཕྲ་བའི་བ་ཐག་ནི། །སྐོར་བདུན་འོང་དང་འགྲོ་བས་འགྲུབ་
ནི། རླུང་རྐྱང་པ་ལ་སྒོམ་པ་སྟོན་པ་ཡིན་ཏེ། དབང་པོ་ཐིག་ལེ་མེད་པ་ནི། བུ་དང་ཐིག་ལེ་མི་སྒོམ་སྟེ། །རླུང་ལ་རྡོ་རྗེ་བཟླས་པ་བྱ། །ཞེས་པའོ། །རླུང་ནི་འཁོར་བར་བསྐྱེད་པའི་རྟ་ཡིན་པས། རླུང་ཉིད་ལམ་དུ་བསླང་ཞེས་པའོ། །འབྱུང་བའི་ཕྱིར་ལུས་ལས་རླུང་འབྱུང་བ་
སྟེ། སྟོང་པ་ཉིད་དང་འགྲོགས་པར་འགྲོགས། །ཞེས་པའི་བ་ཐག་དང་འབྲེལ་ཏོ། །འཇུག་པ་ནི་རླུང་ལུས་ལ་འཇུག་པ་སྟེ། ནང་དུ་སྟོང་པའི་ཐིག་ལེ་ཆེན་པོ་དང་། འགྲོགས་པར་བྱས་ལ། འཇམ་པ་ཉིད་དུ་ཡུན་རིང་དུ་ནང་དུ་བཟླ་ཞེས་བྱའོ། །ཕྲ་བ་
ནི་རླུང་དག་པའི་རང་བཞིན་ཕྲ་བས་ཀྱང་ཤིན་ཏུ་ཕྲ་བའི་ངོ་བོ་ལ་གནས་པའོ། །བ་ཐག་ནི་རྟོག་པའི་མེ་ཆུ་རབ་ཏུ་ཞི་བ་ལས་ཞི་བའོ། །སྐོར་བདུན་འང་དང་འགྲོ་བས་འགྲུབ་ནི། ཕྱི་ནང་དུ་འོང་བ་དང་འགྲོ་བ་སྟེ། སེམས་གཟུང་བའི་ཡུད་ཟད་དོ། །འགྲུབ་དངོས་སུ་བས། ལ་

བཟླ་ཕྱག་རྒྱའི་དངོས་གྲུབ་འགྱུར་ནི། ལ་བཟླ་བ་ནི་སྲེད་པའང་བླ་མར་བྱས་ཞེས་པ་སྟེ། སྟོང་པ་ཉིད་དུ་སྟོན་པའི་ཕྱིར་རོ། །བདེན་པ་གཉིས་ཀའི་འཛིན་པ་དང་བྲལ་བ་སྟེ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་སྔོན་སོར་སླེབས་པའོ། །དེ་ནས་མཐའ་བྲལ་སྟོང་པར་སོང་བ་ནི། དབུ་མ་པའི་
འདོད་པ་སྟེ། བླ་མའི་མན་ངག་དང་བྲལ་བའི་དབུ་མ་ཡང་འབྲིང་པོ་ཙམ་ཉིད་དོ། །བླ་མའི་མན་ངག་གིས་རབ་བརྒྱན་པ་ཡི། །རྣམ་བཅད་ཡོངས་གཅོད་མེད་པ་ཡི། །བདེ་བ་སྟོན་པ་ཆེན་པོ་ནི། །རང་བཞིན་ཕྱག་རྒྱ་ཆེན་པོ་སྟེ། །དངོས་གྲུབ་འགྱུར་ཞེས་པའི་དོན་ཏོ། །དེ་ནི་རྫོགས་
པའི་འབྲས་བུའོ། །འདི་ནི་གང་ཟག་སྣོད་ཅན་ལས། །གཞན་ལ་སྦྱིན་པར་མི་བྱའོ། །ཞེས་པ་ལ། འདི་གཞུང་བླ་མས་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཡིན་པས་གང་ཟག་སྣོད་ཅན་ལ་བསྟན་པ་ཡིན་ཏེ། སྒང་བུ་དམའ་བཞིན་དད་པ་བརྟན། །སེམས་ཅན་འགྲོ་བའི་དོན་ལ་དགའ། །
ཐོས་པ་མང་བ་ཡིད་ཆེས་བརྟན། །བརྩོན་འགྲུས་དྲག་ལ་བསམ་གཏན་མོས། །ཟབ་མོའི་དོན་ལ་ཆོག་མི་ཤེས། །ཚོགས་དང་ཚ་ཚ་ལ་སོགས་པ། །ཐར་པའི་ལམ་ལ་ཤིན་ཏུ་མོས། །དེ་ལ་དེ་ཡིས་བསྒྲུབ་ཅེས་པའོ། །སྨོན་ལམ་དགེ་རྩ་བསྔོ་ལེགས་པས། །གསང་བ་ཟབ་མོའི་དོན་དང་
