Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 4 / 20 (50.000 ký tự/trang)
ས་པ་བཅུག་ནས་གཞི་བརྟན་པའི་དངོས་པོ་རྒྱུན་
མི་འཆད་པར་བསྒོམས་པས་ཇི་སྐད་དུ་གསུངས་པའི་ཡོན་ཏན་དུ་འགྱུར་རོ། །རྡོ་རྗེ་དམ་ཚིག་གསུམ་བསྒོམས་པས། །ཞེས་པ་ནི་དེ་ཡང་ཡི་གེ་གསུམ་གྱི་བར་དུ་ཆུད་པ་བཟླས་པས་གོང་མ་ལྟར་དཔག་པར་བྱའོ། །གཞན་ནི་གོ་སླའོ། །མི་བསྐྱོད་རྡོ་རྗེ་ནི་དེ་དང་འདྲ་བའི་རིག་པ་འཛིན་
པའོ། །མི་བསྐྱོད་སྐུ་དང་མཉམ་པ་ནི་རིག་འཛིན་ནོ། །དེ་ཉིད་མི་བསྐྱོད་པའི་མངོན་པར་བྱང་ཆུབ་པ་དམ་ཚིག་རྡོ་རྗེ་ཞེས་པའི་རྒྱུའོ། །རིན་ཆེན་དབང་ཕྱུག་གི་སྒྲུབ་པ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །ནམ་མཁའི་རྡོ་རྗེ་ཞེས་པ་ནི་ནམ་མཁའ་བཞིན་དུ་
མི་ཕྱེད་པས་ན་རིན་ཆེན་དབང་ཕྱུག་གོ། །རིན་ཆེན་ཨོཾ་ནི་བསམ་པར་བྱ། །ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཨོཾ་མོ། །བྱང་ཆུབ་བདག་མེད་པ་ནི་གཉིས་ཀྱི་བདག་དང་བྲལ་བའོ། །དེ་ཉིད་ཡེ་ཤེས་གསང་བ་སྟེ་རྡོ་རྗེ་གསུམ་གྱི་ཡེ་ཤེས་སོ། །དེའི་རྟེན་དུ་འགྱུར་བས་
ན་གནས་སོ། །རིན་པོ་ཆེའི་རིགས་སྒྲུབ་པ་ལས་མི་འདའ་བས་ན་རིན་པོ་ཆེའི་དམ་ཚིག་གོ། །དེས་དེའི་ཕན་ཡོན་གྱི་ཚོགས་ལ་ལོངས་སྤྱོད་པ་ཉིད་རྡོ་རྗེ་སྟེ་དེའི་ཚུལ་ལོ། །འོད་དཔག་མེད་ཀྱི་སྒྲུབ་པ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །འཇིག་རྟེན་དབང་པོ་ཞེས་པ་
ནི་འཇིག་རྟེན་གྱི་བདག་པོར་གྱུར་པ་དེ་སྣང་བ་མཐའ་ཡས་སོ། །དེ་རབ་ཏུ་བསྒོམ་པ་ལ་ཞེས་སོ། །ཆོས་ཀྱི་ཨོཾ་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཨོཾ་མོ། །ཐེག་ཆེན་ལམ་གྱི་མཆོག་ཏུ་གྱུར། །ཞེས་པ་ནི་ཐེག་པ་ཆེན་པོའི་ལམ་སྟོན་པ་ནི་གསུང་སྟེ་དེ་ཉིད་མཆོག་

གོ། །དེ་ཡང་འདི་ལ་བརྟེན་ནས་འགྱུར་བའི་ཕྱིར་རོ། །ཡོན་ཏན་དཔག་ཏུ་མེད་པའི་རྡོ་རྗེ་ནི་སྣང་བ་མཐའ་ཡས་སོ། །དེའི་སྔོན་དུ་མཛེས་ཤིང་རྒྱལ་མཚན་དང་འདྲ་བས་ན་འོད་ཀྱི་དཔལ་ཞེས་བྱའོ། །དོན་ཡོད་གྲུབ་པའི་སྒྲུབ་པ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཨུཏྤལ་
ཞེས་པ་ནི་ལས་ཀྱིས་སྣ་ཚོགས་སུ་གྱེས་པ་སྟེ་དོན་ཡོད་གྲུབ་པའོ། །དམ་ཚིག་ཨོཾ་ཞེས་པ་ནི་མི་འདའ་བས་ཏེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཨོཾ་མོ། །དཔལ་ལྡན་ཡེ་ཤེས་གཙོ་ནི་དོན་ཡོད་གྲུབ་པའོ། །སེམས་ཅན་གྱི་དོན་བྱེད་པས་ཀྱང་དེ་སྟེ་དེ་ལས་འབྱུང་བར་འགྱུར་ཞེས་པའི་དོན་
ཏོ། །གདོན་ནི་ཟ་བའི་དམ་ཚིག་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཉིད་སྤྲུལ་པས་ན་འོད་ཟེར་རོ། །ཡེ་ཤེས་མཆོག་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་འབྱུང་བ་ཞེས་བྱའོ། །རྣམ་པར་སྣང་མཛད་འདིར་མ་གསུངས་པ་ནི་འོག་ཏུ་ཤེས་པར་བྱའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་
སྐུ་གསུམ་གྱི་ཨོཾ་གྱི་སྒྲུབ་པ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །སྐུ་གསུམ་ཨོཾ་ཞེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་རང་བཞིན་མཚན་མ་གསུམ་ལ་སྙིང་ག་དང་། མགྲིན་པ་དང་སྤྱི་བོར་ཁ་དོག་གསུམ་དང་ལྡན་པ་བསམས་ཏེ་གཞན་
གོང་མ་ལྟར་དཔག་པར་བྱའོ། །ཡེ་ཤེས་བྱང་ཆུབ་ནི་མེ་ལོང་ལྟ་བུའོ། །དེའི་སྐུ་གསུམ་ནི་མི་ཕྱེད་པ་ཡང་འདི་ལ་བརྟེན་ནས་ཐོབ་པར་འགྱུར་བའོ། །ལུས་དང་ངག་དང་སེམས་ནི་སྒོ་གསུམ་མོ། །དེ་ཉིད་ཨོཾ་གསུམ་དུ་བསྒོམ་པ་ནི་རྡོ་རྗེར་དམིགས་པའོ། །དེ་ཉིད་མངོན་པར་བྱང་ཆུབ་པའི་
རྒྱུ་ཡིན་པས་ན་དེ་སྐད་དོ། །འདིར་དེ་བཞིན་གཤེགས་པ་གཞན་མ་གསུངས་པ་ནི་གོང་དུ་ཤེས་པར་བྱའོ། །ད་ནི་གནས་ཕུན་སུམ་ཚོགས་པ་གསུངས་པ། ཤིན་ཏུ་དབེན་པའི་ཞེས་པ་ལ་སོགས་པའོ། །སྐྱེ་བོ་འདུས་པ་སྤངས་པའི་ས་ཕྱོགས་ཀྱི་རི་ནི་ཤིན་ཏུ་དབེན་པའི་རི་དགོན་ནོ། །རྩི་ཤིང་
ནགས་ཚལ་ལ་སོགས་པས་བརྒྱན་པའི་རི་ནི་རྣམ་པ་སྣ་ཚོགས་རིའོ། །ཀླུང་ཆེན་པོ་ནི་ཆུ་ཆེན་པོ་འབབ་པའི་འགྲམ་ནི་ཀླུང་དང་འབབ་ཆུའོ། །སྲོག་སོང་བ་བསྐྱལ་བའི་ས་ནི་དུར་ཁྲོད་དོ། །སོགས་ཀྱི་སྒྲས་བསྡུས་པ་ཡིད་དུ་འོང་བ་དང་འཇིགས་སུ་རུང་བ་ཇི་སྙེད་བསྡུའོ། །བསམ་གཏན་

བསྡུས་པ་འདི་དག་བསྒོམ་ཞེས་པ་ནི་དེར་བསྐྱེད་པའི་རིམ་པས་བསྙེན་པ་བྱ་བ་དང་བསྒྲུབ་པ་བྱའོ་ཞེས་སོ། །གཞན་དུ་ན་ཤིན་ཏུ་དབེན་པའི་རི་དགོན་པ་ནི་བུད་མེད་འགའ་ཞིག་གཞན་གྱིས་ཕྱེད་པར་དཀའ་བའོ། །དེ་ཉིད་ནུ་མ་དང་རྐེད་པ་ཕྲ་བ་དང་། རྐུབ་ཚོས་ཆེ་བ་ལ་སོགས་པ་ནི་
རྣམ་པ་སྣ་ཚོགས་རི་བོའོ། །སྨད་འཚོང་མ་ལ་སོགས་ཀུན་གྱི་ཐུན་མོང་དུ་གྱུར་པ་ནི་ཀླུང་དང་འབབ་ཆུའོ། །གདོལ་བ་མོ་ལ་སོགས་པ་སྨད་པ་ནི་དུར་ཁྲོད་དོ། །སོགས་ཀྱི་སྒྲས་བསྡུས་པས་ལྷ་མོ་ལ་སོགས་པའོ། །བསམ་གཏན་བསྡུས་པ་འདི་དག་བསྒོམ། །ཞེས་པ་ནི་དེར་ཡེ་ཤེས་
གསུམ་དུ་ཆོས་ཐམས་ཅད་བསྡུས་པ་རྫོགས་པའི་རིམ་པ་རྟོགས་པ་དང་ཕྱིན་ཅི་མ་ལོག་པར་བསྒོམ་པ་དང་། མི་འགྱུར་བར་བརྙེས་པར་བྱའོ་ཞེས་ཇི་སྙེད་པའོ། །ད་ནི་ཐུན་མོང་གི་དངོས་གྲུབ་གཉིས་པ་ལ་གནས་པའི་ཆོ་ག་མངོན་པར་ཤེས་པ་ལྔ་སྒྲུབ་པ་གསུངས་པ། མི་བསྐྱོད་ཅེས་པ་ལ་སོགས་པའོ། །
མི་བསྐྱོད་ཡེ་ཤེས་ཞེས་པ་ནི་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོའོ། །སོགས་ཀྱི་སྒྲས་བསྡུས་པ་རྟག་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རང་གི་ལྷ་བསྡུའོ། །དེ་ཉིད་ཀྱང་རྡོ་རྗེ་ནམ་མཁའི་དཀྱིལ་དུ་བསམ། །ཞེས་ཏེ་ཆོས་ཀྱི་འབྱུང་གནས་སོ། །མངོན་
ཤེས་ལྔའི་སྦྱོར་བ་ནི་འོག་ནས་འབྱུང་བའོ། །སངས་རྒྱས་མཆོག་ནི་རྟག་པའོ། །དེ་ལས་གྱུར་པ་ནི་གནས་ཏེ་གཞལ་ཡས་ཁང་ངོ་། །དེར་བསྒོམ་ཞེས་སོ། །རྡོ་རྗེ་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །མིག་ལ་སོགས་པའི་ཡུལ་ལྔ་ཞེས་པས་ནི་མངོན་པར་མཁྱེན་པའོ། །དེའི་སྦྱོར་བ་གསུངས་
པ། རྡོ་རྗེ་ཆེན་པོ་ཞེས་པ་ལ་སོགས་པའོ། །དེ་ཡང་མི་བསྐྱོད་པ་བསྐྱེད་པའི་ཆོ་ག་རྫོགས་པའི་རྣལ་འབྱོར་པས། མིག་ལ་སོགས་པ་བྱང་ཆུབ་སེམས་དཔས་རྒྱས་བཏབ་སྟེ། དེ་གནས་གྱུར་པ་ལས་ཉི་མའི་གདན་ལ་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་འོད་ཟེར་སྣ་ལྔ་འབར་བས་རྣམ་པར་བརྒྱན་པ། མིག་དང་རྣ་བ་
དང་སྙིང་ག་དང་ལྟེ་བ་དང་དཔྲལ་བ་སྟེ་གནས་ལྔ་པོ་དག་ཏུ་བསམས་ལ་སྦྱོར་བ་ཡིན་ཏེ། དེའི་བུམ་པ་ལ་གོང་ནས་གསུངས་པའི་འཕེན་ཅིང་བཅུག་པ་བསྒོམས་ལ་དེའི་འོད་ཟེར་གྱིས་དེ་རྣམས་དང་མཐུན་པའི་སེམས་དཔའ་སྤྱན་དྲངས་ཏེ་བཅུག་ནས་གཞི་བརྟན་པའི་དངོས་པོར་ཆགས་པར་བྱས་པས། རྡོ་རྗེ་

མངོན་ཤེས་འདྲ་བར་འགྱུར། །ཞེས་ཏེ་ལེའུ་བཅུ་གཉིས་པ་ལས་གསུངས་པ་ཐོབ་པར་འགྱུར་རོ། །ཆོ་ག་དེ་ཁོ་ནས་རྟག་པའི་རྣལ་འབྱོར་པས་བསྒོམ་པར་གསུངས་པ་མེ་སྟག་ཅེས་པ་ལ་སོགས་པའོ། །རང་སྔགས་ཞེས་པ་ནི་རང་གི་སྔགས་ཀྱི་ལྷར་གྱུར་པ་ལས་ཞེས་སོ། །རྡོ་རྗེ་ལྔའི་སྦྱོར་
བ་ནི་སྦྱོར་བ་གོང་མ་སྟེ། དེ་ལྟར་འདི་ཡང་གནས་ལྔར་སྦྱར་ནས་གོང་མ་ལྟར་རྡོ་རྗེ་མངོན་ཤེས་ཞེས་སོ། །དེ་བཞིན་དུ་རིན་པོ་ཆེ་ལ་སོགས་པ་ཀུན་ལ་ཡང་སྦྱོར་བ་འདིས་རྗེས་སུ་དཔག་པར་བྱའོ། །ད་ནི་ཡི་གེ་བྷྲཱུཾ་གྱིས་དེ་མ་ཐག་ཏུ་འཁོར་ལོར་གྱུར་པ་གསུངས་པ། རྡོ་རྗེ་ནམ་མཁའ་ཞེས་པ་ལ་སོགས་
པའོ། །འཁོར་ལོ་སངས་རྒྱས་འབར་འོད་འདྲ། །ཞེས་པ་ནི་བྷྲཱུཾ་གནས་གྱུར་པ་ལས་འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྟེ་བ་ལ་བྷྲཱུཾ་འོད་ཟེར་དང་ལྡན་པ་བསྒོམས་ཏེ་ཞེས་སོ། །སངས་རྒྱས་འཇུག་པ་ཞེས་པ་ནི་དེའི་འོད་ཟེར་གྱིས་བསྐུལ་བའི་སངས་
རྒྱས་འཇུག་པས་རྣམ་པར་སྣང་མཛད་བསྒོམས་ནས། སངས་རྒྱས་རྟེན་དང་བྲལ་བར་འགྱུར། །ཞེས་ཏེ་སངས་རྒྱས་ཀྱི་རྟེན་གྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་དབྱིབས་ཅན་གཅིག་ཏུ་གྱུར་པ་སྟེ་འདིར་དཔེའི་ཚིག་མ་ཡིན་ཏེ། དེའི་འབྲས་བུ་ཡིན་པའི་
ཕྱིར་རོ། །ད་ནི་ཕྲ་མོར་སྦྱོར་བའི་ཏིང་ངེ་འཛིན་གསུམ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་ལ་སངས་རྒྱས་དཀྱིལ་འཁོར་ཞེས་པ་ནི་མཚན་མ་ཕྲ་མོའི་ལྟེ་བར་བསམས་པའི་གཞལ་ཡས་ཁང་པའོ། །དེའི་དབུས་ན་གནས་པ་ཞེས་པའོ། །བདག་གི་ལུས་ལ་ཞེས་པ་ནི་
བདག་ཉིད་དེ་ལྟར་སྣང་བ་སྟེ། དམ་ཚིག་སེམས་དཔའ་ཕྲ་མོའོ། །དེ་ཉིད་ཀྱང་རྣམ་པར་སྣང་མཛད་དུ་མཉམ་པར་གཞག་གོ་ཞེས་པའོ། །སྙིང་གར་ཡི་གེ་ཨོཾ་བསམས་ལ། །ཞེས་པ་ནི་དེའི་ཐུགས་ཀར་མཚན་མ་ལ་གནས་པའི་ཡེ་ཤེས་སེམས་དཔའི་འཁོར་ལོའི་སྙིང་གར་ཡང་མཚན་མ་ལ་ཡི་
གེ་ཨོཾ་བསམས་ཏེ། དེ་ཉིད་སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ་ཞེས་ཏེ། ཐིག་ལེའི་གཟུགས་ཅན་ལ་རང་གི་རྣམ་པར་ཤེས་པ་དེའི་ཡན་ལག་གཉིས་པས་གཟུང་བའོ། །ཇི་སྐད་དུ། རང་སྔགས་སྙིང་གར་བཞག་ནས་སུ། །དབུས་ནི་ཐིག་ལེར་གྱུར་པར་གཞག །རང་དབང་རིན་ཆེན་

