Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
ང་བཞིན་གྱིས་སྦྱངས་པའི་
བདུད་རྩི་ལྔ་སྟེ། བཙུད་པ་ལ་སོགས་པའི་ཆོ་གས་དག་པར་བྱས་ནས་རྣམ་པར་སྤྲོས་ཏེ་ནམ་མཁའི་ཁམས་བཀང་ཞེས་སོ། །དེས་དུས་གསུམ་རྡོ་རྗེ་དག་ལ་དབུལ། ཞེས་པ་ནི་ནང་དུ་ཆུད་པ་ལ་སོགས་པའི་འཁོར་ལོ་རྣམས་ཕུལ་བ་ནི་དམ་ཚིག་བསྟན་པའོ་ཞེས་སོ། །
ཡན་ལག་གི་གནས་སྐབས་སུ་འདོད་པ་ལ་སྤྱོད་པའི་མཆོད་པ་ཡང་དམ་ཚིག་ཏུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཐམས་ཅད་ནི་ཡང་དག་པའི་སྒྱུ་མའོ། །དེའི་མི་སྣང་བ་ནི་མེད་པ་སྟེ་གཟུང་བ་དང་འཛིན་པ་རྣམ་པར་འཇིག་པ་སྟེ་དེའི་དམ་ཚིག་

ཕྱུང་ངོ་ཞེས་སོ། །དེ་ཡང་རུས་པ་བཞིའི་ཡན་ལག་ཆོ་ག་བཞིན་དུ་ཕྱིའི་བུད་མེད་གསལ་བར་སྣང་བའི་རང་གི་ཡེ་ཤེས་མཚོན་པའི་ཕྱིར་ན། རྡོ་རྗེ་མོ་ནི་ཉིན་རེ་སྤྱད། །ཅེས་སོ། །ཀྱང་རྟག་ཏུ་བྱ་ཞེས་པ་ནི་དེ་ལས་བྱུང་བའི་དམ་ཚིག་ཁས་
བླངས་པས་ལུས་ཀྱི་དཀྱིལ་འཁོར་མཉེས་པར་ར་ས་ཡ་ནར་འགྱུར་བས་ན་དམ་ཚིག་རྡོ་རྗེ་རྫོགས་བྱེད་པའོ་ཞེས་སོ། །རིག་འཛིན་ཕོ་གྲུབ་པ་རྣམས་ཀྱི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འདི། །ཞེས་པ་ནི་རྡོ་རྗེ་གསུང་
གི་ངོ་བོ་དཀོན་མཆོག་དཔལ་ཏེ། དེ་རིག་པ་འཛིན་པ་རྣམས་ཀྱི་དབུ་རྒྱན་དག་ལ་བསམ་གཏན་གྱིས་རྣམ་པར་བསམ་ཞེས་སོ། །གལ་ཏེ་རིག་པ་འཛིན་པ་མོ་ཞིག་ན་ཚེ་དཔག་མེད་རྣམ་པར་བསམ་ཞེས་སོ། །ཅིའི་ཕྱིར་བསམ་ཞེ་ན། དམ་ཚིག་རྡོ་རྗེ་གསུམ་ཀུན་གྱི། །ཞེས་ཏེ་
ལུས་ལས་མི་འདའ་ཞིང་རྡོ་རྗེ་གསུམ་གྱི་ངོ་བོ་བས་ན་རླུང་ལ་སོགས་པའོ། །དེ་རྣམས་འཁྲུག་ཅིང་ཁྲོས་པས་མི་ཐུབ་བོ། །ཞེས་ཏེ་བསྐལ་པ་ལ་སོགས་པར་གནས་པའི་ནུས་པ་ཅན་དུ་བྱེད་པའོ། །ད་ནི་སྡོམ་པ་སྤྱད་པའི་དེ་མ་ཐག་ཏུ་ཁ་ཟས་སྦྱང་བའི་ཏིང་ངེ་འཛིན་གསུངས་
པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་རྡོ་རྗེ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། འདོད་པའི་ལྷའི་ཏིང་ངེ་འཛིན་དང་ལྡན་པས་ཁ་ཟས་ལ་སྤྱོད་པའི་དུས་སུ་ཕྱི་རོལ་གྱི་ཟས་རྡོ་རྗེ་འཛིན་པ་ལྟ་བུར་དག་པར་མོས་པས་སོ། །རྡོ་རྗེ་ཆོས་ལ་རྟག་པར་ནི། །ཞེས་པ་ནི་
དེའི་རང་བཞིན་གྱི་ལྕེ་དག་པར་བྱས་ནས་བཟའ་བ་ནི་དམ་ཚིག་སྟེ། མདོར་སྟོན་ཆོ་ག་སྤྱད་པར་བྱ། །ཞེས་པ་ནི་མདོར་གསུངས་པ་ཙམ་གྱིས་ཆོ་ག་ཞེས་པའི་དོན་ཏོ། །ཡང་ན་ཁ་ཟས་ལ་སྤྱོད་པའི་དུས་སུ་སྐུའི་རྡོ་རྗེར་བསམ་པ་དང་སྤྱོད་ཡུལ་ལྟ་བའི་དུས་སུ་ཐུགས་ཀྱི་རྡོ་རྗེར་
བསམ་པ་དང་། མདོ་ཀླག་པ་ལ་སོགས་པའི་དུས་སུ་རྡོ་རྗེ་ཆོས་སུ་བསམ་པར་སློབ་དཔོན་ཆེན་པོ་ཛ་བ་རི་བས་བཤད་དོ། །ཐམས་ཅད་དག་པའི་བསམ་པས་དམ་ཚིག་སྤྱོད་པའི་དུས་ན་ངོ་བོ་ཉིད་དག་པ་རྡོ་རྗེའོ། །ད་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་བའི་

བསྟན་པས་ལེའུ་གཉིས་པའི་བྱང་ཆུབ་ཀྱི་སེམས་སྨྲ་བརྗོད་དང་བྲལ་བ་དང་དེ་ལ་བློ་གཞག་པའི་ཐབས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཉིད་སྐུ་དང་གསུང་དང་ཐུགས་ཏེ་མི་གཡོ་བའི་ཕྱིར་ན་སྙིང་པོའོ། །དེ་ཉིད་རྡོ་རྗེ་སྟེ་དབྱེར་
མེད་པའོ། །དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ། དེ་ལ་རྣམ་པར་དགོངས་པས་ཏེ་དཔྱད་ནས་དེའི་རང་བཞིན་ཡིན་པའི་ཕྱིར་ན་ཅང་མི་གསུང་བར་གྱུར་ཏོ་ཞེས་སོ། །ཐེ་ཚོམ་ལས་ལུང་གི་ཆོས་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་བཞིན་དུ་
དེ་བཞིན་གཤེགས་པ་རྣམས་ལ་ཞུས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེའི་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི། དམིགས་སུ་མེད་པ་སྟེ་དེ་བཞིན་ཉིད་དེ། དེའི་ངོ་བོ་ཉིད་རང་བཞིན་ལས་
མི་འགྱུར་བས་ན་ཡི་གེའི་གནས་སོ། །དེའི་ངོ་བོ་ཉིད་མེད་པ་ལ་ཚིག་གི་བརྗོད་པ་དང་བྲལ་བ་རྣམ་པར་བསམས་ནས་ཅང་མི་གསུང་བར་བཞུགས་སོ་ཞེས་སོ། །མི་གསུང་བར་བཞུགས་པའི་རྣམ་པ་གཞན་ཡང་གསུངས་པ། རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །
སྐུ་ཉིད་མི་འགྱུར་བས་ཏེ་དོན་དམ་པས་དག་པའི་ཕྱིར་རོ། །དེ་ཉིད་ཀུན་བརྟགས་ཀྱིས་མ་སྐྱེས་པའོ། །དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་སུ་དམིགས་སུ་མེད་པ་སྟེ། བྱེད་པ་པོ་ལ་སོགས་པ་རྫས་དང་བྲལ་བའོ། །དེ་བས་ན་དེ་རྣམས་ནམ་མཁའི་རྡོ་རྗེ་དང་འདྲ་བ་སྟེ།
བསྟན་པར་དཀའ་ཞིང་བརྗོད་པར་དཀའ་བའོ། །དེ་ཉིད་ཀྱི་དོན་ཡང་དག་པ་ལ་ལོག་པར་འཛིན་ཏོ་སྙམ་པ་སྟེ་རྣམ་པར་བཤད་པ་ཧ་ཅང་ཐལ་ཆེས་པའི་དོགས་པའོ། །ཚིག་ལ་སོགས་པ་ལོག་པ་སྟེ་དེར་རྟོགས་པ་ཐུགས་སུ་ཆུད་པའོ། །རྣམ་པ་གཉིས་པ་དགག་པའི་
ཕྱིར་ཞུས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསུང་རྡོ་རྗེའི་ཡི་གེའི་ཚད་ནི་ལུང་གི་ཆོས་སོ། །དེ་ལ་བདག་ཅག་ལ་སོགས་པས་ཕྱིན་ཅི་ལོག་འབྱུང་བར་མི་བརྟག་ཏུ་གསོལ་བའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པ་དེ་ཅིའི་སླད་དུ་ཞེ་ན་

ཞེས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འདི་ལྟར་རྡོ་རྗེ་དབྱིངས་ཀྱི་མཐུའི་ངོ་བོ་ཉིད་ཡིན་ཡང་དེ་རྣམས་ཀྱི་སྤྱོད་པས་འགྲོ་བའི་དོན་རྗེས་སུ་འགྲོ་བ་སྟེ།
འདས་པའི་ཡེ་ཤེས་ཅན་རྣམས་ཀྱིས་ཀྱང་ཕྱི་རོལ་ལ་བརྟེན་ནས་ཆོས་ཉིད་བསྟན་ལ་རྡོ་རྗེ་འཆང་ཆེན་པོས་ཀྱང་དེ་བཞིན་དུ་བསྟན་པར་རིག་པས་ན་ཕྱིན་ཅི་ལོག་ཀུན་འབྱུང་བར་མི་བརྟག་ཏུ་གསོལ་ཞེས་སོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་ཏེ་
མ་གསུངས་ན་ཉེས་པ་ཅི་ཡོད་ཅེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། ཚངས་པ་ལ་སོགས་པ་ཞེས་པ་ལ་སོགས་པའོ། །ཚངས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་པའི་མངོན་པར་ཤེས་པའི་ཡེ་ཤེས་ཡོད་པར་གྱུར་
ཀྱང་མ་ལུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་ཤེས་པས་འདི་སྙམ་དུ་རྣམ་པར་རྟོག་པ་སྟེ་ཞེས་སོ། །ཇི་ལྟར་རྟོག་ཅེ་ན། རྡོ་རྗེའི་བདག་ཉིད་འདི་ཞེས་པ་ལ་སོགས་པའོ། །དེ་རྣམས་ཇི་བཞིན་པ་ལ་གཞག་པ་ལ་འཁྲུལ་ནས་རྡོ་རྗེའི་བདག་ཉིད་འདིས་ཆོས་ཀྱི་དེ་ཉིད་ཤེས་ནས་
འཆད་དམ། ཡང་ན་མི་ཤེས་བཞིན་དུ་འཆད་ཅེས་སོམ་ཉིར་གྱུར་ནས་བྱ་བ་ལ་མགོ་རྨོངས་པར་འགྱུར་རོ། །དེ་བས་ན་དེ་རྣམས་ཀྱིས་ཀྱང་གསུང་ལ་འཁྲུལ་མོད་ཀྱི་ཇི་ལྟར་བཤད་པའི་ཆོས་ཉིད་བསྟན་པར་བྱ་སྟེ། སེམས་ཅན་རྣམས་སླུ་བར་མི་བྱ་སྟེ། དེ་རྣམས་
ཀྱིས་ཀྱང་དེའི་སྒོ་ནས་དཔྱད་ན་རྟོགས་པར་འགྱུར་བའི་ཕྱིར་རོ། །ད་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཉིད་ཟབ་མོ་ཁོ་ན་བསྟན་པ་དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བྱང་ཆུབ་ནི་དེ་བཞིན་ཉིད་དོ། །མི་ཤེས་སོ་ཞེས་པ་ནི་གཞུང་
ཚུགས་པ་མ་ཡིན་ཏེ་ཟབ་མོ་བསྟན་པའོ། །ཡང་ཞུས་པ་དེ་ཅིའི་ཕྱིར་ཞེ་ན་ཞེས་སོ། །ལན་གསུངས་པ། སྐྱེ་བ་མེད་པའི་ཞེས་པ་ལ་སོགས་པའོ། །སྐྱེ་བ་མེད་པ་ནི་ཀུན་བརྟགས་ཀྱི་བདག་ཉིད་ཀྱིས་མ་སྐྱེས་པས་འོད་གསལ་བའོ། །མི་ཕྱེད་པས་ན་རྡོ་རྗེ་

སྟེ་དེ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ནི་དངོས་པོའི་ངོ་བོ་ཉིད་མེད་པ་གང་གིས་ཀྱང་མི་འགྱུར་བ་སྟེ་དེ་ལས་བྱུང་བ་ནི་དེ་ཁོ་ན་ཉིད་དོ། །རིགས་ཀྱི་བུ་ཞེས་པ་ལ་སོགས་པ་ནི་དོན་དེས་ཁྱབ་པས་ཐམས་ཅད་སངས་རྒྱས་སུ་བསྟན་པའོ། །སེམས་ཅན་ཆེན་པོའི་ཁོངས་སུ་
གཏོགས་པ་ཞེས་པ་ནི་འདོད་ཆགས་ཀྱིས་འདུལ་བའི་འཇིག་རྟེན་ནོ། །སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཅེས་པ་ནི་རང་བཞིན་གྱིས་ཁྱབ་པ་ཇི་སྙེད་རྣམས་སོ། །དེ་རྣམས་གོང་དུ་བསྟན་པའི་བྱང་ཆུབ་ལ་གནས་པས་ན་དོན་དམ་པར་སངས་རྒྱས་རྡོ་རྗེའོ། །
དེ་ཅིའི་ཕྱིར་ཞེས་ཞུས་པ་དང་། ལན་གསུངས་པ། སེམས་ཅན་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་རྡོ་རྗེའི་ཆོས་ཉིད་ཉེ་བར་བཟུང་ནས་ཞེས་པ་ནི་དེ་རྣམས་ཀྱིས་དེའི་ཆོས་ཉིད་ཀྱི་ཕྱོགས་ཉེ་བར་བླངས་པས་རབ་དང་རབ་ཀྱི་མཐར་ཕྱིན་པས་ན་དེ་ལྟ་བུའི་དོན་ལ་སྐུ་གསུང་
ཐུགས་རྡོ་རྗེའི་ཆོས་ཉིད་ཐོབ་པའོ་ཞེས་སོ། །ཇི་སྐད་དུ། སེམས་ཅན་དུས་གསུམ་དུ་འབྱུང་བ། །ཐམས་ཅད་རྡོ་རྗེའི་ངོ་བོ་ཉིད། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པ། །སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ། །ཞེས་སོ། །ད་ནི་རྡོ་རྗེ་འཆང་ཆེན་པོས་འཁོར་རྣམ་པ་གཉིས་ལ་
གོང་གི་དོན་རྗེས་སུ་ཟློས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ངོ་བོ་ཉིད་ཀྱིས་དག་པའི་ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །དེ་ཉིད་ལ་ཆོས་ཀྱི་དབྱིངས་ཀྱི་ཤེས་རབ་ཀྱི་གནས་སུ་བློས་རྣམ་པར་བརྟགས་ཤིང་རྡོ་རྗེ་ལས་བྱུང་བ་ལྟར་དམིགས་སུ་མེད་པའི་
ཡེ་ཤེས་ཀྱིས་བདག་ཉིད་འདྲ་བ་ཀུན་རྫོབ་ཏུ་སྨྲ་བར་བྱེད་པ་ནི་ཞེས་སོ། །ཡང་དག་པར་སྨྲ་བ་མ་ཡིན་ནོ་ཞེས་པ་ནི་དོན་དམ་པར་ན་བརྗོད་པ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །ཇི་སྐད་དུ། བསྟན་པར་དཀའ་ཞིང་བརྗོད་པར་དཀའ། །བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་
གི་སྟེང་དུ་མི་ཕེབས་པས། །བྱིས་པ་སོགས་ཀྱི་སྤྱོད་ཡུལ་མིན། །ཞེས་སོ། །ད་ནི་སློབ་མའི་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་དང་ཆོས་ཐམས་ཅད་དོན་དེ་ལ་གནས་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ལ་ཇི་ལྟར་འཇུག་