སྤྲད། །འདི་རུ་འབད་རྩོལ་དྲག་པོ་ཡིས། །དགེ་བ་བག་ཆགས་སྟོབས་རྣམས་སྐྱེས། །ཐར་པའི་ལམ་དུ་འགྲོ་བར་ངེས། །གཞན་ཡང་གང་ཟག་ཕལ་པ་རྣམས། །སྡུག་བསྔལ་ཀུན་འབྱུང་ལམ་ལ་རབ་གནས་པས། །དད་པ་ཞན་ཅིང་ངོ་ཚ་ཆུང་། །ཁྲེལ་འཛེམ་མེད་ལ་སྐྱོ་ངས་ཅན། །ཟས་ནོར་
ཆགས་པའི་དབང་ལ་མོས། །གསང་བའི་དོན་ལ་མི་མོས་ཤིང་། །དཀོན་མཆོག་སྨོད་ཅིང་མི་དགེ་བཅུ་ལ་མོས། །ལམ་ལོག་རྩ་བ་ཆད་པའི་གང་ཟག་རྣམས་ལ་བསྟན་ན་དམ་ཚིག་ཉམས་ཞེས་པའོ། །བདག་གིས་སྒྲུབ་ཐབས་འདི་བརྩམས་ཞེས་པ་ནས། ཡོངས་སུ་
དག་པའི་ས་ཐོབ་ཤོག་གི་བར་ལ་རྩ་བ་ན་གསལ་བས་མ་བྲིས་སོ། །བདག་གིས་མཐོང་ལམ་ས་ནི་དང་པོ་ཐོབ། །འཕགས་པ་གོས་སྔོན་ཅན་གྱི་དངོས་གྲུབ་མ་ཐོབ་ཀྱང་། །ཨ་མྲི་ཏ་ཡི་མེ་ཏོག་རྩི་འཁོར་བཞིན། །རང་ཉིད་ལྷག་པའི་ལྷ་ཡི་དངོས་གྲུབ་འདོད་པ་དང་། །

བཅོམ་ལྡན་རྡོ་རྗེ་ཅན་ལ་མོས་པའི་དད་ཤུགས་དང་། །མཁའ་འགྲོ་རྣམས་ཀྱིས་ཀུན་ནས་བདག་བསྐུལ་ཏོ། །སྨོན་ལམ་དབང་གིས་ཀླུ་སྒྲུབ་མན་ངག་དྲན། །བདག་འདྲ་བློ་ཆུང་དམན་པས་བརྩམས་པར་མི་རིགས་ཀྱང་། །དད་པའི་དབང་གིས་རྩ་བའི་འགྲེལ་པ་བརྩམས། །
ཚིག་དང་དོན་ལ་ཉེས་པ་ཤོར་སྲིད་ན། །རིགས་ལྔ་བདེ་བར་གཤེགས་པ་རྣམས་དང་ཡང་། །ནཱ་གཱརྫུ་ན་ལ་སོགས་བླ་མ་དམ་པ་རྣམས། །བདག་འདྲ་བློ་ཞན་དབང་གིས་བཟོད་པར་གསོལ། །བདག་འདྲ་བློ་ཞན་ཤེས་རབ་ཆུབ་བ་དང་། །གང་ཟག་མཆོག་རབ་སྙིང་པོ་དོན་ལ་
རབ་ཏུ་མོས་པ་རྣམས། །དངོས་གྲུབ་ཐོབ་པའི་ཆོས་སུ་བདག་གིས་བྲིས། །གསལ་བ་མི་གསལ་རྩ་རབ་དོན་རྣམས་ཀུན། །བདག་གིས་འགྲེལ་ཏིག་འབྲུ་རུ་གསལ་བར་བྱས། །ཐར་པ་ཐོབ་བྱེད་ལམ་ནི་རབ་ཏུ་སྣང་། །བློ་ཞན་སེམས་ཅན་དམན་ལ་ཕན་པ་དང་། །བླ་མའི་མན་
ངག་བརྒྱུད་པ་གསལ་འབར་ཕྱིར། །ཟབ་མོའི་དོན་དང་སྦྱར་ནས་བདག་གིས་བྲིས། །འདི་ལ་དགེ་བའི་རྩ་བ་ཅི་ཡོད་གྱུར་པ་དེས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །དགེ་བཅུ་དལ་འབྱོར་ལམ་ལ་རབ་བརྩོན་ཞིང་། །དྲོད་དང་རྩེ་མོ་མཆོག་མཐོང་ཡེ་ཤེས་རྣམས། །མ་