དགག་པ་ཡིས། །རིན་ཆེན་གཟུང་བར་ཡང་དག་བཤད། །ཅེས་སོ། །དེས་ཅིར་འགྱུར་ཞེ་ན། འགོག་པའི་ཞེས་པ་ལ་སོགས་པའོ། །འགོག་པའི་རྡོ་རྗེ་ཞེས་པ་ནི་དབུགས་འཇུག་པའི་སྤྱོད་པས་སོ། །སེམས་ཉིད་དུ་ནི་ཞེས་པ་འགོག་པར་འགྱུར་བའི་སེམས་
དེ་ཉིད་དོ། །ནམ་ཞིག་དེ་ལ་རེག་འགྱུར་ན། །ཞེས་པ་ནི་བརྟན་པར་གྱུར་པའོ། །སངས་རྒྱས་ཀུན་གྱི་མཆོག་འཛིན་པ། །ཡིད་བཞིན་དཔལ་ལྡན་འདྲ་བར་འགྱུར། །ཞེས་ཏེ་བསྟན་པ་ལ་དེ་དང་འདྲ་བའི་རྟགས་རྙེད་དེ་དེ་གོང་ནས་གོང་དུ་འཕེལ་ནས་ཇི་སྲིད་དེར་གྱུར་པའི་བར་དུ་ཐོབ་པར་
འགྱུར་བའོ། །ཇི་སྐད་དུ། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔ། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་དང་སྦྱོར་རོ། །དེ་ལྟར་མི་བསྐྱོད་པ་
ལ་སོགས་པ་གཞན་ལ་སྦྱར་བ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །དོན་གྱི་མཇུག་བསྡུ་བ་ནི་འདི་ནི་ཞེས་པ་ལ་སོགས་པའོ། །དམ་ཚིག་མཆོག་ཡིན་ཏེ་ཞེས་པ་ནི་ལས་དང་པོ་ལ་ཞུགས་པས་འདའ་བར་བྱ་བ་མ་ཡིན་པས་སོ། །རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་
པས་ན་རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པའོ། །མི་གཡོ་ཞིང་བརྟན་པར་བྱེད་པས་ན་འགོག་པའི་དམ་ཚིག་ཡེ་ཤེས་སོ། །དེས་ཀྱང་རིམ་གྱིས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པས་ན་སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར་བའོ་ཞེས་བྱའོ། །ད་ནི་གོང་དུ་གསུངས་པའི་སྐུ་གསུམ་གྱི་ཨོཾ་རྣམ་པར་སྣང་མཛད་
ཀྱི་རྣལ་འབྱོར་པས་བསྒོམས་ན་ཚེའི་རིག་འཛིན་གྲུབ་པ་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཞེས་པ་ནི་བསྲུང་བའི་འཁོར་ལོའོ། །ནམ་མཁའ་ནི་ཆོས་ཀྱི་འབྱུང་གནས་སོ། །དེའི་དབུས་ན་གནས་པ་ནི་གཞལ་ཡས་ཁང་པའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་
བའི་དཀྱིལ་འཁོར་ཏེ་དེར་བསྒོམ་པར་བྱ་བ་ནི་རྣམ་པར་སྣང་མཛད་ལོངས་སྤྱོད་བཞིས་བསྐྱེད་པའི་ཆོ་ག་རྫོགས་པས་གོང་མ་ལྟར། ལུས་ངག་སེམས་ལ་ཡི་གེ་ཨོཾ། །བསམས་ནས་དེ་ནི་བསྐལ་པར་གནས། །ཞེས་བྱའོ། །དེ་བཞིན་དུ་སྣང་བ་མཐའ་ཡས་དང་མི་བསྐྱོད་པ་ལ་སྦྱར་

བ་གསུངས་པ། རྡོ་རྗེ་ནམ་མཁའི་ཞེས་པ་ལ་སོགས་པའོ། །རང་གི་མོས་པས་གནས་པར་བརྟན་པའི་ཕྱིར་གྲངས་ཀྱི་ངེས་པ་མ་གསུངས་པར་ཡང་ནས་ཡང་དུ་གསུངས་པའོ། །ཡེ་ཤེས་ལྔ་དང་སྐུ་གསུམ་ནི་ཐམས་ཅད་ཀྱི་མཚན་ཉིད་པས་ན་ཀུན་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་གསུམ་
ཁོ་ན་གཙོ་བོས་སྦྱོར་བ་སྟོན་པའི་ཕྱིར་རྡོ་རྗེ་གསུམ་མོ། །ཡེ་ཤེས་ལས་བསམ་པའི་དབྱེ་བས་བརྟག་པས་ན། རྟོག་པའི་ཡེ་ཤེས་ཏེ་མི་འདའ་བས་ན་དམ་ཚིག་གོ། །གཞན་ཡང་ཕན་ཡོན་གསུངས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དེའི་རྣལ་འབྱོར་རོ། །འདིར་གྱུར་ཕྱིན་ཆད་
ཅེས་པ་ནི་བླ་མ་ལས་ངེས་པའི་ལུང་ཐོབ་ནས། རང་གི་ལྷ་དང་བླ་མའི་ལུང་ལ་ཡིད་ཆེས་པའི་རྣལ་འབྱོར་དུ་གྱུར་ཕྱིན་ཆད་དུ་འདི་ཀློག་གམ་རྩེ་གཅིག་པས་སེམས་ཀྱང་རུང་སྟེ། རྣལ་འབྱོར་པ་དེ་ཡང་རྡོ་རྗེ་འཛིན་པར་འགྱུར་ཏེ། རྡོ་རྗེ་འཛིན་པའི་རྒྱུ་ལ་ཞུགས་པས་དེ་ཀུན་གྱི་དེ་བཞིན་ཉིད་དུ་
ཤེས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ས་བོན་ནོ། །དམ་ཚིག་ནི་ཉེ་བར་སྒྲུབ་པའོ། །དེ་ཁོ་ན་ཉིད་ནི་རྡོ་རྗེ་གསུམ་མོ། །རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་ནི་བཤད་ཟིན་ཏོ། །དེ་གྲུབ་པར་བྱེད་པའི་གཞུང་གི་ལེའུ་སྟེ་བཅུ་གཅིག་པའོ། །ལེའུ་བཅུ་གཅིག་པའི་
འགྲེལ་པའོ།། །།ད་ནི་དེ་ནས་ཞེས་པ་ལ་སོགས་པས་ལེའུ་བཅུ་གཉིས་པ་གསུངས་པ། ཡེ་ཤེས་ཀྱི་མཐུས་ལམ་ལོག་པ་ཡང་དག་པའི་ཐབས་ཀྱི་ལམ་དུ་འཛུད་པའི་ཕྱིར་སྟོན་པའོ། །ལྷ་ཐམས་ཅད་ཀྱི་སྣང་བའི་རྐྱེན་དུ་གྱུར་པས་ན་སྐྱེད་པའོ། །སེམས་ཅན་གྱི་རྒྱུད་ལ་
ཡོངས་སུ་དག་པའི་སྐུ་སྐྱེད་པར་བྱེད་པས་ན་ཡེ་ཤེས་མཆོག་ཏུ་བསྒྲུབ་པའོ། །རྡོ་རྗེ་གསུམ་གྱི་ངོ་བོ་ལས་མི་འདའ་ཞིང་སྐྱོན་མེད་པས་ན་དམ་ཚིག་ཡང་དག་པ་རྡོ་རྗེ་གསུམ་མོ། །དེས་རྡོ་རྗེ་གསུང་གི་ལེའུ་བཅུ་གཉིས་པ་བཀའ་སྩལ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱང་དོན་དམ་
པའི་བདེན་པས་ནམ་མཁའ་དང་འདྲ་བའི་ཕྱིར་ནམ་མཁའ་དང་མཚུངས་པ་མཉམ་པར་འགྱུར་རོ། །དེ་ཡང་བརྟག་པ་ཐམས་ཅད་བདག་དང་བྲལ་བས་ན་རྣམ་པར་མི་རྟོག་ངོ་བོ་ཉིད་དོ། །དེ་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་དག་པའོ། །ལས་ཞེས་པ་ནི་ལྔ་པའོ། །དེ་ལས། རོལ་

མོ་འདི་དག་རབ་ཏུ་བསྒོམ། །ཞེས་ཏེ་ཀུན་རྫོབ་ཏུ་གར་མཁན་ལྟར་དངོས་གྲུབ་ཀྱི་ཐབས་ཀྱི་ཆོ་ག་འདི་དག་རབ་ཏུ་བསྒོམ་མོ་ཞེས་དོན་དམ་པའི་བདེན་པ་ལ་གནས་ནས་བྱ་བར་བསྟན་པའོ། །གནས་གསུངས་པ་དགོན་པ་ཞེས་པ་ལ་སོགས་པའོ། །དཔག་ཚད་བཅོ་ལྔའི་ཚད་དང་
ལྡན་པའི་སྐྱེ་བོ་སྤངས་པ་ནི་དགོན་པ་ཆེན་པོའི་ས་ཕྱོགས་སོ། །དེ་ཉིད་དམ་གཞན་ཡང་རུང་སྟེ་བཟའ་ཤིང་དང་འབབ་ཆུ་ལ་སོགས་པས་ཡིད་དགའ་བའི་ས་ཕྱོགས་ནི། མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །ཞེས་སོ། །དེ་སྐྱེ་བོའི་ཚོགས་སྤངས་པའི་ཕྱིར་རི་བོ་དབེན་པའོ། །དངོས་གྲུབ་ཐམས་ཅད་བསྡུས་
པས་འགྲུབ། །ཅེས་པ་ནི་རེ་རེར་ཡང་དངོས་གྲུབ་ཐམས་ཅད་འགྲུབ་ཏུ་རུང་བས་དེ་སྐད་དོ། །དོན་དུ་ན་སེམས་རྣམ་པར་དག་པ་ལས་ཡེ་ཤེས་འབྱུང་བའི་ཕྱིར་རང་གི་གནས་པ་ཐམས་ཅད་ལ་དེ་སྐད་དོ། །མི་སྣང་བའི་བསྒྲུབ་པ་ལ་འཇམ་དཔལ་མཾ་གྱིས་སྒྲུབ་པ་གསུངས་པ། མཾ་ཞེས་པ་
ལ་སོགས་པའོ། །ལུས་དང་ངག་སེམས་རྡོ་རྗེ་ལ། །ཞེས་པ་ནི་རང་གི་ལུས་ལ་སོགས་པ་ཡི་གེ་མཾ་ལས་གོང་མ་ལྟར་དབྱེར་མི་ཕྱེད་པའི་རྡོ་རྗེ་འཇམ་དཔལ་ཆོ་ག་བརྒྱད་ཀྱིས་རྣམ་པར་བསྒོམས་ཏེ། གོང་མ་ལྟར་གནས་བཞིའི་ལྷ་མ་གཏོགས་པ་ལུས་ཀུན་ལ་མཾ་གྱིས་གཏམས་ཏེ། ནམ་
མཁའི་སྙིང་པོའི་ཏིང་ངེ་འཛིན་བཞིན་དུ་དཔག་པར་བྱའོ། །ལུས་དང་ངག་སེམས་ལས་སྤྲོས་པས། །ཞེས་པ་ནི་ཡི་གེ་གསུམ་གྱི་བར་དུ་ཆུད་པ་བཟླས་པས། རྡོ་རྗེ་འཇམ་དཔལ་འདྲ་བར་འགྱུར། །ཞེས་ཕན་ཡོན་གསུངས་སོ། །རྡོ་རྗེ་འབར་བ་ནི་འོད་ཟེར་འབར་བའི་
འཇམ་དཔལ་དེའི་འོད་དག་གིས་ཞེས་སོ། །ཇི་ལྟ་བུའི་འོད་ཅེ་ན། རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །ཞེས་ཏེ་གདུ་བུ་ཕྲ་ཅན་དང་། དཔུང་རྒྱན་དང་། ནུ་ཕུར་དང་། ཟུར་ཕུད་ལ་སོགས་པས་བརྒྱན་ནས་ལོ་བཅུ་དྲུག་པའི་གཟུགས་སུ་གྲུབ་པའི་བདག་ཉིད་ཀྱིས་ཕྱོགས་དེ་ཙམ་སྣང་བར་
བྱེད་ཅེས་སོ། །སྣང་བར་བྱེད་ཀྱང་ཡེ་ཤེས་ཀྱི་སྐུའི་རང་བཞིན་པས་ན་སོ་སོའི་ཡུལ་མ་ཡིན་ཏེ། དེ་ལྟ་བས་ན་ཚངས་པ་ལ་སོགས་པས་ཀྱང་མཐོང་མི་ནུས་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །རྡོ་རྗེ་འཇམ་དཔལ་མཆོག་ནི་འཇམ་པའི་རྡོ་རྗེའོ། །མི་འདའ་བས་ན་

དམ་ཚིག་གོ། །དེས་མཐོང་བ་མི་ནུས་པའི་སྟོབས་སྟེར་བའི་ཕྱིར་མི་སྣང་བའི་རྒྱན་ཞེས་བྱའོ། །རྫས་ཀྱི་སྒོ་ནས་མི་སྣང་བ་སྒྲུབ་པ་ལ་རིལ་བུའི་དངོས་གྲུབ་གསུངས་པ། རྡོ་རྗེ་མི་ཕྱེད་ཅེས་པ་ལ་སོགས་པའོ། །རྡོ་རྗེ་མི་ཕྱེད་གསུམ་ལས་བྱུང་། །ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་
ལས་བྱུང་བའི་ཕྱིར་རིལ་བུའི་དཀྲིས་མ། ལྕགས་གསུམ་ལས་བྱུང་ལྡན་བྱས་ཏེ། །ཞེས་ཏེ་གསེར་དངུལ་ཟངས་གསུམ་དང་ལྡན་པར་བྱའོ། །དེས་དཀྲི་བའི་རྫས་ནི་བཤང་གཅི་དམ་ཚིག་ལྔ་རྣམས་ནི། ཞེས་ཏེ་བདུད་རྩི་ལྔ་བསྡུས་པ་འམ་སོ་སོ་སྟེ་ལེའུ་བཅོ་ལྔ་པར་གསུངས་པའོ། །
ཁར་བཅུག་ནས་བསྒོམ་པར་བྱ་ཞེས་པ་ནི། བསྒོམ་པའི་དུས་སུ་ཁར་བཅུག་སྟེ་འོག་ནས་འབྱུང་བ་ལྟར་བྱའོ། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །ཞེས་པ་ནི་བདེ་བར་གཤེགས་པ་ཇི་སྙེད་པ་ཐམས་ཅད་དེའི་འོད་ཟེར་སྟུག་པོས་བཀུག་ནས་དེ་དང་མི་ཕྱེད་པར་བསྒོམས་ན་ཇི་སྐད་
གསུངས་པའི་ཡོན་ཏན་དུ་འགྱུར་རོ། །འདིར་མ་གསུངས་པ་ནི་འོག་ཏུ་ཤེས་པར་བྱའོ། །ད་ནི་དེ་བཞིན་གཤེགས་པའི་རིགས་འཛིན་ཕྱག་མཚན་གྱི་བསྒྲུབ་པ་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པའོ། །འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན། །ཞེས་པ་ནི་གསེར་རམ་
དངུལ་ལམ། ཤིང་ངམ་ས་ལ་སོགས་པ་ལས་དངོས་པོར་བྱས་ཏེ་དེ་ཉིད། རང་གི་སྔགས་ཀྱིས་རབ་བསྒོམས་ན། །ཞེས་ཏེ་ཡི་གེ་ཨོཾ་གྱི་མདངས་ཅན་དུ་བསྐྱེད་པར་བྱའོ། །འཁོར་ལོ་ཡང་སངས་རྒྱས་ཐམས་ཅད་སྐུའི་རིགས་རྣམས་བཞུགས་པའི་གནས་སུ་བསྒོམས་ན་རྣམ་པར་
སྣང་མཛད་དང་འདྲ་བར་འགྱུར་ཞེས་སོ། །འདྲ་བ་དེ་ལ་ཡོན་ཏན་ཅི་མངའ་ཞེ་ན། རི་རབ་ཅེས་པ་ལ་སོགས་པའོ། །དེ་ཡང་རི་རབ་སུམ་ཅུ་རྩ་དྲུག་གི་ཚད་བར་དུ་ཕྲ་བའི་རྡུལ་དུ་བསྲེས་པ་སྙེད་ཀྱི་རྡོ་རྗེ་འཛིན་དང་འདྲ་བ་ཀུན་ཞེས་ཏེ། དེ་དང་འདྲ་བའི་རིག་པ་འཛིན་པ་ཐམས་ཅད་དེའི་
རྗེས་སུ་འབྲང་བར་འགྱུར་ཞེས་ཏེ། གཡོག་བྱེད་པར་ཤེས་པར་བྱའོ། །འཁོར་ལོ་ཉིད་མི་འདའ་བས་ན་དམ་ཚིག་གོ། །ཕྱི་མ་རྣམས་ལ་ཡང་དེས་འགྲེ་བར་བྱའོ། །འདི་ཡང་འོག་ནས་རྒྱས་པར་བསྟན་ཏོ། །མི་བསྐྱོད་པ་སྒྲུབ་པ་གསུངས་པ། རྡོ་རྗེ་ཆེན་པོ་ཞེས་པ་ལ་སོགས་པའོ། །