གང་ལྟར་འབྱུང་གང་ན་གནས་ཞེས་ཞུས་པའོ། །ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དངོས་གྲུབ་ཐམས་ཅད་ནི་རིག་པ་འཛིན་པ་ལ་སོགས་པའོ། །ཐམས་ཅད་མཁྱེན་པ་ནི་ཕྱག་རྒྱ་ཆེན་པོའོ། །ཁམས་གསུམ་ཇི་སྙེད་པ་དག་ཅེས་པ་ནི་
དེ་ལས་མ་གཏོགས་པ་རྣམས་སོ། །ལུས་དང་ངག་དང་སེམས་ཀྱི་རྒྱུད་རྡོ་རྗེ་ལས་བྱུང་ཞེས་པ་ནི་དེ་ཁོ་ན་ལ་གོམས་པ་ལས་བྱུང་བ་སྟེ་གཞན་གྱི་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་སོ་ཞེས་པ་ནི་དེའི་གོང་འོག་ཏུ་རྣམ་པར་གནས་པ་སྟེ། རང་བཞིན་ཡིན་པའི་
ཕྱིར་རོ། །སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་དང་ཁམས་གསུམ་གང་ན་གནས་ཞེས་པ་ནི་ཞུས་པའོ། །ལན་གསུངས་པ། དེ་བཞིན་ཞེས་པ་ལ་སོགས་པའོ། །ནམ་མཁའ་ལ་གནས་སོ་ཞེས་པ་ནི་དེ་བཞིན་ཉིད་ལ་གནས་སོ་ཞེས་པ་སྟེ་དེས་ཀུན་ལ་ཁྱབ་པའི་ཕྱིར་རོ། །ནམ་མཁའ་
ཅི་ལ་གནས་ཞེས་པ་ནི་ཞུས་པའོ། །ཅི་ལ་ཡང་མི་གནས་སོ་ཞེས་པ་ནི་དེ་བཞིན་ཉིད་ནི་ཁྱབ་པར་བྱེད་པས་ན་གང་ན་ཡང་མི་གནས་མཉམ་པ་ཉིད་དུ་གནས་པའོ་ཞེས་ལན་གསུངས་པའོ། །འཁོར་རྣམས་ཀྱི་ངོ་མཚར་བ་སྔོན་དུ་འགྲོ་བས་དོན་དེ་ལ་བློ་གཞག་པའི་ཐབས་གསུངས་
པ། དེ་ནས་ཞེས་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་ཞེས་པ་ནི་ཆོས་ཉིད་ལའོ། །རྨད་དུ་གྱུར་པ་ནི་སྣང་བ་མི་འགོག་པ་ལའོ། །ཨེ་མའོ་རྡོ་རྗེ་ཞེས་པ་ནི་སངས་རྒྱས་རྣམས་སོ། །ཨེ་མའོ་ཆོས་ཞེས་པ་ནི་ཕུན་སུམ་ཚོགས་པ་བཞིའོ། །རྡོ་རྗེའི་ཚིག་བཤད་པ་ཞེས་པ་ནི་
ལུང་གིས་དེ་ཉིད་འདྲ་བར་བཤད་པ་སྟེ་ཨེ་མའོ་ཞེས་སོ། །གང་དུ་ལུས་དང་ངག་སེམས་མེད་ཅེས་པ་ནི་ལུས་ལ་སོགས་པའི་རང་བཞིན་ནམ་མཁའ་དང་འདྲ་བ་ཡིན་པའི་ཕྱིར་རོ། །དེ་རུ་གཟུགས་ནི་རྣམ་པར་བསྒོམ། །ཞེས་པ་ནི་དེ་དང་དེའི་ཚུལ་གྱིས་ཡང་དག་པའི་ཀུན་རྫོབ་ཏུ་
སྣང་བའི་རྒྱུན་གྱི་རིམ་པ་བསྒོམས་པས་ཏེ། འདིས་ནི་གཉིས་སུ་མེད་པའི་ཡེ་ཤེས་སུ་བློ་གཞག་པར་གསུངས་པའོ། །ད་ནི་སྐུའི་རྡོ་རྗེ་ལ་དབང་བསྐུར་བའི་དོན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་གསུམ་ནི་ཚངས་པ་ལ་སོགས་པའོ། །དེའི་མཆོག་ནི་ཉན་

ཐོས་དང་རང་རྒྱལ་བའོ། །དེའི་ཆེན་པོ་ནི་བྱང་ཆུབ་སེམས་དཔའོ། །དེ་ལས་ཀྱང་ཆེ་བ་ནི་རྡོ་རྗེ་གསུམ་སྟེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་མངའ་དབང་མཆོག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་རིག་པའི་སྐྱེས་བུ་བསྒོམ་པའི་ཕྱིར་བཤད་པར་མཛོད་ཅེས་སྦྱར་རོ། །སངས་
རྒྱས་དཀྱིལ་འཁོར་ནི་བརྟགས་པ་ལས་བྱུང་བའི་གཞལ་ཡས་ཁང་པའོ། །རྡོ་རྗེ་སྐུ་ནི་རབ་བསྒོམས་པ། །ཞེས་པ་ནི་རྒྱུའི་ཆོ་ག་རྫོགས་པའི་རྣལ་འབྱོར་པས་རྣམ་པར་སྣང་མཛད་བསྙེན་སྒྲུབ་གསུམ་གྱིས་བསྒྲུབས་ཏེ་ཞེས་སོ། །སྤྱི་བོར་རྡོ་རྗེ་རབ་ཏུ་བསྒོམ། །ཞེས་པ་ནི་
དེའི་སྤྱི་བོར་འོད་ཟེར་བསྐུལ་བ་སྔོན་དུ་བྱས་པའི་མི་བསྐྱོད་པའི་དབང་བསྐུར་རོ་ཞེས་སོ། །མི་བསྐྱོད་པ་དེ་ཡང་ཞལ་གསུམ་སྐུ་གསུམ་ལས་བྱུང་བ། ཁྲོ་བོའི་རང་བཞིན་པས་སྤྱན་རྣམ་པར་གཡོ་བར་བསམ་པར་བྱ་ཞེས་སོ། །རྡོ་རྗེ་འཁོར་ལོ་འཛིན་ཞེས་པ་ནི་དབུ་ལ་གནས་པ་དང་།
རྟེན་དུ་གྱུར་པའི་གཡས་པར་མར་བསམ་པའི་མཚན་མའོ། །དེ་ནས། བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ། །ཞེས་པས་ན་ཕན་ཡོན་སྟོན་ཏོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་རིགས་ཀྱི་བྱེ་བྲག་གིས་བསྒོམ་པ་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །
ཐམས་ཅད་ལ་ཡང་རིགས་ཀྱི་བྱེ་བྲག་གིས་ཕྱེ་ལ་རང་རང་གི་རིགས་ཀྱི་བདག་པོའི་གསང་བ་བསྒོམ་པ་སྟེ་བཤད་ཟིན་ཏོ། །གཞན་དུ་ནོར་བར་བསྒོམ་ན་ཞེས་པ་ནི་རིགས་འཆོལ་བའི་རྣལ་འབྱོར་གྱིས་ནི་སྒྲུབ་པ་པོའི་དངོས་གྲུབ་རྫོགས་པར་མི་འགྱུར་རོ་ཞེས་སོ། །ཇི་སྐད་དུ།
དཔའ་བོ་རྣམས་དང་རྡོ་རྗེ་ཡི། །སྤྱི་བོར་རེ་རེ་དབང་བསྐུར་ཏེ། །སྙིང་པོ་ཕྱག་རྒྱ་གསང་སྔགས་ཀྱིས། །རང་རང་རིམ་པས་རྒྱས་གདབ་པོ། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །བསྒོམ་ཞིང་གཞན་དུ་དངོས་གྲུབ་ནི། །བསྐལ་པ་བྱེ་
བར་ཡོད་མི་འགྱུར། །ཞེས་སོ། །ད་ནི་སྤྱིའི་བརྟུལ་ཞུགས་ཀྱི་དངོས་གྲུབ་བཞིའི་མཚན་མ་རྙེད་པས་ཞིང་དག་པར་བྱ་བའི་ཆོ་ག་གསུངས་པ། ཁམས་ལས་ཞེས་པ་ལ་སོགས་པའོ། །ཁམས་ནི་ས་ལ་སོགས་པའོ། །དེ་ལས་བྱུང་བར་གྱུར་པ་ནི། རྒྱལ་མོ་ཆེན་མོ་ཞེས་ཏེ་

སྤྱན་མ་ལ་སོགས་པའོ། །དེས་མཉེས་པར་བསམ་པ་ནི་ཡེ་ཤེས་ཀྱི་སྦྱོར་བའི་ཆོ་གས་དབང་བསྐུར་བའོ། །ཅི་བྱེད་ཅེ་ན་རྡོ་རྗེ་སྐུ་གསུམ་གྱིས་མཚན་མ་ཞེས་པ་ནི་ལས་རྣམ་པ་གསུམ་ནི་རྡོ་རྗེ་གསུམ་གྱི་ངོ་བོ་སྟེ། སྔོན་དུ་འགྲོ་བའི་མཐའ་གསུམ་ལ་དེས་རིག་པས་
ན་མཚན་མའོ། །དེ་ཉིད་ཀྱང་རྣལ་འབྱོར་པ་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པས་ཁྱུ་མཆོག་གོ། །དེ་མཉེས་པར་བསམས་ནས་ཞེས་པ་ནི་ཞིང་དག་པར་བྱ་བས་དགའ་བར་འགྱུར་རོ། །དེའི་ཕན་ཡོན་དང་དུས་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །བྱང་ཆུབ་སེམས་
དཔའ་ཞེས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། རྣལ་འབྱོར་པ་གསུམ་པའོ། །དེ་ཉིད་གྲགས་ཆེན་ཏེ་དངོས་གཞིའི་བྱ་བ་ལ་འཇུག་པའོ། །ཉི་མ་བདུན་གྱིས་ཞེས་པ་ནི་དུས་དེ་ཙམ་དུ་ཞིང་དག་པར་བྱ་བའོ་ཞེས་སོ། །འོད་འཕྲོ་བའི་སྐུ་གསུམ་དངོས་གྲུབ་ཐོབ་པར་འགྱུར་ཞེས་པ་ནི་
དེའི་ལམ་ལ་འཇུག་པས་དེ་ཐོབ་པར་འགྱུར་ཞེས་ཉེ་བའི་མཚན་ཉིད་ཀྱི་ཚིག་གོ། །ལེའུ་གསུམ་པ་ལས་ཀྱང་། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡིས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་པའི་དོན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པའོ། །བདག་གི་སྐུ་གསུང་
ཐུགས་རྡོ་རྗེ་ཞེས་པ་ནི་བདག་ཉིད་ལ་དེས་མཚན་པའོ། །དེ་རྣམས་ཀྱང་ལུས་ལས་མི་འདའ་བའི་ཕྱིར་དམ་ཚིག་ཕྱག་རྒྱ་ཆེན་པོ་སྟེ་དེའི་དོན་བརྟག་ཅིང་ལེའུ་དྲུག་པ་ལ་སོགས་པའི་ཆོ་ག་བཞིན་དུ་ཕྱག་རྒྱ་ཆེན་པོ་བསྒོམས་ན་ཞེས་སོ། །མཚན་ཉིད་ཀུན་གྱིས་ཞེས་པ་ནི་གནས་བསྐྱེད་
པ་དང་ཕྲ་མོའི་དཀྱིལ་འཁོར་བསྒོམ་ཞིང་རྒྱུས་མཚན་མ་དང་། དེ་ལ་དམིགས་པའི་གཟུགས་དང་ངག་སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན་བསྒོམས་ན་སངས་རྒྱས་ཐོབ་ཅེས་སོ། །རྣལ་འབྱོར་པ་སྙིང་པོའི་དམ་ཚིག་ལྷག་མ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གལ་
ཏེ་བྱང་ཆུབ་མཆོག་འདོད་ན། །ཞེས་པ་ནི་གཞན་ལ་ལྟོས་པ་མེད་པ་ཁོ་ནར་བརྟེན་པའི་རྣལ་འབྱོར་པ་ཅི་ཞིག་ན། ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །ཞེས་ཏེ་དེ་ནི་སེམས་གཡེངས་པའི་རྒྱུ་ཡིན་པས་ན་སྤྱི་གཙུག་ལ་སོགས་པ་ཀུན་ཡིད་ཀྱིས་བྱ་བ་མངོན་ནོ། །དེ་ལྟ་བུའི་སྔགས་

པ་རྣམས་ཀྱི་དམ་ཚིག་འདའ་བར་བྱ་བ་མ་ཡིན་པས་ན། རྒྱལ་བ་ཀུན་ཀྱང་མི་འདའོ། །ཞེས་སོ། །ད་ནི་རྡོ་རྗེ་གསུམ་གྱི་ཁྱད་པར་དུ་ཤེས་པའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བཤང་གཅི་ལ་སོགས་པའི་བདུད་རྩི་རྣམ་པ་ལྔ་ནི་ཡེ་ཤེས་ཀྱི་མེས་སྦྱངས་པས་ནུས་
པ་དང་ལྡན་པས་ན། དམན་པ་དག་ཏུ་ཡང་མི་བྱ། ཞེས་སོ། །ཇི་ལྟར་བྱ་ཞེ་ན། ཆོ་ག་བཞིན་དུ་རྟག་ཏུ་བཟའ། །ཞེས་ཏེ་རླུང་ལ་སོགས་པའི་རིམ་པས་དག་པར་བྱས་ནས་རྡོ་རྗེ་གསུམ་གྱི་གསང་བའི་དམ་ཚིག་གོ་ཞེས་སོ། །ཁམས་གསུམ་ཞེས་པ་ནི་ས་འོག་ལ་སོགས་པའོ། །
དེའི་གནས་མཆོག་སྟེ་བདེ་བ་དང་ལྡན་པའི་ལྷ་མོ་ལ་སོགས་པ་བུད་མེད་ཇི་སྙེད་ཡོད་པ་ཀུན་རང་གི་ནུས་པ་ཐམས་ཅད་ཆོ་ག་བཞིན་དུ་དཔྱད་ཅེས་ཏེ་དོན་རྙེད་པ་དང་མཉེས་པར་བྱ་བ་དང་། དེ་ཁོ་ན་ཉིད་ལ་གོམས་པར་བྱ་བ་དང་། ཐོབ་པར་བྱ་བའི་ཕྱིར་ན། གསུང་གི་རྡོ་རྗེ་མི་སྨད་དོ། །
ཞེས་སོ། །རྡོ་རྗེ་གསུམ་ལ་གནས་པ་ཡི། །དམ་ཚིག་ཇི་སྙེད་ཡོད་པ་ཀུན། །ཞེས་པ་ནི་རྡོ་རྗེ་གསུམ་གྱི་དམ་ཚིག་གོང་འོག་ཏུ་སྦྱར་བ་ཐམས་ཅད་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་མགུ་ཞིང་ཚིམ་པ་དག་ཏུ་བྱ་བ་ནི་ཐུགས་ཀྱི་རྡོ་རྗེས་སྨད་པར་བྱ་བའི་དམ་ཚིག་མ་ཡིན་ནོ་ཞེས་
སོ། །དམ་ཚིག་ཆེན་པོ་གསུམ་བཀའ་སྩལ་པའི་ཕྱིར་ན་དམ་ཚིག་ཆེན་པོ་གསུམ་ཞེས་སོ། །ད་ནི་ཆོས་ཅན་ཉི་ཤུ་རྩ་གཅིག་གི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །མདོར་ན་ཞེས་པ་ནི་རྣམ་པ་ལྟ་བུའི་རིགས་མཐའ་ཡས་རྣམས་བསྡུས་ན་
ཞེས་སོ། །ཇི་ལྟར་ཞེ་ན་ཕུང་པོ་ལྔ་རྣམས་ནི་ཞེས་པ་ནི་གཟུགས་ལ་སོགས་པའི། སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་སོ། །རྡོ་རྗེ་སྐྱེ་མཆེད་ཉིད་ཀྱང་ཞེས་པ་ནི་ཕྱི་ནང་གི་སྐྱེ་མཆེད་དྲུག་དྲུག་སྟེ། གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་
པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག་ཅེས་སོ། །ཁམས་གསུམ་འཇིག་རྟེན་གསུམ་མོ། །དེའི་འཁོར་ལོ་ནི་འགྲུབ་པར་བྱེད་པ་སྟེ་ས་ལ་སོགས་པའོ། །གཞན་ནི་གོ་སླའོ། །མཁའ་དབྱིངས་ཞེས་པ་ནི་ཆོས་འབྱུང་བའོ། །རྡོ་རྗེ་དམ་ཚིག་ནི་དེའི་ནང་གི་