ལུས་མྱུར་དུ་བདག་གིས་བགྲོད་པ་དང་། །ལས་དང་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས། །ཀུན་རྫོབ་དོན་དམ་ཚུལ་དུ་རབ་གནས་ཏེ། །སྡུག་བསྔལ་གསུམ་དང་བརྒྱད་དང་རབ་བྲལ་ནས། །འབྲས་བུ་ཤུ་བ་གཡན་པ་མཛེ་ལ་སོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་ནས་ཞི་བ་དང་། །
དག་པའི་ས་ལ་རབ་ཏུ་གནས་པ་དང་། །འཕགས་པ་གོས་སྔོན་དངོས་གྲུབ་ཐོབ་པར་ཤོག །མཆོག་རབ་སྙིང་པོ་རྩ་བའི་མན་ངག་པདྨ་འབྱུང་གནས་ཀྱིས་མཛད་པའི་འགྲེལ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་པྲ་དཱི་པཾ་ནཱ་མ་སཱ་དྷ་
ནོ་པི་ཀ་ཨ་ཏི། བོད་སྐད་དུ། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་པ། དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །གང་ཞིག་གིས་ནི་བདེ་བ་ཐོབ་ཅིང་སྡུག་བསྔལ་སྤོང་འདོད་པ། །དེ་ཡི་ས་བོན་ནོར་བུ་བཞིན་དུ་བསྒྲུབ་ཕྱིར་བདེ་བའི་མཆོག་ཉིད་ལ་ནི་རབ་བཏུད་དེ། །སྒྲུབ་པའི་ཐབས་

མཆོག་དེ་ཉིད་སྒྲོན་མ་འདི་ནི་གསང་བའི་རྒྱུད་རྣམས་ལ། །བརྟེན་ཅིང་གཞན་ཡང་གང་ལས་འོངས་པ་དེ་ཉིད་བདག་གིས་བཤད་པར་བྱ། །གང་ཞིག་གིས་ནི་ལེགས་པའི་དོན་གསུང་བ་ནི་ཀུན་ལ་གསལ་མ་བྱས། །དེ་བྱས་པ་མིན་མཐོང་བ་འདིར་ནི་གསང་བ་འདི་ལ་དགའ་བ་སྐྱེས། །
གང་ཞིག་སྡུག་བསྔལ་སྤང་འདོད་དེ་ལ་ཐབས་རྣམས་མེད་འགྱུར་ཞིང་། །བདེ་བ་ཐོབ་པའི་ཐབས་ནི་དེ་འདྲ་དེ་ལས་ཟློག་བྱེད་པ། །ཐབས་མཆོག་དམ་པ་འདི་བསྟན་འདི་ལ་གུས་པར་གྱིས། །ལྟ་སྤྱོད་དབང་དང་དམ་ཚིག་ལྡན། །ཡོན་ཏན་གཞན་གྱིས་ཉེར་བརྒྱན་པའི། །
རྣལ་འབྱོར་སྣོད་ཅན་གང་ཞིག་གིས། །ཡང་དག་བྱང་ཆུབ་ཡིད་ལ་གཞུག །རི་དང་ཡུལ་ཁམས་ལ་སོགས་པའི། །ཡོན་ཏན་ཐམས་ཅད་ལྡན་པའི་གནས། །མངོན་སུམ་གྲགས་པས་མ་སྨད་པ། །དེར་ནི་ཉེ་བར་འདུག་ནས་ནི། །དང་པོར་བགེགས་རྣམས་བསྐྲད་པར་བྱ། །
སྐད་ཅིག་ཕྱག་ན་རྡོ་རྗེ་གསལ། །འདི་ཡིས་གདུག་པ་ཅན་རྣམས་ལ། །གཞན་དུ་འགྲོ་བའི་བཀའ་བསྒོ་ལ། །མི་འགྲོ་འགྱུར་བའི་བགེགས་རྣམས་ཀུན། །རྡོ་རྗེ་འཁོར་ལོའི་ཐོག་གིས་གསད། །དེ་ནས་རང་འོད་མདུན་བྱུང་ལས། །སྣ་ཚོགས་རྡོ་རྗེ་འབར་བ་བསམ། །དེ་ཡིས་