ས་གསུམ་གྱི་བུད་མེད་རྣམས་མཐོང་བ་ཙམ་གྱིས་དབང་དུ་བྱེད་པས་ན་བུད་མེད་རྣམས། ཡོན་ཏན་ཅན་ནི་བདག་གིར་འགྱུར། །ཞེས་འདོད་པའི་དབང་ཕྱུག་ཏུ་སྟོན་པའོ། །དྲག་པོའི་ནི་ལྷ་ཆེན་པོ་སྟེ། གང་དེ་གདུང་བ་ཚ་བྱེད་དང་། །གཞན་གྱི་ཤ་ཚིལ་ཁྲག་ཟ་བ། །
གང་དེ་དྲག་པོ་ཞེས་སུ་བཤད། །ཅེས་སོ། །དེ་ལྟ་བུས་ཕྱག་བྱས་པས་ཁམས་གསུམ་རྡོ་རྗེ་ཆེན་པོའོ། །རྡོ་རྗེ་ཉིད་བརྟན་ཞིང་མི་འདའ་བས་ན་རྡོ་རྗེའི་དམ་ཚིག་གོ། །འོད་དཔག་མེད་ཀྱི་སྒྲུབ་པ་གསུངས་པ། པདྨོ་ཆེན་པོ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དཀྱིལ་འཁོར་ནི་མངོན་
དགའ་ལ་སོགས་པར་རོ། །དེར་པདྨོའི་རིག་པ་ནི་དག་པའི་བདག་ཉིད་དེ་སངས་རྒྱས་ལ་སོགས་པས་འཇོག་པར་བྱེད་ཅེས་སོ། །སྣང་བ་མཐའ་ཡས་དང་འདྲ་བ་འགྲུབ་པའི་ཕྱིར་པདྨོ་མཉམ་པ་ཉིད་ཅེས་བྱའོ། །མཇུག་བསྡུ་བ་ཡེ་ཤེས་ལྔ་ལྡན་ཞེས་པ་ལ་སོགས་པའོ། །དེ་ནི་
བཤད་ཟིན་ཏོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ཡིན་པས་ན་གསང་བ་གསུམ་སྟེ། དེ་ལ་རིམ་གྲོ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར་བསྙེན་བཀུར་བྱེད་ཅེས་སོ། །དོན་ཡོད་གྲུབ་པའི་སྒྲུབ་པ་གསུངས་པ། འོད་ཟེར་ལྔ་ཡི་མདོག་འདྲ་བ། །
ཞེས་པ་ནི་ལྗང་གུ་ནི་ཁ་དོག་ལྔ་བསྡུས་པ་ལས་བྱུང་བའོ། །མིག་ཡངས་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ལྟ་བ་སྟེ་སྒྲུབ་པ་པོའོ། །ཁམས་གསུམ་ཀུན་གྱི་ཞེས་པ་ནི་དེ་ན་གནས་པ་ཐམས་ཅད་ཀྱིས་མཆོད་པའོ། །དེ་འོག་ཏུ་གཙོ་བོ་ཚངས་པ་ལ་སོགས་པས་ཕྱག་
བྱེད་པའོ། །གཞན་གྱི་ཟིལ་གྱིས་མི་ནོན་པའི་སྟོབས་མངའ་བས་ན་སྟོང་གསུམ་ན་ནི་མཆོག་ཏུ་དཔའོ། །ཁྱབ་འཇུག་ལ་སོགས་པ་ལྟ་བུ་མ་ཡིན་པའི་ཕྱིར་ན། མི་མཆོག་གསང་བ་འཛིན་པར་འགྱུར། །ཞེས་སོ། །གཞན་ཡང་གང་དང་གང་འདོད་པ་དང་ཅི་བསམས་པ་དག སྐུ་
གསུང་ཐུགས་ཉིད་རྡོ་རྗེ་སྟེ་དེ་འཛིན་པ་ནི་སྒྲུབ་པ་པོ་དེའིའོ། །དེའི་ཐུགས་ལས་ཅི་བྱུང་བའི་དངོས་གྲུབ་སྟེར་བར་སྦྱར་རོ། །འོག་ནས་སྟོན་པའི་ཕྱིར་ན་རིན་པོ་ཆེའི་སྒྲུབ་པ་ཡང་གསུངས་པར་ཤེས་པར་བྱའོ། །ད་ནི་གོང་དུ་གསུངས་པའི་རིལ་བུའི་ས་བོན་དང་། ཚད་དང་ལྷ་བསྐྱེད་པ་

མ་བཤད་པ་གསུངས་པ། ཨོཾ་ཞེས་པ་ལ་སོགས་པའོ། །ཨོཾ་ཞེས་པ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་གོང་དུ་གསུངས་པ་ཨོཾ་ལས་བསྐྱེད་པར་བྱའོ། །དེའི་ཚད་ཀྱང་ཙ་ན་ཀའི་འབྲུ་ཚད་ཙམ་དུ་བསམས་ནས་ནི་ཞེས་སོ། །དེའི་དབུས་སུ་གཞལ་ཡས་ཁང་ལ་སོགས་པའི་རིམ་པས་
བདག་གི་ལྷའི་གཟུགས་ཞེས་ཏེ་རྟག་པའི་འཁོར་ལོ་བསམས་ཏེ་རང་གི་ཁར་བཅུག་ནས་འོད་ཟེར་སྤྲོ་བ་ལ་སོགས་པ་གོང་མ་ལྟར་བསྒོམས་ནས་འབར་བ་ལ་སོགས་པ་ཉེ་བའི་མཚན་མ་མཐོང་བས་སྦྱར་བ་དེ་ལ་ལྷག་པར་གནས་པ་ཟླ་བ་ཕྱེད་ན་རྡོ་རྗེ་སྐུ་དང་འདྲ་བར་འགྱུར་ཞེས་ཏེ་དེའི་གཟི་
བརྗིད་གཞན་གྱིས་བལྟ་བར་དཀའ་བས་ན། ཉི་མ་ཤར་བའི་འོད་འདྲ་ཞིང་། །ཞེས་སོ། །མདོག་ལ་སོགས་པ་དག་ཅིང་གསལ་བས་ན། འཛམ་བུ་ན་དེའི་གསེར་མདོག་འདྲ། །ཞེས་སོ། །ཕྱག་རྒྱ་ཆེན་པོ་འགྲུབ་པའི་མཚན་མ་བས་ན། བྱང་ཆུབ་ཡེ་ཤེས་ཐོབ་པར་འགྱུར། །
ཞེས་བྱའོ། །དེ་ལྟར་སྣང་བ་མཐའ་ཡས་དང་མི་བསྐྱོད་པའི་ཡང་དེའི་བསྒྲེ་བ་གསུངས་པ། ཨཱཿནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་གསུམ་གཙོ་བོར་སྟོན་པའི་ཕྱིར་ཕལ་ཆེར་དུས་གསུམ་སྨོས་སོ། །ད་ནི་གོང་དུ་གསུངས་པའི་འཁོར་ལོ་དེ་ལྷན་ཅིག་པའི་རྣལ་འབྱོར་པས་དང་པོའི་གནས་དེ་
ལག་ཏུ་བསྒོམས་ནས་ཇི་སྐད་དུ་གསུངས་པ་ཐོབ་པར་འགྱུར་བ་གསུངས་པ། མཁའ་དབྱིངས་ཞེས་པ་ལ་སོགས་པའོ། །མཁའ་དབྱིངས་གསལ་བའི་དཀྱིལ་འཁོར་གནས་པར་ཞེས་པ་ནི། བསྲུང་བའི་འཁོར་ལོའི་དབུས་སུ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གནས་པའི་གཞལ་
ཡས་ཁང་གི་དབུས་ཀྱི་ཟླ་བའི་གདན་ལ་གནས་པའོ། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་པ་ནི་དང་པོའི་སྐྱེས་བུ་ལས་རྣམ་པར་སྣང་མཛད་བསྐྱེད་པའི་ཆོ་ག་བཞི་རྫོགས་པས་བྱིན་གྱིས་བརླབས་ཏེ་ཞེས་སོ། །ལག་ཏུ་འཁོར་ལོ་རབ་བསྒོམས་ནས། །ཞེས་པ་ནི། དེའི་གཡས་
ཀྱི་བར་མར་གོང་དུ་སྨོས་པའི་འཁོར་ལོ་བཟུང་ཞིང་བསྒོམས་པས། ཉི་མ་བདུན་ལ་སོགས་པར་དུ་བ་འཐུལ་བ་དང་། གསལ་བ་དང་། འབར་བ་དང་། ནམ་མཁའ་ལས་འཕར་བར་འགྱུར་རོ། །ལག་ཏེ་འབར་བའི་སྟེང་དུ་སུཾ་བསམས་པས་འབབ་པར་འགྱུར་རོ། །དེ་ནས་དེའི་

སྦྱོར་བ་ལ་ལྷག་པར་གནས་པས་ཇི་སྐད་གསུངས་པའི་ཡོན་ཏན་དུ་འགྱུར་རོ་ཞེས་སོ། །དེའི་སྦྱོར་བ་ཡང་། འཁོར་ལོ་ཆེན་པོའི་རིགས་བསྒོམས་ཏེ། །ཞེས་ཏེ་དེའི་ལྟེ་བར་དེའི་རིགས་ཀྱི་ལྷ་རྣམས་བསྒོམས་པས་འོད་ཟེར་སྤྲོ་བ་ལ་སོགས་པ་གོང་མ་ལྟར་དཔག་པར་
བྱའོ། །བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུར་སྦྱོར་ཞིང་། དེ་ལྟ་བུ་འདྲ་བའི་རྡོ་རྗེ་མཆོག་འདི་སྒྲུབ་པ་ནི་ཡེ་ཤེས་རྡོ་རྗེ་ཞེས་པ་ནི་གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་པ་དག་གིས་བྱའོ་ཞེས་སོ། །ཕྱི་མ་རྣམས་ལ་ཡང་དེ་ཁོ་ན་བཞིན་དུ་ཤེས་པར་བྱའོ། །མི་
བསྐྱོད་པའི་རྣལ་འབྱོར་རྡོ་རྗེ་གཟུང་བ་གསུངས་པ། མཁའ་དབྱིངས་རྡོ་རྗེ་ཞེས་པ་ལ་སོགས་པའོ། །རིན་ཆེན་དབང་ཕྱུག་གི་རྣལ་འབྱོར་པས་རིན་པོ་ཆེ་གཟུང་བ་གསུངས་པ། མཁའ་དབྱིངས་རིན་ཆེན་ཞེས་པ་ལ་སོགས་པའོ། །འོད་དཔག་མེད་ཀྱི་རྣལ་འབྱོར་པས་པདྨོ་གཟུང་བ་གསུངས་
པ། མཁའ་དབྱིངས་ཆོས་ཞེས་པ་ལ་སོགས་པའོ། །དོན་ཡོད་གྲུབ་པའི་རྣལ་འབྱོར་པས་རལ་གྲི་གཟུང་བ་གསུངས་པ། མཁའ་དབྱིངས་དམ་ཚིག་ཅེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པའི་རིག་འཛིན་བཤད་ཟིན་ཏོ། །ད་ནི་རང་རང་གི་ཕྱག་མཚན་གྱི་སྒོ་ནས་ཁྲོ་བོའི་
རིག་འཛིན་སྒྲུབ་པ་གསུངས་པ། ཏྲི་ཤཱུ་ལ་ཞེས་པ་ལ་སོགས་པའོ། །ཏྲི་ཤཱུ་ལ་ཞེས་པ་ནི་མདུང་རྩེ་གསུམ་པ་སྟེ་སྟོབས་པོ་ཆེའོ། །ཀྱོ་བ་དང་ཞེས་པ་ནི་ལྕགས་ཀྱོ་སྟེ་འདོད་པའི་རྒྱལ་པོའོ། །སོགས་ཞེས་པ་ནི་དབྱུག་པ་སྔོན་པོའི་དབྱུག་པ་དང་། མི་གཡོ་མགོན་པོའི་རལ་
གྲི་དང་། གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་དང་། གནོད་མཛེས་ཀྱི་རྡོ་རྗེ་དང་། གཤིན་རྗེ་གཤེད་ཀྱི་ཐོ་བ་དང་། ཤེས་རབ་མཐར་བྱེད་ཀྱི་རྡོ་རྗེ་དབྱུག་པ་དང་། པདྨ་མཐར་བྱེད་ཀྱི་པདྨ་དང་། བདུད་རྩི་འཁྱིལ་པའི་རྡོ་རྗེའོ། །རྡོ་རྗེ་ཁྱད་པར་གྱིས་སྒྲུབས་ན། །
ཞེས་པ་ནི་བདག་པོའི་རིམ་པས་སྒྲུབ་པ་སྟེ། རང་དང་འདྲ་བའི་ཚོགས་བཀུག་ཅིང་བཅུག་ནས་བརྟན་པར་བྱ་བ་ནི་ཁྱད་པར་རོ། །དེ་བས་ན་སྐུ་གསུང་ཐུགས་ཀྱི་སྒྲུབ་པའི་ཞེས་ཏེ། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པའི་བསམ་གཏན་དེས་

འགྲུབ་པའོ་ཞེས་སོ། །འཁོར་ལོ་དང་ལྡན་པ་ནི་རང་གི་ངོ་བོ་ཁོ་ནས་སྒྲུབ་པ་ཡང་མི་འགལ་ལོ། །དམ་ཚིག་ཆེན་པོ་སྔོན་དུ་འགྲོ་བས་དེ་རྣམས་འབྱུང་བའི་ཕྱིར་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་སྟོན་པའོ། །ད་ནི་ལས་ཀྱི་ཁྱད་པར་ལས་དགུག་པའི་སྦྱོར་བའི་གནས་གསུངས་པ། ལམ་གྱི་
ཞེས་པ་ལ་སོགས་པའོ། །ལམ་གྱི་བཞི་མདོར་ཞེས་པ་ནི་མི་མང་པོ་འདུ་བའོ། །ཤིང་གཅིག་དྲུང་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་འདུ་བའོ། །མཚན་མ་གཅིག་པ་ནི་འབྱུང་པོ་རྣམས་འདུ་བའོ། །ཞི་གནས་ནི་འཕགས་པ་རྣམས་འདུ་བའོ། །ཐམས་ཅད་རྣམ་པར་འདུ་བ་ནི་
འགུགས་པ་ལ་ཤིས་པའི་གནས་ཏེ་གཞན་ལས་ཀྱང་། ཆང་འཚོང་སྨད་འཚོང་ཁྱིམ་ལ་སོགས། །དགུག་པ་བསྒྲུབ་པ་ཁྱད་པར་ཤེས། །ཞེས་བལྟའོ། །རྡོ་རྗེ་དགུག་པའི་ཞེས་པ་ནི་རྡོ་རྗེ་གསུམ་གྱིས་དགུག་པ་ཞེས་སོ། །ཁྱད་པར་གྱིས་ཞེས་པ་ནི་རང་རང་གི་ལྷའི་རིམ་
པ་སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ་ཅེས་སོ། །ཇི་ལྟ་བུར་སྒྲུབ་ཅེ་ན། འགུགས་པ་ཐམས་ཅད་ཀྱི་སྤྱིའི་ཆོ་གས་གསུངས་པ། སྦྱོར་གསུམ་ཞེས་པ་ལ་སོགས་པའོ། །དེ་ལ་རང་གི་ལུས་ལ་སོགས་པའི་ལྷའི་རྣམ་པ་ལྟ་བུ་འཁོར་ལོ་འམ་གཅིག་པར་སྒོམ་པ་ནི་སྦྱོར་གསུམ་
རྡོ་རྗེ་ཅན་རྣམས་སོ། །དེ་ལ། ལོངས་སྤྱོད་གསུམ་པའི་རྣམ་པར་མཚན། །ཞེས་བྱ་བ་ནས། སྦྱོར་གསུམ་སྔགས་ཀྱི་སྐྱེས་བུར་བསམ། །ཞེས་ཏེ། སྐུ་ལ་སོགས་པ་རིག་མ་དང་ལྡན་ཞེས་ཨོཾ་ལ་སོགས་པ་ལས་བསྐྱེད་པའོ། །དེ་རྣམས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཡིན་པའི་ཕྱིར་རོ། །
སངས་རྒྱས་ཡེ་ཤེས་བློ་ལྡན་གྱི། །ཞེས་སོ། །དེའི་སྐུ་གསུང་ཐུགས་ལས་འཕྲོས་པའི་ལྕགས་ཀྱུ་ནི། སྐུ་གསུང་ཐུགས་ཀྱི་ཀྱོ་བ་ཞེས་ཏེ་དེས་མཚོན་པའི་ལྷ་རྣམས་འགུགས་པའོ། །རླུང་གི་དཀྱིལ་འཁོར་མཆོག་གནས་པ། །ཞེས་པ་ནི། དགུག་བྱ་ཡང་མིང་གི་ཡི་གེ་དང་པོས་
བསྐྱེད་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པར་བྱས་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱང་དགུག །ཅེས་སོ། །དམ་ཚིག་ལས་བྱུང་ཕྱོགས་བཅུ་པ། །ཞེས་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཐམས་ཅད་ཀྱང་འགུགས་པ་ལས་མི་འདའ་བས་ན། རྡོ་རྗེ་