ནམ་མཁའོ། །དེ་ཉིད་རྡོ་རྗེ་འཛིན་པ་ཞེས་ཏེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་ལོ་འཛིན་པས་ན་དེ་སྐད་དུ་སྟོན་པ་ནི་མ་ཡིན་ནོ། །ཡང་རྟེན་དང་རྟེན་ཅན་གྱི་ཟབ་མོའི་ངོ་བོ་ལ་བྱའོ། །གནས་ཀྱི་དབང་ཕྱུག་ཅེས་པ་ནི་རྣམ་པར་སྤྲོས་པའི་དབྱེ་བ་ཇི་སྙེད་པ་ཐམས་
ཅད་ཉི་ཤུ་རྩ་གཅིག་ལས་འབྱུང་བའི་ཕྱིར་རོ། །ད་ནི་ཁྱད་པར་གྱི་དམ་ཚིག་ཉམས་པ་བསྐང་བའི་ཆོ་ག་བླ་མའི་ཡོན་ཏན་གྱི་ཆོ་གས་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ཐམས་ཅད་དག་པའི་
བསམ་པ་དང་ལྡན་པའོ། །དེ་ཉིད་སྤྱོད་པས་ཏེ་མི་ཕྱེད་པ་སྟེ་རྡོ་རྗེའོ། །དེའི་ཏིང་ངེ་འཛིན་ལ་རྡོ་རྗེ་འཛིན་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་གྱུར་ཏོ་ཞེས་སྦྱར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱིས་སྟོན་པ་ལ་བླ་མའི་ཡོན་ཏན་གྱི་ཚོགས་
ཞུས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསང་བ་འདུས་པས་མངོན་པར་དབང་བསྐུར་བའི་སློབ་དཔོན་ཞེས་པ་ནི་དེའི་ལུང་ཇི་ལྟ་བ་བཞིན་ཐོབ་ཅིང་རྒྱ་ཆེར་ཡང་དག་པར་སྟོན་པ་པོ་ལའོ། །རིགས་ཀྱི་བུ་ཞེས་པ་ལ་སོགས་པས་ལན་གསུངས་པ། སློབ་དཔོན་དེ་ནི་སྟོན་
པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བགྱིའོ་ཞེས་སོ། །དེ་ཅིའི་སླད་དུ་ཞེ་ན་ཞུས་པ་དང་། སློབ་དཔོན་དེ་ནི་ཞེས་པ་ལ་སོགས་པ་ལན་གསུངས་པ། མི་གཉིས་ཤིང་རྣམ་པ་གཉིས་སུ་དབྱེར་མ་མཆིས་སོ་ཞེས་པ་ནི་བྱང་ཆུབ་སེམས་རྡོ་རྗེའི་ཆོས་ཀྱི་སྐུ་ལོངས་སྤྱོད་
རྫོགས་པ་འབྱུང་ཞིང་དེ་ཉིད་སྤྲུལ་པའི་གཟུགས་རྣམ་པར་གནས་པ་རྣམས་མཐོང་བའི་ལམ་དུ་མི་འགྱུར་བའི་དུས་སུ་དེའི་ལུས་ལ་རྣམ་པར་གནས་ནས་གཞན་གྱི་ལས་ཀྱི་སྒྲིབ་པ་ལ་སོགས་སྦྱོང་བར་བྱེད་པས་ནའོ། །མདོར་བསྟན་པ་ཞེས་པ་ནི་བླ་མའི་ཡོན་ཏན་གྱི་ཚོགས་བརྗོད་དུ་
མི་ལང་ཡང་མདོར་བསྟན་ན་ཞེས་སོ། །ཕྱོགས་བཅུ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་ཡེ་ཤེས་ཀྱི་ཡུལ་ལ་འཁོད་ཅིང་། ཞིང་དག་པ་ན་རྣམ་པར་འཚོ་བ་འཛམ་བུའི་གླིང་ལ་སོགས་པའི་སེམས་ཅན་སྐྱོ་བ་དེ་དག་ཐོ་རངས་ལ་སོགས་པའི་དུས་གསུམ་དུ་ལྷགས་

ནས་མཆོད་པ་བྱེད་ཅིང་རང་རང་ཞིང་དུ་བསྔགས་པ་བརྗོད་ཅིང་འགྲོ་བར་འགྱུར་བ་སྟེ་གོ་སླའོ། །ཕྱོགས་བཅུ་ན་སངས་རྒྱས་ཇི་སྙེད་བཞུགས་པ་ཞེས་པ་ནི་ས་འོག་མའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱིས་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་བས་ཀྱང་གསང་བ་འདུས་པའི་
བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས་བྱུང་བའི་བསོད་ནམས་སྐད་ཅིག་ཙམ་འཕགས་པས་ན་སློབ་དཔོན་གྱི་བ་སྤུའི་བུ་ག་འཕགས་སོ་ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་ཞུས་པ་དང་། རིགས་ཀྱི་བུ་ཞེས་པ་ལ་སོགས་པས་ལན་གསུངས་པ། བྱང་ཆུབ་སེམས་ཞེས་པ་ནི་རྩ་བའི་ཡེ་ཤེས་
གཉིས་སུ་མེད་པའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་སྟེ། སྐྱེ་བའི་གནས་ནས་བཟུང་སྟེ་འབྱུང་གནས་ཡིན་པའི་བར་དུའོ། །དེ་ལྟར་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནི་གསང་བ་འདུས་པའི་སློབ་དཔོན་ལ་ཡོད་པས་ཚེ་འདི་ཉིད་ལ་སངས་རྒྱས་ཞེས་
བྱ་བའི་སངས་རྒྱས་སུ་འགྲོ་བ་སྟེ། ས་འོག་མ་རྣམས་ཀྱིས་དེའི་དེ་ཁོ་ན་ཉིད་མ་རིག་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པ་འཇིགས་སྐྲག་པ་ནི། དེ་ལྟ་བུའི་བླ་མ་ལ་བརྙས་པའི་བླུན་ཆེན་དེ་དམྱལ་བ་ལ་སོགས་པར་འགྲོ་བར་མཐོང་ནས་ཅང་མི་སྨྲ་བར་སེམས་ཤིང་
འདུག་པར་གྱུར་ཏོ་ཞེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་དེ་རྗེས་སུ་ཟློས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དངོས་གྲུབ་ནི་བླ་མ་མཆོད་པ་ལས་འབྱུང་བའོ། །མི་འདའ་བས་ན་དམ་ཚིག་སྟེ། དབྱེར་མེད་
པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ་ཞེས་སྦྱོར་རོ། །དུས་གསུམ་གྱི་ཡེ་ཤེས་ལས་བྱུང་བ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དམིགས་པའི་ཡེ་ཤེས་ལས་བྱུང་བ་སྟེ་སངས་རྒྱས་ཐམས་ཅད་དོ། །དེ་རྣམས་ཀྱང་བླ་མ་དེ་དང་ཕྲད་
ན་ཕྱག་འཚལ་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་ཞུས་པ་དང་། དེ་ཉིད་སྟོན་པ་ཡིན་ཞེས་པ་ལ་སོགས་པའི་ལན་གསུངས་པ། དེ་ཉིད་ནི་སྟོན་པ་མཐོང་བའི་ཡུལ་དུ་མ་གྱུར་པ་རྣམས་ལ་ཀུན་གཟིགས་ཀྱིས་བཞག་ནས་རྒྱུད་ཀྱི་སྟོན་པ་ཡིན་ཏེ་རྒྱུད་ཀྱི་

དོན་ལ་ཁྱད་པར་མེད་པས་ན་དེ་ཉིད་རྡོ་རྗེ་འཛིན་པ་ཡིན། ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་བས་ན་དེ་ཁོ་ན་ལ་བརྟེན་ཏེ་དངོས་གྲུབ་འབྱུང་བ་ཞེས་ཞུས་པ་དང་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སློབ་དཔོན་གྱི་ལུས་དང་།
ངག་དང་སེམས་རྡོ་རྗེ་ལ་གནས་སོ་ཞེས་པ་ནི་དེ་མེད་ན། དེ་རྣམས་འབྱུང་བ་མེད་པའི་ཕྱིར་དེ་ཁོ་ན་ལ་གནས་པའི་ཞེས་སོ། །གང་ལ་ཡང་མི་གནས་སོ་ཞེས་པ་ནི་དེ་བཞིན་ཉིད་ལ་གནས་པས་དེ་སྐད་དོ། །ངོ་མཚར་དུ་གྱུར་པ་ནི་སློབ་དཔོན་ལའོ། །རྨད་དུ་གྱུར་པ་ནི་དངོས་གྲུབ་
རྣམས་ལའོ། །ཞུས་པའི་དོན་མཐར་ཕྱིན་ནས་ཅང་མི་སྨྲ་བར་འཁོད་དོ་ཞེས་སོ། །དེ་བས་ན་གསང་སྔགས་ཀྱི་བྱང་ཆུབ་ནི་སེམས་དང་བླ་མས་འགྲུབ་པའི་ཕྱིར། དེ་མཉེས་པའི་ཐབས་ལ་འབད་པ་ཆེན་པོ་བྱ་སྟེ་ཏིང་ངེ་འཛིན་གསུམ་རྫོགས་པའི་རྣལ་འབྱོར་པས་གལ་ཏེ་
བརྙས་པའི་སྐྱོན་བྱུང་ན། ཡོན་ཏན་དང་ལྡན་པའི་ཚོགས་ཀྱི་མཆོད་པ་ཆེན་པོས་མཉེས་པར་བྱས་ལ་ཡང་དེས་གནང་བའི་སྡོམ་པ་གཟུང་བར་བྱའོ། །ཉེས་པ་གཞན་ནི་དོན་ཡོད་གྲུབ་པའི་རྣལ་འབྱོར་གྱིས་དག་པར་བྱའོ། །འདི་བླ་མ་ལ་མི་བརྙས་པའི་ཐབས་སྟོན་པར་བྱེད་པས་ན་
དེའི་ཁོངས་སུ་གཞན་རྣམས་ཀྱང་བསྡུའོ། །དེ་བས་ན་འདི་སློབ་དཔོན་གྱི་དབང་གི་སྡོམ་པར་ཡང་རིག་པར་བྱའོ། །ད་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་བསམ་གཏན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསང་
བའི་རྡོ་རྗེའི་ཏིང་ངེ་འཛིན་ནི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏེ། དེ་ལ་བཞེངས་ནས་བཀའ་སྩལ་ཞེས་པར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབྱུང་བའི་རྒྱུའི་དཀྱིལ་འཁོར་ཏེ་མྱུར་བའི་ཐབས་སོ། །དེ་ཉིད་གང་
ཞེ་ན། རྡོ་རྗེ་འཛིན་གྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཆེན་པོ་དེ་བཤད་དུ་གསོལ་ཞེས་པ་ནི་ཞུ་བ་གསོལ་པ་སྟེ། ཡུལ་རྣམས་ལ་ཆགས་པ་བྲལ་བའི་བདག་ཉིད་ཆེན་པོ་གཉིས་པའི་མཐའ་ལ་རྣམ་པར་སྤྱོད་པའི་རྣལ་འབྱོར་པ་ཆེན་པོ་དེ་ལ་ཕྱིའི་བྱ་བ་སྤངས་ཤིང་སྦྱོར་བ་ལ་

མཆོག་ཏུ་གཞོལ་ཞིང་ཁྱད་པར་གྱི་དོན་ཤེས་པས་ཇི་ལྟར་ནུས་པས་དེ་མཉེས་པར་བྱས་ནས་ཐལ་མོ་སྦྱར་ཏེ་འདུད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་ཆེན་པོ་འདི་བདག་ལ་བསྟན་དུ་གསོལ་ཞེས་ཞུས་པའོ། །དེ་ནས་དེའི་དོན་དུ་བསམ་གཏན་གྱི་དཀྱིལ་འཁོར་གྱི་སྦྱོར་བ་གསུངས་པ།
ནམ་མཁའ་ལ་ཞེས་པ་ལ་སོགས་པའོ། །ནམ་མཁའ་དབྱིངས་ཀྱི་དབུས་བསམ་པ། །ཞེས་པ་ནི་ཆོས་འབྱུང་བའི་ནང་དུ་ཆུད་པའི་སྡོང་བུ་དང་ལྡན་པའི་པདྨ་རྡོ་རྗེས་མཚན་པ་ལ། གྲུ་བཞི་ལྷམ་པ་རབ་ཏུ་བཟང་། །ཞེས་བརྟགས་པ་ལས་བྱུང་བའི་གཞལ་ཡས་ཁང་པ་བསམས་ལ། དེར།
སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་བསྒོམ་པར་བྱ། །ཞེས་པ་ནི་རྒྱུའི་ཆོ་ག་ལ་སོགས་པས་དང་པོའི་འཁོར་ལོ་རྣམ་པར་བཀོད་ལ། དེ་བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་དཀྱིལ་འཁོར་ཞེས་ཏེ། ཡེ་ཤེས་སེམས་དཔའ་འོད་ཀྱིས་བཀུག་པའི་དཀྱིལ་
འཁོར་རོ། །ཇི་སྐད་དུ། ཡེ་ཤེས་སེམས་དཔའ་གར་རེག་པ། །ཡེ་ཤེས་འཁོར་ལོ་ཞེས་སུ་བཤད། །ཅེས་སོ། །བསམ་གཏན་གྱིས་ཞེས་པ་ནི་ཁྲོ་བོའི་བསམ་གཏན་གྱིས་གཞུག་པར་བྱ་སྟེ་གཉིས་སུ་མེད་པར་བྱས་ནས་ལོངས་སྤྱོད་བཞིས་མཚན་པར་བྱའོ། །དེ་ནས་
དེ་ལ་མཆོད་པའི་ཆོ་ག་དེ་ཉིད་ཀྱིས་ཞེས་པ་ནི་གསང་བ་དང་། བསྟོད་པ་དང་བདུད་རྩི་དང་། ཕྱི་ལ་སོགས་པའི་མཆོད་པས་མཆོད་པར་བྱ་བའོ། །བློ་དང་ལྡན་པ་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་པས་ཏེ་ཁྱད་པར་རོ། །བླ་མའི་ཞལ་སྔ་ནས་ཀྱང་། དཀྱིལ་འཁོར་
རྒྱལ་མཆོག་ལས་རྒྱལ་མཆོག །རྣམ་པ་ཀུན་ལ་རྫོགས་བྱས་ཏེ། །ཞེས་སོ། །ལས་ཀྱི་རྒྱལ་བ་མཆོག་བཤད་པར་བྱས་ཏེ། མཆོད་པས་མཉེས་པར་བྱས་ནས་རྣལ་འབྱོར་པས་དེའི་མཐོང་བའི་ཡུལ་དུ་བྱས་ནས་ཡེ་ཤེས་དབབ་པའི་སྔོན་དུ་འགྲོ་བའི་དངོས་གྲུབ་ཀྱིས་རྟགས་ཤེས་པར་
བྱའོ། །ཇི་ལྟར་ཞེ་ན་དཀྱིལ་འཁོར་པ་རྣམས་སློབ་དཔོན་གྱི་སྙིང་གར་བསྒོམས་ནས་བདག་ཉིད་ལ་མེ་ཏོག་དོར་དུ་གཞུག་གོ། །དེ་ཡང་སྐུ་སྟོད་དང་དབུའི་གཙུག་ཏུ་བབ་ན་ཕྱག་རྒྱ་ཆེན་པོ་ཉེ་བའོ། །ཞལ་ལ་བབ་ན་རྩ་བའི་སྔགས་ལ་སོགས་པའི་དངོས་གྲུབ་པོ། །སྐུའི་དབུས་སུ་སྟེ་