ཁྲོ་བོའི་ཁང་པ་འབུབས། །ཡང་ན་བདག་ལས་ཁམས་གསུམ་རྒྱལ། །ཁྲོ་བོ་དེ་སྤྲོས་འབྱུང་པོ་བཀུག །ཕུར་བུས་མདུན་དུ་བཏབ་བྱས་ནས། །དེ་ནི་འབྱུང་པོ་འདུལ་བའི་མཆོག །ཡང་ན་རང་གི་གནས་དག་ཏུ། །བཅིང་དང་གཏུབ་པའི་ལས་བྱས་ནས། །དེ་ནི་མྱུར་དུ་བཟློག་པ་
ཡིན། །དེ་འོག་ཁྲོ་བོའི་ཁང་པ་བསྒོམ། །ཕྱི་ནས་བགེགས་རྣམས་གསོ་བར་བྱ། །ཡང་ན་ཁང་པ་མེད་དང་ཐོག །ཚ་ཚ་འཁྲུག་པའི་རྣམ་པ་ལ། །འབར་དང་འཕྲོ་བའི་འཁོར་ལོ་བརྩམ། །མཚམས་བཅད་པ་ཡི་མན་ངག་གོ། །ཞེས་པ་འདི་ནི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཇི་སྲིད་དུ་མཚམས་བཅད་པའི་དམ་ཚིག་གོ། །གང་ཚེ་མཚམས་ཀྱི་ཆོ་ག་རྫོགས། །དེ་ནས་བླ་མ་མཆོད་པ་བརྩམ། །རང་སྙིང་མདུན་གྱི་ཉི་མ་ལ། །བླ་མ་བཀུག་སྟེ་འོད་དུ་ཞུ། །དེ་ལས་རྡོ་རྗེ་འཆང་ཆེན་སྐུ། །གནས་རྣམས་བྱིན་བརླབས་དབང་

བསྐུར་ནས། །ཕྱག་བཙལ་བ་དང་མཆོད་པ་དང་། །སྡིག་བཤགས་སྡོམ་པ་བཟུང་བ་དང་། །ལུས་དབུལ་དགེ་རྩ་བསྔོ་བྱས་ན། །བླ་མེད་མཆོག་གིས་འགྲུབ་པར་འགྱུར། །བླ་མ་མཆོད་པའི་རྣལ་འབྱོར་པས། །བདེ་གཤེགས་མཆོད་
པའི་ཆོ་ག་བརྩམས། །ས་མན་ཛ་ཡི་སྔགས་བྱུང་བའི། །འོད་ཀྱིས་དཔལ་ལྡན་གོས་སྔོན་ཅན། །འཁོར་བཅས་མདུན་དུ་སྤྱན་དྲངས་ཏེ། །གདན་ལ་བཞུགས་པར་གསོལ་བ་གདབ། །དེ་ནས་སྤོས་དང་མེ་ཏོག་དང་། །མར་མེ་དྲི་ཆབ་ལ་སོགས་པ། །དངོས་དང་ཡིད་ཀྱི་
མཆོད་པ་རྣམས། །ཅི་ནུས་པར་ནི་དབུལ་བར་བྱ། །དེ་འོག་སྡིག་པ་བཤགས་པ་དང་། །སྡོམ་པ་ཡང་ནི་གཟུང་བར་བྱ། །ཡི་རང་བ་དང་བསྐུལ་བ་དང་། །གསོལ་གདབ་རང་གི་ལུས་དབུལ་ཞིང་། །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། །བདག་ལས་སྤྲུལ་པའི་ལྷ་ཚོགས་ཀྱིས། །
སེམས་ཅན་ཀུན་གྱི་དོན་བྱེད་བསམ། །ཕྱི་མའི་དུས་ཀྱི་སྨོན་ལམ་གདབ། །སེམས་ཅན་དོན་བྱའི་བསམ་པ་བསྐྱེད། །ཚད་མེད་བཞི་ཡང་བསྒོམ་པར་བྱ། །དེ་ལ་ནན་ཏན་ཆེར་བསྐྱེད་ནས། །སྡིག་པ་སྦྱོང་བར་བྱེད་པ་དང་། །ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཅིང་། །དེ་ལ་སོགས་
པའི་ཡོན་ཏན་ཚོགས། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །ཞེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཇི་སྲིད་དུ་བསོད་ནམས་ཀྱི་ཚོགས་བསགས་པའི་དམ་ཚིག་ཆེན་པོའོ། །གཞན་ཡང་ཡང་དག་བཤད་བྱ་བ། །ཇི་སྲིད་བསོད་ནམས་ཚོགས་