གསུམ་གྱིས་དགུག་ཅིང་ལོངས་སྤྱད་པར་བྱའོ་ཞེས་སོ། །ནམ་མཁའི་དབྱིངས་ན་གནས་པ་ཐམས་ཅད་མི་འདའ་བས་ན་ནམ་མཁའི་དབྱིངས་ཀྱི་དམ་ཚིག་གོ། །རྡོ་རྗེ་གསུམ་གྱི་ལྕགས་ཀྱུས་འགུགས་པས་ན་རྡོ་རྗེ་འགུགས་པའི་ཆོ་གའོ་ཞེས་སོ། །ད་ནི་རྣམ་པར་སྣང་
མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྡན་པར་བསམ་གཏན་གྱི་དགུག་པ་གསུངས་པ། རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་འཁོར་ལོ་མཆོག །ཅེས་པ་ནི་སྲུང་བའི་འཁོར་ལོ་ལ་སོགས་པས་ཇི་སྲིད་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་བསྐྱེད་
པའི་ཆོ་ག་ཉི་ཤུ་རྫོགས་པར་བྱས་པའོ། །ལྕགས་ཀྱུ་འབའ་ཞིག་ཏུ་མ་ཟད་ཀྱི་ཕྱག་མཚན་གཞན་གྱིས་ཀྱང་དགུག་ཏུ་རུང་བས་ན། རྡོ་རྗེ་པདྨ་དག་ལ་སོགས། །ཞེས་བྱའོ། །རྒྱལ་བ་དག་གིས་ཞེས་པ་ནི་དེས་མཚན་པའི་ལྷའི་སྐུའོ། །དེའི་གནས་ནི་འཕྲོ་བའི་གཞི་སྟེ་རྡོ་རྗེ་
གསུམ་བསམས་ནས་ཞེས་སོ། །དེ་ནས་དམ་ཚིག་ཐམས་ཅད་དགུག་པའི་མཆོག་ནི་ཀྱོ་བས་བྱ་ཞེས་ཏེ། འགུགས་པར་ནུས་པའི་ཕྱིར་གཞན་ཡང་དེ་སྐད་ཅེས་བྱའོ། །ས་འོག་ལ་སོགས་པ་ན་གནས་པ་རྣམས་ཀྱང་མི་འདའ་བས་ན་ཁམས་གསུམ་གྱི་དམ་ཚིག་
འགུགས་པའོ། །རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །ཞེས་པ་ནི་སྐུ་རྡོ་རྗེ་དེ་ཡང་མཚན་དང་དཔེ་བྱད་ཀྱིས་རྣམ་པར་བརྒྱན་པའོ། །དེ་ལྟ་བུར་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུར་ནི་རབ་ཏུ་སྦྱར་ཞེས་ཆུང་ངུའི་སྒྲུབ་པ་ལ་གནས་ནས་དགུག་གོ་ཞེས་བསྟན་པའི་ཕྱིར།
ལག་ཏུ་སྐུ་གསུང་ཐུགས་རྣམས་ཀྱི། །ཀྱོ་བ་ལ་སོགས་རབ་ཏུ་སྦྱར། །ཞེས་ལྷན་ཅིག་གི་ཏིང་ངེ་འཛིན་གྱི་བྱ་བ་བསྟན་པའོ། །འདི་དག་ལྟ་བུའི་སྦྱོར་བ་ནི་རྣམ་པ་གཉིས་སོ། །ལས་ཐམས་ཅད་བྱེད་པར་འགྱུར་ཞེས་པ་ནི། སེམས་ཅན་དང་སེམས་ཅན་མ་ཡིན་པ་ཀུན་གྱིས་ཀྱང་
དགོས་པ་སྒྲུབ་པར་བྱེད་དོ་ཞེས་པའོ། །ད་ནི་མཐུ་ཆེན་པོའི་ཟས་རྣམ་པར་དག་པར་བྱས་ནས་ལོངས་སྤྱོད་པའི་ཐབས་བསྡུས་ཏེ་གསུངས་པ། རྣམ་པའི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྐུ་ནི་རབ་བསྒོམས་ལ། །ཞེས་པ་ནི་དབྱེར་མེད་པའི་སྐུ་སྟེ་རང་གི་ལྷ་བསྒོམ་པའོ། །

རྡོ་རྗེའི་སྦྱོར་བ་ནི་འོག་ནས་འབྱུང་བས་ལྕེར་བསྒོམས་ན། ལྕེ་ཉིད་སྣང་བ་མཐའ་ཡས་ལྟ་བུའི་གསུང་ཐོབ་པའི་ཕྱིར། རྡོ་རྗེ་གསུང་དང་འདྲ་བར་འགྱུར། །ཞེས་སོ། །དེ་ཡང་གསང་བའི་མཆོད་པས་མཉེས་པར་བྱས་ནས་བསྟོད་པའི་དེ་མ་ཐག་ཏུ་བྱའོ་ཞེས་གསུངས་པ། གསང་གསུམ་
ཞེས་པ་ལ་སོགས་པའོ། །གསང་གསུམ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་ངོ་བོ་ལས་མི་འདའ་བས་ན་དམ་ཚིག་གོ། །དེ་ཉིད་མཆོད་པའི་མཆོག་སྟེ་ལྷ་མོ་བཅུའོ། །གཞན་དང་ཐུན་མོང་མ་ཡིན་པས་ན་མཆོད་པ་གསང་བའོ། །དེ་རབ་ཏུ་བསྒྲུབ་པ་ནི་འོད་ཟེར་
གྱིས་ལྷ་མོ་དགུག་པ་ལ་སོགས་པ་རྒྱས་པར་སྦྱར་རོ། །དེ་ཉིད་གསང་བའི་སྙིང་པོ་སྟེ་འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་རོ། །གསང་བ་ཆེན་པོ་ནི་བདུད་རྩི་ལྔ་དང་ལྷ་མོ་བཅུའོ། །དེ་ཉིད་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་གོ། །ད་ནི་དངོས་གྲུབ་ཐམས་ཅད་ལ་ཤིས་པའི་ཟས་
བསྟན་པའི་ཕྱིར། ཤ་ཆེན་ཞེས་པ་ལ་སོགས་པའོ། །དམ་ཚིག་དག་གིས་ཞེས་པ་ནི་སྔོན་དུ་བསྟེན་པའི་ཕན་ཡོན་དང་། ཕྱིས་སྒྲུབ་པ་ལ་ཁྱད་པར་དུ་ཤིས་པའི་ཕྱིར་རོ། །རྡོ་རྗེ་གསུམ་མཆོག་ནི་ཕྱག་རྒྱ་ཆེན་པོའོ། །གལ་ཏེ་མེད་ན་སྒྲུབ་པའི་ཆོ་ག་ཡང་གསུངས་པ། ཁྱི་ཤ་དག་གིས་
ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་མེད་ན་སྒྲུབ་པའི་ཆོ་ག་གསུངས་པ། ཤ་རྣམས་ཐམས་ཅད་ཅེས་པ་ལ་སོགས་པའོ། །ཐམས་ཅད་ཅེས་པ་ནི་ཟན་དྲོན་དང་འབྲས་ཆན་ལ་སོགས་པའོ། །བསམ་པས་རྣམ་པར་བརྟགས་ཞེས་པ་ནི་སྒྲུབ་པ་པོ་ནི་སེམས་ཀྱི་དབང་གིས་གྱུར་པས་
ན་རང་རང་གི་སྐབས་སུ་རྣམ་པར་བརྟགས་པས་ཀྱང་ཁྱད་པར་རྙེད་དོ། །རྡོ་རྗེ་སྦྱོར་བ་འདི་བྱས་ན། །ཞེས་པ་ནི་གཞན་ལ་བརྟག་པའི་སྦྱོར་བ་འདི་བྱས་པས་ཀྱང་། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབས། །ཞེས་ཏེ་དངོས་གྲུབ་སྟེར་རོ་ཞེས་པའི་དོན་ཏོ། །བསྙེན་སྒྲུབ་བཞི་དང་ལྡན་པའི་རྣལ་
འབྱོར་པས་ལོངས་སྤྱོད་པར་གསུངས་པ། རྡོ་རྗེ་ཅན་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཅན་གྱི་སྐུ་གསུང་ཐུགས། །ཞེས་པ་ནི་དེས་བྱིན་གྱིས་བརླབ་པའོ། །རྣམ་པའི་མཆོག་རྣམས་ནི་མཚན་མ་ཀུན་དང་ལྡན་པའི་རང་བཞིན་གྱི་ལྷའོ། །སྙིང་གར་ཡེ་ཤེས་ཞེས་པ་ནི་དམ་ཚིག་

གི་ཕྱག་རྒྱས་བྱིན་གྱིས་བརླབས་པའོ། །དམ་ཚིག་དང་ཞེས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབས་པའོ། །དབུ་རྒྱན་རྡོ་རྗེ་འཛིན་པའི་མཆོག །ཅེས་པ་ནི་དབུ་རྒྱན་ལ་རྡོ་རྗེ་འཛིན་པ་སྟེ། རིགས་ལྔ་གང་རུང་ཅིག་བསམས་ནས་ལོངས་སྤྱོད་ན་སངས་རྒྱས་
ཐམས་ཅད་མཉེས་པར་འགྱུར་བ་ཞེས་བྱའོ། །འདི་ནི་ཞེས་པ་སྦྱོར་བ་དེས་སྤྱོད་པའོ། །དེ་ཉིད་དམ་ཚིག་མཆོག་ཅེས་བྱའོ། །དེས་ཅི་བྱེད་ཅེ་ན་གོང་མ་ལྟར། དངོས་གྲུབ་ཐམས་ཅད་གྲུབ་པའི་མཆོག །ཅེས་བྱའོ། །དེ་ཡང་དམ་ཚིག་མཆོག་ལ་གནས་པའི་རྣལ་འབྱོར་པས་
རབ་ཏུ་བྱའོ་ཞེས་པའི་དོན་ཏོ། །དམ་ཚིག་ཐམས་ཅད་ནི་བདུད་རྩི་ལྔའོ། །ཡེ་ཤེས་སུ་རྟོགས་པས་ན་ཤེས་པའོ། །དེས་རྡོ་རྗེ་ལྟ་བུ་ཐོབ་པར་འགྱུར་བས་ན་རྡོ་རྗེར་གྱུར་པ་ཞེས་བྱའོ། །ལྕེ་དག་པར་བྱ་བ་གསུངས་པ། ལྕེའི་ཞེས་པ་ལ་སོགས་པའོ། །ལྕེ་ཉིད་རྡོ་རྗེ་
ལས་མི་འདའ་བས་ན། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །ཞེས་བྱའོ། །རྡོ་རྗེ་ཅན་ཞེས་པ་ནི་རྣལ་འབྱོར་པའོ། །ཧཱུཾ་བསྒོམས་ཏེ་ཞེས་པ་ནི་ལོངས་སྤྱོད་པ་པོའི་ལྕེ་ལ་ཧཱུཾ་ལས་རྡོ་རྗེ་རྩེ་གསུམ་པ་བུམ་པ་ལ་ཡང་ཧཱུཾ་ལྡན་པར་བསྒོམས་ཏེ་བདུད་རྩིའི་སྦྱོར་བ་སྟེ་དག་པར་བྱེད་པའི་ཆོ་གས་
ཟོས་ན་རྡོ་རྗེ་གསུམ་ཐོབ་པར་འགྱུར་རོ་ཞེས་སོ། །དག་པར་བྱ་བའི་ཆོ་ག་གསུངས་པ། ཨཱཿདང་ཞེས་པ་ལ་སོགས་པའོ། །ཨས་བྷནྡྷ་བསྐྱེད་པར་བྱའོ། །ཨོཾ་གྱིས་བསིལ་དབབ་པར་བྱའོ། །དམ་ཚིག་ནི་དཔའ་བོ་ལྔ་དང་ལྕགས་ཀྱུ་ལྔར་ཤེས་པར་བྱའོ། །རྡོ་རྗེ་ཚུལ་མཆོག་ནི་
རླུང་ལས་བྱུང་བའི་ཧཱུཾ་ལས་གྱུར་པའི་རྡོ་རྗེ་བདུད་རྩི་ལ་དབབ་པའོ། །དེའི་མངོན་པར་རྟོགས་པའི་རིམ་པ་ནི་འདི་ལྟ་སྟེ། རྡོ་རྗེ་དྲིལ་བུ་བདེ་དབྱངས་ཀྱིས་བསྟོད་པའི་དེ་མ་ཐག་ཏུ་རང་གི་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་འདྲ་བ་རྒྱལ་མཚན་སྔོན་པོས་མཚན་པ་ཅིག་བསམ། དེའི་
སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དེས་མཚན་པ་ཅིག་བསམ། དེའི་སྟེང་དུ་ཨ་ལས་པདྨ་བྷནྡྷ་དེས་མཚན་པ་ཅིག་བསམ། དེའི་ནང་དུ་དྲི་ཆུ་དང་དྲི་ཆེན་དང་རཀྟ་དང་བྱང་ཆུབ་ཀྱི་སེམས་དང་། མཾ་ས་ཡང་གཞག་པར་བྱའོ། །ཡང་དེ་བཞིན་དུ་གླང་པོ་ཆེ་དང་རྟ་དང་

བ་ལང་དང་ཁྱི་དང་མིའི་ཤ་རྣམ་པར་གཞག་པར་བྱའོ། །དེའི་སྟེང་དུ་ཟླ་བ་དང་ཉི་མའི་གདན་བཞི་ལ་ཧཱུཾ་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཞེས་བྱ་བའི་ས་བོན་བཀོད་ནས། དེའི་འོད་ཟེར་སྟུག་པོས་མི་བསྐྱོད་པ་ལ་སོགས་པ་བཀུག་ནས་ས་བོན་ལ་གཞུག་པར་བྱའོ། །དེའི་མཐུས་རླུང་གིས་མེ་སྦར་བས་ཐོད་པ་
དྲོས་པའི་བདུད་རྩི་ལ་སོགས་པ་གཅིག་ཏུ་ཞུ་ནས་ཁོལ་བའི་རླངས་པས་ཧཱུཾ་དུ་གྱུར། དེ་ལས་རྡོ་རྗེ་ཧཱུཾ་གིས་བྱིན་གྱིས་བརླབས་པར་གྱུར་པའི་རིན་པོ་ཆེའི་ཕྲེང་བ་ལྟར་ཞུ་ནས་བདུད་རྩི་ལ་དབབ་པར་བྱའོ། །དེ་ལྟར་ལན་གསུམ་དུ་བྱས་པས་པདྨའི་སྣོད་བདུད་རྩིས་གང་བ་ལ་ཨོཾ་ཞུགས་
པས་བསིལ་བར་བྱའོ། །དེའི་འོད་ཟེར་གྱིས་ཡང་ཕྱོགས་བཅུའི་བདུད་རྩི་བཀུག་ནས་དེར་ཞུགས་པར་བྱས་པས་ཉི་མ་འམ་ཤེལ་ལྟར་དག་པར་བསམས་ནས་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། གོང་མ་ལྟར་བདག་དང་ལྷ་ཐམས་ཅད་ཀྱི་ལྕེ་དག་པར་བྱས་ནས་རང་གི་ས་བོན་གྱིས་
བསྐུལ་བའི་བྷནྡྷ་པདྨ་སྤྲོས་ཏེ། ལྷ་རྣམས་ཀྱི་ཕྱག་ཏུ་ཐེངས་པར་བྱས་ནས་ལོངས་སྤྱོད་པར་བྱས་ན། ཇི་སྐད་དུ་གསུངས་པའི་ཕན་ཡོན་ཐོབ་པར་འགྱུར་ཞེས་སོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པའོ། །དམ་ཚིག་ནི་བདུད་རྩི་ལྔ་དང་ཤ་ལྔའོ། །བདུད་རྩི་ནི་དེས་རྣམ་པར་རྟོག་པའི་
ཤི་བ་དང་བྲལ་བར་བྱེད་པའོ། །ཕྲེང་བ་ནི་དེས་མཛེས་པར་བྱེད་པའི་དོན་ཏོ། །ད་ནི་དེའི་ཕན་ཡོན་གསུངས་པ་རྡོ་རྗེའི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་གསུམ་ལས་མི་འདའ་བས་ན་དམ་ཚིག་སྟེ་བདུད་རྩི་ལྔ་དང་ཤ་ལྔའོ། །ཡི་གེ་ཨས་བྷནྡྷ་བསྐྱེད་པ་ནི་གསུང་གི་དམ་ཚིག་
གོ། །ཧཱུཾ་ལས་བྱུང་བའི་རྡོ་རྗེའི་བདུད་རྩི་ལ་དབབ་པ་ནི་ཐུགས་གྱི་དམ་ཚིག་གོ། །ཨོཾ་གྱིས་བསིལ་བར་བྱ་བ་ནི་སྐུའི་དམ་ཚིག་གོ། །དེ་གྲུབ་ཟིན་མ་ཐག་ཏུ་མཆོག་སྟེ་སྐུ་གསུང་ཐུགས་རྡོ་རྗེ་ཅན་སངས་རྒྱས་སུ་འགྱུར་རོ་ཞེས་སོ། །ཇི་ལྟ་བུ་ཞེ་ན། ཕྱོགས་བཅུའི་སེམས་
ཅན་ཐམས་ཅད་ཀྱི་འདོད་པ་ཐམས་ཅད་སྦྱིན་པར་ནུས་པས་ན་ནོར་བུ་ཡིད་བཞིན་རྒྱ་མཚོར་འགྱུར་རོ་ཞེས་སོ། །དེ་བས་ན་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེ་ལྟ་བུའི་ལུས་ཀྱི་བདག་ཉིད་ཀྱིས་སྣང་བར་བྱེད་དེ་རྡོ་རྗེ་འཆང་ཆེན་པོར་གྱུར་ནས་ཞེས་ཇི་སྙེད་པའོ། །ད་ནི་གོང་དུ་