ལྟེ་བར་བབ་ན་རིག་འཛིན་ལ་སོགས་པ་འགྲུབ་པོ། །སྐུ་སྨད་དུ་བབ་ན་ལས་ཀྱི་དངོས་གྲུབ་རྣམས་འགྲུབ་པོ། །དེ་ནི་འདི་ཉིད་ཀྱི་གོམས་པ་ལས་ཏེ་གཞན་དུ་གོམས་པ་ནི་རིག་འཛིན་དང་མངོན་པར་ཤེས་པ་དང་། ཕྱག་རྒྱ་ཆེན་པོ་མ་རྟོགས་པ་ཡེ་ཤེས་དབབ་པའི་དུས་ཀྱི་མཐུས་
ལས་ལ་སྦྱར་བ་ཙམ་གྱིས་གྲུབ་པ་སྟེ་དུས་ཀྱི་ངེས་པ་མེད་པའོ། །གཞན་མ་ནི་ཇི་སྐད་གསུངས་པའི་སྒྲུབ་པའི་ཐབས་ཀྱིས་ཐོབ་པའོ་ཞེས་སོ། །དབང་བསྐུར་བ་ནི་བརྩམ་པར་བྱ། །ཞེས་པ་ནི་བསམ་གཏན་གྱི་དབང་བསྐུར་བ་བརྩམ་པ་སྟེ། ཇི་ལྟར་ཞེ་ན་ཡེ་ཤེས་སེམས་པའི་ས་བོན་གྱིས་
བཀུག་པའི་སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས་གང་བར་བྱས་པ་སྤྱོད་ཡུལ་དུ་བྱས་ནས་དེ་རྣམས་ཀྱིས་དབང་བསྐུར་བའི་གནས་གསུམ་གྱིས་ཞེས་པ་ནི་བུམ་པ་དང་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་བརྩམ་པ་སྟེ། ཐམས་ཅད་ཆོ་ག་བཞིན་དུ་དབབ། །ཅེས་ཏེ་བརྟུལ་
ཞུགས་དང་། ལུང་བསྟན་དང་། དབུགས་དབྱུང་བ་དང་། བཀའ་སྩལ་པ་ཡང་བསྐུལ་ནས་དབབ་པར་བྱའོ། །དེ་ནས་མཉམ་པར་བཞག་པ་བཏང་ནས་གཤེགས་སུ་གསོལ་བ་ལ་སོགས་པས་མི་སྣང་བར་བྱའོ། །དེ་བས་ན་དང་པོར་རང་ཉིད་ཀྱི་ཡང་ལག་པས་ལྷུན་གྱིས་གྲུབ་པས་མ་
སྨོས་ལ་རྣམ་པ་གཉིས་སྨོས་པའོ། །དེ་ཡང་གཉིས་པའི་མཐའ་ལྟ་བུར་ཤེས་པ་ནི་ཁྱད་པར་རོ། །ཕན་ཡོན་གསུངས་པ་འདི་ཡིས་ཞེས་པ་ལ་སོགས་པའོ། །འདི་ཡིས་སེམས་ཅན་ཀུན་ལ་ཕན་འདོད་པའི་བྱང་ཆུབ་ཐོབ་ཅེས་སྦྱར་བར་བྱ། ཇི་ལྟ་བུ་ཞེ་ན། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེ། སྐུ་
གསུམ་མོ། །དེ་ཉིད་འགྲོ་བའི་དོན་བྱེད་པའི་རོལ་མོ་དང་ལྡན་པས་ན་ངོ་མཚར་ཆེན་པོ་སྟེ་དེ་ལྟ་བུ་འགྲུབ་པོ་ཞེས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སྐྱེ་བ་གཅིག་གིས་ཐོགས་པའོ། །དེས་གཞན་ལ་དམ་ཚིག་སྦྱིན་པའི་དཀྱིལ་འཁོར་འཁོར་ལོའོ། །དེ་ཉིད་བསམ་གཏན་གྱིས་
བསྒྲུབས་པས་ན། བསམ་གཏན་གྱི་དཀྱིལ་འཁོར་ཏེ་རྫོགས་སོ་ཞེས་སོ། །གཞན་ཡང་རྣལ་འབྱོར་པ་འདིས་བློ་གྲོས་དམན་ཅིང་སྦྱོར་བ་སྤངས་པ་ཕྱིའི་བྱ་བ་ལ་མངོན་པར་ཞེན་པ་རྣམས་ལ་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ལྟར་སྣོད་ལ་ཕབ་པའི་ལྷས་བྲིས་པའི་དཀྱིལ་འཁོར་

དུ་བཅུག་ནས་དབང་བསྐུར་བར་བྱའོ་ཞེས་ཀྱང་། སློབ་དཔོན་ཊོམྦི་པའི་ཞལ་སྔ་ནས་ཀྱང་བཤད་དོ། །ད་ནི་རྡོ་རྗེ་མཁའ་འགྲོ་ཁྲོ་བོའི་བསམ་གཏན་གྱིས་དགྲ་བསད་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་དབྱེར་མེད་པ་སྟེ་དེ་ལས་བྱུང་བའི་སྦྱོར་བ་སྟེ་རྡོ་རྗེ་མཁའ་
འགྲོའོ། །དེ་ཉིད་སྐུ་དང་གསུང་དང་། ཐུགས་རྡོ་རྗེའི་ངོ་བོ་སྟེ་དེ་ལྟ་བུ་ཕྱུང་ངོ་ཞེས་སྦྱར་རོ། །ཧཱུཾ་ཞེས་པ་ལ་སོགས་པའི་མངོན་པར་རྟོགས་པའི་རིམ་པ་ནི། འདི་ལྟ་སྟེ་ཆོ་ག་ཇི་ལྟ་བ་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོའི་རྡོ་རྗེ་སེམས་དཔའི་ཆོ་ག་རྣམ་པ་བཞི་བསྒོམ་པར་བྱས་ལ་དེ་ཡོངས་སུ་
གྱུར་པའི་ཆོ་ག་རྣམ་པ་བཞིས་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ་ཞེས་སོ། །ཇི་ལྟ་བུ་ཞེ་ན་དྲག་པོ་མི་སྡུག་ཁྲོས་པ་ཞལ་གསུམ་པ་ལ་དབུས་ཀྱི་ཞལ་ཨུཏྤལ་སྔོན་པོ་འདྲ་བ་གཡས་དཀར་བ་གཡོན་དམར་བ་ཆོ་ག་བཞིན་དུ་བསྒོམས་ཏེ་ཕྱག་དང་པོ་གཉིས་རྡོ་རྗེ་མཁའ་འགྲོ་མ་ལ་འཁྱུད་པ་
གཡས་གཉིས་ན་ཏྲི་ཤཱུ་ལ་དང་རྡོ་རྗེ་བསྣམས་པ་གཡོན་གཉིས་ན་ཐོད་པ་དང་ནོར་བུ་བསྣམས་པ་ཉི་མའི་གདན་ལ་བཞུགས་པ་ཧྲཱིཿལས་བྱུང་བའི་མཚན་མ་དང་པོས་བསྐྱེད་པ་བསྒོམས་ཏེ། དེ་ནས་དཀོན་མཆོག་གཞོམ་པ་ལ་སོགས་པའི་བསྒྲུབ་བྱའི་ཤ་རུས་ཁྲག་གིས་གང་བའི་བསྒྲུབ་བྱའི་
ལུས་ཀྱི་དཀྱིལ་འཁོར་ནམ་མཁའི་དབུས་སུ་མར་གྱི་རྐྱལ་པ་ལྟ་བུར་བརྒྱངས་པའི་ཚུལ་དུ་ཁམས་ལ་བསྐྱེད་ལ་དེའི་ཡེ་ཤེས་དྲངས་ཏེ་མི་བསྐྱོད་པར་བསྐྱེད་ལ་ཁང་པ་སྟོང་པ་ལྟ་བུར་བསམས་ནས་བདག་གི་ལྕེ་ཧྲཱིཿལས་བསྐྱེད་པའི་འོད་ཟེར་སྣང་བ་ཅན་ཏེ། དེའི་རྩེ་ལྔ་མཐིང་ག་དཀར་
པོ་སེར་པོ་དམར་པོ་ལྗང་གུའི་འོད་ཟེར་དང་ལྡན་པར་བྱས་ནས་དེའི་ཕྱག་ན་གནས་པའི་ཏྲི་ཤཱུ་ལ་འམ། རྡོ་རྗེ་འམ་ཡང་ན་རིན་པོ་ཆེ་ཕུར་བུ་བསམས་ནས་དེས་གནས་ལྔར་ཕུག་ནས་ཧཱུཾ་ཧྲཱི་ཁཾ་བཛྲ་ཏ་ཀྲྀཏ་ནི་ཨ་མུ་ཀ་ས་ར་རཱ་ག་ཏ་ཨཱ་ཀཪྵ་ཡ་ཙུ་ཡ་ཧཱུཾ་ཧ་ཕཊ་ཅེས་བརྗོད་པའི་བསམ་གཏན་དང་།
སྔགས་ཀྱི་སྦྱོར་བས་འོད་ཟེར་ལྔས་ཁྲག་དྲངས་ནས་པདྨ་ཅན་ལྟ་བུར་ཟད་པར་བྱ་བ་ནི། གསད་པའི་ཆོ་གའི་མཆོག་ཡིན་ནོ་ཞེས་སོ། །དེས་སངས་རྒྱས་ཆོས་ཀྱི་སྐུ་དག་ཀྱང་། །འདེབས་ན་གཞན་ཅི་སྨོས་ཞེས་ཕུལ་དུ་བྱུང་བའི་ཚིག་གོ། །ད་ནི་སྡོམ་པ་བསྐྱང་བའི་དེ་མ་ཐག་ཏུ་ཁ་ཟས་

སྦྱང་བ་ལ་སོགས་པའི་དམ་ཚིག་གཞན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཁ་ཟས་ལ་སྤྱོད་པའི་དུས་སུ་བཟའ་བ་སྟེ། འབྲས་ཆན་ལ་སོགས་པ་འམ་བཏུང་བ་སྟེ། ཆང་ལ་སོགས་པ་གང་ཟ་ཡང་། བཤང་གཅི་ཤ་ཡི་སྦྱོར་བ་ཡིས། །ཞེས་ཏེ།
དཔའ་བོ་ལྔ་དང་ལྕགས་ཀྱུ་ལྔར་ཤེས་པར་བྱས་པ་ལ། ཆོ་ག་བཞིན་དུ་ཡོངས་སུ་བརྟག །ཅེས་པ་ནི་དཀྱིལ་འཁོར་བསྒོམ་པ་དང་ལྕེ་དག་པར་བྱ་བ་དང་དབུ་རྒྱན་ལ་སོགས་པའོ། །མཆོད་པའི་ཡོ་བྱད་མཆོག་ལྔ་ཡིས། །ཞེས་པ་ནི་དཔའ་བོ་ལྔ་ལ་སོགས་པའི་དངོས་པོས་ཀྱང་
རང་གི་འཁོར་ལོ་ཚིམ་པར་བྱའོ། །ཞེས་སོ། །དབང་པོ་གཉིས་ཀྱིས་སྦྱོར་བ་ཡིས། །ཞེས་པ་ནི་རེག་པའི་མཆོད་པའི་དུས་སུ་ལུས་ལ་གནས་པའི་བྱང་ཆུབ་སེམས་སྤྲོས་པས་ནམ་མཁའི་ཁམས་བཀང་ལ་དེ་བཞིན་གཤེགས་པའི་ཚོགས་སུ་བསྐྱེད་ལ་རིག་མའི་པདྨར་བཅུག་པ་
ཡེ་ཤེས་བདུད་རྩིར་བསམས་ལ་ཁས་ཆོ་ག་བཞིན་དུ་བླངས་ལ་ལུས་ཀྱི་དཀྱིལ་འཁོར་མཆོད་ན་བྱང་ཆུབ་ཐོབ་པར་འགྱུར་ཞེས་སོ། །སེམས་ཅན་ཁམས་མ་ལུས་ཞེས་པ་ནི། དེ་ནི་དེ་ལ་རྟོགས་པའི་འབྲས་བུའི་དངོས་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ངོ་བོའོ། །མི་འདའ་
བས་ན་དམ་ཚིག་སྟེ་དེ་རྣམས་ལ་བསྐྱེད་པའི་ས་བོན་འཛིན་པའོ། །དེ་ཉིད་བདག་གི་གསང་བའི་དབང་སྐྱེད་པར་བྱེད་པས་ན་མ་ཡིན་ནོ། །རྣམས་ཀྱི་སྒྲས་ལྷན་ཅིག་ཉན་པ་པོ་དང་མཆོད་པ་བསྟབས་པར་བྱེད་པ་ཡང་གཟུང་ངོ་། །དེ་ལ་གཉིས་སུ་མེད་པའི་བློ་དང་ལྡན་པས་གལ་ཏེ་གོང་མ་
ལ་ཡང་། དམ་ཚིག་གསུམ་གྱི་རྡོ་རྗེ་སྤྱད། །ཅེས་ཏེ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ལྡན་པར་བྱ་བའི་སྡོམ་པ་འདི་ནི་རྨད་བྱུང་ཆེའོ་ཞེས་སོ། །ཅིའི་ཕྱིར་སྤྱད་ཅེ་ན། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་རྫོགས་ལོངས་སྤྱོད། །ཅེས་པ་ནི་དེ་རྣམས་དབྱེར་
མེད་པའི་ཟླ་བ་ཞུ་བ་སྟེ་བསྒྲུབ་པར་བྱའོ། །དེ་གང་དུ་ཉམས་སུ་མྱོང་ན་གསང་བ་གསུམ་ཞེས་ཏེ་པདྨའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །དེ་གཉིས་ལས་བྱུང་བ་ནི་བདེ་བ་ཆེན་པོ་སྐྱེས་པ་དེ་བཟང་པོ་སྟེ་བདག་གིས་བསྒྲུབ་པར་བྱ། ཞིང་བཟད་པ་སྟེ་བསམ་པ་དང་ལྷག་པར་མོས་པས་