རྫོགས་ནས། །ཡེ་ཤེས་ཚོགས་རྣམས་བཤད་བྱ་སྟེ། །དང་པོ་ཉིད་ནས་རང་བཞིན་མེད། །དེ་ལྟར་མོས་པར་བྱེད་པ་དང་། །ཡང་ན་སྙིང་གའི་ཡི་གེ་ལས། །འོད་བྱུང་བདག་ཉིད་ཞུ་གྱུར་ཏེ། །སླར་འདུས་རང་བཞིན་མེད་པར་འགྱུར། །དེ་ལ་དམིགས་ནས་བསྒོམས་པའི་ཚེ། །གཞན་པའི་
ཡུལ་རྣམས་རང་བཞིན་གཞག །དེ་ལྟར། ཡུལ་ནི་གང་ལའང་མི་གཏད་དེ། །རྟེན་ཡང་གང་ལའང་བཅས་པ་མེད། །ཅེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ནི་ཇི་སྲིད་དུ་ཡེ་ཤེས་ཀྱི་ཚོགས་བསགས་པའི་དམ་ཚིག་ཆེན་པོའོ། །དེ་ལྟར་ཚོགས་གཉིས་བསགས་

གྱུར་ན། །གང་ཞིག་བསྐྱེད་པའི་སྦྱོར་བ་ནི། །ཡཾ་དང་བཾ་དང་ལཾ་ལས་དང་། །སུཾ་དང་བྷྲཱུཾ་ལས་བྱུང་བ་ཡི། །རླུང་དང་ཆུ་ཡི་དཀྱིལ་འཁོར་དང་། །ས་གཞི་རི་རབ་སྟིང་དག་ཏུ། །གཞལ་ཡས་ཁང་པ་བསམ་བྱས་ཏེ། །གྲུ་བཞི་པ་ལ་སྒོ་བཞི་པ། །པདྨ་བརྒྱད་ཀྱིས་ཡང་དག་
བརྒྱན། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །དྲ་བ་དྲ་ཕྱེད་ཕ་གུ་དང་། །དྲིལ་བུ་དར་དཔྱངས་ལ་སོགས་པ། །ཕྱི་དང་ནང་གི་རྒྱན་གྱིས་མཛེས། །དབུས་སུ་ཉི་ཟླ་པདྨའི་སྟེང་། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར། །དེ་ལས་དཔལ་ལྡན་གོས་སྔོན་སྐུ། །ཞལ་གཅིག་
ཕྱག་གཉིས་མཐིང་གའི་མདོག །དབུ་ལ་སྦྲུལ་བརྒྱད་གདེངས་ཀ་ཅན། །སངས་རྒྱས་ལྔ་ཡིས་དབུ་བརྒྱན་ཅིང་། །གནས་ལྔར་སྐུ་ལྔའི་མཚན་མ་ཅན། །སྤྱན་གསུམ་མེ་ཡི་མདོག་འདྲ་ཞིང་། །ཤངས་འབར་དབུགས་ལས་རླུང་ཡང་འཚུབ། །ལྗགས་ནི་གློག་བཞིན་
མྱུར་འདྲིལ་ཞིང་། །ཞལ་ནས་སྦྲུལ་ནག་གསོལ་བའི་ཚུལ། །སྦྲུལ་ནག་སེ་རལ་ཁ་ལ་གཟེད། །སྦྲུལ་སེར་ཆུན་པོས་རྐང་ལག་བརྒྱན། །དམར་པོ་ཡིས་ནི་སྐ་རགས་བྱས། །གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་། །སྐུ་སྨད་གོས་སྔོན་ཤམ་ཐབས་ཅན། །རྡོ་རྗེ་ཁྲོས་མ་སྐུ་
ལའང་འཁྲིལ། །གཉིས་སུ་མེད་པར་གྱུར་པ་དང་། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཏེ། །མཆོད་དང་བསྟོད་པས་མཉེས་བྱས་ནས། །དོན་ཆེན་འདི་ཡིས་གསོལ་བ་བཏབ། །ཨེ་མ་ཧོ་དཔལ་ལྡན་གོས་སྔོན་ཅན། །ལུས་ཀྱི་རྟོག་པ་བསལ་བའི་ཕྱིར། །ཐུགས་
རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །གསང་བའི་བདག་པོ་བཅོམ་ལྡན་འདས། །བདག་ནི་སེམས་ཅན་དོན་ཀུན་རྩོམ། །གསང་འཛིན་རིགས་ཀྱི་བདག་པོ་ཡིས། །བདག་ལས་བདེ་གཤེགས་སྐུ་བྱིན་རློབས། །དག་དང་ཡིད་ལ་དེ་
བཞིན་དུ། །གསོལ་བ་བཏབ་པས་བྱེད་པ་ཡིན། །ཕྱིས་ནི་གནས་གསུམ་བྱིན་བརླབས་ཏེ། །བུམ་པ་ལ་སོགས་དབང་རྣམས་བླང་། །བདེ་བ་ཆེན་པོར་རྟག་ཏུ་དགྱེས། །དེ་ནས་ཕྱོགས་བཅུའི་ལྷ་མོ་ཡིས། །བསྟོད་པ་གླུ་ཡིས་སྐུལ་བར་བྱེད། །ཨ་ལ་ལ་ལ་ལ་ཧོ།

ཤུ་ཀྲ་སུ་ཀ་ཧོ། །བདེ་བ་ཆེན་པོ་གསང་བ་མཆོག་ནི་ཉམས་དགའ་ནས། །བཅོམ་ལྡན་གསང་མཆོག་ཐུགས་རྗེའི་བདག་ཉིད་ཅན། །མ་རིག་རྨོངས་པ་ཡོངས་སུ་བསལ་བའི་ཕྱིར། །འབར་བའི་སྐུ་བཞིས་རྟག་ཏུ་འགྲོ་བའི་དོན་ལ་སྤྱོད། །ཨ་ལ་ལ་ལ་
ལ་ཧོ། །མ་ཧཱ་གུ་ཧྱ་པཱུ་ཛོ་པསྠ་ས་མ་ཡ། ཙིཏྟ་ཤུ་ཀྲ་སུ་ཀ་ཨ་ལ་ལ་ལ་ལ་ཧོ་ཞེས་བསྐུལ་ལོ། །འོད་ལས་ཡོངས་སུ་སད་གྱུར་ཏེ། །རྡོ་རྗེ་པདྨ་བྱིན་བརླབས་ནས། །ལྷ་མོས་བསྐུལ་དང་དགའ་བ་ཡིས། །སྤྱོད་པ་བྱས་པས་འགྲུབ་འགྱུར་ཏེ། །སྙོམས་པར་ཞུགས་ནས་བྷ་ག་ལ། །
སུམ་ཅུའམ་ནི་ཉི་ཤུ་ལྔ། །བཅུ་སོགས་ཡུམ་གྱི་བྷ་གར་བསྐྱེད། །དེ་ལ་སོ་སོའི་སྔགས་ཀྱིས་གདོན། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་རཏྣ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་པདྨ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་ཧཱུཾ། ཨོཾ་ཀརྨ་ཀྲོ་དྷ་ནཱི་ལཱཾ་བ་ར་དྷ་ར་
ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷཱི་ཤྭ་རི་ནཱི་ལཱཾ་བ་ར་དྷ་རཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛཱ་ཡ་ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་བྷ་ར་སནྟི་ན་ཧཱུཾ། ཨོཾ་བི་རཱུ་ཌྷ་ཀཱ་ཡ་ཧཱུཾ། ཨོཾ་བི་རཱུ་པཀྵ་ཡེ་ཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏི་ཧྲཱིཿ། ཨོཾ་བཛྲ་ནྲྀ་ཏྱ་ཨཿ། ཨོཾ་བཛྲ་དྷཱུ་པེ་དྷཱུ། ཨོཾ་བཛྲ་པུཥྤ་