གསུངས་པའི་འཁོར་ལོ་ལ་སོགས་པའི་རིག་འཛིན་དང་གཞན་ཡང་གྲུབ་པའི་ཡོན་ཏན་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པའོ། །འཁོར་ལོ་དམ་ཚིག་ཅེས་པ་སོགས་མཚོན་པ་ཙམ་སྟེ་རྡོ་རྗེ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་རྣམས་གྲུབ་པ་ནི་
མཆོག་སྟེ་རང་རང་གི་རིགས་ཀྱི་སངས་རྒྱས་སྐུ་དང་འདྲ་བར་འགྱུར་ཞེས་ཏེ་དངོས་མ་ཡིན་ནོ། །གངྒཱའི་བྱེ་སྙེད་ཅེས་པ་ནི་གྲངས་ཅན་ཏེ་དེ་ཡང་རིག་པ་འཛིན་པ་གྲུབ་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དུ་རྣམ་པར་སྤྱོད་ཅེས་སོ། །དམ་ཚིག་དམ་པ་ཞེས་པ་ནི་
རྒྱུད་གཞན་གྱིས་གྲུབ་པའི་རིག་འཛིན་ཐམས་ཅད་དོ། །དེ་རྣམས་ཀྱི་གཙོ་བོ་བྱེད་པའི་ཕྱིར་མཆོག་ཏུ་གྱུར་པའོ། །དེ་ལྟ་བུའི་རྡོ་རྗེ་སྐུ་སྟེ་དེ་དང་འདྲ་བའི་རིག་འཛིན་བསྒོམས་པས་ཞེས་ཏེ་གྲུབ་པ་ཞེས་པའི་དོན་ཏོ། །འདི་ནི་དམ་ཚིག་མཆོག་ཏུ་འགྱུར། །ཞེས་པ་ནི་དེ་ཡོངས་སུ་སྨིན་
པའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པར་འགྱུར་རོ་ཞེས་སོ། །མི་སྣང་འགྱུར་བ་ཞེས་པ་ནི་རྒྱུད་གཞན་ལ་གྲུབ་པའི་མི་སྣང་བ་ལས་མཆོག་གོ། །སྟོང་ཁམས་དག་ནི་ཞེས་པ་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་རང་གི་ཡོན་ཏན་གྱིས་སྣང་བར་བྱེད་ཅེས་སོ། །དེ་བཞིན་
དུ་མངོན་པར་ཤེས་པ་ལྔ་གྲུབ་པ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ན་དབང་བའོ། །ཕྱག་རྒྱ་ཆེན་པོ་ལ་ནི་ཕྱོགས་མེད་པར་ཤེས་པར་བྱའོ། །ཇི་སྐད་དུ། མི་སྣང་ཁམས་ནི་སྟོང་ཕྲག་ན། །མངོན་ཤེས་སྟོང་གཉིས་འབྲིང་པོ་ལ། །རིག་འཛིན་དག་ནི་སྟོང་གསུམ་
ལ། །འགྲོ་ཀུན་གཙོ་བོ་རྡོ་རྗེ་ཅན། །ཞེས་སོ། །སངས་རྒྱས་ཀུན་ལས་འཕྲོག་པ་དང་། །ཞེས་པ་ནི་ཕུལ་དུ་བྱུང་བའི་གཏམ་སྟེ་སངས་རྒྱས་རྣམས་ལ་ཡང་མི་སྣང་བས་དེའི་ཕུན་སུམ་ཚོགས་པ་འཕྲོག་པར་ནུས་པ་གཟི་ཅན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གདོལ་པའི་བུ་
བཞིན་ནོ། །དེ་བཞིན་དུ་ལྷའི་བུ་མོ་མཆོག་ལ་སྤྱོད་ནུས་ཞེས་པའོ། །ད་ནི་གོང་དུ་གསུངས་པའི་མངོན་པར་ཤེས་པ་ལྔ་གྲུབ་པའི་ཡོན་ཏན་གསུངས་པ། གངྒཱའི་བྱེ་སྙེད་ཅེས་པ་ལ་སོགས་པའོ། །གངྒཱའི་བྱེ་སྙེད་ན་སངས་རྒྱས་རང་གི་རྡོ་རྗེ་གདན་ལ་བཞུགས་པ་མཐོང་

ཞེས་སྦྱར་རོ། །སྒྲ་གྲག་པ་ནི་ཇི་སྙེད་པ་ཞེས་པ་ནི་སེམས་ཅན་མ་ཡིན་པའི་སྒྲ་རགས་པ་དང་ཕྲ་བ་ཇི་སྙེད་པ་བསྡུའོ། །སེམས་ཅན་ཀུན་གྱི་སེམས་རྣམས་ཞེས་པ་ནི། འགྲོ་བ་ལྔར་གཏོགས་པའི་སེམས་ཅན་གྱི་སེམས་རྟོགས་པའི་རྒྱུན་དང་འབྲེལ་པ་དང་རྟོག་པ་དེ་བཟློག་པས་དག་པར་བྱེད་པའི་
སེམས་དེས་རིག་འགྱུར་ཞེས་སྦྱར་རོ། །གང་གིས་ཤེ་ན་སྐུ་གསུང་ཐུགས་ཀྱིས་མཚན་པའོ། །རོལ་མོ་ལས་བྱུང་ཞེས་ཏེ་རྡོ་རྗེ་གསུམ་ནི་སེམས་ཅན་གྱི་དོན་བྱེད་པའི་རོལ་མོ་སྟེ། དེ་ལས་བྱུང་བའི་སེམས་ནི་དེས་མཚན་པའོ། །འཁོར་བ་དག་ན་གནས་པའི་ཞེས་པ་ནི་རང་དང་གཞན་ནོ། །
གཏན་ཚིགས་རྟགས་ནི་རིགས་དང་ཕ་མ་དང་། རང་གི་མིང་དང་། ལས་ཅི་སྤྱད་པ་དང་། ནད་གང་གིས་ཤི་བ་ལ་སོགས་པའོ། །གངྒཱའི་བྱེ་སྙེད་ཞིང་དག་ཏུ། །ཞེས་པ་ནི་རང་གིས་འདུལ་བའི་ཞིང་དུའོ། །ཅི་བྱེད་ཅེ་ན། སངས་རྒྱས་སྤྲིན་གྱིས་བརྒྱན་པའི་སྐུས། །ཞེས་ཏེ་སངས་རྒྱས་
ལྟ་བུའི་སྤྲུལ་པའི་སྐུ་འཕྲོ་བ་ནི་བརྒྱན་པ་སྟེ་དེ་ལྟ་བུ་ཡིས་ཞེས་སོ། །དུས་ཇི་ཙམ་ཞིག་ཏུ་ཞེ་ན། བསྐལ་པ་གངྒཱའི་བྱེ་སྙེད་དུ། །ཞེས་ཉེ་བར་བཏགས་པས་ཏེ་བསྐལ་པ་གཉིས་ཀྱི་བར་དུའོ། །རྡོ་རྗེ་རྫུ་འཕྲུལ་ཞེས་པ་ནི་ནམ་མཁའི་ཁམས་ཀུན་དུ་རང་དང་འདྲ་བའི་སྐུ་སྤྲོ་བ་དང་། ལྷ་ལ་སོགས་པའི་
གཟུགས་སུ་སྟོན་པ་དང་། ནམ་མཁའ་ལ་འཕུར་བ་ལ་སོགས་པ་ཇི་སྙེད་པའོ། །གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་སྟེ་དེས་འགེངས་པའོ། །དམ་ཚིག་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལྔའི་མངོན་པར་ཤེས་པའི་ཡུལ་མཁྱེན་པས་ན་མངོན་པར་མཁྱེན་པའོ། །དེ་རྣམས་
ཀྱི་མིང་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །གཞན་ཡང་དེའི་ཁྱད་པར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་སྐུ་དང་འདྲ་བར་འགྱུར། །ཞེས་པ་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་བ་སྟེ་དེ་སློབ་པ་མ་ཡིན་པའི་
ཕྱིར་རོ། །འཁོར་གྱིས་ཡོངས་སུ་བསྐོར་བའི་ནི་ལམ་མཚུངས་པ་སྟེ། དེ་བས་ན་རྡོ་རྗེ་སྐུ་གསུང་ཐུགས་ཀྱིས་ཞེས་ཏེ་དེ་ལ་གནས་པས་ཞེས་སོ། །འཇིག་རྟེན་ཁམས་ཀུན་ཞེས་པ་ནི་གོང་མ་ལྟར་བདག་ཉིད་དབང་བར་རོ། །དེ་ཀུན་དུ་བགྲོད་པར་འགྱུར་ཞེས་སོ། །ད་ནི་ཡན་ལག་བཞི་

འབྲས་བུ་དང་བཅས་པ་གསུངས་པ། བསྙེན་པའི་ཞེས་པ་ལ་སོགས་པའོ། །སྲིད་པ་དང་ཞི་བ་སོ་སོར་ཉེ་བས་ན་བསྙེན་པའོ། །མི་འདའ་བས་ན་དམ་ཚིག་གོ། །དེ་ཉིད་ཟབ་མོ་དང་ཡང་དག་པར་གསལ་བ་བསྲེས་པས་ན་སྦྱོར་བའོ། །རང་གི་ལྷ་དང་ཉེ་བར་
བསྙེན་པ་སྟེ་སའི་སྙིང་པོ་ལ་སོགས་པའོ། །དེའི་འབྱུང་བ་ནི་ཐམས་ཅད་མཁྱེན་པའོ། །སྐུ་གསུམ་དུ་སྒྲུབ་པ་ནི་སྒྲུབ་པའོ། །དེའི་དོན་ནི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་སྟེ་མི་འདའ་བས་ན་དམ་ཚིག་གོ། །ཁམས་གསུམ་ཆོས་ཀྱི་དབང་ཕྱུག་ཏུ་གནས་པའི་དམ་པ་ཡང་
དག་པའི་སངས་རྒྱས་པས་ན་དབང་བསྐུར་བ་ན་སྒྲུབ་པ་ཆེན་པོའོ། །རྡོ་རྗེ་བྱེ་བྲག་ཅེས་པ་ནི་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་ཡེ་ཤེས་ཀྱི་བྱེ་བྲག་གི་སྔོན་དུ་བསྙེན་པར་བྱས་ལ་དེ་ལས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་ཀྱི་ལས་རྣམས་བསྒྲུབ་པར་བྱའོ་ཞེས་སོ། །ཇི་སྐད་དུ། བྱང་ཆུབ་རྡོ་རྗེ་གསུངས་
པ་ཡི། །ཐབས་ནི་རྣམ་པ་བཞི་དག་སྟེ། །བསྙེན་པའི་ཆོ་ག་དང་པོ་སྟེ། །གཉིས་པ་ཉེ་བར་སྒྲུབ་པའོ། །གསུམ་པ་བསྒྲུབ་པར་བྱ་བ་དང་། །བཞི་པ་སྒྲུབ་པ་ཆེན་པོའོ། །ཞེས་སོ། །མདོར་བསྟན་པའི་དོན་རྒྱས་པར་རྟོགས་པར་བྱ་བའི་ཕྱིར་དང་པོ་ཆུང་ངུའི་བསྙེན་སྒྲུབ་བཞི་གསུངས་པ། བསྙེན་པའི་
ཞེས་པ་ལ་སོགས་པའོ། །ཏིང་ངེ་འཛིན་ནི་རང་གི་སེམས་འཇུག་པ་ལ་སོགས་པས་རང་གི་ལྷར་གྱུར་པའོ། །དེ་ཉིད་དོན་དམ་པ་དང་རབ་ཏུ་སྦྱོར་ཞིང་བྱང་ཆུབ་མཆོག་ཏུ་བྱིན་གྱིས་བརླབས་པའོ། །དེའི་དོན་ནི་བར་གྱི་སྲིད་པའི་གཟུགས་ཞལ་དུ་འཇུག་པ་ལ་སོགས་པས་ལྷ་མོའི་གསང་བའི་
ཁྲག་འདྲ་བ་ནི་ཧོའི་མེ་ཡིས་ཡི་གེ་གསུམ་ཞུ་བའི་འོད་ཟེར་གྱིས་ཐབས་དང་ཤེས་རབ་དབུས་ཀྱི་གདན་ཆོ་ག་དང་པོ་གནས་པ་ལ་རང་གི་ཚད་མེད་པ་བཞིས་ལྷ་མོར་གྱུར་པའི་གླུས་བསྐུལ་བས་ས་བོན་དང་མཚན་མ་ས་བོན་གྱིས་མཚན་པ། དེའི་འོད་ཀྱིས་དེ་བཞིན་གཤེགས་པ་རང་དང་འདྲ་བའི་
སྐུར་བྱས་པ་ལས་བྱུང་བའི་རང་གི་ལྷ་ནི་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཡན་ལག་ཆུང་ངུ་དང་། རྒྱུ་མཐུན་པའི་འབྲས་བུ་ཆུང་ངུ་སྟེ་མྱ་ངན་ལས་འདས་པའི་ཡན་ལག་གོ། །གྲུབ་མཆོག་ལ་ཞེས་པ་ནི་རང་གི་ལྷ་ནི་གྲུབ་པ་མཆོག་སྟེ། དེའི་རྡོ་རྗེ་སྐྱེ་མཆེད་དེ་མིག་ལ་སོགས་

པ་ཀྵིཾ་ལ་སོགས་པ་ལས་མཚན་མ་དེས་མཚན་པ་སྟེ་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་དཔྱད་པ་ནི་ཉེ་བར་སྒྲུབ་པའི་ཡན་ལག་ཆུང་ངུ་དང་། རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་སྟེ་ཐམས་ཅད་མཁྱེན་པའི་ཡན་ལག་གོ། །སྔགས་ཀྱི་བདག་པོ་ཞེས་
པ་ནི་སྔགས་ཧཱུཾ་ལ་སོགས་པ་ལས་བསྐྱེད་པ་ནི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །དེ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་གཉིས་སུ་མེད་པར་བྱ་བ་ནི་བསྒོམ་པའོ། །སྒྲུབ་པ་རྣམ་པར་གཞག་པའི་དོན་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྐུལ་བ་ནི་སྒྲུབ་པའི་ཡན་ལག་ཆུང་ངུ་དང་སྐྱེས་བུ་བྱེད་པའི་
འབྲས་བུ་ཆུང་ངུ་སྟེ་སྐུ་གསུམ་ཐོབ་པའི་ཡན་ལག་གོ། །རང་སྔགས་ཞེས་པ་ནི་རང་གི་ས་བོན་གྱིས་བསྐུལ་བའི་བདེ་བར་གཤེགས་པ་ལས་བྱུང་བའི་འོད་ཟེར་ལས་ལྷ་མོ་བཅུ་འཕྲོས་པ་ལས་རང་གི་སྤྱི་བོར་ཐིམ་པ་ལས། རྡོ་རྗེ་ཅན་གྱི་གཟུགས་ཏེ་རིགས་ལྔ་འམ་དྲུག་ལ་རྡོ་རྗེ་འཆང་ཆེན་པོ་སྟེ་
དེ་བས་ན། དབུ་རྒྱན་ལ་ནི་བདག་པོ་བསམ། །ཞེས་ཏེ་གང་ཡང་རུང་བའི་བདག་པོ་གཞག་གོ་ཞེས་པའི་དོན་ཏོ། །དེ་ལྟར་བྱས་ན་ཡེ་ཤེས་རྡོ་རྗེ་སྟེ་རྣལ་འབྱོར་པར་འགྲུབ་པར་འགྱུར་རོ་ཞེས་པའོ། །དེས་གོང་མ་གསུམ་ལ་ཡང་བསྒྲུབ་པར་བྱའོ། །སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་
དང་། དྲི་མ་དང་བྲལ་བའི་འབྲས་བུ་ཆུང་ངུ་སྟེ། ཁམས་གསུམ་ཆོས་ཀྱི་དབང་ཕྱུག་གི་ཡན་ལག་གོ། །དེ་ལ་ཏིང་ངེ་འཛིན་ཞེས་པ་ཉིད་བསྟན་པས་བསྙེན་པའི་ཁྱད་པར་གསུངས་པ། བསྙེན་པའི་ཞེས་པ་ལ་སོགས་པའོ། །ཡེ་ཤེས་བདུད་རྩི་དག་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་
ཏེ། དེ་ཡང་གོང་མ་ལྟར་བར་གྱི་སྲིད་པའི་སེམས་འཇུག་པ་སྔོན་དུ་བྱས་པའི་ཟླ་བར་ཞུ་བས་མཆོག་གི་བསྙེན་པ་བྱའོ་ཞེས་པའི་དོན་ཏོ། །ཐམས་ཅད་ཀྱང་བརྟག་པར་བྱ་ཞེས་པ་ནི་དེས་བསྙེན་པ་བྱས་ན་ཉེ་བར་བསྒྲུབ་པ་ལ་སོགས་པས་ཀྱང་མཚན་པའོ། །ལོངས་སྤྱོད་བཞི་པོ་འདི་ནི་སྔར་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་རང་གི་ལྷའི་སྔགས་ཀྱི་དེ་ཉིད་དོན་སྒྲུབ་པའོ་ཞེས་སོ། །ཡེ་ཤེས་སུ་བྱ་བའི་ངོ་བོ་མ་ཡིན་པས་ནི་མི་མཐུན་པའི་ཕྱོགས་ཐམས་ཅད་སེལ་བར་མི་ནུས་ཤིང་མ་བསྒྲུབས་པས་ན་ཆུང་ངུའི་སྒྲས་བསྟན་ཏོ། །ལྷ་གཙོ་བོ་གཅིག་པུ་གཏོགས་པའི་