བསྒོམ་པར་བྱས་ལ་མངོན་པར་ཞེན་ཞིང་བརྟན་པོར་བྱའོ་ཞེས་པའོ། །འདི་ནི་ཐམས་ཅད་འཇིག་པར་འགྱུར། །ཞེས་པ་ནི་དེ་གོམས་པས་དངོས་པོ་མེད་པའི་གནས་སུ་འགྱུར་བར་གསུངས་སོ། །ད་ནི་ཕྲ་མོ་ལ་སོགས་པས་བྱིང་བ་བཟུང་བའི་དེ་མ་ཐག་ཏུ་གཟི་བྱིན་བསྐྱེད་པའི་ཆོ་ག་
གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །མཐོ་གང་ཙམ་གྱིས་སྤགས་ནས་ཞེས་པ་ནི་དེ་ཙམ་གྱི་ཚད་ཙམ་སྤགས་པར་བདག་གི་སྤྱི་བོའི་ཐད་ཀར་དཀྱིལ་འཁོར་པ་བརྟག་པར་བྱ་ཞེས་ཏེ་མཐོ་སྐོར་ཙམ་གྱི་ཟླ་བའི་དཀྱིལ་འཁོར་གདུགས་དཀར་པོ་ལྟར་བརྟགས་ལ་དེའི་སྟེང་བདུད་རྩི་
དང་ས་བོན་ལ་སོགས་པ་གོང་མ་ལྟར་བསྒོམས་ཏེ། དེའི་དབུས་ཀྱི་སྟེང་དུ་ཨོཾ་དཀར་པོ་བསམས་ནས་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་བཀུག་པ་ཐིམ་པས་བདུད་རྩི་ཟླ་བར་ཞུ་བ་ལ་ཨོཾ་ཞུ་བས་རེག་པས་འོད་དང་ལྡན་པར་བརྟགས་ལ་དབུགས་རྔུབ་པའི་ལྕགས་ཀྱུས་དབུ་རྒྱན་ལ་སོགས་
པ་ལ་བདུད་རྩི་ལྔའི་རྒྱུན་དབབ་པར་བྱའོ། །ཞེས་སོ། །དེའི་ཕན་ཡོན་གསུངས་པ། རྡོ་རྗེ་སྦྱོར་བ་ལ་སོགས་པས་ཏེ་གོ་སླའོ། །ཡང་ན་རྣལ་འབྱོར་སྙིང་པོའི་སྡོམ་པའི་རྣམ་གྲངས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་འཛིན་པ་ཞེས་པ་ནི་གསུམ་པའི་ཐབས་
ལ་མངོན་པར་ཞེན་ཅིང་དེ་འབའ་ཞིག་དོན་དུ་གཉེར་བའི་དམ་ཚིག་དེ་གཞན་ནི་མ་གཏོགས་པའོ། །མཆོད་རྟེན་དག་གི་ལས་མི་བྱ། །ཞེས་པ་ལ་མཆོད་རྟེན་ནི་སངས་རྒྱས་ཀྱི་བཞུགས་གནས་སོ། །གླེགས་བམ་བཀླག་པར་མི་བྱ་ཞེས་པ་ནི་གླེགས་བམ་ནི་རྡོ་རྗེའི་བཟླས་པའོ། །དཀྱིལ་
འཁོར་དག་ཀྱང་ཡང་མི་བྲི། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་དང་འབྱུང་བའི་དཀྱིལ་འཁོར་རོ། །རྡོ་རྗེ་གསུམ་མཆོག་ཕྱག་མི་འཚལ། །ཞེས་པ་ལ་རྡོ་རྗེ་གསུམ་ནི་མཆོག་སྟེ་དེའི་ངོ་བོ་བས་ན་གཞན་ལ་ཕྱག་མི་འཚལ་ལོ། །དེ་རྣམས་
ཀྱང་ཕྱི་རོལ་ཞེན་པའི་བློས་བྱེད་པ་དེའི་བསོད་ནམས་འགའ་ཙམ་དུ་འགྱུར་མོད་ཀྱི་བྱང་ཆུབ་ནི་མེད་དོ། །ད་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་པས་དུག་བསལ་བའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དུག་འབྱིན་པ་ནི་ཐད་ཀར་རོ། །གནོན་པ་ནི་

སའི་ནང་དུ་སྟེ་རྐང་མཐིལ་དུའོ། །འདྲེན་པ་ནི་འོད་ཟེར་གྱིས་བསྡུས་ནས་གཞན་དུ་སྤྲོ་བ་སྟེ། དེ་ལྟ་བུའི་གསང་བ་འདི་ཕྱུང་ངོ་ཞེས་སྦྱར་རོ། །བྷྲཱུཾ་ཞེས་པ་ལ་སོགས་པའི་ཆོ་ག་ནི་འདི་ལྟ་སྟེ་རྡོ་རྗེ་འཛིན་པ་ལས་བྱུང་བ་བྷྲཱུཾ་དང་འཁོར་ལོ་ལས་བསྐྱེད་པའི་གཙུག་ཏོར་
འཁོར་ལོས་སྒྱུར་བའི་རྣལ་འབྱོར་བྱས་ལ། ལག་པ་གཡས་པར་འོད་ཟེར་དཀར་པོ་འབར་བའི་གནས་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའི་དབུས་སུ་བྷྲཱུཾ་བཞག་ནས་དེའི་འོད་ཟེར་དཀར་པོས་ལུས་ལ་གནས་པའི་དུག་ནག་པོ་ཐམས་ཅད་འབྱིན་པའམ་གནོན་པའམ། འདྲེན་
པར་བྱས་ཤིང་དེའི་ཕྲེང་བའི་སྔགས་གཞན་ལ་གསུངས་པ་བཟླས་པས་སེལ་བར་བྱེད་དོ། །ནད་པའང་ཁ་ཟས་འོད་ཟེར་དང་། །སེར་པོ་མདོག་ཏུ་བསྒོམ་པར་བྱ། །ཞེས་སོ། །དེ་བས་ན་འོད་ཟེར་གསུམ་གྱི་དམ་ཚིག་སྟེ་སེར་པོ་དང་། དཀར་པོ་དང་ནག་པོས་ལུས་ངག་ཡིད་གསུམ་
ལ་གནས་པའི་དུག་འབྱིན་པས་ན་གསལ་བ་གསུམ་འབྱུང་བར་ཤེས་པར་བྱ་ཞེས་སོ། །ད་ནི་སློབ་མའི་མཚན་མ་ངན་པ་ལ་སོགས་པ་སྲུང་བ་བྲི་བའི་ཕྱིར་ཟློག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལུས་དང་ངག་སེམས་ནི་བསྒྲུབ་བྱའོ། །དེ་བསྲུང་བའི་
འཁོར་ལོ་ནི་རྩིབས་བརྒྱད་པའོ། །སྔགས་ནི་ཡི་གེ་གཅིག་ལ་སོགས་པའོ། །དེ་ཉིད་རྡོ་རྗེ་རྒྱ་གྲམ་ལ་གནས་པ་ནི་རྡོ་རྗེ་དང་ལྡན་པས་ཏེ་དེ་ཕྱུང་ངོ་ཞེས་སྦྱར་བར་བྱའོ། །དེ་གང་ཞེ་ན་ཨོཾ་ཞེས་པ་ལ་སོགས་པའོ། །གྲོ་ག་དག་ལ་སོགས་པ་ལ། །ཞེས་པ་ནི་གྲོ་ག་དང་ཤོག་
ཤོག་དང་རས་ལ་སོགས་པ་ལ་བྲི་བའོ། །ཇི་ལྟ་བུར་བྲི་ཞེ་ན། འཁོར་ལོ་རྡོ་རྗེ་ལ་གནས་པ། །ཞེས་ཏེ། ལས་ཀྱི་རྡོ་རྗེ་ལ་གནས་པའི་དབང་ཆེན་གྱི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ། སྒོ་བཞིས་མཛེས་པ་ཕྱི་རོལ་མཆོད་རྟེན་གྱི་དབྱིབས་སུ་བསྐོར་བར་བྱའོ། །ཧཾ་ནི་
དབུས་སུ་བཞག་ནས་སུ། །ཞེས་པ་ནི་ཟླ་བ་ཕྱེད་པ་ཚེས་དང་བྲལ་བ་ཐིགས་པ་བྱུང་བ། དབུ་དང་ཞབས་གཡས་དང་གཡོན་དུ་འཁྱིལ་པའི་ཁོང་བར་བྱ་བ་སྟེ། ཛི་ན་ཛིཀ་ཆེ་གེ་མོ་སྲུངས་ཤིག་ཅེས་བྲི་བར་བྱའོ། །སྔགས་ཀྱི་ཡི་གེ་ཚིག་རྣམས་ཀྱིས་བརྒྱན་ཏེ་ཞེས་པ་ནི་རྩིབས་

བརྒྱད་ལ་མི་འཁྲུགས་པ་ལ་སོགས་པའི་རིག་པ་དང་ལོ་ཙ་ན་ལ་སོགས་པའི་རིག་པའི་བར་དུ་མིང་བྲི་བར་བྱའོ། །རྩིབས་ཀྱི་མཚམས་སུ་དེ་ཉིད་གསུམ་པོ་བྲི་བར་བྱའོ། །ནང་གི་མུ་ཁྱུད་ལ་ཨོཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཆེ་གེ་མོའི་གདུག་པ་ཧཱུཾ་ཕཊ་
ཅེས་པ་དགོད་དོ། །དབང་ཆེན་གྱི་གྲྭ་ལ་སའི་སྙིང་པོ་ལ་སོགས་པའི་ས་བོན་དགོད་དོ། །སྒོ་བཞི་དང་མཚམས་བཞིར་གཤིན་རྗེ་གཤེད་ལ་སོགས་པ་དང་། འདོད་པའི་རྒྱལ་པོ་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བྲིའོ། །མཆོད་རྟེན་གྱི་མུ་ཁྱུད་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་
སྔགས་རིང་བྲིའོ། །ནུབ་ཀྱི་ཕྱི་རོལ་གྱི་ས་ལ་ཧཱུཾ་མཛད་ཀྱི་སྔགས་བཞི་བྲིའོ། །དེ་ཡང་སྐར་མ་རྒྱལ་ལ་སོགས་པའི་དགོངས་ཀའི་དུས་སུ་ཏིང་ངེ་འཛིན་གཉིས་རྫོགས་པའི་རྣལ་འབྱོར་པས་གསུམ་པའི་དུས་སུ་ལག་པ་རྡོ་རྗེ་རྩེ་ལྔ་མདའ་བདག་ལྔའི་རང་བཞིན་དུ་བསམས་ལ། ཕོ་དང་མོ་
བསྲུང་བ་ལ་གི་ཝང་དང་གུར་གུམ་གྱིས་བྲིས་ཏེ་ལེགས་པར་གཞག་པར་བྱ་ཞེས་པ་ནི་ཆོ་ག་ཇི་ལྟ་བཞིན་དུ་རྟག་པའི་འཁོར་ལོ་ཏིང་ངེ་འཛིན་གཉིས་ཀྱིས་རྫོགས་པར་བྱས་ནས་མིང་གི་ཡི་གེ་དང་པོས་བསྐྱེད་པའི་བསྒྲུབ་བྱ་སྙིང་གར་བསམས་ལ་གཞན་བཅུག་སྟེ། སྤྱན་མའི་སྔགས་
བརྗོད་པས་རྣམ་པར་སྣང་མཛད་ལ་སོགས་པའི་ཚོགས་ཀྱིས་དབང་བསྐུར་བར་བསམ་མོ། །གཞན་གྱི་ལས་རྣམས་ཀྱིས་ཀྱང་བསྒྲུབ་བྱ་ལེགས་པར་བྱས་ནས་མཆོད་པ་ལ་སོགས་པས་མཉེས་པར་བྱས་ཏེ་འཁོར་ལོ་ལ་ཐིམ་པར་བསམས་ལ། ཟ་མ་ཏོག་ལ་སོགས་པར་སྩལ་ཏེ།
སྤྱི་བོའམ་མགུལ་པ་ལ་སོགས་པར་བསྲུངས་ན་གཞན་གྱིས་མི་ཕྱེད་པར་འགྱུར་ཏེ། དེ་བས་འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་གསང་བ་གསུམ་གྱི་གནས་བསྡུས་པ་སྟེ་མངོན་སྤྱོད་ལ་སོགས་པའི་ཆོ་ག་ལ་ཡང་འདི་ཁོ་ནས་བསྲུང་བར་བྱའོ། །ཐུན་མོང་གི་དངོས་གྲུབ་ཀྱི་མཐའ་
དང་པོ་ལ་གནས་པའི་ཆོ་ག་མིག་སྨན་གྲུབ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་མ་ལྟར་བྱ་བར་འོས་པ་ཚོགས་པའི་རྣལ་འབྱོར་པས་དང་པོའི་ཆོ་ག་རྫོགས་པར་བྱས་ཏེ་བཟླས་བརྗོད་འབུམ་ལ་སོགས་པ་བྱའོ། །དེ་ནས་ལམ་གྱི་བཞི་མདོའམ། ཤིང་

གཅིག་གི་དྲུང་ངམ། མ་མོའི་གནས་སམ། ཞི་བའི་གནས་སུ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། དེ་རུ་རྡོ་རྗེ་ཨཉྫ་ན་ཏེ་མིག་སྨན་ཐོད་པ་ལ་དབབ་པར་བྱའོ་ཞེས་སོ། །ཇི་ལྟ་ཞེ་ན་ཐོད་པ་གཉིས་ཀྱི་སྟེང་དུ་འདུག་ནས་མདུན་དུ་ཐོད་པ་གསུམ་ལ་ཐོད་པ་
གཅིག་བཞག་ནས་དེའི་ནང་དུ་ཚིལ་ཆེན་དང་། ཁྲག་དང་བཤང་བ་བླུགས་ལ་པདྨའི་སྐུད་པ་དང་རས་ཀྱིས་དཀྲིས་ལ་མེ་མར་གྱི་སྙིང་པོ་བྱས་ལ་མེ་སྦར་ཏེ། དེའི་སྟེང་དུ་ཡང་ཐོད་པ་གཅིག་ཁ་སྦུབ་ལ་དུད་པ་ཆགས་པ་བླངས་ནས་འུག་པའི་རྐང་དུ་བཅུག་སྟེ། ཚེས་ཉི་ཤུ་དགུའི་ནམ་
ཕྱེད་ན་རིག་མའི་གསང་བར་བཅུག་སྟེ་བརླན་པར་བྱས་ནས། དེ་ཉིད་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་མིག་ལ་བསྐུས་ན་དངོས་གྲུབ་རྣམ་གསུམ་དུ་འགྱུར་ཏེ། འགྲོ་བ་དབང་དུ་གྱུར་པ་དང་། གཟི་ཅན་གྱིས་མི་མཐོང་བ་དང་། ས་འོག་ན་གནས་པའི་གཏེར་མཐོང་བའོ། །ཐམས་ཅད་ཀྱི་
རང་བཞིན་པས་ན་ཀུན་དུ་བཟང་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེས་གསུངས་སོ་ཞེས་ལས་ཀྱི་ཁྱད་པར་རྣམས་སོ། །ད་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཆེ་བ་དང་། ཡི་གེ་གསུམ་གྱི་ངོ་བོ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དུ་དང་ལྡན་ན་ཞེས་པ་ནི་ཇི་ཙམ་གྱིས་
དད་པའི་འབྲས་བུ་རྫོགས་པར་འགྱུར་ཞེས་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཅེས་པ་ནི་སྐལ་བ་དང་ལྡན་པའི་སེམས་ཅན་ནོ། །ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཞུས་པ་དང་ལན་དེ་རྣམས་གོ་སླ་བས་མ་བཤད་དོ། །ཅང་མི་གསུང་བར་གྱུར་ཏོ་ཞེས་པ་ནི་
ཞུས་པ་དགོས་པ་མེད་པར་བསྟན་པའོ། །ད་ནི་རྒྱུད་རྙེད་པར་དཀའ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །མར་མེ་མཛད་ལ་སོགས་པ་ནི་རྫོགས་ལྡན་གྱི་བསྐལ་པའི་སངས་རྒྱས་ལ་སོགས་པ་རྣམས་སོ། །འོད་སྲུངས་ཐུབ་ཆེན་པོ་ནི་བསྐལ་པ་བཟང་པོའི་སངས་རྒྱས་
གསུམ་པ་སྟེ། དེ་རྣམས་ཀྱི་དུས་སུ་གསང་བ་ཆེན་པོའི་དོན་བདག་གིས་མ་བཤད་དོ་ཞེས་པ་ནི་དེ་རྣམས་བདག་ཉིད་དུ་ང་རྒྱལ་མཛད་ནས་གསུངས་པ་སྟེ། དེ་སྤྱིའི་ཕྲིན་ལས་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་ཞུས་པ་དང་ལན་གསུངས་པ། དེའི་དུས་ན་སེམས་ཅན་

རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ་ཞེས་པ་ནི། དུས་བཟང་པོའི་སེམས་ཅན་རྣམས་ནི་ཕུན་སུམ་ཚོགས་པ་དམན་པ་མ་ཡིན་པས་ན་རྣམ་པར་རྟོག་པ་ལ་སྤྱོད་པའོ། །དུས་དམན་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་སྤྱོད་པས་ནི་མི་རྟོགས་ཏེ། དེ་བས་ན་རིགས་ངན་ལ་སོགས་
པས་ལྷག་པར་འགྲུབ་པའོ། །ཁྱད་པར་དུ་ཉེ་བར་ལེན་པའི་ཕྱིར་ལམ་ཉེ་བར་གསུངས་པ། འོན་ཀྱང་ཞེས་པ་ལ་སོགས་པའོ། །སྐད་ཅིག་ཅེས་པ་ནི་ཨ་རུ་ཀ་ཏེ་ཨེ་རིང་པོ་དང་ལྡན་ན་དང་པོ་ཐང་ཅིག་ཅེས་པ་ནི་ད་ཤ་རི་སྟེ་ཨུ་རིང་པོ་དང་ལྡན་ན་འགའ་ཞིག་ཏུ་གྱུར་པའོ། །ཡུད་ཙམ་
ཞེས་པ་ནི་དྲག་པ་ན་སྟེ་བེམས་པོ་དགག་ཆད་སེལ་བའོ། །སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ་ཞེས་པ་ནི་འབྲས་བུ་ཁྱད་པར་དུ་འཕགས་པ་སྟོན་པར་བྱེད་དོ་ཞེས་སོ། །གང་ལ་ཉེ་ཞིང་ཁྱད་པར་དུ་ཞེ་ན། གང་གི་ཞེས་པ་ལ་སོགས་པའོ། །འབད་ཅིང་བརྩལ་བ་ཞེས་པ་ནི་
མགོ་དང་ལག་པ་ལ་སོགས་པ་སྦྱིན་པ་གཏོང་བ་ལ་སོགས་པའོ། །གཞན་ནི་གོ་སླའོ། །སྐལ་བ་མེད་པའི་སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་ངུ་བར་བསྟན་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པས་དེ་བཟློག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་
པའོ། །སྡུག་བསྔལ་གསུམ་ཞེས་པ་ནི་ལུས་དང་ངག་དང་སེམས་སྡུག་བསྔལ་བ་སྟེ། དེ་མ་བསྒོམ་ཅིག་ཅེས་དགག་པའོ། །ཡང་ཞུས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཇི་ལྟར་མི་ངུ་བར་བགྱི་ཞེས་པ་ལ་སོགས་པ་ནི་དེའི་དུས་ཀྱི་སེམས་ཅན་རྣམས་བདག་ཅག་བཞིན་དུ་
སྐལ་བ་མེད་པས་ན་བདག་ཅག་ངུ་བ་དང་སྡུག་བསྔལ་བ་དང་ལྡན་པར་གྱུར་པའོ་ཞེས་སོ། །དེ་བཞིན་གཤེགས་པ་དེས་བཟློག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཡི་གེ་དེ་ཐུན་མོང་སྟེ་ཞེས་པ་ནི་ཇི་ལྟར་ཐུན་མོང་ན། ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་པ་
དང་མ་ཐོས་པ་དེ་བཞིན་དུ། དེང་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། གསང་བའི་ཡི་གེ་དེ་དག་མ་ཐོས་ཤིང་མངོན་པར་རྫོགས་པར་སངས་མ་རྒྱས་ན་ཐུན་མོང་གི་སྡུག་བསྔལ་ལ་ཁྱེད་རྣམས་ཅི་སྟེ་ངུ་ཞེས་སོ། །བྱང་ཆུབ་སེམས་

དཔས་གསོལ་བ། དེ་ཅིའི་ཕྱིར་ཞེ་ན་ཞེས་ཏེ། ཁྱེད་རྣམས་ཀྱིས་ཀྱང་མི་མཁྱེན་པའམ་ཞེས་ཞུས་པའོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ། གསང་བའི་ཡི་གེ་གསུམ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་སྟེ། ཡི་གེ་གསུམ་ལ་སོགས་
པ་དག་པས་དེ་ཁོ་ན་ཉིད་གྱུར་པས་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ལ་བདག་ཅག་ནི་དེའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་ཡེ་ཤེས་པ་ཡིན་ནོ་ཞེས་སོ། །ཇི་སྐད་དུ། རྡོ་རྗེ་མཆོག་གསུམ་ཡི་གེ་སྔགས། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་པ། །བྱང་ཆུབ་ཐམས་
ཅད་ཐོབ་པའི་ཕྱིར། །ཡེ་ཤེས་རྡོ་རྗེ་བདག་གིས་བྱ། །ཞེས་སོ། །ཅང་མི་གསུང་བར་གྱུར་ཏོ་ཞེས་པ་ནི་སྐུ་ལ་སོགས་པ་རྣམས་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ད་ནི་བར་གྱི་སྲེད་པས་རྡོ་རྗེ་འཆང་ཆེན་པོ་ཀཱ་ལིར་གྱུར་པ་ལས་ཚད་མེད་པ་བཞིའི་རྒྱུ་མཐུན་པའི་གཟུགས་ལྷ་མོ་
བཞིས་གླུས་བསྐུལ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་ནི་ཡི་གེ་གསུམ་སྟེ། དེ་བཙུན་མོའི་བྷ་ག་ལ་བཞུགས་པ་ནི་ཞལ་དུ་ཞུགས་པ་ལ་སོགས་པའི་རིམ་པས་ཐབས་དང་ཤེས་རབ་ཏུ་བཅས་པ་བྱང་ཆུབ་སེམས་ཀྱི་གཟུགས་སུ་
ཞུའོ་ཞེས་སོ། །དེ་ནས་ཞེས་པ་ལ་སོགས་པས་འདི་སྟོན་པར་བྱེད་དོ། །དེ་ལྟར་སྣང་བ་མེད་པས་གཞན་གྱི་ཕུན་སུམ་ཚོགས་པ་དང་བྲལ་བའི་ཕྱིར། སྔོན་དུ་གོམས་པའི་སྡུག་བསྔལ་དང་དེའི་རྒྱུ་ལས་གྲོལ་བར་བྱའོ་ཞེས་པ་ལ་སོགས་པར་བསམ་པའི་སེམས་དེ་ཉིད་ལྷ་མོའི་
གཟུགས་སུ་གྱུར་ནས་གོ་རིམས་བཞིན་དུ་བསྐུལ་ནས། དེ་ཐིམ་པར་བྱའོ་ཞེས་པ་ནི་མི་ཕྱེད་པར་བསྟན་པའོ། །འདིར་གོ་རིམས་ཀྱིས་སྤྱན་མས་བསྐུལ་བར་རིགས་པ་ལ་མཱ་མ་ཀཱིས་དང་པོ་བསྐུལ་བ་ནི་རྒྱུད་འདི་ལས་ཐུགས་གཙོ་བོར་བསྟན་པའི་ཕྱིར་རོ། །དེས་བསྐུལ་
བ་གང་ཞེ་ན་སེམས་ཅན་ཞེས་པ་ལ་སོགས་པའོ། །དེ་ཡང་སེམས་ཅན་གྱི་ཁམས་ནི་ཁམས་གསུམ་སྟེ། དེར་གནས་པ་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི་དབང་ཕྱུག་གོ། །དེ་གང་ཞེ་ན་རྡོ་རྗེ་ཐུགས་ཞེས་ཏེ་ཆོས་དབྱིངས་ཀྱི་ཡེ་ཤེས་རྣམ་པར་དག་

པའི་གཟུགས་སུ་གྱུར་པ་བོད་པ་སྟེ། བདག་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན་དགའ་བ་ཡིད་འོང་ཞེས་པ་ལ་སོགས་པའོ། །དགའ་བ་ནི་ཐབས་དང་ཤེས་རབ་ཀྱིའོ། །དེ་ཉིད་ཡིད་ཚིམ་པར་བྱེད་པས་ན་ཡིད་དུ་འོང་ཞེས་སོ། །དོན་ཆེན་ནི་དོན་ཆེན་པོ་
ཡིན་པ་འམ་དོན་ནི་རྒྱུར་གྱུར་པའི་ཕྱིར་རོ། །འདོད་པ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ཀྱིས་བདག་ལ་བསྐྱབ་ཏུ་གསོལ་ཞེས་ཏེ། དགྱེས་པར་མཛད་དུ་གསོལ་ཞེས་པའོ། །མགོན་པོ་ཞེས་བོས་ནས་གལ་ཏེ་བདག་མཱ་མ་ཀཱི་དུས་དི་རིང་གསོན་པར་མཆི་བཞེད་ན་ཞེས་པ་ནི་
བཅོམ་ལྡན་འདས་ཉིད་ཡེ་ཤེས་ཀྱི་སྐུ་འབྱུང་བ་ཆེན་པོ་རྣམ་པར་དག་པའི་གཟུགས་སུ་མ་མཛད་ན་བྱམས་པ་ཚད་མེད་པ་སྤངས་པས་བདག་ཤི་བ་དང་འདྲ་བས་བདག་གསོན་སྲིད་པར་བཞེད་ན། སེམས་ཅན་ཡབ་ཆེན་གཉེན་མཆོག་སྟེ། །སེམས་ཅན་ཐམས་ཅད་སངས་རྒྱས་
ཐམས་ཅད་དུ་སྐྱེད་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་ཡེ་ཤེས་ཀྱི་སྐུ་སྣང་བ་མེད་པ་རྣམ་པར་སྤོངས་ལ་ཟབ་མོ་དང་ཡང་དག་པར་གསལ་བའི་སྐུ་སྟོན་ཅིག་ཅེས་པའོ། །དེ་བཞིན་དུ་སྤྱན་མས་རིགས་ཀྱི་བདག་པོའི་སྒོ་ནས་བསྐུལ་བ་གསུངས་
པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྐུ་ཁྱེད་ཅེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་དེ་སྐད་དོ། །བཀའི་འཁོར་ལོ་ཞེས་པ་ནི་བཀའ་ཉིད་ཀྱི་འཁོར་ལོས་འགྲོ་བ་རྣམས་ཀྱི་རྒྱུད་ལ་འཇུག་པར་མཛད་པས་ན་སེམས་ཅན་ཀུན་ལ་ཕན་པའི་ཞེས་ཚིམ་
པར་མཛད་པའོ། །སངས་རྒྱས་ཀྱི་དོན་དང་བྱང་ཆུབ་ཀྱི་དོན་དམ་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ། སངས་རྒྱས་པའི་དོན་དུ་བྱང་ཆུབ་དོན་དམ་ཕན་པར་རྗེས་སུ་དགོངས་པར་གཟིགས་པའི་ངང་ཚུལ་གང་ཡིན་པ་ནི་དེ་སྐད་དོ། །མགོན་པོ་ལ་སོགས་པ་ནི་ཀུན་ལ་གོང་མ་ལྟར་
བསྒྲེའོ། །འདོད་ཆགས་ནི་མཆོག་ཏུ་དགའ་བའི་བདེ་བ་ཆེན་པོའོ། །དེ་ཉིད་དོན་ཆེན་པོ་ལས་མི་འདའ་བས་ན་དམ་ཚིག་གོ། །དེ་ལྟ་བུའི་རོལ་པས་བདག་སྤྱན་མ་ལ་ཞེས་སོ། །དགྱེས་པར་མཛོད་ཅེས་པ་ཡང་ཀུན་ལ་གོང་མ་ལྟར་བསྒྲེའོ། །གོས་དཀར་མོས་བསྐུལ་

བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཞེས་པ་ནི་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་དེ་སྐད་དོ། །སེམས་ཅན་ཐམས་ཅད་ལ་བྱམས་པས་ཕན་ཞིང་སྙིང་རྗེ་ཆེན་
པོས་ཐུགས་བརྩེ་བའི་ངང་ཚུལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་དག་གི་དོན་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དགོས་པ་ནི་འཇིག་རྟེན་པའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དེ་མཛད་པ་ལ་རྟག་ཏུ་བརྩོན་འགྲུས་ཆེན་པོ་
དང་ལྡན་པས་ན་དེ་སྐད་དོ། །སྤྱོད་པ་དྲི་མེད་ཅེས་པ་ནི་ཐབས་དང་ཤེས་རབ་ཀྱི་སྤྱོད་པའོ། །གང་ཉིད་གཟུང་དང་འཛིན་པ་དང་བྲལ་བས་ན་དྲི་མེད་དོ། །གང་ལྟར་སྤྱད་ཀྱང་སྐྱོན་མེད་པས་ན་ཀུན་དུ་བཟང་པོའོ། །གཞན་གོང་མ་ལྟར་ཤེས་པར་བྱའོ། །སྒྲོལ་མས་བསྐུལ་བ་གསུངས་པ།
དེ་ནས་ཞེས་པ་ལ་སོགས་པའོ། །ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་པ་ནི་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་བསྐུལ་བ་སྟེ། རྡོ་རྗེར་གྱུར་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འདོད་པའི་ཡོན་ཏན་ལྔའི་རང་བཞིན་དེ་ནི་རྡོ་རྗེ་འདོད་པ་ཞེས་བོད་པའོ། །དམ་ཚིག་མཆོག་ཅེས་པ་ནི་དོན་
ཡོད་པར་གྲུབ་པ་དེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ། །ཕན་དོན་ཞེས་པ་ནི་བདག་ཁོ་ནའི་དོན་བྱའི་གཞན་ལ་ནི་གོ་སྐབས་མི་སྦྱིན་ནོ་ཞེས་པའི་ངང་ཚུལ་འགྲོ་བ་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་མཛད་པས་ན་དེ་སྐད་དོ། །ཡང་དག་རྫོགས་སངས་རྒྱས་ཀྱི་
གདུང་། །ཞེས་པ་ནི་རིགས་ཏེ་དེ་ཉིད་ཐིག་ལེར་གྱུར་པས་ན་མཆོག་གོ། །མཉམ་པ་ཉིད་ནི་ཟབ་མོ་དང་གསལ་བ་དབྱེར་མེད་པའོ། །དེ་སྐད་ཅིག་གིས་རྟོགས་པ་དེ་ལ་གཟིགས་པ་ཞེས་བྱའོ། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་ཞེས་པ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་
ཏན་རིན་པོ་ཆེ་མང་པོའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །གཞན་གོང་མ་ལྟར་ཤེས་པར་བྱའོ། །ད་ནི་ཞུ་བ་གཉིས་པའི་ལན་ལ་གཏོགས་པ་ཚིག་བཞི་པས་པདྨའི་ནང་དུ་སྤྲུལ་པའི་དཀྱིལ་འཁོར་ལ་བཞུགས་པའི་སེམས་ཅན་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར་དབང་བསྐུར་བར་

གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་བདེ་བར་གཤེགས་པ་རྣམས་སྙིང་ལ་ཞུགས་པའི་དེ་མ་ཐག་ཏུའོ། །འདོད་ཆགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་ཉིད་བྱང་ཆུབ་ཀྱི་སེམས་སུ་ཉེ་བར་ལོངས་སྤྱོད་པ་སྟེ་དེ་ཉིད་དཔལ་ལོ། །
དེའི་ཏིང་ངེ་འཛིན་ལ་རྡོ་རྗེ་འཛིན་པའི་རྣམ་པས་སྙོམས་པར་ཞུགས་ནས་ཞེས་སོ། །བཙུན་མོ་དེ་དག་ལ་ཞེས་པ་ནི་ལྷ་མོ་དགུའི་རང་བཞིན་གྱི་ཕྱིར་རོ། །དམ་ཚིག་གི་འཁོར་ལོ་ཞེས་པ་ནི་རྡོ་རྗེ་འཆང་བ་སྟེ། དངོས་པོ་ཐམས་ཅད་ལས་མི་འདའ་བའི་ཕྱིར་རོ། །ནམ་མཁའ་དབྱིངས་
འདི་ཐམས་ཅད་ཅེས་པ་ནི་ལྷ་མོའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་ཁང་པ་བརྩེགས་མ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པའི་ཚུལ་གྱིས་དམ་ཚིག་གི་ཁུ་བས་ཡོངས་སུ་གང་བ་སྟེ་དཔེར་ན་བུམ་པ་རྡོ་རྗེའི་ཆུས་གང་བ་ལྟ་བུར་གནས་པར་གྱུར་པས་དེ་རྣམས་ཀྱི་
ཁའི་ལམ་ནས་སྙིང་གི་པདྨར་ཞུགས་པས་དབང་བསྐུར་བར་བྱས་པའོ། །དེའི་དེ་མ་ཐག་ཏུ་ཚིག་ལྔ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་དབང་བསྐུར་བའི་དེ་མ་ཐག་པའོ། །གང་སེམས་ཅན་སྐུ་གསུམ་གྱི་དམ་ཚིག་ལས་བྱུང་བ་ཞེས་པ་ནི་སྣོད་དུ་
རུང་བར་བྱ་བའི་འགྲོ་བ་སྟེ། དེའི་ས་བོན་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ལ་གོང་གི་དཔལ་གྱིས་རེག་པས་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་སུ་གྱུར་ཏོ་ཞེས་ཏེ། རྫོགས་པའི་སངས་རྒྱས་ཀྱི་ངོ་བོར་ཟླ་བ་
ལྟར་ཞུ་བ་དེའི་ངོ་བོ་གསུང་གི་རྡོ་རྗེའི་ས་བོན་དང་ཐུགས་ཀྱི་མཚན་མ་ལ་དེས་མཚན་པ། སྐུའི་ངོ་བོར་ཁམས་ཀུན་འདུས་པར་བྱས་ནས་དེ་ལ་མིང་གི་དབང་བསྐུར་བའོ། །དེ་གང་ཞེ་ན་དེའི་དུས་ན་ཞེས་པ་ལ་སོགས་པའོ། །ཀུན་དུ་བཟང་པོ་ཞེས་པ་ནི་སྒོ་གསུམ་ནས་སྐྱོན་མེད་པ་སྟེ།
ཀུན་ལ་ཁྱབ་པས་ན་ཟློས་པའི་ཚིག་སྨོས་པའོ། །དེ་ལྟ་བུས་དབང་བསྐུར་བར་གྱུར་ཏོ་ཞེས་སོ། །དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་རྣམས་ལ་དྲིས་ཤིང་རྟོགས་པ་ཕུལ་བ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཅེས་པ་ནི་དེ་དང་དེའི་

