Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 7 / 20 (50.000 ký tự/trang)
ྲེག་ཁྲོ་བོ་རྣལ་འབྱོར་རམ། །གདུག་པའི་སེམས་ཅན་བསམ་གཏན་གྱིས། །བཟའ་བ་རུ་ནི་རབ་ཏུ་བརྟག །ཅེས་པའོ། །དེས་གདུག་པའི་ལུས་དང་ངག་སེམས་འཇིག་པས་ན་བརྩོན་འགྲུས་བརྟུལ་བ་ཅན་གྱིས་མ་ཡེངས་པའི་སེམས་
ཀྱིས་བྱས་ན་གསོད་པའི་མཆོག་ཡིན་ནོ་ཞེས་སོ། །ལས་དེ་ཐམས་ཅད་པའི་ཁྲོ་བོ་བསྐྱེད་པའི་རྐྱེན་གསུངས་པ་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དེ་སྔོན་དུ་གྱུར་པ་ལས་ཆོ་ག་བཞིས་སྡང་བ་འཇིག་པར་མཛད་པའི་ཁྲོ་བོ་སྟེ་བདུད་རྩི་འཁྱིལ་པའོ། །

དེ་ཡང་ཞབས་རྣམ་པར་བགྲད་པ། ཞལ་ལ་སོགས་པ་འཇིགས་འཇིགས་ལྟ་བ་བསམས་ནས་ལས་བྱའོ་ཞེས་པའོ། །སྟ་རེ་ཐོ་བ་ཕྱག་ན་བསྣམས། །ཞེས་པས་འདི་སྟོན་ཏེ། བསྒྲུབ་བྱ་ལ་ཉེས་པ་བསྒོ་བའི་ཕྱིར་བསམ་གཏན་གྱིས་ཁྱད་པར་བྱས་ཏེ། དེ་ཡང་དང་པོ་བླ་མ་ལ་སྨོད་པ་ལ་
སོགས་པའི་བསམ་པ་དང་ལྡན་པའི་གང་ཟག་དེའི་ལག་པར་མ་ཆགས་སྟ་རེ་དང་ཐོ་བ་སྟེ་གཏུན་ཤིང་བསྣམས་པར་བསམས་ལ་འོག་ནས་འབྱུང་བའི་བསམ་གཏན་རབ་ཏུ་བྱ་ཞེས་སོ། །དེ་ཉིད་གསུངས་པ། དེ་ལས་ཞེས་པ་ལ་སོགས་པའོ། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས་
ཡོངས་སུ་གང་བར་བསམས་ལ་གདུག་པ་དེ་སྟ་རེ་དང་གཏུན་ཤིང་གིས་ཐམས་ཅད་བསད་པར་བསམ་མོ། །ཡང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གང་བར་བསམས་ནས། གོང་མ་ལྟར་ཡང་བསད་པར་བསམ་མོ། །དེ་ལྟར་ལན་གསུམ་དུ་བྱས་ནས་དེར་མཚན་མ་བོར་
ཏེ་སངས་རྒྱས་གནོད་བྱེད་ཀྱི་དགྲ་རྣམས་དྲན་པ་ཐོབ་ནས་འགྱོད་ཅིང་སྐྱབས་མེད་པས་སྐྲག་ཅིང་འཇིགས་པས་སེམས་དཀྲུགས་པར་སྔགས་མཁན་གྱིས་བསམས་ན། སྙིང་རྗེ་ཆེན་པོའི་ཁྲོ་བོ་བསྐྱེད་ནས་ལས་བྱས་ན་འཆི་བར་འགྱུར་བ་གདོན་མི་ཟ་ཞེས་སོ། །བསམ་གཏན་ལས་བྱུང་