ཕྱིར་ན་དེ་རྣམས་ལ་མཆོག་གི་སྒྲས་ཁྱད་པར་དུ་བྱས་པའོ། །ཇི་སྐད་དུ། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པ་རྣམ་པ་བཞིར་འགྱུར་བ། །རྡོ་རྗེ་རྣམ་བཞི་ཐུན་མོང་སྟེ། །མཆོག་ནི་ཡེ་ཤེས་བདུད་རྩིའོ། །ཞེས་སོ། །དེ་བས་ན་དགེ་བའི་མཚན་ཉིད་
ཀྱི་ཚིག་བསྙེན་པ་བཞི་ཞེས་གསུངས་ཀྱང་ཉེ་བར་སྒྲུབ་པ་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་བས་ན་མཆོག་གི་བསྙེན་པ་གཅིག་ཡན་ལག་ཏུ་བཤད་ཟིན་ཏོ། །གནས་གསུངས་པ་དགོན་པ་ཞེས་པ་ལ་སོགས་པའོ། །དགོན་པ་ལ་སོགས་པའི་གནས་སུ་ཇི་སྐད་བཤད་པ་དང་། བཤད་པར་
འགྱུར་བའི་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བྱས་ནས་དངོས་གྲུབ་འཐོབ་པ་ཞེས་སོ། །གཞན་དུ་ན་བུད་མེད་ནི་ཐེག་པ་དམན་པ་ལ་ཞུགས་པས་ལམ་དུ་མ་མཐོང་བས་ན་དགོན་པ་ཆེན་པོའི་ས་ཕྱོགས་སོ། །དེ་ཉིད་རབ་ཏུ་རྣམ་པར་དབེན་པ་སྟེ། འདོད་ཆགས་ལ་སོགས་པའི་ཚེར་མས་
གང་བས་གཞན་མི་འགྲོ་བས་སོ། །མི་གཡོ་ཞིང་བདེ་བ་ཆེན་པོ་མི་འགྱུར་བས་རི་བོར་རོ། །བློ་དམན་པ་རྣམས་ཉོན་མོངས་པའི་གཅན་གཟན་ལ་འཇིགས་པས་ན་ནགས་འདབས་སོ། །ཤེས་རབ་ཀྱི་ཆའི་ཆུ་ངོགས་སུ་རྫོགས་པའི་ཏིང་ངེ་འཛིན་བྱས་ན་དངོས་གྲུབ་འཐོབ་པོ་ཞེས་སྦྱར་རོ། །
ད་ནི་ཆེན་པོའི་བསྙེན་པ་གསུངས་པ། ཡང་ན་ཞེས་པ་ནི་རྣམ་པར་གཞག་པའི་ཚིག་མ་ཡིན་ཏེ། རང་གི་ལྷའི་བཞིན་དུ་གཞན་ལ་ཞེས་པའི་དོན་ཏོ། །རྡོ་རྗེ་བཞི་དག་གིས་ཞེས་པ་ནི་རང་གི་ས་བོན་གྱིས་བསྐུལ་བའི་བདེ་བར་གཤེགས་པ་ཞལ་དུ་ཞུགས་པ་ལས་བྱུང་བའི་པདྨའི་ནང་
ནས་ཟླ་བར་ཞུ་བའི་ཆོ་ག་སྟེ་དང་པོའོ། །དེ་ཉིད་ལས་བདག་པོའི་ས་བོན་དུ་གྱུར་པའི་ཆོ་ག་སྟེ་གཉིས་པའོ། །དེ་ཉིད་ལས་རང་ངམ་བདག་པོའི་དཀྱིལ་འཁོར་དུ་གྱུར་པ་སྟེ་ཆོ་ག་གསུམ་པའོ། །དེ་ཉིད་གོང་མའི་ལྟར་བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ཀྱིས་ཕྱུང་ནས་རང་རང་གི་གདན་ལ་
དགོད་པ་ནི་ཆོ་ག་བཞི་པའོ། །དེ་ནས་འོག་ནས་འབྱུང་བ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱས་ནས་བྱིན་གྱིས་བརླབ་པ་ནི་བརྟུལ་ཞུགས་བརྟན་པའི་རྣལ་འབྱོར་པས་ཐུན་མོང་གི་བསྙེན་པའོ། །ཇི་སྐད་དུ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་

བསྡུ་བ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐུན་མོང་བསྙེན་པ་བསྒྲུབ་པའོ། །ཞེས་སོ། །སྐུ་གསུམ་མཉམ་པ་ཉིད་འགྱུར་བ། །ཞེས་པ་ནི་ཆོ་ག་དང་པོ་ལས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་འགྲོ་བ་རྣམ་སྨིན་
ཅིང་གྲོལ་བར་བྱེད་པའོ། །དེ་བསྒོམས་ན་དེ་དང་འདྲ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏེ། དེ་བཞིན་དུ་དེ་རྣམས་ཀྱི་མིག་ལ་སོགས་པ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེ་རྣམས་ནི་ཆེན་པོའི་ཉེ་བར་སྒྲུབ་པ་ལ་སོགས་པར་ཤེས་པར་བྱའོ། །དེ་བས་ན་ཆོས་ཐམས་ཅད་རྣམ་
པར་དག་པའི་ལྷའི་ཚོགས་མངའ་བས་ན་ཡེ་ཤེས་ཀྱི་ཁྱད་པར་གྱི་དབང་གིས་ཆེན་པོའི་ཆེན་པོ་ཞེས་བྱ་བ་ལ། ལྷ་ཐམས་ཅད་ལ་གཏོགས་པའི་ཕྱིར་ཐུན་མོང་གི་བསྙེན་པ་ལ་སོགས་པར་བྱའོ། །དེ་བས་ན་དེ་ཐུན་མོང་གི་བསྙེན་པ་གཅིག་ཡན་ལག་ཁོང་ནས་འབྱུང་བ་དང་བཅས་པར་བཤད་དོ། །ཆུང་
ངུའི་དང་ཆེན་པོའི་བར་ན་གནས་པས་འབྲིང་པོའི་སྒྲས་ཁྱད་པར་དུ་བྱས་པ་རིག་མའི་འདུ་བྱེད་པ་གསུངས་པ། དུས་བཞི་ཞེས་པ་ལ་སོགས་པའོ། །དུས་བཞི་ཞེས་པ་ནི་དམ་ཚིག་ཏུ་རུང་བ་སྟེ་མི་འདའ་བའི་ཕྱིར་རོ། །དེ་ཉིད་ཀྱང་གང་ཞེ་ན། ཟླ་བ་གཉིས་ལ་སོགས་པའི་རིམ་པས་རྒྱུའི་ཆོ་ག་
རྫོགས་པ་ལས་བར་གྱི་སེམས་འཇུག་པ་ལ་སོགས་པས་རང་གི་ལྷ་མོ་ལྟ་བུ་བསྐྱེད་ནས་བྱིན་གྱིས་བརླབ་པ་ནི་བར་མའི་བསྙེན་པའོ། །དེའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་བར་མའི་ཉེ་བར་སྒྲུབ་པའོ། །རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པ་ནི་བར་མའི་སྒྲུབ་པའོ། །རིགས་ཀྱི་བདག་པོ་
དབུ་ལ་གཞག་པ་ནི་བར་མའི་སྒྲུབ་པ་ཆེན་པོ་སྟེ་དེ་རྣམས་དང་རབ་ཏུ་སྦྱོར་བས་ཞེས་སོ། །བློ་དང་ལྡན་པས་ཞེས་པ་ནི་དེ་རྣམས་ཀྱི་ཆོ་ག་ལ་བྱང་བའོ། །གནས་ལྔར་ནི་ཞེས་པ་ནི་ལེའུ་བརྒྱད་པ་ལས་གསུངས་པ་ལྟར་རིགས་ལྔ་དང་ལྡན་པར་བྱ་བ་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་ལེའུ་བདུན་
པ་ལྟར་ཧཱུཾ་ལས་ཡེ་ཤེས་ལྔའི་ངོ་བོ་རྩེ་ལྔའི་རྡོ་རྗེ་རང་གི་རྡོ་རྗེ་བསམས་ནས་ཡི་གེ་ཨོཾ་ཞེས་པ་ནི་དེའི་ནོར་བུ་དམར་བ་ཨོཾ་གྱི་རྣམ་པར་བསྒྲུབས་ལ། བྱང་ཆུབ་སེམས་འབྱུང་བའི་ལམ་དུ་མངོན་སྤྱོད་ཀྱི་ཡེ་ཤེས་བསམས་ཏེ། ཤེས་རབ་ཀྱི་ཡན་ལག་ཀྱང་དེ་བཞིན་དུ་དག་པར་བྱས་ནས། མཚན་

ཉིད་ལྔ་དང་ལྡན་པའི་ལྷ་མོ་རང་གི་ལྷ་མོ་ལ་ཐིམ་པས་ཏེ་ཡན་ལག་གཉིས་སྦྱར་ཏེ་རྗེས་སུ་ཆགས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི་འདའ་བར་བྱ་བ་མ་ཡིན་པས་ན་སྡོམ་པ་ཡིན་པར་བཤད་ཅེས་སོ། །ད་ནི་ཞི་བའི་སྦྱོར་བ་དྲུག་གསུམ་དུ་བསྒྲུབ་པ་ནི་རྣལ་འབྱོར་
པས་ཕྱག་རྒྱ་ཆེན་པོ་ཉམས་འོག་ཏུ་མ་ཆུད་ན་དེའི་ཆེ་བའི་བསྐུལ་བ་དང་དབྱེ་བའི་སྒོ་ནས་སྒྲུབ་པའི་དུས་གསུངས་པ། ཞག་བདུན་ཞེས་པ་ལ་སོགས་པའོ། །ཞག་བདུན་ལ་སོགས་པ་ནི་བློའི་བྱེ་བྲག་གིས་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །བསྒྲུབས་ན་ནི་ཞེས་
པ་ནི་བསྐུལ་བ་དང་དབྱེ་བའོ། །དེའི་བློའི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་སྟེ་དེ་སྐད་ཅིག་གིས་ཐོབ་པར་འགྱུར་རོ་ཞེས་སོ། །ཞག་གྲངས་བྱེ་བྲག་རབ་བསྐུལ་བ། །ཞེས་པ་ནི་ཞིང་དག་པའི་གྲངས་དང་ཟླ་བ་དང་ཞག་བདུན་ལ་སོགས་པའི་བྱེ་བྲག་གིས་དངོས་གྲུབ་བསྐུལ་བ་ནི་ངས་རྒྱུད་
འདི་ལས་རྒྱས་པར་རབ་ཏུ་བསྟན་ཞེས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཇི་ཙམ་ན་འགྲུབ་ཅེ་ན། གསང་བའི་མཆོག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད་དོ། །དེ་ལས་བྱུང་བ་ལ་གསང་བ་རྣམ་པར་ཁྲོས་པ་ལས་བྱུང་བའི་དངོས་གྲུབ་ནི་ཟླ་བ་ཕྱེད་ཀྱིས་འགྲུབ་པར་གསུངས་
ཞེས་དེ་ལས་ནི་མི་འདའ་བར་ངེས་སོ། །ད་ནི་ལྷུན་གྱིས་གྲུབ་པའི་སྐུ་རྡོ་རྗེ་ལ་སོགས་པ་སྤྱན་དྲངས་ནས་མཆོད་པའི་དེ་མ་ཐག་ཏུ་གསོལ་བ་གདབ་པ་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །གང་གིས་སྐུ་རྡོ་རྗེ་སྒྲུབ་པ་ནི་དུས་གསུམ་གྱི་སངས་རྒྱས་སྒྲུབ་པ་སྟེ་དེའི་དོན་ཉེ་བས་ན་ཉེ་བར་
སྒྲུབ་པའོ། །ངན་སོང་ལས་གཡོགས་པས་ན་སྡོམ་པའོ། །ཡུལ་དང་ལྡན་པར་གསོལ་བ་གདབ་པས་ན་ཡུལ་ལོ། །དེ་ཉིད་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པའོ། །མཚན་དང་དཔེ་བྱད་དང་ལྡན་པའི་སྐུ་འཆང་བས་ན་སངས་རྒྱས་སྐུ་འཛིན་ནོ། །དེ་ཉིད་རིག་མ་དང་ལྡན་
པས་ན་དཔལ་ལྡན་ནོ། །རྡོ་རྗེ་གསུམ་ནི་དོན་དམ་པ་དང་ཀུན་རྫོབ་གང་དུ་མི་ཕྱེད་པའི་ཕྱིར་ན་དེ་སྐད་དོ། །དིང་བདག་བྱིན་གྱིས་བརླབས་ནས་སུ། །ཞེས་པ་ནི་དེ་རིག་དག་བསྒོམས་པ་ཁྱོད་ཀྱིས་བྱིན་གྱིས་བརླབས་ལ་བདག་རྡོ་རྗེ་སྐུ་དང་ལྡན་པར་མཛོད་ཅེས་རང་གིས་བསྒོམས་པ་ལ་

གསོལ་བ་གདབ་པའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་པ་ནི་དེ་རྣམས་ཀྱི་སྤྱི་བོ་ན་གནས་པ་ཞེས་སོ། །དེས་དེ་རིང་བདག་རྡོ་རྗེ་སྐུ་ཅན་དུ་མཛོད་ཅིག་ཅེས་ལྷུན་གྱིས་གྲུབ་པ་ལ་མཚན་མའི་སྐུ་རྡོ་རྗེ་ལ་གསོལ་བ་གདབ་པའོ། །དེས་ཞུགས་པར་གྱུར་ནས་བྱིན་
གྱིས་བརླབ་པོ་ཞེས་སྦྱར་རོ། །གཞན་མ་རྣམས་ལ་ཡང་དེས་བསྒྲེ་བར་བྱའོ། །གསུང་རྡོ་རྗེ་ནི་རྣམ་པའི་མཆོག་དང་ལྡན་པའི་སྐུ་གྲུབ་པར་བྱེད་པས་ན་སྒྲུབ་པའོ། །དེ་ཉིད་སྡོམ་པ་ཞེས་པ་ལ་སོགས་པ་གོང་མ་ལྟར་རོ། །ཆོས་ཀྱི་གསུང་ལམ་ཞེས་པ་ནི་ཆོས་གསུང་བའི་ལམ་སྟེ་
མགྲིན་པའོ། །དེ་ན་གནས་པའི་གསུང་རྡོ་རྗེ་ནི་གོང་མ་ལྟར་དཔལ་དང་ལྡན་ཞེས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་ཆེན་པོ་སྟེ་གྲུབ་པར་བྱེད་པས་ན་སྒྲུབ་པ་ཆེན་པོའོ། །དེ་ཉིད་སྡོམ་པ་ཞེས་པ་ལ་སོགས་པ་གོང་མ་ལྟར་སྦྱར་རོ། །ཚིགས་སུ་བཅད་པ་གསུམ་པོ་འདི་
ལས་བླ་མ་ཆེན་པོས་གཉིས་གཉིས་པ་གསུམ་གསུངས་པ་ནི་དགོངས་པས་བསྒྱུར་བའོ། །དེ་བས་ན་གཅིག་ནི་སྦྱོར་ཤེས་པར་བྱའོ། །དེ་ལྟར་བསྐུལ་བས་ཐུགས་དམ་བཅས་པ་ལས་ཉམས་པའི་བསྙེངས་པས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པོ་ཞེས་གསུངས་པ། སངས་རྒྱས་ཞེས་
པ་ལ་སོགས་པའོ། །སངས་རྒྱས་ཞེས་པ་ནི་སྐུ་རྡོ་རྗེའོ། །རྡོ་རྗེ་སེམས་དཔའ་འམ་ཞེས་པ་ནི་ཐུགས་རྡོ་རྗེའོ། །ཡང་ན་ཆོས་ཀྱི་སེམས་དཔའ་ཞེས་པ་ནི་གསུང་རྡོ་རྗེའོ། །རྨོངས་པ་ནི་གཉིས་ཀྱི་རྣམ་པའོ། །ལེའུ་བཅུ་པའི་དྲག་ཤུལ་བསྒྲུབ་པ་ལ་ཚིགས་སུ་བཅད་པ་འདི་
སྦྱར་བར་ཚིག་འདིས་མངོན་ནོ། །རྡོ་རྗེ་སྦྱོར་བ་ནི་རང་གི་ལྷའི་སྦྱོར་བའོ། །མི་འདའ་བས་ན་དམ་ཚིག་སྟེ། དེས་མི་སྣང་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་བྱེད་པས་ན་སྒྲུབ་པའི་མཆོག་སྟེ། དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་བཅུ་གཉིས་པའོ། །ལེའུ་བཅུ་གཉིས་པའི་
འགྲེལ་པའོ།། །།ད་ནི་ལེའུ་བཅུ་གསུམ་པ་ལས་གསང་སྔགས་བཟླས་བརྗོད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ། །ཇི་ལྟ་བུའི་དེ་བཞིན་གཤེགས་པ་ཀུན་ཞེ་ན། ཡེ་ཤེས་རྡོ་རྗེ་མཆོག་འཛིན་དང་། །ཞེས་ཏེ་མེ་ལོང་ལྟ་བུ་ལ་སོགས་པ་

