Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 39
Văn bản gốc(Tây Tạng)
Trang 14 / 20 (50.000 ký tự/trang)
་ཚིགས་བཅད་དག་གིས་བྱིན་གྱིས་བརླབ་པའི་ཆེད་དུ་གསོལ་བ་གདབ་པར་བྱའོ། །རྣམ་པར་གཟིགས་ཞེས་བྱ་བ་ནི་དངོས་གྲུབ་སྟེར་བ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །འཇིགས་ཤིང་ཞེས་བྱ་བ་ལ་སོགས་པའི་སྦྱོར་ བའི་བདག་ཉིད་ཀྱི་ཆེ་བ་གསུངས་སོ། །རྨོངས་པས་འདའ་བར་བྱས་ནས་ནི། །ཞེས་བྱ་བ་ནི་གལ་ཏེ་དེ་ལྟ་ན་ཡང་ན་མངོན་དུ་མི་འགྱུར་ན་དེའི་ཚེ། འདིར་རྨོངས་པའི་བདག་ཉིད་ནི་རྟོག་པ་ཐམས་ཅད་ཀུན་དུ་སྤངས་པའོ། །དེ་ཡི་སྲོག་ཀྱང་དེར་ཟད་འགྱུར། །ཞེས་བྱ་བ་ནི་འདི་ལས་ལྷག་པའི་ སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་བླང་བ་ལས་མི་སྲིད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གཅིག་ཏུ་ངེས་པར་གྱུར་པའི་ཕྱིར་རོ། །ཡང་ན་རྨོངས་པ་ནི་ཇི་ལྟ་བ་མ་ཡིན་པའི་སྦྱོར་བས་དྲག་ཤུལ་སྒྲུབ་པ་ཉིད་ཀྱི་ཕྱིར་རྨོངས་པའི་བདག་ཉིད་ཆོ་གས་སྟོང་པའི་རྣལ་འབྱོར་པ་དེ་དམ་ཚིག་ཉམས་པ་ལས་ གདོན་ལ་སོགས་པས་ཉེ་བར་འཚེ་བས་ཉམས་པར་འགྱུར་ཏེ། དྲག་ཤུལ་སྒྲུབ་པའི་མཐའ་ཉིད་དུ་འཆི་བར་གྱུར་ཏེ། དངོས་གྲུབ་མ་ཐོབ་པ་ཉིད་དུ་འཆི་བར་འགྱུར་རོ། །སྔགས་ཀྱི་སྐྱེས་བུ་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །རྡོ་རྗེ་གསུམ་ནི་སྐུ་རྡོ་རྗེ་ལ་སོགས་ པའོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའོ། །དེ་རྫོགས་པ་ནི་ཇི་ལྟ་བ་བཞིན་དུ་ལྡན་པའོ། །ཇི་ལྟར་ཞེ་ན་གསུངས་པ། དབང་པོ་གཉིས་ནི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྦྱར་བས་སོ། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་བྱ་བ་ ནི་ཕུང་པོ་ལ་སོགས་པའི་བདག་ཉིད་ཀྱང་དེ་ལྟར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེས་འདི་སྐད་གསུངས་པ་ཡིན་ཏེ། གང་ལ་ལ་འདིར་བསྒོམ་པར་བྱ་བ་དེ་རྣམས་ཕྱག་རྒྱ་བཞིས་རྒྱས་བཏབ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །གཞན་དུ་ན་གྲུབ་པ་མ་ ཡིན་ནོ། །ཡང་ན་ཐམས་ཅད་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་རང་གི་དཀྱིལ་འཁོར་ལྷའི་གཟུགས་སུ་བསྒོམ་པར་བྱ་ཞེས་པའོ། །འདིས་ཀྱང་བསྐུལ་བར་འགྱུར་རོ། །རིག་མ་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྤྱན་ལ་ སོགས་པ་ལ་མངོན་སུམ་དུ་བྱས་ཏེ། དེའི་རིགས་ཀྱི་བདག་པོའི་སྦྱོར་བ་དང་ལྡན་པས་དེའི་པདྨའི་ནང་དུ་ཞུགས་ཏེ། དེའི་ཡེ་ཤེས་ཀྱི་ལྷ་མོ་ཡོངས་སུ་ཆགས་པར་བྱ་བ་ནི་དེ་རྣམས་ཤིན་ཏུ་དབང་དུ་གྱུར་པར་བལྟའོ། །དེ་ལྟར་ན། དེ་ཡང་དག་པར་བསྐུལ་བར་གྱུར་པའོ། །དེ་ནས་ ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཞན་གསུངས་ཏེ། འདི་སྐད་གསུངས་པ་ཡིན་ཏེ། དེའི་བདག་པོའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལྷ་མོ་དང་སྙོམས་པར་ཞུགས་པ་དང་། དེའི་རྣམ་པས་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་ལྷ་མོ་རྣམས་སྤྲོས་ནས་དབང་པོ་གཉིས་ཀྱིས་ སྙོམས་པར་འཇུག་པས་ཉེ་བར་ལོངས་སྤྱད་པར་བྱའོ། །སངས་རྒྱས་རྣམས་ནི་དེ་སྤྲོ་བྱ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནི་རིག་མའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ནི་རང་སྣང་བ་ཉེ་བར་ལོངས་སྤྱོད་པར་གསུངས་སོ། ། འཇིག་རྟེན་ཁམས་ནི་ཐམས་ཅད་ན། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་རང་གི་འདོད་པའི་ལྷ་མོའི་སྦྱོར་བས་རང་སྣང་བའི་ནང་དུ་ཞུགས་པ་སྔོན་དུ་སོང་ནས། ཕྱིའི་བུད་མེད་ཉེ་བར་ལོངས་སྤྱད་པར་བྱ་བ་གསུངས་སོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་ མཛད་པ་ལས་ལེའུ་བཅུ་པའི་བཤད་པའོ།། །།སྙིང་པོ་བསྐུལ་བ་འདི་ཡང་ཡི་གེ་གསུམ་ལ་སོགས་པས་བསྐྱེད་པའི་ལྷ་སྦྱོར་བས་ཐུན་མོང་པའི་དངོས་གྲུབ་ལ་སོགས་པ་ཡང་བྱའོ། །ཞེས་རྒྱས་པར་བསྟན་པར་འདོད་ནས་ལེའུ་བཅུ་གཅིག་པ་གསུངས་པའོ། །དེ་ནས་ ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་པའི་རྒྱུའི་ཕྱིར་ཡི་གེ་ཨོཾ་ལ་སོགས་པའོ། །དེ་ཡི་ཕྱིར་ན་སྐྱེས་བུའི་མཆོག །ཅེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་འདི་སྐད་ཅེས་བྱའོ། །དེ་ལ་ སྙོམས་པར་ཞུགས་ཞེས་བྱ་བ་དང་འབྲེལ་ཏོ། །དེ་བཞིན་གཤེགས་པའི་སྔགས་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་སྙིང་པོའོ། །དེ་ཉིད་སྙིང་མི་ཕྱེད་པའི་རིག་མ་དང་བཅས་པའི་སྐྱེས་བུ་བསྐྱེད་པའི་གཟུགས་ཀྱིས་ལེའུ་གང་དུ་གསུངས་པ་སྟེ། འདི་ གསུངས་སོ་ཞེས་བྱ་བ་ནི་གསུངས་པ་དང་ལྡན་པའོ། །རྡོ་རྗེ་གསུམ་ཡིག་སྔགས་ཀྱི་མཆོག །ཅེས་བྱ་བ་ལ་རྡོ་རྗེ་གསུམ་གྱི་ཡི་གེ་ནི་ཨོཾ་ལ་སོགས་པ་རྣམས་སོ། །དེ་རྣམས་ཉིད་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཀྱི་ཕྱིར་མཆོག་གོ། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། ། ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་རང་གི་འདོད་པའི་ལྷ་བསྒོམ་པ་ཇི་ལྟ་བ་བཞིན་དུ་བསྐྱེད་པར་བྱའོ། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་བྱ་བ་ནི་ཟླ་བ་ཞུ་བ་ལ་སོགས་པའི་གཟུགས་ཀྱིས་སམ། དྲི་ཟའི་སེམས་ཅན་ལྟ་བུ་བསྒྲུབ་པར་བྱ་བའི་ལྷའི་གཟུགས་ཀྱིས་སངས་རྒྱས་རྣམས་ ཞུགས་པས་སོ། །བྱང་ཆུབ་ཐམས་ཅད་ཐོབ་བྱེད་པ། །ཞེས་བྱ་བ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ། ཡི་གེ་ཨོཾ་གྱིས་ཞེས་བྱ་བ་ལ་སོགས་པས་སོ། །ཡེ་ཤེས་སྙིང་པོ་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ ཡེ་ཤེས་ཀྱི་བདག་ཉིད་དོ། །དེའི་ཕྱིར་སྐུའི་རྡོ་རྗེ་ཐོབ་པ་རྣམ་པར་སྣང་མཛད་ཉིད་ཐོབ་པར་བྱེད་པའོ། །བྱང་ཆུབ་བདག་མེད་པ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་སྣང་བ་མཐའ་ཡས་ཉིད་ཀྱི་རང་བཞིན་ཐོབ་པར་བྱེད་པའོ། །སྐུ་དང་གསུང་དང་ཐུགས་ཞེས་ བྱ་བ་ནི། རིག་པས་ཐུགས་ལས་གཞན་མེད་པའི་ཕྱིར་ཐུགས་ཉིད་སྐུ་ལ་སོགས་པའི་ངོ་བོའོ། །དེའི་ཕྱིར་རྡོ་རྗེ་མི་ཕྱེད་པ་གསུམ་ཐོབ་པ་ནི་མི་བསྐྱོད་པའི་གཟུགས་ཐོབ་པར་བྱེད་པའོ་ཞེས་བྱ་བའི་དོན་ཏོ། །གཞལ་ཡས་ཁང་གི་གནས་དང་། ས་བོན་བཤད་པར་འདོད་ནས་གསུངས་ པ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་ཀུན་སྐྱེས་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་སྟེ། ཕྱོགས་བཞིར་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྣ་ཚོགས་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །དེར་བྷྲཱུཾ་ཡོངས་སུ་གྱུར་པ་ལས་སྐྱེས་པ་སྟེ། དེའི་ཕྱིར་གསུངས་ པ། ཡི་གེ་བྷྲཱུཾ་བསམ་མོ་ཞེས་བྱའོ། །དེ་ལ་ཞེས་བྱ་བ་ནི་དེའི་རྒྱུ་མཚན་དུ་དང་པོར་སྣ་ཚོགས་རྡོ་རྗེ་ལ་ཡི་གེ་བྷྲཱུཾ་བསམ་མོ་ཞེས་བྱ་བའི་དོན་ཏོ། །བཟླས་པའི་ཆོ་གས་ཡི་གེ་གསུམ་དགོད་པའི་གནས་སྐབས་གསུངས་པ། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་ གསུངས་པ་ཡིན་ཏེ། རླུང་དང་ཆུ་དང་མེའི་དཀྱིལ་འཁོར་རྣམས་ལ་གོ་རིམས་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པའི་ས་བོན་གསུམ་མོ། །ཀུན་གྱི་ལྷག་མ་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་ལ་གནས་པ་ཡེ་ཤེས་སེམས་དཔའི་ས་བོན་དང་བཅས་པ་བཀོད་དེ་ཇི་ལྟ་བ་བཞིན་དུ་བཟླས་པར་ བྱའོ། །ཇི་སྐད་དུ། རྡོ་རྗེ་གསལ་ཆོས་འཁོར་ལོ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་རྟོགས། །གནས་སུ་དེ་ནི་བརྟན་བྱས་ལ། །ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླས། །ཞེས་གསུངས་སོ། །ཡང་ན། རང་གི་དཀྱིལ་འཁོར་རང་སྔགས་ཀྱིས། །སྐྱེད་པར་བྱེད་པའི་ཚུལ་དུ་འགྱུར། ། ཞེས་བྱ་བ་ལེའུ་བཅུ་པར་གསུངས་པ་རྒྱས་པར་བསྟན་པར་བྱ་སྟེ། ཇི་ལྟར་རང་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་རྣམས་བསྐྱེད་པའི་ས་བོན་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་ཇི་ལྟ་བ་ཡིན་པ་དེ་བཞིན་དུ། ཡི་གེ་ ཧཱུཾ་ནི་རྣམ་པར་བསྒོམ་པར་བྱ། །ཞེས་གཞན་དང་འབྲེལ་ལོ། །ལྷག་མ་ནི་གོ་སླའོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཡི་གེ་བྷྲཱུཾ་གྱིས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བསྐྱེད་ནས་ཆོ་གས་སྐུ་རྡོ་རྗེ་ལ་སོགས་པ་བསྒོམ་པར་བྱ་སྟེ་འབའ་ ཞིག་ནི་མ་ཡིན་ནོ། །སྙིང་པོ་དུས་གསུམ་སངས་རྒྱས་ཀྱི། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་མན་ངག་ལས་ཧོ་དམར་པོ་གཉིས་སོ། །ཇི་ལྟ་བུ་ཞེ་ན་གསུངས་པ། ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལ་སོགས་ པའི་ངོ་བོ་ཡི་གེ་གསུམ་དང་ཕ་དང་མའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པའོ། །མཉེས་པ་ནི་རོ་མཉམ་པར་རྟོགས་པའོ། །གང་གསུངས་པ། དྲུག་པར་རྡོ་རྗེ་གསུམ་གནས་བསྒོམ། །ཞེས་བྱ་བ་ལ་དེ་ལ་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཨོཾ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་ ས་བོན་གསུངས་པའོ། །སྤྲུལ་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་མི་ཕྱེད་པའི་བསྒོམ་པ་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་འདི་ཉིད་ཡིན་ནོ་ཞེས་ངེས་པར་སྟོན་ཏོ། །འདི་དག་སངས་རྒྱས་སྐྱེས་བུ་སྟེ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་ བདག་ཉིད་དོ། །དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྔགས་ཀྱི་རིག་པ་ཞེས་བྱ་བར་གྲགས་སོ། །ཇི་ལྟར་ན་དེ་ལྟར་ཡིན་ཞེ་ན་གསུངས་པ། རྫོགས་པ་ཞེས་བྱ་བ་ལ་སོགས་པས་སོ། །ལྷ་དང་ལྷ་མོ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་རྫོགས་པ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ རྣམས་ལས་མི་འདའ་བ་ཉིད་ཀྱི་ཕྱིར་དམ་ཚིག་དག་གི་ཡིན་ཏེ། ཐ་དད་པ་ཡོངས་སུ་མ་བཟུང་བ་ལས་མི་ཕྱེད་པའི་ཡེ་ཤེས་བསྒོམ་པའི་རྒྱུས་ཞེས་བྱའོ། །ད་ནི་བསྟན་པའི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་གནས་ངེས་པ་དང་བྱིན་གྱིས་བརླབ་པའི་ཆོ་ག་སྟོན་པ་ན་ཏིང་ངེ་འཛིན་དང་རྗེས་ སུ་མཐུན་པའི་གནས་སྔོན་དུ་འགྲོ་བའི་རིགས་གསུམ་དང་འབྲེལ་བའི་འདྲ་བའི་དངོས་གྲུབ་གསུངས་པ། དབེན་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་ཕྱེད་ཀྱིས་ཞེས་བྱ་བ་ནི་ཕྲ་མོའི་སྦྱོར་བས་བསྒོམ་པ་ལ་སོགས་པས་དང་པོར་སེམས་བརྟན་པས་སོ། །སྔགས་ཀྱི་དམ་ཚིག་ བསྐྱེད་ཅེས་བྱ་བ་ནི། སྔགས་གང་ལ་གང་མི་བཟླ་བའི་སྦྱོར་བ་དེ་ལ་སྙོམས་པར་ཞུགས་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཨོཾ་ནི་སྙིང་གར་གཞག །ཅེས་བྱ་བ་ནི་སྐུ་རྡོ་རྗེ་ཐུགས་ཀའི་ཕྱག་མཚན་ལའོ། །ཇི་ལྟར་དགོད་ཅེ་ན་གསུངས་པ། འོད་ཟེར་ལྔ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་ པར་སྣང་མཛད་ཉིད་མཆོག་སྟེ། གཙོ་བོར་བསྒོམས་པས་གང་རྣམས་དཀར་པོ་ལ་སོགས་པའི་འོད་ཟེར་གྱི་སྤྲིན་གང་ལ་ཡོད་པ་དེ་རྣམས་དང་བཅས་པའི་རྣམ་པར་སྣང་མཛད་སྤྲོ་བ་ལ་སོགས་པ་དང་ལྡན་པར་དགོད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྣམ་པར་སྣང་མཛད་ཀྱི་མཆོག་ ཅེས་བྱ་བ་ནི་བདག་པོ་སྟེ་སྐུ་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འབྲས་བུ་གསུངས་པ། འདི་ཡིས་སངས་རྒྱས་རྣམས་ཀྱི་སྐུ། །ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་བཅས་པ་ཇི་སྲིད་ཏིང་ངེ་འཛིན་ཐོབ་ནས་རྫོགས་པའོ། །འདི་སྐད་གསུངས་ པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་ཡི་གེ་ཨོཾ་གྱིས་རང་གི་ལྷའི་མགོ་ལ་བསྐྱེད་པ་ནི་སྐུ་རྡོ་རྗེའི་ཐུགས་ཀའི་ཕྱག་མཚན་ལ་གནས་པའི་ཡི་གེ་ཨོཾ་གྱིས་སྐུ་རྡོ་རྗེའི་ཚོགས་ཕྱུང་སྟེ། ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས། བདེ་བ་དང་བཅས་པ་གཞན་གྱི་དབང་གི་རང་བཞིན་དུ་བལྟས་ནས་གསོལ་བ་ བཏབ་སྟེ། དེ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རང་སྐུ་རྡོ་རྗེ་ལ་བཅུག་སྟེ་བདག་ཉིད་ཀྱི་ལུས་བྱིན་གྱིས་བརླབ་པ་སྐུ་བྱིན་གྱིས་བརླབ་པའི་དུས་སུ་བསྒོམ་པར་བྱའོ། །དངོས་གྲུབ་སྒྲུབ་པ་ལ་ཡང་དཀྱིལ་འཁོར་བྲིས་པའི་དབུས་སུ་འདུག་པའི་སྙིང་གའི་ས་བོན་ལས་ཐམས་ཅད་སྤྲོ་བར་བྱའོ་ ཞེས་བྱ་བ་ནི་ཁྱད་པར་རོ། །དེ་བཞིན་དུ་གསུང་དང་ཐུགས་རྡོ་རྗེ་དག་ལ་ཡང་བལྟ་བར་བྱའོ། །རྡོ་རྗེ་བསྐལ་པ་གསུམ་དུ་གནས། །ཞེས་བྱ་བ་ནི་རང་འདོད་པ་ལས་སོ། །ལྔ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་སོ། །ཡེ་ཤེས་རྣམས་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། ། སངས་རྒྱས་ཀྱིས་ཇི་ལྟར་ལོངས་སྤྱོད་པ་དེ་བཞིན་ཞེས་བྱ་བའི་དོན་ཏོ། །ཡང་ན་སངས་རྒྱས་ཉིད་ཡེ་ཤེས་ཀྱི་བདག་ཉིད་དེ། བསྟེན་པ་ནི་གུས་པ་བྱ་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ། དེ་ཉིད་རྡོ་རྗེ་འོད་ཟེར་བཀོད་པ་ གང་ལ་མིང་དེ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ངག་བྱིན་གྱིས་བརླབ་པ་གསུངས་པ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། ཨ་ནི་ངག་གི་ལམ་ལ་གཞག །ཅེས་བྱ་བ་ནི་ངག་རྡོ་རྗེའི་སྙིང་གའི་མཚན་མ་ལའོ། །ངག་གི་ལམ་ཞེས་བྱ་བའི་ཚིག་ལ་ནི་གསུང་རྡོ་ རྗེའི་རང་བཞིན་དུ་ཤེས་པར་བྱ་སྟེ། ཁ་དོག་ལྔའི་འོད་ཟེར་དང་ལྡན་པའི་ཕྱིར་ཁ་དོག་ལྔའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཆེའོ། །འཇིག་རྟེན་དབང་ཕྱུག་བསྒོམས་པ་ཡིས། །ཞེས་བྱ་བ་ནི་སྣང་བར་བྱེད་པས་ན། འཇིག་རྟེན་ཏེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལ་ དབང་མཆོག་ནི་སྣང་བ་མཐའ་ཡས་སོ། །ལྷག་མ་ནི་བཤད་པ་དང་འདྲའོ། །ཡི་གེ་ཨ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་མགྲིན་པའི་ཕྱོགས་སུ་ངག་རྡོ་རྗེ་དམ་ཚིག་སེམས་དཔའི་གཟུགས་བསྐྱེད་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རང་རང་གི་གནས་ སུ་ཐུགས་རྡོ་རྗེ་ལ་སོགས་པ་ཡང་ཤེས་པར་བྱའོ། །དངོས་གྲུབ་སྒྲུབ་པ་ལ་ཡང་རང་གི་ས་བོན་གྱིས་རང་གི་ལྷ་བསྐྱེད་ལ་ཇི་ལྟ་བ་བཞིན་བསྒོམ་པ་ལ་སོགས་པ་བྱའོ། །ཚིག་གི་དམ་ཚིག་སྤྲོས་བྱེད་པ། །ཞེས་བྱ་བ་ལ་སངས་རྒྱས་ཀྱི་གསུང་གི་དམ་ཚིག་ནི་གཡས་སུ་འཁྱིལ་པའི་ དུང་གི་ནང་དུ་ཆུ་སྐྱེས་ཀྱི་འདབ་མ་ལྟ་བུ་དབྱངས་ཀྱི་ཡན་ལག་ཐམས་ཅད་ཀྱི་རྟེན་གྱི་རང་བཞིན་ཉིད་ཀྱིས་ཞལ་གྱི་དཀྱིལ་འཁོར་ཁེབས་པས་ནུས་པའི་ལྗགས་ཀྱི་རྣམ་པ་སྟེ། དེས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་ དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པ་སྟེ། དེ་ལྟར་དབྱེ་བ་གསུང་རབ་རིན་པོ་ཆེ་འཇུག་པའི་ཕྱིར་སྤྲོས་པར་བྱེད་པའོ། ། དེའི་ཕྱིར་ཆོས་ཀྱི་ཚིག་གི་ལམ་ལ་གནས་པ་ཞེས་བྱ་བ་ནི་ཐེག་པ་གསུམ་གྱི་ལམ་ཉེ་བར་བསྟན་པར་ནུས་པ་རྙེད་པའོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་ཐུགས་རྡོ་རྗེ་བྱིན་གྱིས་བརླབ་པ་གསུངས་པ་སྟེ། དམ་ཚིག་ཆེན་པོ་འདི་ཉིད་ཅེས་བྱ་བ་ནི། ཡི་གེ་ཧཱུཾ་སྟེ་རྡོ་རྗེ་འཛིན་པའི་རང་ བཞིན་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་རྡོ་རྗེས་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱའོ། །རྡོ་རྗེ་ཀུན་དང་རྒྱལ་བའི་གནས། །ཞེས་བྱ་བ་ནི་བསྡུས་ནས་ནང་དུ་ཆུད་པའི་རྒྱལ་བའི་ཚོགས་ཏེ། སྤྲོ་བ་དང་བསྡུ་བའི་བདག་ཉིད་དེ་དགོད་པ་ཞེས་བྱ་བའི་དོན་ཏོ། །ཡང་ན། ནམ་མཁའི་ རྡོ་རྗེའི་དབུས་ཉིད་དུ། །འཁོར་ལོ་སངས་རྒྱས་འབར་འོད་འདྲ། །སངས་རྒྱས་འཇུག་པ་རབ་བསྒོམས་ནས། །སངས་རྒྱས་གནས་དང་མཉམ་པར་འགྱུར། །ཞེས་བྱ་བ་འདི་ཉིད་དུ་འཆད་པར་འགྱུར་བའི་དེ་མ་ཐག་ཉིད་དུ་བལྟའོ། །དེ་ལ་འདིའི་དོན་ནི། ཡེ་ཤེས་རྡོ་རྗེ་ཞེས་བྱ་ བ་ནི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པས་སོ། །རྡོ་རྗེ་ཀུན་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའོ། །དེ་ལ་རྒྱལ་བའི་གནས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བཅུ་གསུམ་པར། ནམ་མཁའི་རྡོ་རྗེའི་དབུས་གནས་པར། །ཆོས་ཀྱི་སྣང་ མཛད་སྐུ་མཆོག་ལས། །འབྱུང་བ་སྐུ་གསུམ་དམ་ཚིག་ཅན། །བསམས་ནས་གདན་དུ་དེ་རབ་བརྟག །ཅེས་རྒྱས་པར་འཆད་པར་འགྱུར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་ལ་རབ་ཏུ་མོས་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བ་དང་། སྐུ་ལ་སོགས་པའི་སྒྲུབ་ པ་ལ་ནི་རང་གི་དཀྱིལ་འཁོར་ལ་གནས་པ་ཉིད་དུ་བྱའོ་ཞེས་བསྟན་པར་འདོད་ནས། ཆོས་དང་རྡོ་རྗེའི་དཀྱིལ་འཁོར་ལ་སོགས་པ་ཡང་གསུངས་པའོ། །སའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་རྣམས་ཀྱི་སྒྲུབ་ཐབས་ཀྱང་འདི་ཉིད་ཡིན་པར་ཤེས་པར་བྱ་སྟེ། གླེང་གཞིར་སྐུ་ རྡོ་རྗེ་ལ་སོགས་པའི་སྒྲ་དང་འབྲེལ་བར་དེ་རྣམས་ཀྱི་རྒྱས་པར་བཤད་པའི་ཕྱིར་རོ། །འདིར་འདི་རྣམས་ཀྱི་སྒྲུབ་ཐབས་གཞན་ནི་བསྟན་པ་ཡིན་ནོ། །འོན་ཀྱང་ཇི་ལྟར་རང་རང་གི་ཀྵིཾ་གཾ་ཛྲིཾ་ཞེས་བྱ་བའི་སྔགས་ཀྱིས་སྔར་བསྙེན་པ་ཇི་ལྟ་བ་བཞིན་དུ་བྱས་ནས་དེ་བཞིན་དུ་བསྒྲུབ་པར་བྱའོ། ། དེ་བཞིན་དུ་གཞན་ལ་རྟོགས་པར་བྱའོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ནམ་མཁའི་སྙིང་པོའོ། །ཡེ་ཤེས་དཀྱིལ་འཁོར་ཞེས་བྱ་བ་ནི་བསྒོམས་པ་ལས་བྱུང་བ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གྱི་དབུས་སུའོ། །ལུས་རྣམས་ ཀུན་ལ་ཁཾ་ཞེས་བྱ་བ་ནི། སྤྲུལ་པ་དང་ལོངས་སྤྱོད་དང་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་མགོ་བོ་དང་། ལྐོག་མ་དང་། སྙིང་ག་དང་། ཡེ་ཤེས་སེམས་དཔའི་གནས་སུ་ཡང་ངོ་། །ལ་ལ་དག་ལུས་ཀྱི་ཡན་ལག་ཐམས་ཅད་ལ་ཡི་གེ་ཁཾ་བལྟས་ནས་ནམ་མཁའ་དང་མཉམ་ པར་རང་བསམ་མོ་ཞེས་ཟེར་རོ། །མཁའ་མཉམ་འགྱུར་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་རྟོག་པའི་ཉེས་པ་ཐམས་ཅད་ཀྱིས་སྟོང་པ་དང་མི་ཕྱེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། གང་གི་དེའི་མཉམ་པ་རིན་ཆེན་འབྱུང་ལྡན་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ཞེས་ བྱ་བ་ནི་མ་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་རབ་ཏུ་རྟོགས་པའི་མཆོད་པས་སོ། །སངས་རྒྱས་ཀྱིས་ཀྱང་གཟིགས་མི་འགྱུར། །ཞེས་བྱ་བ་ནི་འདི་ཞེས་ཡོངས་སུ་དཔྱོད་པར་མི་ནུས་ཏེ་རང་རིག་པ་མཐར་ཐུག་པའི་ཕྱིར་ཡེ་ཤེས་ལ་གནས་པའོ། །འདིས་ནི་མི་སྣང་བའི་སྦྱོར་བ་ཡང་ ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་བཤད་པའོ། །སྐུ་ལ་སོགས་པའི་རྡོ་རྗེ་མི་མཐོང་བར་འགྱུར་བ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལས་བྱུང་བར་འགྱུར་བས་ནམ་མཁའི་སྙིང་པོ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་བཀོད་པའི་ཕྲེང་བ་ནི་སྤྲོ་བས་སྤྲུལ་པ་སྟེ། གང་ལ་ཡོད་པ་དེ་ ལ་དེ་སྐད་ཅེས་བྱའོ། །རང་སྔགས་སྐྱེས་བུ་རབ་བསམས་ལ། །ཞེས་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཀུན་དུ་བཟང་པོ་བསྐྱེད་ནས་སོ། །དེའི་སྙིང་གར་ཧཾ་ཡིག་རྡོ་རྗེར་གྲགས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བ་སྟེ་ཐ་མི་དད་པའི་ཡེ་ཤེས་ཀྱི་རང་བཞིན་ གྱིས་ཏེ་བསྒོམས་ནས་ཞེས་བྱ་བར་འབྲེལ་བར་བྱའོ། །བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ་སྤྲོ་བ་ལ་སོགས་པ་སྔོན་དུ་སོང་བས་ཀུན་དུ་བཟང་པོར་འགྱུར་རོ་ཞེས་བཤད་པར་འགྱུར་རོ། །འཇམ་དཔལ་གྱི་སྒྲས་འདིར་ཀུན་དུ་བཟང་པོ་ཉིད་ལ་འཇུག་པའི་རྒྱུ་མཚན་གསུངས་སོ། ། སྒྲ་གཙོ་བོ་མ་ཡིན་པའི་བརྗོད་པ་ནི་ཇི་ལྟར་གླེང་གཞིར་གསུངས་པ་འདིར་སྒྲུབ་པར་བྱེད་པ་དེ་བཞིན་དུ་གཞན་ཡང་བསྒྲུབ་པར་བྱ་བར་རིགས་ཀྱི་དབྱེ་བས་ཞེས་སྟོན་པའོ། །ས་བཅུ་དག་ལ་གནས་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གྱི་མཚན་ཉིད་ས་བཅུ་དག་ལ་གནས་པར་འགྱུར་རོ། །ཡང་ན་སྤྱན་ལ་སོགས་པ་ནི་འདིར་ས་བཅུ་སྟེ་དེ་རྣམས་ལ་གནས་པ་ཡིན་ལ་དེ་རྣམས་ཇི་ལྟ་བ་བཞིན་དུ་བསྙེན་ པར་བྱ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ནི་ས་བཅུ་པ་ལས་བྱུང་བའོ། །དེ་དག་ཡང་དག་པར་རྟོགས་པ་སྟེ། ཟླ་བ་དང་རྡོ་རྗེ་རིམ་པའི་ཏིང་འཛིན་དེ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་བསམ། །ཞེས་བྱ་བ་ནི་ རང་གི་སྔགས་ཀྱི་སྐྱེས་བུ་དམ་ཚིག་གི་དཀྱིལ་འཁོར་གྱི་དབུས་སུ་བསམ་ཞེས་བྱ་བ་ནི་ལྷག་མའོ། །འོད་ཟེར་འབར་བའི་ཡི་གེ་ཐླིཾ་སྙིང་གར་བལྟ་བར་བྱ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱི་ཞགས་པ་ཡང་དག་པར་གཅོད་པའི་ཡེ་ཤེས་ཀྱི་མཚོན་ཆའི་སྦྱོར་བ་ལས་མཆོག་སྟེ་སྒྲིབ་ པ་ཐམས་ཅད་རྣམ་པར་སེལ་བའོ། །སྐུ་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྐུ་རྡོ་རྗེ་དང་འདྲ་བས་སོ། །དོན་ཡོད་གྲུབ་པ་དང་འདྲ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་གཟུགས་ཉིད་ཀྱི་ཕྱིར་འདིར་ཐམས་ཅད་ཀྱི་བདག་ཉིད་ནི་མ་ཡིན་ནོ། །ལ་ལ་དག་འདིར་ དེ་མ་ཐག་པའི་ཏིང་ངེ་འཛིན་གཉིས་ཀྱིས་ཀྱང་འཇམ་དཔལ་གྱི་སྦྱོར་བས་བྱ་བར་འདོད་དོ། །གང་གསུངས་པ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ལ། རང་སྔགས་སྐྱེས་བུ་བསམས་ནས་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ། ད་ནི་མངོན་པར་ཤེས་པའི་ གནས་སྐབས་སུ་བསྟན་པར་བྱའོ། །སངས་རྒྱས་མངོན་ཤེས་ཞེས་བྱ་བ་ལ་སོགས་པ་ནི། སངས་རྒྱས་ཀྱི་མངོན་པར་ཤེས་པ་ནི་ཟག་པ་ཟད་པའི་ཡེ་ཤེས་སོ། །དེའི་དམ་ཚིག་མཆོག་ནི་ལྷའི་མི་ལ་སོགས་པའི་མངོན་པར་ཤེས་པ་ལྔའོ། །འདི་དག་མངོན་དུ་སོང་བ་ཉིད་ཀྱི་ཕྱིར་ སངས་རྒྱས་ཀྱི་མངོན་པར་ཤེས་པའོ། །དེའི་ཕྱིར་ལྷའི་མིག་གིས་མངོན་པར་ཤེས་པ་ལ་སོགས་པ་ཉིད་དང་ལྡན་པའི་ཕྱིར་མངོན་པར་ཤེས་པ་ལྔའོ། །འདི་ནི་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་ཉིད་དོ། །སངས་རྒྱས་མངོན་ཤེས་མཆོག་བསྒྲུབ་པ། །ཞེས་བྱ་བ་ནི་རིགས་ཀྱིས་ མངོན་པར་ཤེས་པ་དྲུག་པ་རྫོགས་པ་ཞེས་བྱ་བའི་དོན་ཏོ། །ད་ནི་མངོན་པར་ཤེས་པ་རྫོགས་པའི་དོན་གྱི་རིམ་པ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པའམ་རྡོ་རྗེ་འཛིན་པའོ། །ཡེ་ཤེས་ཞེས་བྱ་བ་ནི་ཤིན་ཏུ་ རྣམ་པར་དག་པའི་ཡེ་ཤེས་སོ། །དེའི་བདག་ཉིད་ཀྱི་སྐུ་རྫོགས་པར་བྱེད་པའི་ཕྱིར། དེ་ཉིད་ཡི་གེ་ཨོཾ་མོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་སྐུ་བྱིན་གྱིས་བརླབ་པའི་དོན་དུའོ། །ཇི་ལྟ་བུ་ཞེ་ན་གསུངས་པ། རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་ལྷའི་ གཟུགས་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་བརྗོད་པ་དམ་ཚིག་སེམས་དཔའི་གཟུགས་ཀྱི་སྐུ་རྡོ་རྗེ་བསྐྱེད་ལ་གསུངས་པའི་རིམ་པས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱའོ། །འདིས་ཅིར་འགྱུར་ཞེ་ན་གསུངས་པ། མི་བསྐྱོད་པ་རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་ གསུངས་པ་ཡིན་ཏེ། སྐུ་ལ་སོགས་པ་མི་བསྐྱོད་པ་དང་འདྲ་བར་འགྱུར་རོ། །རྣམ་པར་སྣང་མཛད་ནི་འཆད་པར་འགྱུར་བའོ། །རིན་ཆེན་བདག་པོ་རེ་ཞིག་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་བཞིན་དུ་རྡོ་རྗེའི་ཡེ་ཤེས་གང་ ལ་ཡོད་པ་འདི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ནི་རིན་ཆེན་དབང་ངོ་། །རིན་ཆེན་ཨོཾ་ནི་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་སྐུ་བསྐྱེད་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་དང་འདྲའོ། །བྱང་ཆུབ་ནི་ཆོས་ཐམས་ཅད་མི་དམིགས་པ་ཉིད་རང་ བཞིན་གྱིས་དག་པའི་བློའོ། །དེ་ཉིད་བདག་མེད་པའི་ཡེ་ཤེས་ཀྱི་གསང་བའོ། །དེ་དང་འདྲ་བ་ནི་མཉམ་པའོ། །གནས་ཞེས་བྱ་བ་ནི་བཞི་སྟེ་དེ་བཞིན་ཉིད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྙེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྣང་བ་མཐའ་ཡས་ཀྱི་སྦྱོར་བ་གསུངས་ པ། ཆོས་ཀྱི་ཨོཾ་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་སྐུ་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཐེག་ཆེན་ལམ་གྱི་ཞེས་བྱ་བ་ནི་རང་གིས་རྟོགས་པའི་འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ལམ་བསམ་པ་ཇི་ལྟ་བ་བཞིན་དུ་གཞན་ལ་བསྟན་པ་ལས་བསྐྱེད་པའི་རྒྱུར་འགྱུར་རོ། །འོད་ དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་རྡོ་རྗེའི་མཐུ་སྟེ་ཐམས་ཅད་ཟིལ་གྱིས་མནན་ཏེ། འཇུག་པ་དེ་ཉིད་དཔལ་ཏེ། ཕུན་སུམ་ཚོགས་པའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་ཡོད་གྲུབ་པའི་གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ། ཨུཏྤ་ལ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །དམ་ཚིག་ཨོཾ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྐུ་རྙེད་པའོ། །སེམས་ཅན་ཀུན་དོན་འབྱུང་བར་འགྱུར། །ཞེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཐོབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་འབྱུང་བ་འདི་ལས་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ། ། གདོན་མི་ཟ་བའི་དམ་ཚིག་དེའི་སྐུ་སྒྲུབ་པ་ཡི་གེ་ཨོཾ་མོ། །དེའི་འོད་ཟེར་རྣམས་ལས་ཡེ་ཤེས་ཀྱི་མཆོག་ཉིད་ཀྱི་སྐུ་བྱིན་གྱིས་བརླབ་པ་ཉིད་འབྱུང་བའི་ཕྱིར་སྐུ་ཞེས་དེ་སྐད་བརྗོད་དོ། །དེ་སྟོན་པའི་ཏིང་ངེ་འཛིན་ཀྱང་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ཀྱི་སྐུ་བྱིན་གྱིས་བརླབ་ པ་གསུངས་པ། སྐུ་གསུམ་ཨོཾ་ཞེས་བྱ་བ་ནི་སྐུ་གསུམ་ཐ་མི་དད་པའི་ངོ་བོའི་ཕྱིར་རོ། །ཡེ་ཤེས་རྫོགས་བྱང་ཆུབ་ཅེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ཀྱིས་མངོན་པར་བྱང་ཆུབ་པར་འགྱུར་བ་ཉིད་དོ། །དེ་བཞིན་དུ་ཨཱཿཧཱུཾ་ཞེས་བྱ་བའི་ས་བོན་གཉིས་ཀྱིས་གོ་རིམས་བཞིན་ཐམས་ ཅད་ལ་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་དོན་དུ། དམ་ཚིག་སེམས་དཔའི་གཟུགས་ཉིད་ཀྱིས་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་བསྐྱེད་པར་བྱའོ། །དེ་བཞིན་དུ་བསྐྱེད་པའི་ལྷའི་རྣལ་འབྱོར་པས་མངོན་པར་ཤེས་པ་གྲུབ་པ་གསུངས་པ། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །སོགས་པའི་སྒྲས་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པ་གཟུང་བར་བྱའོ། །བསྒོམས་ནས་ཞེས་བྱ་བ་ནི་འདི་རྣམས་ཀྱི་གང་ཡང་རུང་བའོ། །མངོན་ཤེས་ལྔ་ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་བ་ཡིས་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྔ་བསྒྲུབ་པའི་ དོན་དུ་མཆོག་ཏུ་སྦྱོར་བ་སྟེ། སའི་སྙིང་པོ་ལ་སོགས་པའི་གཟུགས་ཀྱིས་མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རྣམ་པར་དག་པ་བསྐྱེད་པའོ། །དེ་ནས། སངས་རྒྱས་མཆོག་གི་གནས་སུ་བསྒོམ། །ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་གང་རྣམས་ལ་བདག་པོ་སངས་རྒྱས་མཆོག་ཡོད་ པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་གསུངས་པ་ཡིན་ཏེ། མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་མཚན་མ་ཐོབ་ནས་མིག་དང་། རྣ་བ་དང་། སྣ་དང་། མགོ་བོ་དང་། ཡིད་རྣམས་ལས་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། སྒྲིབ་པ་ཐམས་ཅད་རྣམ་ པར་སེལ་བ་དང་། ཀུན་དུ་བཟང་པོ་རྣམས་སམ། དེའི་བདག་པོ་རྣམས་སོ། །ལྷའི་མིག་དང་། ལྷའི་རྣ་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་དང་གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་བསྒྲུབ་པའི་དོན་དུ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ནས་སོ། །རང་རང་ གི་ཕྱག་མཚན་ལས་གནས་པའི་ཡི་གེ་ཨོཾ་བརྟན་པའི་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །དེ་བཞིན་དུ་ཡང་གསུངས་པ། དྲིལ་བུའི་སྒྲ་བཞིན་མ་ཆད་པ། །རྣ་བ་གཡོན་དང་གཡས་པ་ལ། །དེ་བཞིན་ཡི་གེ་ཚིག་ཐོས་པ། །སེམས་དང་བཅས་པས་བསྒོམ་པར་བྱ། །བསྒོམ་དང་ བཟླས་པའི་སྦྱོར་བ་ཡིས། །མངོན་ཤེས་ལྔ་ནི་རྫོགས་པའོ། །ཞེས་སོ། །རིགས་ཀྱི་བྱེ་བྲག་གིས་སྦྱོར་བ་གཞན་གསུངས་པ། རྩེ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཡང་གསུངས་པ། རྡོ་རྗེ་རིགས་ལ་སོགས་པའི་རྣལ་འབྱོར་པས་རང་གི་ལྷའི་སྦྱོར་བས་ མིག་ལ་སོགས་པའི་གནས་ལྔར་རང་གི་སྔགས་ཀྱིས་རྫོགས་པ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་འབར་བ་ལྔ་དང་བཅས་པ་བཀོད་དེ་ཇི་ལྟ་བ་བཞིན་དུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་བསྐུལ་ནས་བྱོན་པ་དེའི་ནང་དུ་ཞུགས་པར་བྱས་ནས་བསྒོམས་ན་ངེས་པར་ལྷའི་མིག་ལ་སོགས་པའི་ མངོན་པར་ཤེས་པ་རྣམས་མངོན་དུ་འགྱུར་རོ། །ཁ་ཅིག་ནི་རྡོ་རྗེ་ལ་སོགས་པའི་དབུས་སུ་ཆུད་པའི་ཐླིཾ་གྱི་ཡི་གེ་ཉིད་བསྒོམ་པར་བྱ་བའི་མངོན་པར་ཤེས་པ་བསྒྲུབ་པར་འཆད་དོ། །ཡི་གེ་བྷྲཱུཾ་གྱི་དེ་མ་ཐག་ཏུ་ཡང་རེ་ཞིག་འཁོར་ལོ་དང་གཞལ་ཡས་ཁང་གི་རྣམ་པ་གསུངས་པ། རྡོ་རྗེ་ནམ་མཁའི་ དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་མངོན་སུམ་མཐོང་བས་ན། །དེ་ཚེ་དངོས་གྲུབ་རབ་ཏུ་སྐྱེ། །རང་ཉིད་ཀྱང་ནི་མི་ཤེས་པ། །སྒྲ་ཉིད་ཀྱང་ནི་དེས་མི་ཐོས། །སེམས་དཔའ་དེ་ནི་སྒྲ་ལ་གནས། །ཏིང་འཛིན་འབྲས་བུ་ཐོབ་པར་འགྱུར། །འདི་ཉིད་ཀྱི་ནི་བྱེ་བྲག་གིས། ། ཐམས་ཅད་དངོས་གྲུབ་འབྲས་བུ་འབྱུང་། །ཐོབ་སྟེ་དོན་ཡོད་གྲུབ་པ་ལའང་། །སྣང་བ་དང་བཅས་ཡན་ལག་གསལ། །ཞེས་སོ། །གང་གསུངས་པ། སྐུ་བྱིན་གྱིས་བརླབ་པའི་གནས་སྐབས་སུ་རྡོ་རྗེ་བསྐལ་པ་གསུམ་དུ་གནས་ཞེས་བྱ་བ་ནི་དེའི་སྦྱོར་བ་གསུངས་པ། རྡོ་རྗེ་ མཁའ་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་མགོ་བོ་དང་། ལྕེའི་རྩ་བ་དང་། སྙིང་གར་ཡང་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རང་གི་མཚན་མ་ལ་གནས་པ་ཇི་ལྟར་རང་གི་ཨོཾ་ལ་སོགས་པའི་ས་བོན་ གསེར་གྱི་མདོག་ལྟ་བུ་བསམས་ཏེ། དེའི་འོད་ཟེར་རྣམས་ཀྱིས་སྨན་ཐམས་ཅད་ཀྱི་རོ་དང་། ཟླ་བ་ལས་བདུད་རྩི་བཀུག་ནས་བདུད་རྩི་སྦྲེང་བའི་འོད་ཟེར་གྱིས་ཡན་ལག་ཐམས་ཅད་གང་བར་བདག་ཉིད་བསྒོམ་པར་བྱའོ། །དེ་ལ། རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཞེས་བྱ་བ་ནི་མངོན་ པར་ཤེས་པའི་བསྒྲུབ་པ་ལ་སོགས་པའི་སྦྱོར་བའི་དུས་ནས་བསྟན་ཏོ། །ཀློག་པ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བཟླས་སོ། །སེམས་ཀྱང་རུང་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་བསམ་པའོ། །རྡོ་རྗེ་འཛིན་པར་འགྱུར་ཞེས་བྱ་བ་ནི་དེའི་རིགས་སུ་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཡང་། རང་གི་མཚན་ཉིད་ནམ་མཁའ་བཞིན། །སྐད་ཅིག་གིས་དང་མི་གྲོལ་ཏེ། །དེ་བཞིན་སངས་རྒྱས་ཐམས་ཅད་ཀྱིས། །རིགས་སྐྱེས་རྣམས་ལ་བྱིན་གྱིས་བརླབས། །ཞེས་གསུངས་སོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས། ལེའུ་ བཅུ་གཅིག་པའི་བཤད་པའོ།། །།ཇི་ལྟ་བ་བཞིན་དུ་བསྐྱེད་པའི་ལྷའི་རྣལ་འབྱོར་གྱིས་ཐིག་ལེ་ལ་སོགས་པ་བསྒོམས་པ་ལས་མཚན་མ་ཐོབ་པས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བ་དང་ཇི་ལྟར་གསུངས་པའི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཡང་ཚིགས་བཅད་ཀྱིས་གསོལ་ བ་བཏབ་པ་སྔོན་དུ་སོང་བས་བྱའོ། །དེའི་ཕྱིར་རྡོ་རྗེའི་སྦྱོར་བ་དམ་ཚིག་བསྒྲུབ་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ལ་འཇུག་པར་བྱེད་པའི་ཕྱིར་སྟོན་པའོ། །དེའི་ཕྱིར་སེམས་ཅན་གྱི་རྒྱུད་སངས་རྒྱས་ཉིད་དུ་བསྐྱེད་པའི་ ཕྱིར་བསྐྱེད་པའོ། །དེའི་ཕྱིར་གསུངས་པ། ཡེ་ཤེས་མཆོག་བསྒྲུབ་པ་ཞེས་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པ་བསྒོམས་པས་བྱང་ཆུབ་ཀྱི་སེམས་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །ཞེས་བྱ་བ་ནི་རྡོ་རྗེ་གསུམ་རྣམས་ཀྱི་དམ་ ཚིག་ནི་གཉིས་སུ་མེད་པ་རྟོགས་པའོ། །དེ་ཉིད་དེ་ཁོ་ན་སྟེ། ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་རོ། །རྟོགས་པར་བྱེད་པའི་ཚིག་བཀའ་སྩལ་པ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་དང་མཚུངས་པའི་དམ་ཚིག་ཅེས་བྱ་བ་ནི། ནམ་མཁའ་དང་མཚུངས་པའི་དམ་ཚིག་ནི། རང་བཞིན་ མེད་པ་ལ་སོགས་པའི་ངོ་བོ་དམིགས་པ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་ཡང་དག་པའི་དེ་ཁོ་ན་ཉིད་དུ་དེ་ཉིད་ཀྱི་ངོ་བོས་ཆོས་ཐམས་ཅད་རྫོགས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རྣམ་པར་མི་རྟོག་དངོས་རྣམས་ལ། །ཞེས་སོ། །འདི་གང་ ལ་ཞེ་ན་གསུངས་པ། གཟུང་བ་ལ་སོགས་པ་ཞེས་བྱ་བ་ནི་འོད་ཟེར་གྱིས་བསྐུལ་བས་སངས་རྒྱས་སྤྲོ་བ་དང་བསྡུས་པས་སྔོན་དུ་སོང་བ་དང་རིག་མ་དང་བཅས་པ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་སོ། །སངས་རྒྱས་གནས་དང་འདྲ་བར་འགྱུར། །ཞེས་ བྱ་བ་ནི། རྟེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའི་དོན་ཏོ། །ད་ནི་ཐིག་ལེ་བསྒོམ་པ་བཤད་པ་མངོན་པར་ཤེས་པ་རྫོགས་པའི་སྦྱོར་བ་གཞན་གསུངས་པ། སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་ སོགས་པ་གང་འདོད་པའི་རྣལ་འབྱོར་ལ་གནས་ལ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལ་ཇི་ལྟ་བ་བཞིན་དུ་འགྲོ་བ་ནང་དུ་གཞུག་སྟེ། སྔགས་ཙ་ན་ཀའི་རུས་པ་ཙམ་གྱི་ཐིག་ལེའི་གཟུགས་ཕྱི་དང་ནང་སྣང་བ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པ་ལ་ཡིད་རྩེ་གཅིག་ཏུ་གྱུར་ པ་བསྒོམས་པས་ན་ཉེ་བའི་ཡུལ་དུ་གྱུར་པ་ཡང་མི་འཛིན་པས་འགོག་པའི་རྡོ་རྗེར་སོན་པས་གང་གི་ཚེ་དེ་སེམས་རབ་ཏུ་སྐྱེ་བ་དེའི་ཚེ་བྱང་ཆུབ་མཆོག་སྒྲུབ་པ་སྟེ། མངོན་པར་ཤེས་པ་ཐོབ་པ་ལས་ཏེ། མི་དམིགས་པས་འགྲོ་བ་མ་ལུས་པའི་ཡིད་ཀྱི་ཤིང་རྟ་རྫོགས་པར་བྱེད་པའི་ཕྱིར་ ཡིད་བཞིན་གྱི་ནོར་བུ་བཞིན་དུ་དཔལ་དང་ལྡན་པར་འགྱུར་རོ། །དེ་ཡང་གསུངས་པ་ཀུན་དུ་བཟང་པོ་ལས། སྙིང་པོའི་འོད་ཟེར་དཔག་མེད་ཀྱིས་སྤྲུལ་པ། །ཐུབ་པས་མི་ཤེས་ཀུན་དུ་ངེས་བསལ་ནས། །འགྲོ་བ་མ་ལུས་རྫོགས་སངས་རྒྱས་བྱས་ཏེ། །རང་གི་གསང་སྔགས་ནང་དུ་ཆུད་ པར་བྱ། །དེ་ལྟར་བརྟགས་ནས་རང་སྙིང་དྲི་མེད་ལ། །ཟླ་བ་ལ་གནས་མཚན་མའི་དབུས་གནས་པར། །གསང་སྔགས་དམ་པ་ཐིག་ལེའི་གཟུགས་སུ་ནི། །རང་ཡིད་འོད་དང་ལྡན་པར་ཡོངས་སུ་བསྒོམ། །སེམས་དེ་འོད་ཟེར་དྲི་མེད་པས་སད་པའི། །གསུང་སྐུ་རྡོ་རྗེ་ལུས་ ནི་མཆོག་གྱུར་པ། །སླར་ཡང་དེ་ཉིད་དུ་ནི་ངེས་ཞུགས་ཤིང་། །ཡེ་ཤེས་བདུད་རྩི་འབབ་པར་བསམ་པར་བྱ། །ནང་གི་ལུས་དང་དེ་བཞིན་ཐམས་ཅད་ཀྱང་། །དེ་ཡིས་ཀུན་དུ་མཐར་ནི་སྣང་བྱས་ལ། །བ་སྤུ་རེ་རེའི་ཁུང་ནས་བྱུང་བ་ཡི། །ཚོགས་ཀྱིས་སྣ་ཚོགས་ཀུན་དུ་གང་བར་ བྱ། །ཞེས་སོ། །ཡང་གསུངས་པ། སྒྲ་ནི་སེམས་ཀྱི་གནས་སུ་ཐིམ། །སྔགས་ཀྱི་ཡི་གེ་ཀུན་དུ་དྲན། །འབྱུང་དང་འབྱུང་བས་སྟོང་པ་ཡང་། །སངས་རྒྱས་རྣམས་ཀྱིས་བསམ་གཏན་བརྗོད། །རླུང་ནི་འགོག་པར་བྱེད་པའི་ལམ། །དང་པོར་བསམ་གཏན་གོམས་པར་བྱ། ། གང་ཚེ་རང་གིས་གོམས་པ་ལས། །རྒྱུན་མི་འཆད་པར་འཇུག་པའོ། །སྒྲ་ཡི་བདག་ཉིད་ཐམས་ཅད་ལ། །སྒྲ་ལས་ཐམས་ཅད་ཉན་པ་སྟེ། །ཐོས་ནས་དུས་གསུམ་ཉན་པ་ཤེས། །གསུང་དང་ཐུགས་ལས་བྱུང་བའི་མཆོག །གང་ཚེ་སྣང་བ་གསལ་བར་མཐོང་། །ནང་དང་ཕྱི་དང་ དབུས་སུ་ནི། །མུན་པའི་ནང་ན་གནས་པ་ཡང་། །དེ་ཚེ་རིང་དང་མཐོང་དཀའ་མཐོང་། །སེམས་ཀྱི་གཟུགས་སུ་སྒྲོ་བཏགས་ལ། །གང་ཚེ་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས། །རིང་པོ་ནས་ཀྱང་གཟུགས་རྣམས་མཐོང་། །ཕྱོགས་དང་ ཕྱོགས་མཚམས་ཐམས་ཅད་སོན། །རྟོགས་དཀའ་བ་ཡང་མཐོང་བ་ཡིན། །བདེ་གཤེགས་བདེ་གཤེགས་སྲས་ཀྱི་མཆོག །རིང་ན་གནས་ཀྱང་ལྷ་དེ་ཉིད། །བསྐལ་པའི་མེ་དང་འདྲ་བ་རུ། །འབར་ཏེ་རང་གི་མེ་ཉིད་ཀྱང་། །བསམ་གཏན་ལས་བྱུང་མེ་མཐོང་སྟེ། །རྣལ་འབྱོར་པ་ ཡི་རང་ལུས་ལ། །སྔགས་ཀྱི་ཡི་གེ་ཉན་པར་ངེས། །ཐིག་ལེའི་དབུས་སུ་རྣམ་བསྒོམས་པས། །གང་ཚེ་གཟུང་བ་ལ་སོགས་པའི་དྲི་མ་དང་བྲལ་བའི་ཕྱིར། ཆོས་རྣམས་རང་བཞིན་དག་པ་ཞེས་བྱའོ། །འོ་ན་ཇི་ལྟར་དངོས་གྲུབ་སྒྲུབ་པ་ལ་སོགས་པ་ཡིན་ཞེ་ན། གསུངས་པ། རོལ་མོ་འདི་དག་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་གང་དངོས་གྲུབ་སྒྲུབ་པ་ལ་སོགས་པ་སྟོན་པར་བྱེད་པ་ནི་ཀུན་རྫོབ་ཏུ་སྔགས་ཀྱི་སྤྱོད་པས་འདུལ་བའི་འགྲོ་བ་རྣམས་གཞུག་པར་བྱ་བའི་ཕྱིར་རོ། །སེམས་རྩེ་གཅིག་པས་ དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བས་དེའི་ཏིང་ངེ་འཛིན་གྱི་རྗེས་སུ་མཐུན་པའི་གནས་གསུངས་པ། དགོན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡང་ན། ནམ་མཁའི་མཚན་ཉིད་སྦྱོར་བ་ཡིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་ཀྱི་ སྦྱོར་བ་ཡིས། །དེ་བཞིན་ཉིད་གནས་ས་ཕྱོགས་སོ། །ལོངས་སྤྱོད་རྫོགས་པའི་ཤིང་ཞེས་པ། །སྣ་ཚོགས་དངོས་གྲུབ་མེ་ཏོག་རྒྱས། །སྤྲུལ་པའི་ཡལ་གས་ཡང་དག་མཛེས། །ཡང་དག་རྫོགས་པའི་བྱང་ཆུབ་འབྲས། །རིན་དབེན་དངོས་མེད་ཉམས་དགའ་བའོ། ། ཆོས་ཞེས་བྱ་བ་དེར་བསྒྲུབ་བྱ། །ཕུང་པོ་ལ་སོགས་ཡན་ལག་ཀུན། །དངོས་གྲུབ་ཐམས་ཅད་བསྡུས་པའོ། །ཞེས་སོ། །སྔོན་དུ་བསྙེན་པ་བྱས་པས་རི་ལུ་ལ་སོགས་པ་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་པར་གསུང་བཞེད་ནས། འཇམ་དཔལ་གྱི་ཏིང་ངེ་འཛིན་གསུངས་པ། མཾ་ཞེས་བྱ་བ་ ལ་སོགས་པ་ལ་འདི་སྐད་དུ་སྟོན་པ་ཡིན་ཏེ། །ཇི་ལྟ་བ་བཞིན་དུ་ཡི་གེ་མཾ་གྱིས་འཇམ་དཔལ་གྱི་གཟུགས་སུ་བདག་ཉིད་བསྐྱེད་པའི་ལུས་ལ་སོགས་པ་བདག་ཉིད་རང་གི་ཡེ་ཤེས་སེམས་དཔའི་སྙིང་གར་ས་བོན་ལ་ཡིད་རྣམ་པར་བཞག་ནས་ཡང་དག་པར་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་ པ་མངོན་སུམ་དུ་བྱས་ནས། སྤྲོ་བ་ལ་སོགས་པའི་རིམ་གྱིས་བསྒོམས་པས་མཚན་མ་བྱུང་བ་རྙེད་ནས། རི་ལུའི་གྲུབ་པ་ཡོད་ན་འཇམ་པའི་རྡོ་རྗེ་དང་མཉམ་པར་གྱུར་ཏེ། དེའི་ཡོན་ཏན་རྣམས་ཐོབ་པར་འགྱུར་རོ། །དཔག་ཚད་ཅེས་བྱ་བ་ནི་གོ་སླའོ། །རི་ལུའི་སྒྲུབ་པ་གསུངས་པ། བཤང་བ་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ལྔ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ལ་སོགས་པ་རྣམས་ཀྱིའོ། །རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང་། །ཞེས་བྱ་བ་ནི་གང་རྣམས་ལ་དེ་རྣམས་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་བྱས་ནས་ཞེས་བྱའི་དོན་ཏོ། །ལྕགས་གསུམ་ལས་འབྱུང་ལྡན་ བྱས་ཏེ། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ལྕགས་གསུམ་དང་ལྡན་པའོ། །མན་ངག་ལས་རྫས་ཀྱི་ཚད་གསུངས་པ། གསེར་ནི་མན་ཆ་གསུམ་དག་ལ། །ཕྱེད་དང་གསུམ་གྱིས་ར་ཏི་དང་། །ར་ཏི་གཅིག་གི་བརྒྱད་ཀྱི་ཆ། །ཐུགས་ཀྱི་རྡོ་རྗེ་བདག་ཉིད་སྦྱོར། །སྐུ་ཡི་རང་ བཞིན་གྱི་ནི་རྡུལ། དེ་ནས་མན་ཆ་བཞི་རྣམས་དང་། ར་ཏི་ཡི་ནི་བཞི་ཆ་གསུམ། །བརྒྱད་ཀྱི་ཆ་ཡི་བཅས་པ་ཡིས། །ཟངས་ནི་མན་ཆ་ལྔ་རྣམས་དང་། །ར་ཏི་དེ་ནི་ཕྱེད་དང་གཉིས། །གང་གི་ར་ཏི་བརྒྱ་དང་ནི། །ཉི་ཤུ་རྩ་ལྔ་ལྷག་མའོ། །རྫས་གསུམ་ལོག་པས་ཚང་བ་སྟེ། ། ལ་ལ་དག་གི་འདོད་པའོ། །གསེར་དང་ཟླ་བ་ཉི་མ་ནི། །གསུམ་དང་བཞི་དང་རིག་བྱེད་ཀྱི། །ཚད་དུ་བྱས་ཏེ་མན་ཆ་རྣམས། །རི་ལུ་བཅིང་བ་རིམ་གྱིས་ནི། །ཐུབ་པ་གསུམ་དང་མངའ་བདག་གི། །ར་ཏི་ལྷག་མ་གཞན་གྱི་གཞུང་། །ཞེས་ཟེར་རོ། །ཁར་ཞེས་བྱ་བ་ནི་ཤེས་རབ་ཀྱི་བྷ་ག་ལའོ། ། ལ་ལ་དག་རང་གི་ཁར་རོ་ཞེས་ཟེར་རོ། །དེའི་ནང་དུ་གཞུག་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་འཇམ་དཔལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཅན་མི་ཕྱེད་པས་བསྒོམས་པས་དེ་དང་མཚུངས་པར་འགྱུར་རོ། །མན་ངག་ལས་ཀྱང་བཤད་པ་རྟའི་ཤ་ཇི་ ལྟ་བ་བཞིན་དུ་སྦྱངས་པ་ལ་སོགས་པའི་རིམ་པས་རྫོགས་པ་ཡི་གེ་གསུམ་གྱིས་བསྔགས་ནས་རང་གི་རིག་མ་དམ་ཚིག་དང་སྡོམ་པ་ལ་གནས་པས་ཟར་གཞུག་པར་བྱའོ། །དེ་ལས་བྱུང་བའི་བདུད་རྩི་རྣམ་པ་ལྔ་བླངས་ནས་གསེར་དང་དངུལ་དང་ཟངས་ཀྱི་རི་ལུ་ཇི་ལྟ་བ་བཞིན་བཅིང་བར་བྱའོ། ། བདུད་རྩི་ལྔ་ཡང་ཡེ་ཤེས་ཀྱི་རང་བཞིན་དུ་བརྟགས་ནས་ཚེས་བཅོ་ལྔ་ལ་བསྒྲུབ་པའི་དཀྱིལ་འཁོར་བྲིས་ནས། ཉི་མ་ནུབ་པའི་དུས་སུ་ཇི་ལྟ་བ་བཞིན་དུ་གསང་བའི་མཆོད་པས་སངས་རྒྱས་ལ་སོགས་པ་མཆོད་དེ། རིག་མ་དང་བཅས་པའི་བདུད་རྩི་མྱངས་ཏེ། རི་ལུ་དེ་ཙ་ན་ཀའི་རུས་ པའི་ཚད་དམ་རྒྱ་ཤུག་གི་རུས་པའི་ཚད་ཙམ་ཆོས་འབྱུང་གི་དབུས་སུ་གཞུག་པར་བྱ་སྟེ། རང་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ཆོས་འབྱུང་བའི་ར་བར་ཞུགས་པར་ལྷག་པར་དམིགས་ནས་ཡི་གེ་མཾ་བཟླས་ཏེ། ཡང་ནས་ཡང་དུ་སངས་རྒྱས་རྣམས་མངོན་སུམ་བཞིན་དུ་དམིགས་ ནས་རྡོ་རྗེས་དགབ་པའམ། ལག་པ་གཡོན་པས་དགབ་པོ། །རི་ལུའི་ཡི་གེ་མཾ་ལས་སྐྱེས་པ་འབར་བར་མོས་པར་བསྒོམས་ཏེ་ཉི་མ་ཤར་གྱི་བར་དུའོ། །དེ་ནས་འབར་བ་འམ་དུ་བ་འམ། དྲོ་བར་འགྱུར་ཏེ། འབར་བས་ནི་འཇམ་དཔལ་དང་མཉམ་པའི་ཉི་མ་འཆར་ཀ་དང་འདྲ་ བའི་རིག་པ་འཛིན་པའི་གཙོ་བོར་འགྱུར་རོ། །དུ་བས་ནི་བདེ་བྱེད་ལ་སོགས་པའི་ལྷས་ཀྱང་རེས་འགའ་ཡང་མི་མཐོང་ངོ་། །དྲོ་བ་འབྱུང་བ་ནི་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གང་ཡང་གསུངས་པ། བཅུ་གཅིག་པར། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །སྐུ་ཡི་ རྡོ་རྗེ་ཐོབ་བྱེད་པ། །ཞེས་བྱ་བ་ལ་སོགས་པ། དེ་ལ་ཇི་ལྟར་དེ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་ཐོབ་པར་འགྱུར་བ་དེ་ལྟར་ད་ནི་རི་ལུ་བསྒྲུབ་པ་ལ་སྔོན་དུ་བསྙེན་པ་ལ་སོགས་པའི་སྒོ་ནས་གསུངས་པ་རང་གི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། གླུས་བསྐུལ་བའི་དེ་མ་ཐག་ཏུ་ཡི་གེ་ཨོཾ་གྱི་ས་བོན་དང་བཅས་པའི་འཁོར་ལོ་རྩིབས་བརྒྱད་པར་བསྒོམས་ནས། སྤྲོ་བ་ལ་སོགས་པའི་རིམ་གྱིས་རྣམ་པར་སྣང་མཛད་དུ་གྱུར་པའི་ཏིང་ངེ་འཛིན་གསུམ་གྱི་བར་དུ་བྱས་ལ། ཇི་ལྟ་བ་བཞིན་དུ་དམ་ཚིག་དང་སྡོམ་པ་ལ་གནས་ཏེ། རི་ལུ་སྒྲུབ་པའི་ དོན་དུ་ཇི་སྲིད་མཚན་མ་བྱུང་བ་ལ་སོགས་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་སྒྲུབ་པ་ལ་འཇུག་པར་བྱས་ཏེ། གང་ཡང་། དངོས་གྲུབ་སྒྲུབ་པའི་མཚན་མ་མཐོང་ནས་ནི། །དེ་ཉིད་གསུམ་མཆོད་བྱས་ནས་རང་གི་སེམས། །སྔར་བཤད་དཀྱིལ་འཁོར་ལ་ནི་གནས་ནས་སུ། ། འདོད་པའི་དངོས་གྲུབ་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་རང་གི་ས་བོན་དང་མཚན་མ་རྣམས་ཀྱིས་གསུང་དང་ཐུགས་རྡོ་རྗེ་དག་ཀྱང་ཇི་ལྟ་བ་བཞིན་དུ་བསྐྱེད་དོ། །དེ་ཡང་ཉེ་བར་མཚོན་པའི་དོན་ཏོ། །ཐམས་ཅད་དུ་རང་གི་ས་བོན་དང་། མཚན་མ་ལ་སོགས་ པའི་རིམ་པ་རྣམས་ཀྱིས་ལྷ་རྣམས་བསྐྱེད་པར་བལྟ་བར་བྱའོ། །རལ་གྲི་ལ་སོགས་པའི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར་གསུངས་པ། རང་གི་སྔགས་ཀྱིས་རལ་གྲི་བསྒོམ། །ཞེས་བྱ་བ་ལ་སོགས་པ་ལ་རལ་གྲི་གྲུབ་པའི་དུས་སུ་ཇི་ལྟ་བ་བཞིན་དུ་རང་གི་ས་བོན་གྱིས་རལ་གྲི་བསྐྱེད་ ལ་ནམ་ཞིག་གྲུབ་པ་ན་དེ་བླང་བར་བྱའོ། །དེ་བཞིན་དུ་འཁོར་ལོ་ལ་སོགས་པའི་དངོས་གྲུབ་ཀྱང་བལྟ་བར་བྱའོ། །ད་ནི་ཇི་སྐད་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་རྨི་ལམ་ལ་སོགས་པར་ཡང་དག་པའི་མཚན་མ་ཐོབ་པ་ནི་སྔར་གྱི་རི་ལུ་སྒྲུབ་པའི་ས་བོན་གྱི་ཁྱད་ པར་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། །ཙ་ན་ཀ་ཡི་འབྲུ་ཚོད་ཙམ། །ཞེས་བྱ་བ་ནི་རི་ལུ་ཐམས་ཅད་ཀྱི་ཐུན་མོང་ངོ་། །བྱང་ཆུབ་སེམས་དཔའི་འོད་འདྲ་བ། །ཞེས་བྱ་བ་ནི་གསུངས་མ་ཐག་པའི་འཇམ་དཔལ་ལ་སོགས་པའི་རྣམ་པའོ། །འདི་ཉིད་ཉི་མ་འཆར་བ་ལ་ སོགས་པས་གསུངས་སོ། །རྡོ་རྗེ་སྐུ་ནི་འདྲ་བའི་འོད། །ཅེས་བྱ་བའི་ཚིག་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་དང་ལྡན་པའི་སྐུ་ཐོབ་པ་ལས་རྣམ་པར་སྣང་མཛད་བདག་ཉིད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གསུང་དང་ཐུགས་རྡོ་རྗེ་ལ་སོགས་པ་དག་ཀྱང་རི་ལུའི་སྒྲུབ་པ་ལས་ཇི་ལྟར་ རང་གི་ས་བོན་ལ་སོགས་པའི་ཁྱད་པར་བལྟ་བར་བྱའོ། །ཐུགས་གཙོ་བོ་ཡིན་པའི་ཕྱིར་ཐམས་ཅད་དུ་རི་ལུ་དང་པོ་གསེར་གྱིས་དཀྲི་བར་བྱའོ། །དེ་བཞིན་དུ་རི་ལུའི་སྒྲུབ་པ་བརྗོད་ནས། འཁོར་ལོ་ལ་སོགས་པའི་སྒྲུབ་པ་གསུངས་པ། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་ མཛད་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ས་བོན་དང་མཚན་མའི་རིམ་གྱིས་སོ། །ལག་ཏུ་འཁོར་ལོ་རང་བསྒོམས་ནས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྔར་བསྙེན་པ་བྱ་བས་ཇི་ལྟ་བ་བཞིན་དུ་བསྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་ལྕགས་རྣོན་པོའི་རང་བཞིན་ནམ། གསེར་དང་དངུལ་གྱི་འཁོར་ལོ་བྱང་ཆུབ་ཀྱི་ཤིང་གི་འདབ་མ་ལ་གནས་པ་ཡི་གེ་ཨོཾ་གྱིས་འབར་བ་དང་བཅས་པ་བསྐྱེད་ལ། །རི་ལུ་བཞིན་དུ་དེའི་ནང་དུ་སོང་བའི་དེ་བཞིན་གཤེགས་པ་རྣམས་སྤྲོ་བ་ལ་སོགས་པའི་ཆོ་གས་དེ་སྲིད་བསྒོམ་པ་དང་བཟླས་པར་བྱ་སྟེ། ཇི་སྲིད་འབར་བའི་བར་དུའོ། ། འདིར་ཡང་སྔར་གྱི་བཞིན་འབར་བ་ལ་སོགས་པའི་དངོས་གྲུབ་རྣམ་པ་གསུམ་དུ་ཤེས་པར་བྱའོ། །དེ་ནས་སྤྱན་གྱི་སྔགས་བཟླས་ཤིང་བླང་ངོ་། །གང་གི་ཚེ་ཤིན་ཏུ་སྟེང་དུ་འབར་བ་དེའི་ཚེ། སའི་དཀྱིལ་འཁོར་གྱི་ཆོ་གས་མནན་ཏེ་བཟློག་པར་བྱའོ། །དེ་བཞིན་དུ་ཡི་གེ་ཧཱུཾ་གིས་ལྕགས་ གསུམ་གྱི་རང་བཞིན་གྱི་རྡོ་རྗེའོ། །ཡི་གེ་སྭཱས་མརྒད་དམ་གསེར་གྱི་རང་བཞིན་དུ་རིན་པོ་ཆེའོ། །ཡི་གེ་ཨཱཿས་དཀར་པོའམ་དམར་པོའི་ཙན་དན་གྱི་རང་བཞིན་ནམ། པདྨ་རཱ་གའི་རིན་པོ་ཆེའི་རང་བཞིན་ནམ། ཟངས་ཀྱི་རང་བཞིན་པདྨ་འདབ་མ་བརྒྱད་པའི་པདྨའོ། །ཡི་གེ་ཧས་ ལྕགས་རྣོན་པོའི་རང་བཞིན་ནམ་ལྕགས་གཞན་གྱི་རང་བཞིན་ལ་རལ་གྲི་རྫོགས་པར་བྱ་སྟེ། སྔར་གྱི་བཞིན་དུ་བསྒོམ་པར་བྱའོ། །དངོས་གྲུབ་ཀྱི་མཚན་མ་མཐོང་ནས། རང་རང་གི་རིག་མའི་སྔགས་ཀྱིས་བླང་བར་བྱའོ། །རིན་པོ་ཆེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ ཀྱི་ཡུམ་ཉིད་ཀྱི་ཕྱིར་མཱ་མ་ཀཱིའི་སྔགས་ཀྱིས་བླང་བར་བྱའོ། །ཡང་ན་ནམ་མཁའ་རྡོ་རྗེ་མའི་སྔགས་ཀྱིས་བླང་བར་བྱ་སྟེ། ཨོཾ་ཀཱ་མ་བཛྲི་ནི་སིདྡྷཱ་སཱི་བི་ཤུདྡྷ་སཱི་སྭ་བྷཱ་བ་ག་ག་ན་ཨུཏྦྷཱ་བ་ཡོ་གེ་ན་སིདྡྷ་མཾ་པ་ར་མཀྵ་རེ། ཏ་བྱ་ཐཱ་ག་ག་ན་ཨུཏྦྷཱ་བེ་ག་ག་ན་བི་ཤུདྡྷེ། སརྦ་ཨ་བྷི་པྲ་ཡ་པ་རི་ པཱུ་ར་ནི་སྭཱ་ཧཱ། ཞེས་བྱའོ། །ཡང་ན་རང་གི་དཀྱིལ་འཁོར་ལ་གནས་པའི་ལག་པ་གཡས་པར་བཞག་ལ་རང་གི་སྔགས་ལས་བྱུང་བའི་འཁོར་ལོ་ལ་སོགས་རང་གི་རིགས་ནང་དུ་ཞུགས་པ་སྔོན་དུ་འགྲོ་བ་བསྒོམ་པར་བྱ་སྟེ། དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དུའོ། །དེ་བཞིན་དུ་ མཚན་མ་གཞན་གྱི་ཡང་བསྒྲུབ་པར་བྱ་བའི་ཕྱིར་གསུངས་པ། རྩེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་རྡོ་རྗེ་ལ་སོགས་པའི་སྦྱོར་བས་བསྒྲུབ་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ཀྱོ་བའོ། །འདི་ཉིད་རྩེ་གསུམ་ལ་སོགས་པ་རྣམས་ཀྱི་ཡང་ཁྱད་པར་རོ། །སོགས་པའི་སྒྲས་ནི་ཞགས་པ་ལ་སོགས་པ་ཡང་གཟུང་ངོ་། ། དེ་ཉིད་གསུངས་པ། རྡོ་རྗེ་ཁྱད་པར་གྱིས་བསྒྲུབ་ན། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། རྡོ་རྗེ་ལ་སོགས་པའི་སྒྲུབ་པ་གསུངས་པའི་ཆོ་གས་རང་འདོད་པའི་ལྷའི་སྦྱོར་བ་སྔོན་དུ་སོང་བས་རྩེ་གསུམ་ལ་སོགས་པའི་བསྒྲུབ་པས་རྩེ་གསུམ་གྱི་རིག་པ་འཛིན་པ་ལ་སོགས་པར་འགྱུར་རོ། །ཡང་ན་ ཚར་གཅོད་པ་དང་རྗེས་སུ་གཟུང་བའི་ལས་རྫོགས་པར་བྱ་བའི་ཕྱིར་སྟོབས་པོ་ཆེ་ལ་སོགས་པའི་སྦྱོར་བས་རྩེ་གསུམ་ལ་སོགས་པ་ཇི་ལྟར་གསུངས་པའི་ཆོ་གས་བསྒྲུབ་པར་བྱ་བ་གསུངས་པའོ། །སངས་རྒྱས་ལ་སོགས་པ་དགུག་པའི་དོན་དུ་རྡོ་རྗེ་ཀྱོ་བ་ལ་སོགས་པའི་སྒྲུབ་པ་གསུངས་ པ། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་དགུག་པ་ཞེས་བྱ་བ་ནི་རྡོ་རྗེ་ཀྱོ་བའོ། །སྦྱོར་གསུམ་སྔགས་ཀྱིས་སྐྱེས་བུར་བསམ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་དང་བཅས་པ་རྡོ་རྗེ་འཛིན་པ་ཆེན་པོའི་སྦྱོར་བ་བྱས་ནས་ཞེས་བྱ་བའི་དོན་ཏོ། །སྦྱོར་གསུམ་རྡོ་རྗེ་ཅན་རྣམས་ ཀྱི། །ཞེས་བྱ་བ་ནི་ཐུགས་ཀར་ཡེ་ཤེས་སེམས་དཔའི་རང་བཞིན་ནོ། །ཀྱོ་བ་དང་ཞེས་བྱ་བ་ནི་དེའི་སྙིང་གར་ཡང་རྡོ་རྗེ་ཀྱོ་བ་ཕྱག་ན་འཛིན་པ་ལྷའི་གཟུགས་སོ། །སྐུ་གསུང་ཐུགས་ཀྱི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པའོ། །ཁ་ཅིག་ནི་ ཡི་གེ་གསུམ་གྱིས་རྫོགས་པའོ་ཞེས་འདོད་དོ། །རླུང་གི་དཀྱིལ་འཁོར་མཆོག་གནས་པ། །ཞེས་བྱ་བ་ལ་འདི་སྐད་བརྗོད་པ་ཡིན་ཏེ། རྡོ་རྗེ་འཛིན་པའི་སྦྱོར་བས་མཚན་མ་ཐོབ་པས་རྡོ་རྗེ་བཀུག་པ་སྒྲུབ་པའི་དོན་དུ་ཡང་། ལམ་གྱི་བཞི་མདོ་ལ་སོགས་པར་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་དཀྱིལ་ འཁོར་ཡོངས་སུ་བརྟགས་ནས། ཏིང་ངེ་འཛིན་གསུམ་བསྒོམས་པའི་དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་ཧཱུཾ་གིས་རྡོ་རྗེ་ཀྱོ་བ་བསྐྱེད་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པ་ཆེན་པོ་ལྟ་བུ་རྩ་བའི་ཕྱག་གིས་རྡོ་རྗེ་ལྕགས་ཀྱུ་འཛིན་པ་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པ་ དང་། མིག་ལ་སོགས་པ་རྣམ་པར་དག་པ་དང་། རྡོ་རྗེ་འཛིན་པའི་ཅོད་པན་ཅན་ཁྲོ་བོའི་ཉམས་དང་བཅས་པ་དེ་ཉིད་དུ་རྫོགས་པར་བྱས་ཏེ། ཇི་ལྟ་བ་བཞིན་དུ་གདོན་པ་བྱས་ནས་མདུན་དུ་རླུང་དང་ཟླ་བའི་གདན་ལ་གནས་ནས་བཀའ་ནོད་ཅིང་སྤྲོ་བ་ལ་སོགས་པ་ཇི་སྲིད་དུ་སྒོམ་པར་བྱེད་པ། མངོན་སུམ་དུ་དམིགས་པར་འགྱུར་བ་དེ་སྲིད་དུའོ། །འདི་ཉིད་ཀྱིས་ཐམས་ཅད་དུ་སངས་རྒྱས་དགུག་པར་བྱའོ་ཞེས་གསུངས་པ། འདི་ནི་སངས་རྒྱས་དགུག་པའི་མཆོག་ཅེས་སོ། །འདི་ཉིད་གསུངས་པ། ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས། ཕྱོགས་བཅུའི་དམ་ཚིག་རྡོ་རྗེ་ འཛིན་པ་ལས་སྤྲོས་པའི་རྣམ་པ་ཡང་དག་པར་བྱུང་བ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་རྣམས་སོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ཡིན་ལ་བཀུག་ནས་ནི་བསྐུལ་ནས་ཏེ། བྱོན་པར་བྱས་ནས་ཉེ་བར་སྤྱོད། །ཅེས་བྱ་བ་ནི་དངོས་གྲུབ་སྟེར་བ་ལ་སོགས་པས་སོ། །ལ་ལ་ དག་ནི་ཇི་ལྟར་འདོད་པའི་ལྷའི་བུ་མོ་རྣམས་ཀྱང་འདིས་དགུག་པར་བྱའོ་ཞེས་པའི་དོན། འདིར་ཕྱོགས་བཅུ་ལ་སོགས་པའི་གཞུང་དང་སྦྱར་རོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །དེའི་དགུག་པའི་སྒྲུབ་པ་ཞེས་བྱ་བ་ནི་ལྷག་མའོ། །ཇི་ལྟ་བུ་ཞེ་ན་ གསུངས་པ། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་དང་། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་རིན་པོ་ཆེ་ལ་སོགས་པ་གཟུང་ངོ་། །དམ་ཚིག་དགུག་པ་ཞེས་བྱ་བ་ནི་འདི་སྐད་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་ གྱིས་སྒྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་རྡོ་རྗེ་འཛིན་པ་ཡང་དགུག་པར་རོ། །སྦྱོར་བ་གཞན་བཤད་པ། སྔོན་དུ་སོང་བ་རྡོ་རྗེ་ཀྱོ་བའི་སྒྲུབ་པ་གསལ་བར་བྱ་བ་གསུངས་པ། རྣམ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་སྐུ་ཞེས་བྱ་བ་ནི་ རྡོ་རྗེ་འཛིན་པའི་སྐུའོ། །སངས་རྒྱས་རྡོ་རྗེ་འཛིན་པར་བཤད། །ཅེས་བྱ་བའི་ཚིག་ལས་སོ། །ལག་ཏུ་ཞེས་བྱ་བ་ནི་ལག་པ་གཡས་པའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་འབའ་ཞིག་གི་སྦྱོར་བ་མ་ཡིན་གྱི། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཡང་བྱའོ་ཞེས་བསྟན་ཏོ། ། འདི་སྐད་གསུངས་པ་ཡིན་ཏེ། མཚན་མ་ཐོབ་པའི་རྡོ་རྗེ་འཛིན་པ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་རང་གི་དཀྱིལ་འཁོར་ལ་གནས་པའི་ལག་པ་གཡས་པར་དངོས་སུ་ལྕགས་རྣོན་པོ་ལས་བརྡུངས་པའི་ལྕགས་ཀྱུ་འམ། བསྒོམས་པས་ཡི་གེ་ཧཱུཾ་ལ་སོགས་པའི་ས་བོན་གྱིས་རྫོགས་ནས་སྤྲོ་བ་ལ་སོགས་ པ་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་མཚན་མ་མངོན་སུམ་དུ་འབར་བར་མཐོང་བའོ། །དེས་གང་འདོད་པ་སྟེ་འགུགས་པར་བྱེད་དོ། །གང་གསུངས་པ་ལེའུ་བཅུ་གཅིག་པར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །འཇིག་རྟེན་དབང་ཕྱུག་ རབ་བསྒོམས་ཏེ། །ཆོས་ཀྱི་ཨོཾ་ནི་བསྒོམ་པར་བྱ། །ཞེས་པ་དེ་ནི་ངག་གི་དངོས་གྲུབ་ལ་སྦྱོར་བ་གསུངས་པ། འདི་དག་ལྟ་བུའི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། འདི་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བ་སྟེ། ཚིག་ལས་བྱེད་པ་ཞེས་བྱ་བ་ནི་ངག་ཙམ་ཉིད་ཀྱིས་དེ་ཐམས་ ཅད་དགུག་པ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ། །ཆོ་ག་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྐུ་ཞེས་བྱ་བ་ནི་རང་གི་ལྷའི་སྐུ་རྡོ་རྗེར་བདག་ཉིད་བསམས་ནས། རྡོ་རྗེའི་སྦྱོར་བས་ལྕེ་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ། དེ་སྒོམ་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། མཚན་མ་ཐོབ་པའི་རྣལ་འབྱོར་པ་སྒྲུབ་པའི་དཀྱིལ་འཁོར་དུ་རང་གི་ལྷའི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པ་ཇི་ལྟ་བ་བཞིན་དུ་ལྕེ་འཇིག་རྟེན་དབང་ཕྱུག་ཏུ་བསྐྱེད་པ་དེའི་སྙིང་གར་ཡི་གེ་ཨོཾ་འོད་ཟེར་ལྔའི་ཚོགས་འཕྲོ་བ་ལ་ སོགས་པའི་རིམ་གྱིས་དེ་སྲིད་དུ་བསྒོམ་པར་བྱ་སྟེ། ཇི་སྲིད་དུ་འོད་ཟེར་གྱི་སྣང་བ་ལ་སོགས་པས་རྟགས་ཐོབ་པར་འགྱུར་བར་རོ། །དེའི་ཕྱིར། རྡོ་རྗེ་གསུང་དང་འདྲ་བར་འགྱུར། །ཞེས་བྱ་བ་ནི་ངག་ཉིད་རྡོ་རྗེ་སྟེ་གསུངས་པའི་དོན་ལ་མི་སླུ་བས་མི་ཕྱེད་པས་གང་རྣམས་ཀྱིས་དེ་བཞིན་དུ་བརྗོད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཉམ་པར་འགྱུར་རོ་ཞེས་ཏེ། ཐོགས་པ་མེད་པའི་ངག་ཏུ་འགྱུར། །ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་གཞུང་འདི་རིག་མ་རྗེས་སུ་ཆགས་པ་དང་སྦྱོར་རོ། །གསང་བ་དང་ཅིག་ཤོས་ཀྱིས་མཆོད་པ་སྔོན་དུ་སོང་བས་དངོས་གྲུབ་ཐམས་ཅད་ བསྒྲུབ་པར་བྱའོ་ཞེས་གསུངས་པ། གསང་བ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་གསུམ་དམ་ཚིག་ནི་རང་གི་ལྷ་མོ་དེ་ཉིད་དོ། །མཆོད་པའི་གཙོ་བོ་བྱེད་པ་ཉིད་ཀྱིས་མཆོད་པའི་མཆོག་ཅེས་བྱ་བ་ནི། བྱེད་པའི་གཉིས་པ་ཞེས་བྱ་བའི་དོན་ཏོ། །མཆོད་པ་ཞེས་ བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའི་ངོ་བོའོ། །མཆོད་ནས་ཞེས་བྱ་བ་ནི་འདི་བྱས་ནས་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བསྒྲུབ་ཅེས་བྱ་བ་ནི་དངོས་གྲུབ་ཀྱི་ཚོགས་སུ་ཤེས་པར་བྱ་སྟེ། དེའི་སྐབས་ཡིན་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་སྟོན་པར་ འགྱུར་བའོ། །དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་རྣམས་ཀྱིའོ། །དངོས་གྲུབ་སྣ་ཚོགས་བསྒྲུབ་པ་ལ་དབང་བ་རྣམས་ཀྱི་ཕྱོགས་གཅིག་ཏུ་གསུངས་པ་ཉིད་ཀྱིས་གསང་བ་རྣམས་ཀྱི་དམ་ཚིག་བསྡུས་པ་རྣམས་སོ། །དེ་ཉིད་དངོས་གྲུབ་ཀྱི་བྱེ་བྲག་གི་ སྦྱོར་བ་གསུངས་པ། ཤ་ཆེན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཀྱང་སེམས་ཅན་རྣམས་བསད་པ་མ་ཡིན་པར་བལྟ་བར་བྱ་སྟེ། སྙིང་རྗེ་རྩ་བ་ཉིད་ལས་རྫོགས་པའི་བྱང་ཆུབ་ཡིན་པའི་ཕྱིར་རོ། །འདི་ཡང་རྡོ་རྗེ་བདུད་རྩི་ལས་གསུངས་པ། བཙན་ཐབས་ཀྱིས་གསད་ ནགས་ནས་རྙེད། །ཤ་ཆེན་ཡང་དག་ཟས་སུ་ཟ། །མདུང་ལ་བཙུགས་དང་དཔྱངས་པ་དང་། །གཡུལ་དང་རྒྱལ་པོས་བསད་པ་དག །ཟབ་ཅིང་བརྟན་པས་ཟས་ཟོས་ནས། །ནད་མེད་ཚེ་ནི་འཕེལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །ཡང་ན་གཉིས་སུ་མེད་པའི་རྣལ་ འབྱོར་བསྒོམ་པ་ཉིད་དམ་ཚིག་ཐམས་ཅད་བསྒྲུབ་པ་སྟེ། གང་ཡང་དཔལ་བདེ་བ་དམ་པ་རྟོགས་པ་ལས། ཁྲག་དང་ཁུ་བ་དེ་བཞིན་ཤ །དྲི་ཆེན་དྲི་ཆུ་ཉིད་དང་ནི། །གང་ཞིག་གསང་བ་བདག་གིས་བཤད། །དམ་ཚིག་ཅེས་བྱ་འབད་པ་ཡིས། །དེ་བཞིན་ གཤེགས་པ་དེ་ཐམས་ཅད། །མི་གསལ་བ་ཡི་ཐ་སྙད་ལ། །དམ་ཚིག་ཅེས་ནི་གསུངས་པ་ཡང་། །སེམས་ཅན་ལ་ཕན་འཇུག་པས་སོ། །དེ་ཡི་སེམས་ནི་ཁྲག་ཡིན་ཏེ། །གང་ཚེ་སེམས་ཅན་ཡོད་མ་ཡིན། །འདི་ཡི་དོན་ནི་རྟོགས་པ་ཡིས། །ཁྲག་ཅེས་པ་ནི་ཟོས་པར་འགྱུར། ། ཟས་སུ་ཟ་བ་ཁྲག་ཆེན་པོ། །དེ་ནི་སྣང་བ་མཐའ་ཡས་འགྲོ། །གང་ཞིག་ཆོས་རྣམས་མ་སྐྱེས་པ། །ཁུ་བ་ཡི་ནི་སྒྲ་ཡིས་བརྗོད། །དེ་ནི་རྗེས་སུ་མ་སྐྱེས་རྟོགས། །བཟའ་བ་ཞེས་ནི་བརྗོད་པའོ། །གང་ཞིག་དངོས་པོ་མཉམ་པ་ཡང་། །ཤ་ཞེས་སུ་ནི་རབ་ཏུ་གྲགས། །མི་དམིགས་ པ་ཡི་སྦྱོར་བ་ཡི། །བཟའ་བ་ཞེས་སུ་མངོན་པར་བརྗོད། །གང་ཚེ་ཤིན་ཏུ་སྦྱངས་པའི་སེམས། །མཉམ་པའི་དོན་དུ་རབ་ཏུ་སྦྱོར། །གཅི་བའི་སྒྲ་ཡིས་བརྗོད་པའོ། །དེ་འགྱུར་ལས་ཀྱི་སྦྱོར་བ་ལས། །ཅི་ཡང་མེད་པའི་གང་ཞིག་སེམས། །གནས་པ་ཡང་ནི་མི་རྟོགས་པ། ། དེ་ནི་དྲི་ཆེན་དག་ཏུ་བཤད། །བཟའ་བ་མངོན་པར་རྟོགས་པའོ། །ཞེས་གསུངས་སོ། །མ་རྙེད་ན་ཇི་ལྟར་བྱ་ཞེ་ན་གསུངས་པ། ཐམས་ཅད་མེད་ན་ཞེས་བྱ་བ་ལ་སོགས་པ་ལ། འདིས་དེ་ཁོ་ན་ཉིད་དུ། དངོས་པོ་ཐམས་ཅད་རང་བཞིན་མེད། །ཅེས་གསུངས་པའོ། །ཇི་ལྟར་ འདི་བསྟན་ཞེ་ན་གསུངས་པ། འདི་བྱས་ན་ཞེས་བྱ་བ་ལ་ནི་དེ་མ་ཐག་ཏུ་སྟོན་པར་འགྱུར་བས་སོ། །རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ཏོ། །དེ་ཉིད་གསུངས་པ། རྣམ་པ་ཀུན་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ཅན། །ཞེས་བྱ་བ་ནི་མི་བསྐྱོད་པ་འམ། །རྡོ་རྗེ་འཛིན་པ་སྒོམ་པར་བལྟའོ། །སྙིང་གར་ཡེ་ཤེས་དམ་ཚིག་དང་། །ཞེས་བྱ་བ་ནི་དེ་ཉིད་ཡེ་ཤེས་སེམས་དཔའི་ངོ་བོའོ། །དབུ་རྒྱན་རྡོ་རྗེ་འཛིན་པའི་མཆོག །ཅེས་བྱ་བ་ནི་བདག་པོའོ། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །ཞེས་བྱ་བ་ ནི་སྙིང་གའི་དཀྱིལ་འཁོར་ལ་གནས་པའོ། །སངས་རྒྱས་ཐམས་ཅད་ཀྱང་ཚིམ་པར་བྱ་བ་འཆད་པར་འགྱུར་བའི་ཆོ་གའོ་ཞེས་བྱ་བའི་དོན་ནི། ལྕེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་སྐད་གསུངས་པ་ཡིན་ཏེ། ལྕེའི་གནས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་ཡི་གེ་ཧཱུཾ་གིས་བྱིན་གྱིས་ བརླབས་པ་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ་བསྒོམས་པས་སོ། །ཡི་གེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨ་ལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཨོཾ་གྱིས་མཚན་མའི་བདུད་རྩི་ནི། །དེ་ཡི་དབུས་སུ་གཞག་པར་བྱ། །རྡོ་རྗེ་པདྨ་ མཉམ་སྦྱོར་བས། །འབར་ནས་རྣལ་འབྱོར་པས་སྤྲོ་བྱ། །ཤེལ་དང་མཚུངས་པར་སྣང་འགྱུར་ཞིང་། །ཡེ་ཤེས་ཉི་བཞིན་གཞན་ཡིན་ནོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱིས། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །ཡེ་ཤེས་བདུད་རྩི་དེར་ཕབ་ ནས། །དེ་བཟའ་བར་ནི་ངེས་པ་ཡིན། །ཞེས་བྱ་བ་སྟེ། བདུད་རྩི་རྣམ་པ་ལྔའི་སྦྱོར་བས་ཟོས་ན་རྡོ་རྗེ་གསུམ་ཉིད་ཐོབ་པར་འགྱུར་རོ། །འདི་ཐམས་ཅད་སྣང་བ་མཐའ་ཡས་ལ་སོགས་པའི་སྦྱོར་བས་ཀྱང་བྱའོ་ཞེས་ངེས་པར་བསྟན་པ་གསུངས་པ། ཨཱཿདང་ཨོཾ་གྱི་དམ་ཚིག་ ཀྱང་། །ཞེས་བྱ་བ་ནི་ཡི་གེ་ཨཱཿའི་དམ་ཚིག་ནི་སྣང་བ་མཐའ་ཡས་སོ། །ཡི་གེ་ཨོཾ་གྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ཀྱང་བསྒོམས་ནས་སོ། །འདི་ནི་བདུད་རྩི་སྟེ་རྡོ་རྗེའི་ཚུལ་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྒྲུབ་པའོ། །མཆོག་གི་གཙོ་བོ་སྟེ་ངེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། ། རྡོ་རྗེ་མི་ཕྱེད་འདྲ་བར་འགྱུར། །ཞེས་བྱ་བ་ནི་འདིའི་གཉིས་སུ་མེད་པའི་སྦྱོར་བ་སྔོན་དུ་སོང་བའི་གོམས་པ་ཆེ་བའི་བདག་ཉིད་ལས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ཇི་སྐད་གསུངས་པ་ཡིན་ལ། དེ་ཉིད་རྡོ་རྗེ་བདུད་རྩི་སྟེ་གཉིས་སུ་མེད་པའི་ ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་རྒྱུན་མི་འཆད་པའི་རིམ་པ་བཤད་པའི་རིམ་པས་ཕྲེང་བ་སྟེ་དེ་གང་ལ་ཡོད་པའི་ཕྲེང་བ་དེ་ཉིད་ཀྱི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཤད་མ་ཐག་པའི་དངོས་གྲུབ་རྣམས་ཀྱི་འབྲས་བུའི་ཕན་ཡོན་གསུངས་པ། རྡོ་རྗེ་གསུམ་ཞེས་ བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་གྱི་དངོས་གྲུབ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་བོ། །འཁོར་ལོའི་དམ་ཚིག་གྲུབ་མཆོག་ལ། །ཞེས་བྱ་བ་ནི། འཁོར་ལོ་ལ་སོགས་པའི་དངོས་གྲུབ་གྲུབ་པས་སོ། །སངས་རྒྱས་ཀུན་ལ་འཕྲོག་པ་དང་། །ཞེས་བྱ་བ་ནི་དེའི་ཡོན་ཏན་བསྐྱེད་ པའི་དོན་དུ་ཞེས་བྱ་བའི་དོན་ཏོ། །ཡན་ལག་བཞི་པའི་ལྷའི་སྦྱོར་བ་སྔོན་དུ་སོང་བས་དངོས་གྲུབ་ཐམས་ཅད་ཡིན་པས་དེ་མདོར་བསྟན་པ་ལ་སོགས་པ་གསུངས་པ། སྙན་པའི་དམ་ཚིག་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། བཞི་པོ་འདི་ནི་མདོར་བསྟན་པའི་ཚིག་ཡིན་ནོ། །རྡོ་རྗེ་བྱེ་བྲག་ཅེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་རིགས་ལྔའི་བྱེ་བྲག་གིས་རང་གི་ཡེ་ཤེས་ཀྱི་ལྷ་རྫོགས་པ་ལས་སོ། །ཡང་ན་བསྐྱེད་པའི་རིམ་པས་བྱེ་བྲག་གིས་སོ། །ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ཞེས་ལ་ལ་དག་འདོད་དོ། །དེ་ནས་ཞེས་བྱ་བ་ནི་རྫོགས་པའི་ དེ་མ་ཐག་ཏུའོ། །ལས་རྣམས་ཞེས་བྱ་བ་ནི་དཔལ་གསང་བ་འདུས་པར་གསུངས་པ་འམ། གཞན་གྱི་རྒྱུད་དུ་རྙེད་པ་སྟེ། རང་དང་གཞན་གྱི་དོན་བྱེད་པའི་མཚན་ཉིད་རྣམས་སོ། །ད་ནི་མདོར་བསྟན་པའི་ཚིག་དགྲོལ་བའི་ཕྱིར་གསུངས་པ། བསྙེན་པ་ཞེས་བྱ་བ་ལ་སོགས་པ་ལ་ཏིང་ངེ་ འཛིན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པར་གྱུར་པ་སྟེ། འདིར་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་སྦྱོར་བ་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རང་གི་ལྷའི་གཟུགས་སོ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བསྒོམ་ པར་བྱ་ཞེས་བྱ་བའི་དོན་ཏོ། །ཉེ་བར་བསྒྲུབ་པའི་ཡན་ལག་གསུངས་པ། ཉེ་བར་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་སྐྱེ་བའི་སྒོར་གྱུར་པའི་ཕྱིར་སྐྱེ་མཆེད་རྣམས་སོ། །དེ་རྣམས་ཀྱི་དཔྱད་ པ་ནི་སའི་སྙིང་པོ་ལ་སོགས་པའི་གཟུགས་ཀྱིས་མིག་ལ་སོགས་པ་དྲུག་དང་། གཟུགས་རྡོ་རྗེ་ལ་སོགས་པས་གཟུགས་རྡོ་རྗེ་ལ་སོགས་པ་དྲུག་དང་། སྤྱན་ལ་སོགས་པའི་རང་བཞིན་གྱིས་ས་བོན་ལ་སོགས་པ་རྣམས་དང་། རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཀྱིས་གཟུགས་ལ་ སོགས་པའི་ཕུང་པོ་ལྔ་རྣམས་ལ་ངེས་པར་བྱེད་པའོ། །བསྒྲུབ་པའི་ཡན་ལག་གསུངས་པ། སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་འོད་ཟེར་རྣམས་དང་། ཚིགས་བཅད་ཀྱིས་ཐུགས་རྡོ་རྗེ་ལ་སོགས་པ་བསྐུལ་བའོ། །སྔགས་ཀྱི་བདག་པོ་བསྒོམས་པ་ཡིས། །ཞེས་བྱ་བ་ནི་ཇི་ལྟ་བ་ བཞིན་དུ་ཐུགས་རྡོ་རྗེ་ལ་སོགས་པའི་དམ་ཚིག་སེམས་དཔའི་གཟུགས་རྣམས་རྫོགས་པའོ། །སྒྲུབ་པ་ཆེན་པོའི་ཡན་ལག་གསུངས་པ། སྒྲུབ་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་ཆེན་པོའི་དུས་སུ་ནི། རང་སྔགས་རྡོ་རྗེ་ཅན་ནི་རང་གི་ལྷ་རྣམས་སོ། །བདག་པོ་ནི་གཟུགས་ཏེ། ཕྱག་ རྒྱ་ཆེན་པོའི་གཟུགས་ཀྱིས་ཅོད་པན་དུ་བསྒོམས་ནས་སོ། །ཡེ་ཤེས་རྡོ་རྗེ་ཅན་འགྲུབ་འགྱུར། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཅེས་བྱ་བ་ནི་སྐད་ཅིག་ལ་རབ་ཏུ་སྒྲུབ་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ ལྷའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་བྱ་བ་ནི་ཐམས་ཅད་ལས་སོ། །རྟག་ཏུ་ཞེས་བྱ་བ་ནི་ཐུན་མཚམས་ཀྱི་ངེས་པ་མེད་པའོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་རྫོགས་པའི་རིམ་པའི་སྦྱོར་བས་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་རྫོགས་པ་གཡོ་བ་དང་མི་གཡོ་བའི་བདག་ ཉིད་དུ་བདག་ཉིད་ངེས་པས་རྒྱུན་མི་འཆད་པའི་རིམ་པས་སྦྱོར་བས་སྒོམ་པ་ཡོངས་སུ་རྫོགས་པའི་བསྙེན་པ་ལ་སོགས་པའི་ཡན་ལག་བཞི་བྱའོ། །བསྐྱེད་པའི་རིམ་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ་དང་པོའི་ཡན་ལག་ཟླ་བ་ཞུ་བའི་གཟུགས་ཉིད་ཀྱིས་སྟོང་པ་ཉིད་ཀྱི་བྱང་ཆུབ་བོ། ། གཉིས་པ་ལྷ་མོའི་གླུས་བསྐུལ་བ་སྔོན་དུ་སོང་བ་རང་གི་ལྷའི་ས་བོན་དང་ཕྱག་མཚན་གྱི་གཟུགས་སུ་ཞུ་བ་བསྡུས་པའི་ཚོགས་ཀྱི་རང་བཞིན་ནོ། །གསུམ་པ་ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་གཟུགས་རྫོགས་པའོ། །བཞི་པ་ཆོས་ཀྱི་དབྱིངས་སུ་མོས་པའོ། །འདིས་ནི་རྡོ་རྗེ་བཞིའི་ལྷ་ རྫོགས་པའོ། །ཡང་ན་སྔོན་དུ་བསྙེན་པ་བྱས་ཏེ། བརྟུལ་ཞུགས་བརྟན་པ་ཞེས་བྱ་བ་ནི་མི་ཕྱེད་པའི་རིག་པའི་བརྟུལ་ཞུགས་ལ་གནས་པས་སོ། །སྐུ་གསུམ་དམ་ཚིག་དེ་ཉིད་ཀྱིས། །ཞེས་བྱ་བ་ནི་སྐུ་གསུམ་གྱི་དམ་ཚིག་རྣམས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་དེ་རྣམས་ཀྱིས་བྱིན་གྱིས་བརླབ་པའོ། ། དུས་བཞི་དག་ཏུ་རབ་སྦྱོར་བས། །ཞེས་བྱ་བ་ནི་ཐུན་བཞིའི་རིམ་གྱིས་སོ། །གནས་ལྔར་ཞེས་བྱ་བ་ནི་རིགས་ལྔ་ཚོགས་པ་ཉིད་ཤེས་རབ་ཏུ་བརྗོད་དོ། །ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ། །ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ཆ་ཨོཾ་གྱི་ཡི་གེས་བསྐྱེད་ནས་ཤེས་རབ་ཀྱི་གནས་སྐབས་སུ་ བསྒོམ་པའི་དོན་དུ་དྲན་པར་བྱའོ་ཞེས་སོ། །ལ་ལ་དག །དེ་ནས་རྡོ་རྗེ་བཞི་དག་གིས། །ཞེས་བྱ་བའི་གཞུང་ནི་དཀྱིལ་འཁོར་གྱི་དོན་རྫོགས་པ་ལ་སྦྱར་རོ། །ཞག་བདུན་ཞེས་བྱ་བ་ལ་སོགས་པ་ལ་སྔོན་དུ་བསྙེན་པ་བྱས་པ་ལ་སོགས་པ་གང་གི་ཚེ་སྒྲུབ་པ་ལ་འཇུག་སྟེ། ཞུགས་པས་ མ་གྲུབ་ན་ཡང་སྒྲུབ་པ་དོན་དུ་གཉེར་བར་འགྱུར་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་བརླབ་པའི་དོན་དུ་ཇི་ལྟ་བར་བསྐུལ་བར་སྟོན་ཏོ། །དེ་ཉིད་ཀྱི་དགོངས་པ་གསུངས་པ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་བསྒྲུབ་པར་བྱ་བ་ནི། སྐུ་རྡོ་རྗེ་ཉིད་འདིས་བསྒྲུབས་པས་སྐུ་ རྡོ་རྗེ་ལ་སོགས་པ་འདི་ཉིད་བྱིན་གྱིས་བརླབས་པས་དེ་ཉིད་མངོན་པར་བྱང་ཆུབ་པའི་རྒྱུ་ཉིད་ཀྱིས་ཉེ་བར་གྱུར་པ་ཉིད་ཀྱི་ཕྱིར་ཉེ་བར་སྒྲུབ་པའོ། །སྐུའི་ཉེས་པ་ཐམས་ཅད་སྡོམ་པ་ཉིད་ཀྱི་ཕྱིར་ན་སྡོམ་པའོ། །དེའི་ཡུལ་ནི་གསོལ་བ་བཏབ་པས་སྐུ་རྡོ་རྗེ་ལ་སོགས་པ་རྣམས་མངོན་སུམ་དུ་བྱས་པའོ། ། དེ་ཉིད་གསུངས་པ་སངས་རྒྱས་སྐུ་འཛིན་ཞེས་བྱ་བ་ལ་སོགས་པ་ལ་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེའི་སྐུ་དེའི་བདག་ཉིད་དུ་འཛིན་པར་བྱེད་པས་ན་སྐུ་རྡོ་རྗེ་འཛིན་པ་སྟེ་དེ་སྐུ་རྡོ་རྗེའོ། །ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུན་སུམ་ཚོགས་པའི་སྦྱོར་བ་ལས་དཔལ་ལྡན་ནོ། ། རྡོ་རྗེ་གསུམ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །མི་ཕྱེད་པ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དོ། །དེའི་ངོ་བོ་ཉིད་ཀྱིས་འབྱུང་བའི་ཚུལ་གྱིས་བདག་ཉིད་ནི་བདག་གི་རྣལ་འབྱོར་པའིའོ། །སྒོམ་པས་ཞེས་བྱ་བའི་ཚིག་ལ་ནི་རྫོགས་པའི་སྐུའི་རྡོ་རྗེ་འཛིན་པའོ་ཞེས་སྦྱར་རོ། །བྱིན་ གྱིས་བརླབས་པ་ནི་སྐུ་རྡོ་རྗེ་ཉིད་ལ་སོགས་རྫོགས་པའོ། །དེང་ཞེས་བྱ་བ་ནི་ད་ལྟ་སྟེ། རྡོ་རྗེ་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེས་ཏེ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་འདེབས་པའོ། །དེ་ལྟར་བྱེ་བྲག་ཏུ་གསོལ་བ་བཏབ་ནས། སྤྱིར་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་གསོལ་ བ་གདབ་པའི་དོན་དུ་གསུངས་པ། ཕྱོགས་བཅུ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་དུ་བསྐུལ་བ་ལས་ངེས་པར་བྱིན་གྱིས་རློབ་པར་གོ་བར་བྱེད་པ་གསུངས་པ། ཕྱོགས་བཅུ་ན་ཞེས་བྱ་བ་ལ་སོགས་པ་ལ་དེའི་ཞེས་བྱ་བ་ནི་སྔགས་པའིའོ། །སྐུ་ཡིས་མཚན་པས་ཞེས་ བྱ་བ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཉིད་ཀྱི་ཕྱིར་མཛེས་པར་སྣང་བའོ། །ངག་རྡོ་རྗེ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་ཡང་དེའི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་སྟེ་བསྟན་པ་མ་ཡིན་ནོ། །དེ་བཞིན་བྱས་ནས་ངེས་པར་བྱིན་གྱིས་བརླབ་པ་གསུངས་པ། སངས་རྒྱས་སམ་ ཞེས་བྱ་བ་ལ་སོགས་པ་ལ་ཚལ་པར་འགས་པ་ཞེས་བྱ་བ་ནི་གཉིས་སུ་བསྒྲུབ་པ་ལས་ཉམས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་སྦྱོར་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ གྱི་གཟུགས་རྫོགས་པའོ། །དེ་ཡང་མི་འདའ་བའི་རྒྱུ་ཉིད་ཀྱིས་བསྒྲུབ་པའི་མཆོག་གོ། །ཡི་གེ་ཨོཾ་ལ་སོགས་པའི་ས་བོན་རྣམས་དེ་རྣམས་ཀྱི་ངེས་པར་བསྟན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་ལེའུ་འདིའོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་ པས་མཛད་པ་ལས་ལེའུ་བཅུ་གཉིས་པའི་བཤད་པའོ།། །།དེ་ལྟར་ཆུང་ངུ་དང་འབྲིང་དང་ཆེན་པོའི་བསྙེན་པ་ལ་སོགས་པ་ཡན་ལག་བཞིའི་རིམ་གྱིས་བསྐྱེད་པའི་ལྷ་ལ་སོགས་པའི་སྦྱོར་བ་རྣམས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པའི་བཟླས་པ་དང་། རང་གི་ལྷའི་བསྒྲུབ་པ་དང་། ལས་ཀྱི་ཚོགས་ རྗེས་སུ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་བཀོད་པའི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་དོན་དུ་སྒོམ་པའི་ཏིང་ངེ་འཛིན་གྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་རྡོ་རྗེ་མཆོག་འཛིན་པ། །ཞེས་བྱ་བ་ལ་ཡེ་ཤེས་ནི་གཉིས་སུ་མེད་པའི་རྣམ་པ་སྟེ། དེ་ཉིད་མི་ཕྱེད་ པ་དང་འབྱེད་པར་བྱེད་པའི་ཕྱིར་རྡོ་རྗེའོ། །ཉན་ཐོས་ལ་སོགས་ཐམས་ཅད་ཀྱི་ཡེ་ཤེས་ལས་གཙོ་བོ་ཉིད་ཀྱི་ཕྱིར་མཆོག་གོ། །དེ་འཛིན་པར་བྱེད་པ་ནི་ཡེ་ཤེས་ནི་རྡོ་རྗེ་མཆོག་འཛིན་པར་བྱེད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །སེམས་ཅན་ཀུན་དོན་ནི་ཐབས་དང་ཤེས་རབ་ཀྱི་ ཡེ་ཤེས་རྫོགས་པ་ལས་བྱུང་བའོ། །སེམས་ཅན་ཀུན་གྱི་ལོངས་སྤྱོད་མཆོག །ཅེས་བྱ་བའི་ཚིག་ལ་ནི་སེམས་ཅན་ཀུན་ཏེ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དངོས་ལ་སོགས་པ་ལ་ལོངས་སྤྱོད་ཅིང་ཉེ་བར་སྤྱོད་པའོ་ཞེས་འཆད་པར་འགྱུར་རོ། །འདིས་རང་ གི་དོན་དང་། གཞན་གྱི་དོན་གྲུབ་པ་ཕུན་སུམ་ཚོགས་པར་གསུངས་པར་འགྱུར་རོ། །དེ་འབའ་ཞིག་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དང་བཅས་པས་སོ། །བློ་ལྡན་ཞེས་བྱ་བ་ནི་རབ་ཏུ་རྟོག་པ་ལ་མཁས་པ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ཆེན་པོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལས་ འདས་པའི་དོན་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་པའི་ཕྱིར་སེར་སྐྱ་ལ་སོགས་པའི་སྟོན་པ་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་ཕྱིར་སྟོན་པ་ཆེན་པོ་སྟེ་ཡང་དག་པར་མཆོད་པར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ། །སྐུ་ལ་སོགས་པ་ཐུབ་པའི་ཕྱིར་ཐུབ་པའོ། །དོན་ཀུན་ཞེས་བྱ་བ་ནི་ ཕུང་པོ་ལ་སོགས་པ་རྣམས་ཡིན་ལ། དེ་ཉིད་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ལ་སོགས་པའི་རང་བཞིན་དང་དེའི་བདག་ཉིད་གང་ལ་ཡོད་པ་དེ་ནི་དོན་ཀུན་རྡོ་རྗེ་ཅན་ནོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཕྱིར་དམ་ཚིག་ནི་དེ་ཁོ་ན་ཉིད་ཀྱི་མཁྱེན་པའོ། །རྡོ་རྗེ་ དབྱངས་ནི་རྡོ་རྗེ་བཟླས་པའི་དོན་གསལ་བར་བྱེད་པའི་ཚིག་གསུངས་པ་དང་ལྡན་པའོ། །དེ་ཇི་ལྟར་ཡིན་ཞེ་ན། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །སངས་རྒྱས་ནི་འདིར་སྐུ་རྡོ་རྗེའོ། །དེའི་ཚུལ་ནི་བཟླས་པའི་མཚན་ཉིད་ཀྱི་ལམ་ མོ། །དོན་དམ་པར་བཟླས་པ་ལ་སོགས་པ་རྣམས་མི་དམིགས་པའི་ཕྱིར་ཐ་སྙད་ཀྱིས་རབ་ཏུ་ཤེས་པར་བྱས་པས་བཟང་བའོ། །ལ་ལ་དག་མི་གནས་པའི་མྱ་ངན་ལས་འདས་པའི་མཐོ་རིས་སུ་འབྱུང་བའི་ཕྱིར་བཟང་པོའོ་ཞེས་འདོད་དོ། །བྱང་ཆུབ་ཅེས་བྱ་བ་ནི། སོ་སོར་རྟོག་པའི་ ཡེ་ཤེས་ཀྱི་མཚན་ཉིད་ཀྱི་ཕྱིར་ངག་རྡོ་རྗེ་ཉིད་དོ། །དེའི་ཚུལ་གྱི་མཆོག་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་བརྩོན་འགྲུས་བརྩམས་པས་སྐྱེ་བ་འདི་ལ་རྫོགས་པའི་ཕྱིར་རོ། །ཆོས་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ ཡེ་ཤེས་སེམས་དཔའ་སྟེ་དེའི་ཚུལ་ལོ། །ཞི་བ་ཞེས་བྱ་བ་ནི་མི་དམིགས་པ་ཐམས་ཅད་ཀྱི་ཉེ་བར་འཚེ་བ་དང་བྲལ་བས་སོ། །གཅིག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པར་ལྟུང་བར་བྱེད་པ་ཉིད་ལས་ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ནི་ཐུགས་རྡོ་རྗེ་སྟེ་དེའི་ཚུལ་ལོ། །བརྟན་ ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིར་རོ། །ཅིའི་ཕྱིར་ངོ་མཚར་བ་ཡིན་ཞེ་ན་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལས་འདས་པའི་ཕྱིར་ངོ་བོ་ཉིད་ཀྱི་ཁྱད་པར་ཅན་ཡང་ཡིན་ནོ། །ཡང་དག་པ་ཞེས་ པ་ལ་དེ་ལྟར་ཆོས་ཐམས་ཅད་ལ་ཡེ་ཤེས་ཉིད་སྐུ་རྡོ་རྗེ་ལ་སོགས་པའི་གཟུགས་ཀྱིས་འབྱུང་བར་བཤད་ཅེས་བྱ་བར་རབ་ཏུ་བསྟན་པའོ། །དེའི་ཕྱིར་འདིའི་ངོ་བོ་ཉིད་ལྷ་ཐམས་ཅད་ཀྱི་ཐུན་མོང་བ་ཉིད་ཀྱིས་མདོར་བྱས་པ་ལྟ་བུ་བསྟན་པའི་ཕྱིར། སྔགས་རྣམས་ཀུན་བསྡུས་པ་བཤ