བའི་སྦྱོར་བ་གཞན་གསུངས་པ། སྲིན་པོ་ཞེས་པ་ལ་སོགས་པའོ། །བདུད་རྩི་འཁྱིལ་པའི་རྣལ་འབྱོར་པས་སྲུང་མ་བྲལ་བའི་བསྒྲུབ་བྱ་མེ་ལ་གནས་པ་ལ་རང་གི་སྔགས་བརྗོད་པ་ལས་བྱུང་བའི་སྲིན་པོ་དང་། ཁྲོ་བོ་སྣ་ཚོགས་པ་གཏུམ་ཞིང་མི་བཟད་པ་སྤྲོས་པས་བཅིངས་ཤིང་རྡེག་
པ་ལ་སོགས་པས་སྐྲག་པར་བསམས་ན་འཆིའོ་ཞེས་སོ། །དེ་བཞིན་དུ་དེ་ལས་འཕྲོས་པའི་འུག་པ་དང་། ཁྭ་དང་བྱ་རོག་དང་རིང་དུ་སྒྲ་འབྱིན་པའི་ཝ་ལ་སོགས་པས་གཙེས་ཤིང་སྐྲག་པར་བསམས་ན་འཇིག་ཅེས་སོ། །དེ་བཞིན་དུ་དེ་ལས་འཕྲོས་པའི་སྦྲུལ་ནག་རབ་ཏུ་ཁྲོ་བ་མགོ་
བརྒྱ་ཡོད་པ་དེ་རེ་རེ་ལྕེ་གཉིས་མཆེ་བའི་ཕྲེང་བ་གཉིས་ཡོད་པ་འཇིགས་པ་དག་ཀྱང་འཇིགས་པར་བྱེད་པ་གདུག་པ་ཐམས་ཅད་ཀྱི་དམ་ཚིག་དེ་བསྒྲུབ་བྱའི་དཔྲལ་བར་བཟུང་བར་བསམས་ན་འཇིག་པར་འགྱུར་རོ་ཞེས་སོ། །ཕྱོགས་བཅུའི་སེམས་ཅན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་

གྱུར་པའོ། །དེ་ལ་གོང་མ་ལྟར་བསྒྲུབ་བྱ་ལ་འཚེ་ཞིང་གནོད་པ་ནི་བསྒྲུབ་བྱའོ། །དེ་འཇིགས་པར་བྱེད་པ་ལ་འདི་བསྐུལ་བའི་ཆོ་ག་ཡིན་ནོ་ཞེས་སོ། །དེ་བཞིན་དུ་བདག་གི་ལག་ན་གནས་པའི་ཐོ་བ་རབ་ཏུ་དྲག་པོས་བསྒྲུབ་བྱའི་སྙིང་གར་བརྡེགས་པར་བསམས་ན་དགྲའི་
སྲོག་མེད་པར་འགྱུར་ཞེས་པའོ། །དེ་བཞིན་དུ་ལག་ན་གནས་པའི་རྡོ་རྗེ་དང་སྟ་རེ་ལ་སོགས་པས་བསྒྲུབ་བྱའི་སྙིང་གར་བརྡེགས་པར་བསམས་ན་དགྲའི་སྲོག་མེད་པར་འགྱུར་ཞེས་སོ། །དེ་བཞིན་དུ་ལག་ན་གནས་པའི་རྡོ་རྗེ་དང་སྟ་རེ་ལ་སོགས་པས་བསྒྲུབ་བྱ་གཤག་ཅིང་གཏུབ་པར་བསམས་
ན་རྡོ་རྗེ་སེམས་དཔའ་དྲག་པོ་ཡང་འཆི་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །དེ་ལྟར་རྣམ་པར་གནས་པའི་རྣལ་འབྱོར་པས་གལ་ཏེ་བསྒྲུབ་བྱ་གཞན་གྱི་སྔགས་དང་ལྷས་བསྲུང་བ་བྱས་པ་ཡང་སྲིད་པས་དེ་དང་དབྲལ་བའི་ཆོ་ག་གསུངས་པ། བསྲུང་བ་ཞེས་པ་ལ་སོགས་པའོ། །དེ་ལ་གནོད་པ་
བསྲུང་བར་བྱ་བའི་ཕྱིར་རྣལ་འབྱོར་གཞན་གྱིས་དང་པོའམ་ཕྱིས་སྔགས་རྣམས་དང་དེ་ལས་བྱུང་བའི་ལྷ་རྣམས་ཏེ། དེའི་སྤྱི་བོར་བཞག་ནས་བྱང་ཆུབ་སེམས་ལས་བྱུང་བའི་ཁྲོ་བོ་གནོད་མཛེས་བཀའ་ནོད་པ་མདུན་དུ་བསམས་ནས་ཨོཾ་ཨཱ་ཧེ། སུམྦྷ་ཆེ་གེ་མོའི་སྲུང་མ་ཁུག་ཅིག་ཧཱུཾ་ཛཿ
ཞེས་པས་ལས་ཀྱི་རྡོ་རྗེ་ཁ་སྦྱོར་གྱི་ནང་དུ་བཅུག་ལ་བཀུག་སྟེ་གཡོན་དུ་བཞག་ནས་དམ་ཚིག་སྨྲས་ཏེ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་བཏབ་པས་གནོད་པར་བྱེད་ཅེས་སོ། །འདི་ནི་གསོད་པར་བྱེད་ཅིང་ཁ་སྦྱོར་དབྱེ་བ་སྟེ། དམ་ཚིག་ཤིན་ཏུ་འདའ་དཀའ་བའོ་ཞེས་སོ། །ཐུན་མོང་གི་
སྲུང་མ་དང་དབྲལ་བའི་ཆོ་ག་གསུངས་པ། རྡོ་རྗེ་ཕུང་པོ་ལ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཕུང་པོ་ཞེས་པ་ནི་བསྒྲུབ་བྱའི་ཕུང་པོ་ལ་སོགས་པ་དང་དབྱེར་མེད་པའི་ལྷ་སྟེ། དེ་ཇི་ཙམ་དུ་སེམས་ཅན་དེའི་ལུས་ཀྱི་དཀྱིལ་འཁོར་ལ་གནས་པ་ལ་དེའི་ཉེས་པ་བསྒོས་ཏེ། དེས་ཀྱང་གནང་
ནས་ཤིན་ཏུ་ཁྲོས་པས་བསྒྲུབ་བྱ་གསོད་པར་བསམས་ནས་དེ་ཕྱུང་ལ་བདག་ཉིད་འཇུག་པ་ལ་སོགས་པའོ། །དེས་མཉེས་པར་བྱས་པར་འགྱུར་ཏེ་གཞན་དུ་མཉེས་པར་གྱུར་པ། ཇི་སྐད་དུ། གང་ཞིག་བསྒྲུབ་བྱའི་ལུས་ལ་ཡང་། །དཀྱིལ་འཁོར་རྣམ་པར་བསྒོམ་བྱས་ཏེ། །དེ་

ཡི་ལུས་གནས་འཁོར་ལོ་ལ། །དེ་ཡི་ཉེས་པ་བསྒོ་བར་བྱ། །དེ་ནི་འབྱུང་བར་རྣམ་བསྒོམས་ལ། །ཞེས་པ་ལ་སོགས་པ་གསུངས་སོ། །སྦྱོར་བའི་ནུས་པ་གསུངས་པ། སྟོན་པ་ཞེས་པ་ལ་སོགས་པའོ། །སངས་རྒྱས་ནི་རྟག་པ་ལ་སོགས་པའོ། །རྡོ་རྗེ་འཛིན་ནི་དེ་ཉིད་དོ། །རྡོ་རྗེ་
ཆོས་ནི་འོད་དཔག་མེད་དོ། །རྡོ་རྗེ་ཡང་མི་བསྐྱོད་པའོ། །དེ་རྣམས་ཀྱང་བསམ་གཏན་སྦྱོར་བ་དེས་འཆི་བར་འགྱུར་ཞེས་སོ། །གཉིས་སུ་མེད་པའི་ཚད་མས་དངོས་པོ་སྟོབས་སུ་གནས་པ་ལ་གང་ཇི་ལྟ་བ་བཞིན་དུ་བསྐུལ་བ་དེ་ཁོ་ན་བཞིན་དུ་འབྱུང་ངོ་ཞེས་པའོ། །རྡོ་རྗེ་ཁྲོ་བོ་ནི་བདུད་རྩི་
འཁྱིལ་པའོ། །དེ་ཡང་དེའི་ངོ་བོ་ལས་མི་འདའ་བས་ན་དམ་ཚིག་ཁྲོ་བོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་དག་པར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལུས་ངག་ཡིད་གསུམ་ཕྱིན་ཅི་མ་ལོག་པས་ན་ཐུབ་པ་ཆེན་པོའོ། །གཞན་ནི་བཤད་ཟིན་ཏོ། །