ཉིད་རྡོ་རྗེ་མཆོག་སྟེ་རྡོ་རྗེ་འཆང་མཛད་པའོ། །དོན་ཀུན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའོ། །དེ་འགྲོ་བའི་རྒྱུད་ལ་རྫོགས་པར་བྱས་ནས་ལོངས་སྤྱོད་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའོ། །སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པས་ནི་བློ་ལྡན་ནོ། །ཉོན་མོངས་
པས་ནོན་པའི་ལུས་ངག་གི་ལས་མི་བྱེད་པས་ན་ཐུབ་པའོ། །འགྲོ་བའི་དགོས་པར་སེམས་སྤ་སྐོང་བས་ན་དོན་ཀུན་ནོ། །དྲུག་སྡེ་ལ་སོགས་པ་ལྟ་བུ་མ་ཡིན་པས་ན་སྟོན་པའི་མཆོག་གོ། །ཆོས་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་གསུམ་ལས་མི་འདའ་བས་ན་དམ་ཚིག་གོ། །མོས་པ་ལ་སོགས་
པ་ལྟ་བུ་མ་ཡིན་པས་ན་ཡང་དག་མཁྱེན་པའོ། །རྡོ་རྗེ་ལྟ་བུ་དང་ལྡན་པའི་དབྱངས་ནི་རྡོ་རྗེའི་དབྱངས་སོ། །དེ་གང་ཞེ་ན། ཨེ་མའོ་ཞེས་པ་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ཞེས་པ་ནི་འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པའི་ཚུལ་
དེ་ལས། ཐབས་ཀྱི་ཞགས་པ་ཀུན་འབྱུང་བ། །ཞེས་སོ། །སངས་རྒྱས་ཞེས་པ་ནི་རྣམ་པའི་མཆོག་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་ནི་ཚུལ་ཏེ་ཡོངས་སུ་དག་པ་རྣམས་ལ་རྟག་ཏུ་སྣང་བས་ན་བཟང་པོའོ། །ཆོས་ཞེས་པ་ནི་ལུང་དང་རྟོགས་པའི་མཚན་ཉིད་ཅན་ནི་ཚུལ་ཏེ། འཁོར་
རྣམ་པ་གཉིས་ཀྱི་འགྱོད་པ་མི་བསྐྱོད་པས་ན་ཤིས་པའོ། །སྔགས་ཞེས་པ་ནི་རང་བཞིན་ཤེས་ཤིང་འགྲོ་བ་སྐྱོབ་པ་སྟེ། གང་གི་སྲིད་པ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་དེ་ནི་ཚུལ་ཏེ་རྒྱུན་མི་འཆད་པས་ན་བརྟན་པའོ། །མ་སྐྱེས་པའི་ཆོས་རྣམས་ནི་ཞེས་པ་སྟེ་བརྡ་ལ་སོགས་
པ་རང་བཞིན་གྱིས་བྲལ་བ་ནི་ཆོས་རྣམས་ཏེ། དེས་ན་དེ་རྣམས་ངོ་བོ་ཉིད་ཀྱིས་ཁྱད་པར་ཅན་ནོ། །ཆད་པ་དགག་པའི་ཕྱིར། མ་སྐྱེས་རྣམ་པར་མི་རྟོག་ལས། །ཞེས་ཏེ་ཡུལ་མ་སྐྱེས་ཤིང་དེ་ལ་ཡེ་ཤེས་རྣམ་པར་རྟོག་པ་མེད་པ་འབྱུང་སྟེ། དེ་ལ་སྨོན་ལམ་ལ་སོགས་པའི་དབང་
གིས་ཡེ་ཤེས་ཀྱི་ཕྱག་རྒྱ་འབྱུང་བར་བཤད་ཅེས་སོ། །སྔགས་ཐམས་ཅད་ཅེས་པ་ནི་ལྷ་ཐམས་ཅད་དེ་དེའི་སྙིང་པོ་བསྡུས་པའི་མཆོག་ནི། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་ཏེ་རྡོ་རྗེ་གསུམ་གྱི་བཟླས་པའོ། །རྡོ་རྗེ་བཟླས་པས་ཞེས་པ་ནི་དབྱེར་མེད་པའི་བཟླས་པ་སྟེ་ཡེ་

ཤེས་སེམས་དཔའི་བཟླས་པས་ན་ཡེ་ཤེས་མཆོག་ཅེས་པའོ། །དེས་ཅི་བྱེད་ཅེ་ན། རྡོ་རྗེ་གསུམ་གྱི་བཟླས་པས་ནི་མི་ཕྱེད་སྐུ་གསུམ་དཀྱིལ་འཁོར་འཐོབ་པར་བྱེད་ལ། ཡེ་ཤེས་སེམས་དཔས་སངས་རྒྱས་ཀྱི་ཡེ་ཤེས་བདག་མེད་པ་ཐོབ་པར་འགྱུར་བའི་ཕྱིར་བཤད་དུ་གསོལ་ཞེས་སྦྱར་རོ། །
རྡོ་རྗེ་བཟླས་པ་ཞེས་པ་ནི་ལྡང་བ་ལ་སོགས་པའོ། །དེ་ཉིད་ཨོཾ་ལ་སོགས་པར་སྦྱར་བས་ན་སྦྱོར་བ་ཡིས་ཞེས་སོ། །དེས་ཅི་བྱེད་ཅེ་ན། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པའོ་ཞེས་སོ། །རིག་དང་ཞེས་པ་ནི་སྤྱན་མ་ལ་སོགས་པའོ། །སྔགས་རྣམས་ནི་རྟག་པ་ལ་སོགས་
པའོ། །ཐམས་ཅད་ཀྱི་བསྡུས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །ཞེས་པ་ནི་དེ་རྣམས་བཟླས་པའི་གཞི་རྣམ་པར་དགོད་པ་ཞུས་པའོ། །སྔགས་ཟློས་སྦྱོར་བ་ལ་སོགས་པའོ། །ཞེས་པ་ནི་ཕྱི་རོལ་དང་ནང་གི་བཟླས་པའི་སྦྱོར་བ་
འོག་ནས་འབྱུང་བ་རྣམས་སོ། །དེ་ཡེ་ཤེས་རྒྱ་མཚོ་དང་འདྲ་བ་ཁྱེད་ཀྱིས་ཇི་ལྟར་གསན་པ་དང་གཞན་ཡང་འདས་པའི་ཡེ་ཤེས་ཅན་གྱི་བྱེད་པ་ཡིན་པས་བཤད་པར་གསོལ་བ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྔགས་ཞེས་པ་ནི་རྡོ་རྗེ་ལྟ་བུའི་བཟླས་པ་བླ་མ་དང་
ལྷ་ལ་ཡིད་ཆེས་པར་རབ་ཏུ་བསྒོམས་པས་ཡེ་ཤེས་བླ་ན་མེད་པ་ཐོབ་པར་འགྱུར་ཞེས་ཏེ་རྣལ་འབྱོར་གྱི་རིམ་པ་བཞིན་དུ་ཞེས་སོ། །དེ་ལྟ་བུའི་བཟླས་པ་དེ་བཤད་དུ་གསོལ་ཞེས་ཞུས་པའོ། །ད་ནི་དེའི་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཡེ་ཤེས་ཞེས་པ་ནི་
གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་ལས་བྱུང་བའི་ཕྱིར་རྡོ་རྗེ་ལས་བྱུང་བ་ཞེས་སོ། །འགྲོ་བའི་དགོས་པ་རྫོགས་པར་བྱེད་པའོ། །གོང་མ་ལྟར་བསྐྱེད་པའོ། །རིགས་རྣམས་ཀྱི་བདག་པོ་བས་ན་དམ་ཚིག་པའི་གཙོས་སོ། །དེས་གསུངས་སོ་ཞེས་སྦྱར་རོ། །ཐུན་མོང་
གི་བཟླས་པ་གསུངས་པ། སྔགས་ཀྱི་ཞེས་པ་ལ་སོགས་པའོ། །སྔགས་ནི་ལྷ་རྣམས་ཏེ་དེའི་དོན་དུ་ཀུན་བཟླས་པ་ནི་རྡོ་རྗེ་མི་ཕྱེད་གསུམ་སྟེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་མཚན་ཉིད་དེ། དེ་ཉིད་དབྱེ་བ་གསུམ་སྟེ། དེའི་བསྒོམ་པ་མཐར་ཕྱིན་པར་བྱའོ། །དེ་ཉིད་གནས་

རྣམས་སུ་བཀོད་པས་ན་དེ་སྐད་བྱ་སྟེ་རྡོ་རྗེ་གསུམ་ཞེས་བྱའོ། །དེ་ལྟར་བཀོད་ནས་ཅི་བྱེད་ཅེ་ན། སྐུ་གསུང་ཞེས་པ་ལ་སོགས་པས་རིམ་གྱིས་བཟླས་པ་གསུངས་སོ། །སྤྲོས་པ་རྣམ་གསུམ་དག་བྱ་ཞེས་པ་ནི་ཨོཾ་ལ་སོགས་པ་བརྗོད་པའི་སྐད་ཅིག་དེ་ཁོ་ན་ལ་རང་རང་གི་ས་
བོན་ལས་སྐུ་རྡོ་རྗེ་ལ་སོགས་པའི་འཁོར་ལོ་སྤྲོ་ཞེས་པའོ། །དེ་ལྟ་བུའི་རྡོ་རྗེ་གསུམ་གྱི་བཟླས་པ་འདི་ཡིས་རྡོ་རྗེ་གསུམ་དང་འདྲ་བར་འགྱུར་རོ་ཞེས་ཕན་ཡོན་ནོ། །དེའི་དུས་སུ་མཆོད་པ་སྤྲོ་བ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ནི་ལྷ་རྣམས་སོ། །
དེའི་སྐུ་གསུང་ཐུགས་རིམ་གྱིས་སྤྲོས་པའོ། །བསྒོམས་ནས་ཞེས་པ་ནི་གཞན་དང་གཞན་གྱི་གཟུགས་ལྷག་པར་མོས་པས་ལོངས་སྤྱོད་དང་ལྡན་པར་བྱས་པའོ། །མཆོད་པའི་མཆོག་བརྟག་པ་ཞེས་པ་ནི་ལྷ་མོའི་པདྨ་ན་གནས་པའི་ས་བོན་ལས་སྐད་ཅིག་མ་གཉིས་པ་ལས། འོད་
ཟེར་བ་སྤུ་ལས་བྱུང་བའི་རྩེ་ལས་སྐྱེས་པའི་ལྷ་མོའི་ནང་དུ་ཆུད་པའི་ཤུགས་ཀྱིས་མཆོག་གི་བདེ་བའི་དབང་དུ་གྱུར་པར་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་པ་ནི་རང་གི་སེམས་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བ་ལ་སོགས་པར་སྣང་བ་མ་གཏོགས་པ་ཕྱི་རོལ་གྱི་གཟུགས་མེད་པར་ཤེས་པར་
བྱས་ནས་ནི་ཞེས་སོ། །ནི་ཞེས་པ་ནི་སྐད་ཅིག་གི་མཐར་རང་གི་ས་བོན་ལ་འཇུག་པར་ཡང་བསྟན་ཏོ། །དེ་ལས་དང་པོ་བ་ལ་སོགས་པ་གོང་ནས་གོང་དུ་གནས་སྐབས་ཀྱི་ཁྱད་པར་ཐོབ་པར་བྱེད་པས་ན་རྡོ་རྗེ་གསུམ་གྱི་ཐུགས་འདྲ་བར་འགྱུར་ཞེས་སོ། །དེ་ཁོ་ནས་རབ་ཀྱི་མཐར་ཕྱིན་པར་བྱེད་
པ་ཡིན་པར་ཡང་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །བྱང་ཆུབ་མཆོག་ནི་ཕྱག་རྒྱ་ཆེན་པོ་སྟེ་འདི་ལ་གོམས་པ་མེད་པས་ན་འདི་ལ་ཐོབ་པ་ཞེས་བྱའོ། །དེ་ལ་ཅིག་ཅར་དུ་བཟླས་པ་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །དབྱེ་བ་རྣམ་པ་གསུམ་ཞེས་པ་
ནི་རྡོ་རྗེ་གསུམ་ལའོ། །སོ་སོ་དག་ཏུ་སྤྲོ་བསྡུ་ཞེས་པ་ནི་ཡི་གེ་རེ་རེ་བརྗོད་པའི་སྐད་ཅིག་ལ་གཞན་རྣམས་ལ་ཡང་རྣམ་པར་སྤྲོ་བ་གང་ཡིན་པ་སྟེ། གཞན་གོང་མ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་སེམས་དཔའི་བཟླས་པ་གསུངས་པ། ལུས་དང་ཞེས་པ་ལ་སོགས་པའོ། །ལུས་

དང་ངག་སེམས་བདག་མེད་པར། །ཞེས་པ་ནི་ལུས་ལ་སོགས་པ་བདག་མེད་པའི་ཚུལ་ཅན་ནི་དེ་བཞིན་གཤེགས་པ་རྣམས་ཏེ་དེའི་འཁོར་ལོའོ། །ཤེས་པའི་སེམས་ཀྱིས་རབ་ཏུ་སྤྲོ། །ཞེས་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་ལས་ཕྱོགས་གཉིས་པ་ལྟར་གཞན་དང་གཞན་གྱི་གཟུགས་ཀྱིས་སྤྲོ་བར་
བྱ་བ་སྟེ། གཞན་གོང་མ་བཞིན་དུ་ཤེས་པར་བྱའོ། །གང་གི་དབང་དུ་བྱ་ཞེ་ན་བརྗོད་ནས་ཞེས་ཏེ་སྔགས་བརྗོད་ལ་རེག་པའི་དུས་སུ་རྡོ་རྗེ་སྟེ་ལྷ་རྣམས་རབ་ཏུ་སྤྲོ་བར་བྱས་ལ་མཆོད་པས་མཉེས་པའི་ལྷ་རྣམས་རྫོགས་ནས་ཞེས་ཏེ། དབུགས་ནང་དུ་འཇུག་པའི་མཐར་རབ་ཏུ་བསྡུ་བར་བྱའོ་ཞེས་སོ། །
དེ་ལྟར་སྐུ་གསུམ་དང་རྡོ་རྗེའི་བཟླས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་ནི་སྤྱན་ཕྱེ་བའོ་ཞེས་ཏེ་དེ་འབྱེད་པར་ནུས་པས་དེ་སྐྱེད་དོ། །ལྷ་ཐམས་ཅད་བཟླས་བརྗོད་དེ་ལྟར་བྱའོ་ཞེས་ཐུན་མོང་དུ་བཤད་ནས། ད་ནི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་སྒོ་ནས་བཟླས་པ་འབྱུང་བའི་རྒྱུ་
གསུངས་པ། སྐུའི་ཞེས་པ་ལ་སོགས་པའོ། །སྐུ་མཆོག་རྡོ་རྗེ་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དངོས་དང་ཞེས་ཏེ་འབྱུང་བ་ལ་སོགས་པའི་གཟུགས་སོ། །དེ་བརྟགས་པའི་བདག་ཉིད་དུ་མི་སྐྱེ་བར་ཡེ་ཤེས་སུ་སྣང་བ་ལ་དངོས་མིན་
ཞེས་བྱ་སྟེ་དེ་ལྟར་རྣམ་པར་དཔྱད་པ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ཞེས་བྱའོ། །དེ་ལྟ་བུ་ཡོད་ན་བཟླས་པ་འབྱུང་བའི་ཕྱིར་སྐུའི་བཟླས་པ་བཤད་ཅེས་སོ། །གསུང་གི་བཟླས་པ་གསུངས་པ། གསུང་གི་ཞེས་པ་ལ་སོགས་པའོ། །གསུང་གི་དམ་ཚིག་ནི་སྣང་བ་མཐའ་
ཡས་སོ། །དེའི་རྫོགས་པར་བྱང་ཆུབ་པ་ནི་སྒྲ་རྣམས་ཡེ་ཤེས་སུ་ཡོངས་སུ་སྣང་བའི་བདག་ཉིད་ལ་སྒྲ་མིན་ཞེས་རྣམ་པར་དཔྱད་པ་ནི་གོང་མ་ལྟར་གསུང་གི་བཟླས་པའོ། །ཐུགས་ཀྱི་བཟླས་པ་གསུངས་པ། ཐུགས་ནི་ཞེས་པ་ལ་སོགས་པའོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པའོ། །
དེའི་རྫོགས་པའི་བྱང་ཆུབ་སེམས་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་ཡང་མི་གནས་པ་ནི་གནས་པའི་རྡོ་རྗེ་སྟེ་མཉམ་པ་ཉིད་དུ་རྣམ་པར་བཤད་པ་ནི་གོང་མ་ལྟར་སེམས་ཀྱི་བཟླས་པའོ། །རིན་ཆེན་འབྱུང་ལྡན་གྱི་བཟླས་པ་གསུངས་པ། དོན་ཞེས་པ་ལ་