རིགས་ཀྱི་དེ་བཞིན་གཤེགས་པ་ལ་སོགས་པ་སྟེ་ཆོ་ག་བཞིས་བསྐྱེད་པའོ། །ཆོས་མཉམ་པ་ཉིད་ཅེས་པ་ནི་སེམས་ཅན་ཐམས་ཅད་ཟབ་མོ་དང་ཡང་དག་པར་གསལ་བའི་འཁོར་ལོར་མཐོང་ངམ་ཞེས་པའོ། །རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་ནི་དབང་བསྐུར་བ་སྟེ། འབྲས་
བུ་དང་བཅས་པར་མཐོང་བའོ་ཞེས་རྟོགས་པ་ཕུལ་བའོ། །དེའི་དེ་མ་ཐག་ཏུ་ཚིག་དྲུག་པས་འདི་ལ་རྟོགས་པའི་གསུམ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་རྟོགས་པ་ཕུལ་བའི་དེ་མ་ཐག་ཏུའོ། །བཙུན་མོ་ལས་འདས་ནས་ཞེས་པ་ནི་གསང་བའི་
བྷ་ག་ལས་ཆོས་ཀྱི་འབྱུང་གནས་སུ་འཐོན་པའོ། །དེ་ནས་གོང་མ་ལྟར་ངོ་མཚར་ཞིང་འདོད་ཆགས་ཆེན་པོའི་ཆེ་བ་བསྔགས་པའི་ཕྱིར་དེ་དག་གིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་སོ། །ཇི་ལྟར་གསོལ་ཞེ་ན། གང་འདོད་
ཆགས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ནི་མཆོག་ཏུ་དགའ་བའི་བདེ་བ་ཆེན་པོ་སྟེ། དེའི་ཡི་གེའི་ཚིག་ནི་མི་འགྱུར་བའི་འདོད་ཆགས་ཀྱི་ཡེ་ཤེས་དང་བར་མའི་ཡེ་ཤེས་དང་ཆགས་བྲལ་གྱི་ཡེ་ཤེས་སོ། །དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་རྗེས་སུ་ཆུད་པ་ནི་གོ་རིམས་བཞིན་དུ་
ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུའི་ངོ་བོ་ཡོངས་སུ་དག་པ་དེ་ངོ་མཚར་ཏོ་ཞེས་པའོ། །བརྟགས་པ་དང་བྲལ་བས་དོན་དེ་ཁོ་ནར་ངེས་པས་ངོ་མཚར་མི་ཆེ་བའི་རྒྱུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་སྐད་མ་གསུང་ཅིག་ཅེས་པ་ནི་འདོད་
ཆགས་ལ་སོགས་པ་ལ་འཁྲུལ་པར་རྟོགས་ནས་བསམ་པ་དེ་དག་དགག་པའོ། །དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་གསུངས་པ། ཆོས་ཐམས་ཅད་ཅེས་པ་ལ་སོགས་པའོ། །ཆོས་ཐམས་ཅད་ནི་སྣང་བའོ། །ནམ་མཁའ་ཉིད་རྡོ་རྗེ་སྟེ་མི་འདའ་བས་ན་དམ་ཚིག་གོ། །
དེ་ཉིད་དེ་བཞིན་ཏེ། དེའི་ངོ་བོ་ཡིན་པའི་ཕྱིར་ན་མཚུངས་པའོ། །དེ་བས་གཟུགས་ཀྱི་ཕུང་པོ་མ་ཡིན་ཏེ། ས་ལ་སོགས་པ་མ་ཡིན་པའོ། །ཚོར་བའི་ཕུང་པོ་མ་ཡིན་ཞིང་བདེ་བ་ལ་སོགས་པ་མ་ཡིན་པའོ། །འདུ་ཤེས་ནི་མཚན་མར་འཛིན་པའི་དབྱེ་བའོ། །འདུ་བྱེད་ནི་

རེག་པ་ལ་སོགས་པའོ། །རྣམ་པར་ཤེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་མ་ཡིན་པའོ། །ཁམས་ནི་མིག་ལ་སོགས་པའི་ཁམས་བཅོ་བརྒྱད་མ་ཡིན་པའོ། །སྐྱེ་མཆེད་ནི་མིག་ལ་སོགས་པའི་སྐྱེ་མཆེད་བཅུ་གཉིས་མ་ཡིན་པའོ། །འདུ་བྱེད་ཀྱི་ཕུང་པོ་ལ་དབྱེ་བ་
འདོད་ཆགས་མ་ཡིན། ཞེ་སྡང་མ་ཡིན། གཏི་མུག་མ་ཡིན་ཞེས་སོ། །ཆོས་མ་ཡིན་ཞེས་པ་ནི་དགེ་བ་བཅུ་མ་ཡིན་པའོ། །ཆོས་མ་ཡིན་པ་ནི་མི་དགེ་བ་བཅུ་སྟེ་དེ་ཡང་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན་གཉིས་སུ་མེད་པའི་ཡེ་ཤེས་ལ་འཁྲུལ་པ་ཉིད་དེ་རྣམས་སུ་སྣང་སྟེ།
དེ་བས་རྟོགས་པར་བྱ་བའི་ངོ་བོ་ཉིད་ལས་ཐ་དད་པར་གྱུར་པ་དེ་རྣམས་རྣམ་པར་དགག་པ་ཡིན་ནོ། །ཆོས་ཐམས་ཅད་ལ་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་དབྱེར་མི་ཕྱེད་པའོ། །ཅང་མི་གསུང་བར་གྱུར་ཏོ། །ཞེས་པ་ནི་ཐེ་ཚོམ་ཆོད་ནས་རང་བཞིན་ལ་བློ་
གཞག་པའོ། །དེའི་དེ་མ་ཐག་ཏུ་སྤྲོས་པའི་བདག་ཉིད་གཞན་གྱི་དོན་ཕུན་སུམ་ཚོགས་པ་གོང་མ་ལྟར་བསྟན་པའོ་ཞེས་སྦྱར་རོ། །དེ་ལྟར་ཞུས་པ་དང་ལན་ཆེད་དུ་བརྗོད་པ་དང་བཅས་པས་རྒྱུད་ཀྱི་དོན་བསྟན་ནས་ད་ནི་འཁོར་རྣམས་ལ་ཡོངས་སུ་གཏད་པ་གསུངས་པ། དེ་ནས་
ཞེས་པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་ཞེས་པ་ནི་དེ་སྟོན་པར་བྱེད་པའི་གཞུང་ནི་གསང་བ་འདུས་པའོ། །བསྒོ་བར་གསོལ་ཞེས་པ་ནི་ཕྱོགས་བཅུར་བསྒྲག་ཏུ་གསོལ་ཞེས་པའོ། །དེ་ཅིའི་སླད་དུ་ཞེས་ཞུས་པ་དང་ལན་གསུངས་པ། ཕྱོགས་བཅུ་ན་
བཞུགས་པ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་ཐུན་མོང་དུ་གཏད་ནས་ཁྱད་པར་དུ་རྡོ་རྗེ་ཆོས་ལ་གཏད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རིགས་ཀྱི་བུ་ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ལས་སྐྱེས་པའི་ཕྱིར་རོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འདའ་བར་མི་བྱ་བའི་ལུང་ངོ་། །དེ་ཟུང་ཤིག་སྟེ་བསྟན་པ་འདི་ནི་གསུང་གི་རྡོ་རྗེ་གཙོ་བོ་བས་ན་ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྕེའི་དབང་པོ་རྣམ་པར་དག་པས་ན་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་ཞེས་བྱ་བར་དབང་བསྐུར་རོ་ཞེས་པའོ། །

དེས་ཀྱང་དེ་བཞིན་དུ་སྒྲུབ་པ་གསུངས་པ། དེ་ནས་རྡོ་རྗེ་ཆོས་ཀྱིས་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་བགྱིའོ་ཞེས་གསོལ་ནས་ཅང་མི་སྨྲ་བར་གྱུར་ཏོ་ཞེས་སོ། །ད་ནི་བསྙེན་པ་རྣམས་ཀྱི་མཐར་དཀྱིལ་འཁོར་བསྡུ་བའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་
ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་ཡི་གེ་ཞེས་པ་ནི་དེ་རྣམས་ཀྱི་ཐུགས་ཀར་མཚན་མ་ལ་གནས་པའི་ཡི་གེ་གསུམ་ལ་ཞེས་སོ། །སེམས་ཅན་རྣམས་བཙུད་པར་གྱུར་ཏོ་ཞེས་པ་ནི་དཀྱིལ་འཁོར་པ་དེ་རྣམས་བརྗོད་པས་རིགས་ཀྱི་བྱེ་བྲག་གིས་ནང་དུ་གཞུག་པའོ། །དེའི་དོན་
ནི་དགོད་པ་བསྟན་པར་བྱ་བའི་རྣལ་འབྱོར་པས་དུས་གསུམ་དུ་མཆོད་པ་ལ་སོགས་པའི་སྔོན་དུ་འགྲོ་བའི་ཡི་གེ་གསུམ་བརྗོད་པས་རྣམ་པར་བསྡུས་ནས་སྨོན་ལམ་གདབ་པ་ལ་སོགས་པ་གཞན་ཡང་ཅི་རིགས་པར་བྱ་བའོ། །ཐ་མར་ཡང་དེའི་མཐའ་ལ་མུཿ བཞག་པས་ཡེ་ཤེས་ཀྱི་འཁོར་ལོ་
གཤེགས་སུ་གསོལ་བ་དང་། དེ་བརྗོད་པས་ཕྱི་རོལ་གྱི་འཁོར་ལོ་ཡེ་ཤེས་སེམས་དཔའི་འཁོར་ལོ་ལ་གཞུག་པ་སྟེ་ཁྱད་པར་རོ། །དེ་ནས་ཤེས་རབ་དང་བཅས་པ་ཉལ་ནས་ལངས་པའི་དུས་ན་ཡང་ལྷ་མོའི་དབྱངས་ཀྱིས་བསྐུལ་ནས་ལངས་པར་བསམ་ཞིང་གོང་མ་བཞིན་དུ་དུས་
བཞིར་བསྒོམ་པར་བྱའོ་ཞེས་སོ། །དེ་ནི་རྩེ་གཅིག་པའི་རྣལ་འབྱོར་པའོ། །བྱ་བས་བྲེལ་བའི་རྣལ་འབྱོར་པ་ནི་ཐོ་རངས་ཀྱི་དུས་སུ་ཏིང་ངེ་འཛིན་གསུམ་རྫོགས་པར་བསྒོམས་ཏེ་དུས་གཞན་ལ་དེ་ལ་བརྟེན་པའི་ང་རྒྱལ་གྱིས་གནས་ལ་ཡི་གེ་གསུམ་གྱིས་དམ་ཚིག་གི་འཁོར་
ལོ་སྙིང་གའི་འཁོར་ལོ་ལས་སྤྲོས་ནས་དབང་བསྐུར་བ་བླངས་ཏེ་མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་མི་ཤིགས་པའི་ཐིག་ལེ་འམ་གསང་བའི་ཐིག་ལེ་གང་རུང་གཅིག་བསྒོམས་ཏེ་བཟླས་བརྗོད་བྱས་ནས་དཀྱིལ་འཁོར་བསྡུས་ནས། ཡན་ལག་གཞན་གོང་མ་ལྟར་
སྤྱད་ཅིང་ཐ་མ་ཡང་གོང་མ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རྣམ་པ་གཉིས་ཀྱིས་བརྟན་པར་གྱུར་པའི་མཚན་མ་རྣམ་པ་ལྔ་མཐོང་བ་དེ་ལ་ནི་ལས་དང་པོ་པའི་རྣལ་འབྱོར་པ་ཞེས་བྱའོ། །དེས་མཚན་མ་ལན་གྲངས་མང་དུ་མཐོང་བས་སེམས་བརྟན་པར་ཤེས་ནས་གཉིས་

པར་གྱུར་པའི་སྦྱོར་བས་འབད་པས་ལྷའི་ལུས་ཐོབ་པར་སྣོད་རྣམ་པ་གཉིས་ལ་ཡེ་ཤེས་ཀྱི་ལྷ་གཉིས་འབེབས་པའི་ནུས་པ་ཐོབ་པ་ལ་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ། །དེས་ཐུན་མཚམས་བཞིར་ཆེན་པོའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་
དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་བླངས་ནས། མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་ཐིག་ལེ་དང་ཕྲ་མོ་མ་གཏོགས་པའི་ཅིག་ཅར་བའི་བཟླས་པ་བྱས་ནས་གོང་མ་ལྟར་འཁོར་ལོ་བསྡུས་ནས་ཡན་ལག་གཞན་ཡང་ཇི་ལྟར་རིགས་པར་
བྱས་པས་མཐུ་ཅན་གྱི་སྟོབས་རྟོགས་པའོ། །དེས་གསུང་ལ་དམིགས་པའི་རྐྱེན་གྱིས་རླུང་གི་རང་བཞིན་ཤེས་ནས། རང་དང་གཞན་གྱིས་དཀྱིལ་འཁོར་མཐོང་བར་ནུས་པ་དེ་ལ་ནི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ། །དེས་རྡོ་རྗེ་བཟླས་པའི་ཡི་གེ་གསུམ་གྱི་
ཏིང་ངེ་འཛིན་ཀུན་དུ་སྤྱོད་པ་ཅན་གྱི་སེམས་ལས་ཕྱི་ནང་དབྱེར་མེད་པར་རྟོགས་པས། ཕལ་ཆེར་ཉིན་མཚན་དུ་རྣལ་འབྱོར་ལ་གནས་པ་ཡིན་ནོ། །དེ་མི་འགྱུར་བའི་རྟགས་དང་པོ་གཉིས་དང་གཉིས་པ་རྟོགས་པས་ཞིང་སྦྱངས་ནས་ལམ་ལ་གནས་པར་བྱ་བའོ། །ལམ་གང་ཞེ་
ན། དབང་པོ་གཉིས་ཀྱིས་སྦྱོར་བ་ཡིས། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་པ་སྟེ། སེམས་རིགས་ཅན་གྱི་ཆར་དམིགས་པ་ལས་སྔོན་དང་ཕྱིས་ཀྱི་ཡན་ལག་མངོན་དུ་མཛད་པའི་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ཞེས་བྱའོ། །དེ་ལྔ་པའི་ངོ་བོས་
སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་བཞུགས་ནས་འགྲོ་བའི་དོན་ཆེན་པོ་མཛད་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་མཐོང་བའི་ཆོས་ཉིད་ལ་རྒྱུད་ཀྱི་དོན་དེས་འགྲུབ་པར་བྱེད་པས་ན་དེ་ལ་དད་པར་བྱའོ། །ཧ་ཅང་སྤྲོས་པ་བཞག་ལ་དཀྱུས་མ་ལ་
འཇུག་པར་བྱ་སྟེ། དེ་ནས་ཞེས་པ་ལ་སོགས་པས་གོང་གི་རྡོ་རྗེ་གསུམ་བསྡུས་པའི་གནས་དེ་ཡང་ནམ་མཁའ་ལྟ་བུ་བས་སེམས་ཅན་རྣམས་ལ་ཡང་ཁྱབ་པར་བསྟན་ཏོ། །རྣམ་པར་སྣང་མཛད་ཅེས་པ་ནི་སྐུ་ལ་དམིགས་པའི་དུས་སུ་རྡོ་རྗེ་འཆང་ཆེན་པོ་ལ་དེ་སྐད་ཅེས་