ངོ་བོ་ཉིད་དག་ཅེས་པ་ནི་དོན་དམ་པའི་བདེན་པ་སྟེ་བྱེད་པ་མ་ཡིན་པའོ། །དེ་ཉིད་རྡོ་རྗེ་ཐེག་པ་བླ་ན་མེད་པ་སྟེ་དེ་ལ་གནས་པའོ། །དེ་བས་ན་མ་སྐྱེས་པའི་ཆོས་རྣམས་ལ་ཞེས་ཏེ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མ་སྐྱེས་པ་སྟེ། དེ་ལ་རྒྱལ་བ་རྣམས་ཀྱིས་གཉིས་སུ་མེད་པའི་ཚུལ་གྱིས་
གསོད་པ་ལ་སོགས་པ་སྐྱེ་བར་བསྟན་ཞེས་སོ། །ད་ནི་ལྷ་གང་ཡང་རུང་བའི་རྣལ་འབྱོར་པས་རྫས་དང་ལྡན་པར་ལས་ཕྲན་ཚེགས་སུ་གསུངས་པ་དེ་ལ་ཞེས་པ་ལ་སོགས་པའོ། །ལས་ཕྲན་ཚེགས་ཞེས་པ་ནི་བྲི་བ་ལ་སོགས་པའི་བྱ་བ་གཙོ་བོ་ཡིན་པའི་ཕྱིར་རོ། །བསམ་གཏན་
དང་འབྲེལ་བས་ན་རྡོ་རྗེ་གསང་བའོ་ཞེས་སོ། །དེ་ལ་ཡི་གེ་གསུམ་གྱི་བར་དུ་བཅུག་པའི་ཁཾ་གི་བཟླས་པ་ཡིས་རྡོ་རྒྱུས་སམ་དུར་ཁྲོད་ཀྱི་སོལ་བ་ལ་བརྒྱ་རྩ་བརྒྱད་པ་བཏབ་པས་སྦྲུལ་མི་སྡུག་པ་འཇིགས་པར་བྱེད་པ། ནག་པོའི་འོད་འབར་བ་སེམས་འཁྲུགས་ཤིང་ཁྲོ་བ་ལྕེ་
གཉིས་པ། མཆེ་བའི་ཕྲེང་བ་བཏགས་པ་དུར་ཁྲོད་ཀྱི་ས་ལ་བྲིའོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པ་ནི་གནས་ནས་བསྐྱོད་པའི་ཐབས་བསྟན་ཏོ། །དེ་ཡང་ཡི་གེ་ཁཾ་མི་བཟད་པར་གྱུར་པའི་དུག་གི་རང་བཞིན་སྦྲུལ་དེའི་ཁའི་དབུས་ན་འདུག་པར་བསམས་ལ་དེ་ཡང་སྲེག་པའི་

མེའི་ཁ་དོག་བཞིན་དུ་དམར་ནག་ཏུ་བསྒོམས་ན་དེས་དེ་གནས་དེ་ལས་འགུལ་བར་གདོན་མི་ཟ་ཞེས་སོ། །དེ་ལ་འདི་ནི་ཞེས་པ་ལ་སོགས་པས་དུག་བཀུག་ནས་འཛིན་དུ་གཞུག་པའི་ཐབས་སོ། །དུག་ཐམས་ཅད་འབྱིན་པ་ནི་རང་རང་གི་གནས་ལས་སོ། །
དེ་ཡང་དེའི་ལྕེའི་རྩེ་མོ་ཡི་གེ་ཧྲཱིཿབསམས་ནས། དེའི་འོད་ཟེར་གྱི་ལྕགས་ཀྱུས་རྒྱུ་རྣམ་པ་སྣ་ཚོགས་པ་ལས་བྱུང་བའི་དུག་ཁམས་གསུམ་ན་གནས་པ་ཇི་སྙེད་པ་བཀུག་ནས་དེ་ཡིས་བསྡུས་ནས་ཁྱེར་འོངས་ནས་དེ་མ་ཐག་ཏུ་ལྕེ་ལ་ཐིམ་པར་བསམ་མོ། །དེས་རྟེན་གྱི་མི་བཟད་དུག་ནི་བྱང་བ་སྟེ་