སོགས་པའོ། །དོན་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་རྟོགས་པའི་ནི་རིན་ཆེན་དབང་ཕྱུག་སྟེ་དེའི་བཟླས་པ་ནི་ངོ་བོ་མེད་པའོ། །དེ་ནི་སྦྱོར་བ་ཐམས་ཅད་ལས་བཟང་པོ་དུས་གསུམ་གྱི་སངས་རྒྱས་ལ་རྣམ་པར་བརྟགས་པ་ནི་གོང་མ་ལྟར་རིན་ཆེན་བཟླས་པའོ། །
དོན་ཡོད་བཟླས་པ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཞིང་རྣམས་ཞེས་པ་ནི་གདུལ་བྱ་ཡོད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའོ། །བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཀྱིས་འགྲོ་བའི་དོན་རྫོགས་པར་བྱེད་པའི་སྐུའི་སྤྲིན་སྤྲོ་བ་དང་སྤྲོ་བ་འབའ་ཞིག་ཏུ་མ་ཟད་དེ།
དེ་ཉིད་བདག་གི་རང་བཞིན་དུ་བསྡུ་བའི་ཕྱིར་བཞུད་ཅིང་བྱོན་པའི་རྡོ་རྗེའི་བདག་ཅེས་སོ། །དེ་ནི་ཐོགས་མེད་བཟླས་པའོ། །ཁྲོ་བོའི་བཟླས་པ་གསུངས་པ། ཁྲོ་བོ་ཞེས་པ་ལ་སོགས་པའོ། །ཁྲོ་བོ་དམ་ཚིག་ཡེ་ཤེས་ཞེས་པ་ནི་མངོན་སྤྱོད་ལ་སོགས་པའི་ལས་རྣམས་སོ། །རང་གི་རྡོ་རྗེ་དཀྱིལ་འཁོར་
ཞེས་པ་ནི་དཀྱིལ་འཁོར་གཅིག་པ་ཞེས་པའི་དོན་ཏོ། །སྔགས་ཀྱི་ཡི་གེ་སྒྲ་བསྒྲགས་པ། །ཞེས་པ་ཁྲོ་བོ་བསྒོམས་ནས་བཟླས་པས་སྔགས་ཀྱི་སྒྲ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་པས་ཐོས་པར་སྒྲོགས་པ་ནི་ཁྲོ་བོའི་བཟླས་པའོ། །ཉོན་མོངས་པ་གསུམ་གྱི་བཟླས་པ་
གསུངས་པ། འདོད་པ་ཞེས་པ་ལ་སོགས་པའོ། །འདོད་པའི་དོན་གྱིས་མྱོས་འགྱུར་བ། །ཞེས་པ་ཉོན་མོངས་པའི་འདོད་པས་མྱོས་པར་འགྱུར་བ་རྣམས་སོ། །ཀུན་དུ་སྐྱོབ་ཅིང་ཕན་པར་དགའ། །ཞེས་པ་ནི་དེ་ཐམས་ཅད་སྐྱོབ་པའི་དོན་དུ་ཕན་པ་ཚོལ་བར་བྱེད་པའོ། །སེམས་ཅན་
གཏི་མུག་གནས་ལ་གཞག །ཅེས་པ་ནི་གཏི་མུག་རྣམ་པར་དག་པའི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལས་སྤྲོ་ཞིང་འཇོག་ལ་སྡུད་པ་ནི་གཏི་མུག་རྣམ་པར་དག་པའི་བཟླས་པའོ་ཞེས་སོ། །འདོད་ཆགས་ཉིད་རྣམ་པར་དག་པས་ན་རྡོ་རྗེའོ། །དེ་ལས་བྱུང་བ་ནི་སྔགས་ཀྱི་བདག་ཉིད་ཅན་གྱི་དམ་
ཚིག་སྟེ། དེ་ཉིད་ལུས་ལ་སོགས་པའི་ལྷའི་ཚུལ་གྱིས་ཡང་དག་པར་གནས་ནས་སྤྲོ་བར་བྱའོ་ཞེས་སོ། །སེམས་ཅན་འདོད་ཆགས་རྒྱ་མཚོར་གཞག །ཅེས་པ་ནི་འདོད་ཆགས་རྣམ་པར་དག་པའི་འོད་དཔག་མེད་ཀྱི་ངོ་བོ་ལས་སྤྲོ་ཞིང་འཇོག་ལ་སྡུད་པ་ནི་འདོད་ཆགས་རྣམ་པར་དག་པའི་

བཟླས་པའོ། །ཞེ་སྡང་ཉིད་རྣམ་པར་དག་པས་ན་རྡོ་རྗེ་སྟེ། དེ་ལས་བྱུང་བའི་སེམས་ལུས་ལ་སོགས་པའི་ཚུལ་གྱིས་ཡང་དག་པར་གནས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཞེ་སྡང་གནས་ཞེས་པ་ནི། ཞེ་སྡང་རྣམ་པར་དག་པའི་མི་བསྐྱོད་པ་ལས་
སྤྲོ་ཞིང་འཇོག་ལ་སྡུད་པ་ནི་ཞེ་སྡང་རྣམ་པར་དག་པའི་བཟླས་པའོ། །རྡོ་རྗེའི་བཟླས་པ་གསུངས་པ། དམ་ཚིག་ཅེས་པ་ལ་སོགས་པའོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ། །ཞེས་པ་ནི་འཇུག་པ་དང་གནས་པ་དང་ལྡང་བའོ། །དབུ་མ་ཞེས་པ་ནི་འཇུག་པ་དང་ལྡང་བ་ལས་གྲོལ་
བའི་ངོ་བོ་ཡི་གེ་ཨཱའི་རང་བཞིན་ནོ། །དམ་ཚིག་རྡོ་རྗེ་ཅན་ཞེས་པ་ནི་དེ་ལ་མི་འདའ་བ་སྟེ། དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་ཉིད་སྔགས་རྣམས་ཐམས་ཅད་ཀྱི་ཞེས་ཏེ་ལྷ་ཐམས་ཅད་ཀྱི་ངོ་བོའོ། །མ་ནིང་ཞེས་པ་ནི་འཇུག་པ་ཡང་མ་ཡིན་ལྡང་བ་ཡང་མ་ཡིན་གནས་པ་ཡང་
མ་ཡིན་པའི་ཡེ་ཤེས་ཆེན་པོའོ། །དེ་ཉིད་ལ་དབྱེར་མེད་པས་ན་རྡོ་རྗེའི་བཟླས་པ་ཞེས་བྱའོ། །ལྷ་མོ་དྲུག་གི་ངོ་བོ་གསུངས་པ། རྡོ་རྗེ་བདག་པོ་ཞེས་པ་ལ་སོགས་པའོ། །རྡོ་རྗེའི་བདག་པོ་ནི་གཟུགས་ལ་སོགས་པའི་ལྷ་མོ་སྟེ། དེའི་རང་བཞིན་གྱིས་ཐར་པ་གྲུབ་པར་བྱེད་པའི་ཕྱིར་རོ། །
དེའི་ངོ་བོ་བས་འདོད་ཆགས་ཡང་དག་པའི་དོན་སྒོམ་པར་བྱེད་པའོ། །དེ་བས་ན་དེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་ཆུབ་ཀྱང་རྫོགས་པར་མཛད་དོ་ཞེས་སོ། །ལྷ་མོ་བཞིའི་ངོ་བོ་གསུངས་པ་རིག་མ་ཞེས་པ་ལ་སོགས་པའོ། །མ་རིག་པ་ཐམས་ཅད་འཇོམས་པའི་
ཕྱིར་ན་རིག་མ་སྟེ་སྤྱན་མ་ལ་སོགས་པའོ། །དེའི་དུས་རྟག་ཏུ་འདོད་པའི་དོན་ལ་བརྩོན་པའི་ཕྱིར་ན་འདོད་པའི་ལོངས་སྤྱོད་དག་ཅེས་ཏེ་གཟུགས་ལ་སོགས་པ་ལ་ཇི་ལྟར་བསྟེན་ན་འགྲུབ་ཅེས་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ལྡན་པའི་སེམས་ཀྱིས་གཉིས་སུ་མེད་པའི་
ཡེ་ཤེས་བསྟེན་པའོ། །གནས་ལ་མཚན་པའི་བྱང་ཆུབ་སེམས་དཔའི་རང་གི་ངོ་བོ་གསུངས་པ། གཏི་མུག་ཅེས་པ་ལ་སོགས་པའོ། །གཏི་མུག་དམ་ཚིག་ནི་མིག་ལ་སོགས་པ་སྟེ་བེམས་པོའི་ཕྱིར་རོ། །དེ་ལས་བྱུང་བ་ནི་རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཏེ་སའི་སྙིང་པོ་ལ་སོགས་པ་ནི་

མིག་ལ་སོགས་པའི་ཐམས་ཅད་མཁྱེན་པ་སྐྱེ་བས་ན་དེ་སྐད་དོ། །མ་ནིང་དག་གི་གནས་བསྒྲུབས་ན། །ཞེས་པ་ནི་མཐའ་གཉིས་སུ་མ་ལྷུང་བ་ནི་མ་ནིང་སྟེ། དེའི་གནས་བསྒྲུབས་ན་དངོས་གྲུབ་སྟེར་རོ་ཞེས་སོ། །ཁྲོ་བོའི་ངོ་བོ་གསུངས་པ། ཁྲོ་བོ་ཞེས་པ་ལ་
སོགས་པའོ། །ཞེ་སྡང་གནས་ལས་སྐྱེས་ཞེས་པ་ནི་ཞེ་སྡང་གི་གནས་ནི་ལུས་ཏེ་ལུས་ཁྲོ་བོར་བསྟན་པའི་ཕྱིར་དེ་སྐད་བྱ་སྟེ། མི་བསྐྱོད་པ་ལས་བྱུང་ཞེས་པ་ནི་མ་ཡིན་ནོ། །གསོད་ལ་རྟག་ཏུ་བརྩོན་པ་དག །ཅེས་པ་ནི་དེས་འདུལ་བའི་སྐྱེ་བོའི་བསམ་པའི་དབང་གིས་རང་བཞིན་གྱི་གཟུགས་
ལ་རྣམ་པར་འཕོ་བ་སྟེ། སྨན་ལ་སོགས་པ་བཞིན་དུའོ། །སྒྲུབ་མཆོག་གི་ཆོས་ཅན་ལ་ཞེས་པ་ནི། དེའི་སྦྱོར་བ་དང་ཆོ་ག་ཇི་ལྟ་བ་བཞིན་དུ་སྔགས་བཟླས་པ་ལ་སོགས་པས་སོ། །གསོད་པའི་དོན་ཞེས་པ་ནི་ཕྱོགས་ཀྱི་ཆ་དེས་གྲུབ་པས་ཏེ་ཕ་ལྟར་གནས་པའི་ཕྱིར་རོ། །ཡེ་ཤེས་
ཆེན་པོ་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །དེ་ལས་བྱུང་བས་ན་སྐྱེས་བུ་སྟེ་རྡོ་རྗེ་འཆང་ངོ་། །ད་ནི་དེ་ལ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས་ཆེ་བའི་ཆེ་བ་ལས་ཀྱི་རྒྱལ་བ་མཆོག་བསྒོམས་པས་སེམས་དབང་དུ་འགྱུར་བར་བྱ་བའི་ཕྱིར། ཐིག་ལེའི་སྦྱོར་བའི་ཏིང་ངེ་འཛིན་
གསུངས་པ་ལ། ཡེ་ཤེས་ཞེས་པ་ལ་སོགས་པའོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་འགྲུབ་པའི་རྒྱུའི་སྦྱོར་བའི་དེ་མ་ཐག་ཏུ་ཡེ་ཤེས་སེམས་དཔའི་འཁོར་ལོའི་ཐུགས་ཀར་ཟླ་བ་ལ། འཁོར་ལོའི་སྙིང་གའི་དབུས་སུ་བསྒོམ། །ཞེས་སོ། །
དེའི་ལྟེ་བ། གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་ཏེ། ཟླ་བའི་སྟེང་གི་དབུས་སུའོ། །འཁོར་ལོའི་སྔགས་ཨོཾ་མོ། །དེའི་དོན་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་ན། ཐིག་ལེ་གཉིས་ཀྱི་གཟུགས་སུ་བསྒོམ། །ཞེས་པའོ། །དེ་ཡང་ཡུལ་ཅན་གྱི་དབུས་སུ་
ཆུད་པ་ནི་རྟག་པའི་འཁོར་ལོ་ལ་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གོང་མ་ལྟར་དེའི་སྦྱོར་བ་རྫོགས་པར་བྱ་བའི་ཕྱིར་ཡུལ་དང་ལྡན་པར་བསྒོམ་པར་བྱའོ་ཞེས་པའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་སྦྱར་བར་བསྟན་པའི་ཕྱིར་ཡེ་ཤེས་རྡོ་རྗེ་ཞེས་པ་ལ་སོགས་པ་གསུངས་སོ། །

ཇི་སྐད་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །དངོས་པོ་ཐམས་ཅད་བསྡུས་ནས་སུ། །གཟུགས་ཀྱི་ནང་དུ་བསྒོམ་པར་བྱ། །ཡུད་ཀྱིས་ཡེ་ཤེས་ཀྱིས་རྫོགས་པར། །ཏིང་ངེ་འཛིན་ཅེས་བྱ་བ་ཡིན། །ཞེས་སོ། །ད་ནི་གོང་དུ་གསུངས་པའི་བཟླས་བརྗོད་གཉིས་ཀྱི་བྱེ་
བྲག་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཀུན་ཞེས་པ་ནི་ཆུང་ངུ་ལ་གནས་པ་གང་ཡང་རུང་བའོ། །དེའི་ངོས་ནི་ཕྱོགས་བཞི་པོ་རྣམས་སུའོ། །སངས་རྒྱས་ལྔ་རྣམས་ཞེས་པ་ནི་མཚོན་པ་ཙམ་སྟེ་ལྷ་ཐམས་ཅད་ཇི་སྐད་དུ་གསུངས་པའི་ཆོ་གས་དགོད་
པར་བྱའོ། །དེས་ནི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས་བཟླས་བརྗོད་བྱ་བར་བསྟན་ཏོ། །ཇི་ལྟར་བྱ་ཞེ་ན། འོད་ཟེར་ལྔའི་བྱེ་བྲག་གིས། །ཞེས་ཏེ་རང་རང་གི་ས་བོན་འོད་ཟེར་ལྔ་དང་ལྡན་པ་ལས་བདེ་བར་གཤེགས་པའི་འཁོར་ལོ་སྤྲོ་ཞིང་ཡི་གེ་གསུམ་གྱི་བར་དུ་ཆུད་པར་བཟླས་ན་
བྱང་ཆུབ་ཐོབ་པར་འགྱུར་ཞེས་སོ། །དེའི་བྱེ་བྲག་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །བྱེ་བྲག་གཉིས་ནི་སྐུ་གསུམ་དང་རྡོ་རྗེའི་བྱེ་བྲག་གོ། །དེ་ལ་སྐུ་གསུམ་གྱི་དེ་ཁོ་ན་ཉིད་ཟློས་པ་ལས་གོང་མ་ལྟར་རིམ་གྱིས་སམ་ཅིག་ཅར་དུ་སྤྲོ་བ་དང་བསྡུ་བ་ན་ངེས་པ་མེད་
པའོ། །རྡོ་རྗེ་སྟེ་ཡེ་ཤེས་སེམས་དཔའི་བཟླས་པ་ལས་ཅིག་ཅར་དུ་བཟླས་པ་འདི་ནི་ངེས་པ་ཁོ་ན་ཡིན་ནོ། །མཆོད་པ་སྤྲོ་བ་ན་ཡང་རང་རང་གི་རིགས་ཀྱི་ལྷ་མོས་མཆོད་པ་བྱེད་ཀྱི་གཞན་གྱི་རིགས་ཀྱིས་མ་ཡིན་པར་གསུངས་པ། སྐུ་ལ་ཞེས་པ་ལ་སོགས་པའོ། །སྐུ་ལ་ཞེས་པ་ནི་
རྣམ་པར་སྣང་མཛད་ལའོ། །སྐུའི་ད