པུ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་གནྡྷེ་གཾ། བཛྲ་ཨཾ་ཀུ་ཤ་ཇཿ། བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ། ཞེས་པའོ། །ཤར་དུ་སངས་རྒྱས་གོས་སྔོན་ཅན། །ཞལ་དང་སྐུ་ནི་དཀར་ལ་འཚེར། །འཁོར་ལོ་དང་ནི་དྲིལ་བུ་བསྣམས། །སྦྲུལ་དཀར་པོས་ནི་རྣམ་པར་
བརྒྱན། །ལྷོར་ནི་རིན་ཆེན་གོས་སྔོན་ཅན། །ཞལ་དང་སྐུ་ནི་སེར་ལ་འཚེར། །རིན་པོ་ཆེ་དང་དྲིལ་བུ་བསྣམས། །སྦྲུལ་སེར་པོས་ནི་སྐུ་ལ་བརྒྱན། །ནུབ་ཏུ་པདྨ་གོས་སྔོན་ཅན། །ཞལ་དང་སྐུ་ནི་དམར་ལ་འཚེར། །པདྨ་དང་ནི་དྲིལ་བུ་བསྣམས། །སྦྲུལ་དམར་པོས་ནི་སྐུ་ལ་བརྒྱན། །
བྱང་དུ་ལས་ཀྱི་གོས་སྔོན་ཅན། །ཞལ་དང་སྐུ་ནི་ལྗང་ལ་འཚེར། །རྒྱ་གྲམ་དང་ནི་དྲིལ་བུ་བསྣམས། །སྦྲུལ་ལྗང་པོས་ནི་སྐུ་ལ་བརྒྱན། །ཁྲོ་བོ་འདི་དག་ཐམས་ཅད་ཀྱང་། །དབུ་ལ་སངས་རྒྱས་བཞི་ཡིས་བརྒྱན། །ཡུམ་བཞི་ཡིས་ནི་ལེགས་པར་འཁྱུད། །ཀུན་ཀྱང་གཙོ་

བོའི་ཆ་ལུགས་ཅན། །སྔགས་ཀྱི་བདག་པོ་གཞན་རྣམས་ཀྱང་། །སོ་སོའི་གནས་སུ་བསྐྱེད་པར་བྱ། །ཞེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་དུ་གཙོ་བོ་དང་འཁོར་བསྐྱེད་པའི་དམ་ཚིག་ཆེན་པོའོ། །ཇི་སྲིད་བསྐྱེད་པ་རྫོགས་གྱུར་ནས། །
ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ཏེ། །མདུན་དུ་གནས་ལ་མཆོད་པས་མཉེས། །རྡོ་རྗེས་གསོལ་བ་གོང་བཞིན་གདབ། །དེ་ནས་བདག་ལ་བསྟིམ་པའམ། །ཡང་ན་ལྷ་མོས་དབང་བསྐུར་ཕྱིར། །གནས་གསུམ་བྱིན་བརླབ་བྱས་པའམ། །ཡང་ན་གསུམ་འདུས་སྦྱོར་བ་
བྱ། །དེ་ལྟར་བྱས་ནས་རང་གི་སྐུ། །དམིགས་དང་གསལ་བའི་ཆོ་ག་བྱ། །འདིས་ནི་རང་གི་རྣམ་རྟོག་བཟློག །ཅེས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྲིད་དུ་བསྐྱེད་པའི་སྐུ་བྱིན་གྱིས་བརླབ་པའི་དམ་ཚིག་ཆེན་པོའོ། །གང་ཞིག་རྒྱས་ལ་མ་དད་
པའི། །གང་ཟག་ལ་ནི་སྦྱོར་འདི་བསྟན། །སྔོན་དུ་བླ་མ་སངས་རྒྱས་ལ། །ཕྱག་འཚལ་བ་དང་བཤགས་བྱས་ནས། །ཡང་དག་བྱང་ཆུབ་ཡིད་ལ་བཞག །དེ་ནས་འབྱུང་བ་གཞལ་ཡས་བཅས། །ནང་དུ་ཆོ་ག་གསུམ་ལས་བྱུང་། །གཙོ་བོའི་སྐུ་དང་སྐུ་བཞི་ནི། །རང་རང་
ཡུམ་དང་བཅས་པ་བསྐྱེད། །བཅུ་ལས་གཞན་པ་ཐམས་ཅད་ཀུན། །བསྡུས་པའི་སྐབས་སུ་སྤང་བར་བྱ། །དེ་ནས་ཡེ་ཤེས་འཁོར་ལོའང་། །མ