བྱའོ། །ཁམས་གསུམ་ཐམས་ཅད་ཅེས་པ་ནི་ཁམས་གསུམ་གྱི་བརྟན་པ་དང་གཡོ་བའི་ཆོས་ཇི་སྙེད་དུས་གསུམ་དུ་རྟོགས་པ་རྣམས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་ཤིང་ཞེས་པ་ནི། དེ་རྣམས་ཀྱི་སྐུའི་རྡོ་རྗེའི་ངོ་བོ་ཉིད་ལ་རང་གི་སྐུ་རྡོ་རྗེ་
ཉིད་ངོ་བོ་ཉིད་དོན་དམ་པའམ། ཀུན་རྫོབ་ཏུ་དབྱེར་མེད་པར་སྙོམས་པར་ཞུགས་པའོ། །དེ་ཉིད་ཀྱིས་ན་སྐུ་དང་མི་བྲལ་བ་ཉིད་ཀྱི་ཕྱིར་ན་སྐུ་དང་གསུང་དང་ཐུགས་ཀྱང་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་སྐུའི་རྡོ་རྗེའོ། །དེའི་མཉམ་པ་ཉིད་
ནི་དེ་བཞིན་ཉིད་དེ་ལ་དམིགས་པའོ། །ཅང་མི་གསུང་བར་གྱུར་ཏོ་ཞེས་པ་ནི། དེ་བཞིན་ཉིད་ལ་ནི་གང་གིས་བརྗོད་པས་ཀྱང་མི་རེག་པའི་ཕྱིར་ན་དེ་སྐད་ཅེས་བྱའོ། །དེ་ཁོ་ན་བཞིན་འོག་ནས་འབྱུང་བའི་གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་གསུངས་
པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་སྐད་དུ། ཨེ་མ་ཀུན་དུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངེས་པ་ཡི། །རྡོ་རྗེ་གསུམ་ལ་ཀུན་དུ་ནི། །རྡོ་རྗེ་གསུམ་ནི་རྣམ་བཞུགས་ཏེ། །ཞེས་སོ། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པ་ནི། རྩ་བའི་རྒྱུད་མཐར་ཐུག་པའི་སྡུད་པ་པོའི་
ཚིག་གོ། །དམ་ཚིག་ཅེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་བ་ལ་སོགས་པའོ། །སྡོམ་པ་ནི་ཉམས་སུ་བླང་བ་ལ་སོགས་པའོ། །དེ་རྡོ་རྗེ་ལྟ་བུས་བྱིན་གྱི་རློབ་པར་བྱེད་པའོ། །མཛད་པར་བྱེད་པས་ན་རྒྱལ་པོ་སྟེ། དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་བཅུ་བདུན་པའོ། །ལེའུ་
བཅུ་བདུན་པའི་འགྲེལ་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་འགྲེལ་པ་ཆེན་པོ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙི་ལུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་
མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །གང་ལས་

ཡང་དག་སྐྱེས་པ་རྟོག་པའི་དྲ་བ་ཀུན་བྲལ་བདེ་བར་གཤེགས་པ་རྣམས། ཆོས་སྐུ་རྟག་པ་ཡོན་ཏན་དང་ལྡན་སོ་སོ་རང་གིས་རིག་བྱ་མཉམ་མེད་པ། སེམས་ཅན་དོན་ཕྱིར་ཐ་དད་གཟུགས་དང་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུར་ལྡན་པ། ཐབས་དང་ཤེས་རབ་རང་བཞིན་ངེས་པར་བྱང་
སེམས་བདུད་རྩི་དེ་ལ་ཕྱག་འཚལ་ལོ། །པདྨ་དང་ནི་སྐུ་མེད་རོལ་པ་བཞད་པས་མཛད་དང་ཆོས་ཀྱི་མྱུ་གུའི་གཞུང་། །མགྲིན་གསུམ་དང་ནི་དབང་པོའི་དབྱངས་སྙན་སྐྱོང་ལས་བྱུང་དང་སྙིང་པོ་སྦས་པས་བཤད། །དཔལ་ལྡན་དུས་ལ་གང་དུ་གསལ་ཚིག་བཤེས་གཉེན་ཡེ་ཤེས་ཀྱིས་མཛད་གཞན་
ཡང་སྟེ། །རྡོ་རྗེ་སློབ་དཔོན་བརྒྱུད་པ་ལས་ནི་འོངས་པ་དེ་ལས་བདག་ནི་བློ་དམན་ནོ། །འོན་ཀྱང་དཔལ་སྡེ་དང་ནི་བྱིས་པ་ནས་སྐྱེས་པ་དང་སྨན་པ་ལ་སོགས་པ། །དཔལ་ལྡན་ཡེ་ཤེས་ཞབས་ཀྱི་ལམ་ལ་འཇུག་པ་རྣམས་ཀྱིས་མང་དུ་ནི། །རྒྱས་པར་བྱས་པས་གྱུར་པ་གང་ཡིན་དེ་
ཡི་གཞུང་ལུགས་དེ་ཉིད་ནི། །དེ་ནི་འདི་རུ་མདོ་རུ་བསྡུས་པ་འགྲོ་ལ་ཕན་ཕྱིར་བརྗོད་པར་བྱ། །ཐམས་ཅད་དུ་རྟོག་པ་དང་ལྡན་པ་རྣམས་དགོས་པ་རྟོགས་ཏེ་འཇུག་གོ། །ཐབས་ཀྱང་ཤེས་ཤིང་གོམས་པར་བྱེད་པས་འབྲས་བུ་སྟེར་བར་འགྱུར་ཏེ། མདོ་འཆད་པ་རྣམས་ཀྱིས་དང་
པོར་འཇུག་པའི་ཡན་ལག་ཏུ་གྱུར་པ་རྗེས་སུ་མཐུན་པའི་ཐབས་དང་། ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་པའི་མཚན་ཉིད་དགོས་པ་ངེས་པར་བརྗོད་པར་བྱའོ། །དེ་ཡང་འབྲེལ་པ་ལ་སོགས་པ་མ་བསྟན་པར་བསྟན་པར་མི་ནུས་པའི་ཕྱིར་དོན་གྱིས་འབྲེལ་པ་ལ་སོགས་པ་ཡང་
བསྟན་པར་བྱ་སྟེ། དེ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་ཐུགས་དང་གསུང་དང་སྐུའི་རིགས་སོ་སོར་རྡོ་རྗེ་གསུམ་གྱི་བདག་ཉིད་དེ་ལྟ་བ་ངན་པ་རྣམས་ལ་སྦས་པའི་ཕྱིར་གསང་བའོ། །གང་དུ་དེའི་
རང་བཞིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པ་ནི་བཅོམ་ལྡན་འདས་གསང་བ་འདུས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་མི་ཕྱེད་ཀྱང་བི་ར་ནའི་སྟན་དུ་བརྗོད་པ་ལྟ་བུར་བརྗོད་དོ། །གང་ཡང་བཅོ་བརྒྱད་ལས་གསུངས་པ། སྐུ་གསུང་ཐུགས་ནི་རྣམ་པ་

གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བརྗོད། །ཅེས་སོ། །དེ་ལྟར་གཉིས་སུ་མེད་པའི་རྣལ་འབྱོར་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རིགས་གསུམ་གྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་
བྱིན་གྱིས་བརླབས་པ་ལ་སོགས་པའི་རང་བཞིན་ནི་བརྗོད་པར་བྱའོ། །དེ་རྟོགས་པར་བྱེད་པའི་ཕྱིར་རྒྱུད་ལས་ཡང་དེ་སྐད་ཅེས་བྱ་སྟེ། སངས་རྒྱས་ཀྱིས་མཛད་པའི་སྙན་དངགས་སུ་བསྟན་པ་བཞིན་ནོ། །དེ་བཞིན་དུ་ཡང་དཔལ་སྡེའི་ཞལ་སྔ་ནས་གསུངས་པ་འདི་རྣམས་རྡོ་རྗེ་གསུམ་གྱི་
བདག་ཉིད་དེ། ཉི་ཤུ་ལྔའི་རིམ་པའི་དཀྱིལ་འཁོར་པ་གང་དེ་གླེང་གཞིའི་ལེའུ་གསུངས་པ་ནི། བྱང་ཆུབ་སེམས་སོགས་ཀྱིས་ནི་ཀུན་འགྲུབ་པ། །འདི་ནི་བརྗོད་པར་བྱ་བ་ཉིད་ཡིན་ལ། །སྒྲ་ཡི་བདག་ཉིད་རྗོད་པར་བྱེད་པའི་རྒྱུད། །ཅེས་པའོ། །བརྗོད་པར་བྱ་བ་དང་རྗོད་
པར་བྱེད་པ་འདི་དག་ནི། བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པའོ། །དགོས་པ་ཡང་གདུལ་བྱ་རྣམས་ཀྱིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་སྔོན་དུ་སོང་བའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་སྔོན་དུ་སོང་བའི་ཐོས་པ་
ལ་སོགས་པའི་རིམ་པས་སྒྲིབ་པ་ཐམས་ཅད་སྤངས་པ་མངོན་དུ་བྱེད་པ་ཁྱད་པར་ཅན་སྟོན་པར་བྱེད་པས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ངོ་བོ་འགྲོ་བ་མ་ལུས་པས་བརྟེན་པར་བྱ་བ་ཟག་པ་མེད་པའི་བདེ་བའི་བདག་ཉིད་མངོན་དུ་བྱེད་པའོ། །འདི་ཡང་སྤྱིའི་རྒྱུད་དེ། ལྷ་
ཐམས་ཅད་ཀྱི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གསུངས་པ་དེ་ཉིད་བཅུ་བསྡུས་པ་ལས། བསྟན་བཅོས་གང་ཞིག་དོན་མང་ལྡན། །ལྷ་རྣམས་ཐམས་ཅད་བརྟག་པ་ཡིན། །དེ་ཡི་རྒྱུད་ནི་རྒྱུད་ཡིན་བརྗོད། །ཅི་ཞེས་འདི་ལ་འདོད་པ་ཡིན། །
ཞེས་སོ། །ལྷ་ཐམས་ཅད་ཀྱི་དེ་ཉིད་ཀྱང་བཅུ་དྲུག་པ་ལས་ཁོང་དུ་ཆུད་པར་བྱ་སྟེ། རྡོ་རྗེ་འཛིན་མཆོག་གང་ཡིན་པ། །དབུས་སུ་གཟུགས་ནི་ལེགས་བྲིས་པས། །དེ་ཡིས་དཀྱིལ་འཁོར་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས། །ཞེས་གང་

གསུངས་པའོ། །ཅིའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བྱ་ཞེ་ན། བརྗོད་པར་བྱ་སྟེ། འདི་ལྟར་ཐམས་ཅད་ཐམས་ཅད་དུ་རང་གི་དབང་གིས་བདག་ཉིད་བདེ་བར་འདོད་པས་འདི་ལྟར་རབ་ཏུ་འཇུག་སྟེ། འདི་ལྟར་ཡང་བླང་བར་བྱ་བ་དང་དོར་བར་བྱ་བའི་ཁྱད་པར་མི་ཤེས་ནས་མུ་སྟེགས་
རྣམས་ནི་རེ་ཞིག་ལྷ་དང་མི་ལ་སོགས་པའི་བདེ་བ་ཅུང་ཟད་ཙམ་ལ་ཤིན་ཏུ་འདོད་པའི་སེམས་ཀྱིས་ཆུ་དང་མེ་ལ་སོགས་པ་རྣམས་སུ་བདག་འཇུག་པར་བྱེད་དོ། །ཉན་ཐོས་ལ་སོགས་པ་རྣམས་ཀྱང་དངོས་པོའི་རང་བཞིན་མི་ཤེས་ཏེ་ཕུང་པོ་མེད་པ་མཆོག་ཏུ་བདེ་བར་ཤེས་
ནས་བདག་ཉིད་མྱ་ངན་ལས་འདའ་བ་ལྷུར་བྱེད་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་མཛེས་པའི་ངང་ཚུལ་ཅན་ཡང་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ན་ཐམས་ཅད་རྟག་ཏུ་སྟོང་པ་ཉིད་དུ་རོ་གཅིག་པས་ས་ཐོབ་པ་ཡང་སྙིང་རྗེ་དམན་པས་ཐེག་པ་དམན་པ་ལ་འདོད་པར་
བྱེད་དོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས་གསུངས་པ། ས་ཐོབ་པ་ནི་རྒྱལ་བའི་སྲས། །ཡིད་ཆེས་པར་ནི་མི་འགྱུར་ཏེ། །ཇི་སྲིད་ས་བརྒྱད་པ་ཡི་བར། །ཐེག་པ་དམན་པས་དེ་རྣམས་འཇིགས། །གསང་བའི་འཁོར་ལོ་ཆེན་པོ་འདིར། །གང་ཞུགས་རྒྱལ་བ་དག་ལས་སྐྱེས། །
ཡིད་ཆེས་པར་ནི་འགྱུར་བ་སྟེ། ཐེག་པ་ཆེ་ལ་གཅིག་ཏུ་གནས། །ཞེས་གསུངས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་ཕྱིར་མི་ལྡོག་པའི་མཐར་ཐུག་པ་ཐོབ་པས་ཀྱང་སངས་རྒྱས་མ་ཡིན་ཏེ། ས་བཅུ་པ་ཉིད་ཀྱིས་སངས་རྒྱས་ཉིད་ཐོབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕ་
རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་རྒྱུ་མ་ཡིན་ཏེ། ཟབ་མོའི་དོན་མངོན་དུ་བྱས་པས་དེར་སེམས་ཅན་གྱི་དོན་དང་བྲལ་བ་ཐོབ་པའི་ཕྱིར་རོ། །འགྲོ་བ་མ་ལུས་པ་ལ་ཕན་པའི་མཆོག་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འདོད་དོ། །བདག་མེད་པ་མཐར་ཐུག་
པར་འཇུག་པ་ན་ཡང་བདག་མེད་པས་ཐོབ་པར་མི་ནུས་ཏེ། དེ་རྣམ་པར་རྟོག་པ་ཙམ་གྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གསུངས་པ། ཐབས་དང་བྲལ་བ་དངོས་མེད་ཙམ། །བསྒྲུབ་པར་བྱ་བ་ཡིན་ན་ཡང་། །བདག་གཞན་དོན་ལ་དེ་མཐུ་མེད། །མེད་ཕྱིར་

ནམ་མཁའི་མེ་ཏོག་བཞིན། །ཞེས་སོ། །ཐབས་དང་བཅས་པས་ཀྱང་ཇི་ལྟར་འགྱུར་ཞེ་ན། དེ་བརྗོད་པར་བྱ་སྟེ། འགྲོ་བ་མ་ལུས་པའི་འདོད་ཆགས་ཆེན་པོའི་ངོ་བོ་ཉིད་ཀྱིས་ཉེ་བར་སྟོན་པ་རྫོགས་པའི་ཕྱིར་རོ། །གང་ཡང་གསུངས་པ། རྡོ་རྗེ་སྙིང་པོའི་
རྒྱན་ལས། འདོད་ཆགས་ཆེན་པོ་རྣམ་པར་དག །བདེ་བ་ཆེན་པོ་ནོར་ཆེན་པོ། །ཁམས་གསུམ་དབང་ཕྱུག་