མེད་པར་བྱས་ནས་སོ། །དེ་བསྒྲུབ་བྱའི་དཔྲལ་བར་མཆེ་བས་ཕུག་ནས་ལྕེ་དེས་རེག་མ་ཐག་ཏུ་མི་འཆི་བའི་དོགས་པ་མེད་ཅེས་སོ། །གདུག་པའི་སྲོག་ཆགས་གཞན་ལ་ཡང་ཆོ་ག་དེས་བྱ་བར་གསུངས་པ། སྡིག་པ་ཞེས་པ་ལ་སོགས་པའོ། །སོགས་ཀྱི་སྒྲས་བསྡུས་པ་
སྲེ་མོ་དང་རྟ་གླང་ལ་སོགས་པའོ། །སྦྲུལ་རྣམས་སྣ་ཚོགས་པ་ལ་ཞེས་པ་ནི་ཆུ་སྦྲུལ་དང་། རླུང་སྦྲུལ་དང་། ཁ་དོག་ཐ་དད་པའི་སྦྲུལ་རྣམས་བསྡུའོ། །དེ་རྣམས་ཡང་གོང་དུ་གསུངས་པའི་སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཀྱིས། ཆོ་ག་བཞིན་དུ་རབ་ཏུ་བྱ། །ཞེས་ཏེ།
བྲི་བ་དང་། བསྐུལ་བ་དང་འཛིན་དུ་གཞུག་པ་ལ་སོགས་པ་བྱའོ། །ད་ནི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་དུག་བསལ་བའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ཇི་ལྟ་བུ་བཞིན་དུ་བྱས་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ལག་པ་གཡས་
པ་ཨོཾ་ལས་བྱུང་བའི་རྡོ་རྗེ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འོད་ཟེར་གྱི་ཚོགས་དང་ལྡན་པ་བསམས་ནས། དེའི་ལྟེ་བ་ལ་ཡང་ཨོཾ་འོད་ཟེར་དང་ལྡན་པ་བསམས་འོད་ཟེར་དེས་ཉེ་བའི་དུག་དང་། རྡོ་རྗེ་ལ་སོགས་པ་མི་བཟད་པའི་དུག་གིས་ཟིན་པའི་ལུས་ལས་དུག་ནག་པོ་དྲངས་ནས།
ནམ་མཁའི་དབྱིངས་རྡོ་རྗེ་དཀྱིལ་འཁོར་དུ་གཏོར་བར་བྱེད་ཅེས་སོ། །དེ་ནས་ནག་པོ་བྱུག་པའི་སར་འོད་ཟེར་དཀར་པོ་འཇུག་པས་ཞི་བར་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས་དུག་གསོ་བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པའི་རྣལ་འབྱོར་དང་

ལྡན་པས་བསྒྲུབ་བྱ་དུག་གིས་ཟིན་པའི་སྙིང་གར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ཧཱུཾ་དང་ལྡན་པ་འོད་ཀྱི་སྤྲིན་བཞིན་དུ་འབར་བ་འོད་ཟེར་དེ་ཡང་ཟླ་བའི་འོད་བཞིན་དུ་བསིལ་བར་བསམ་མོ། །དེའི་འོད་ཀྱིས་ལུས་ཁྱབ་པར་བྱས་ནས་དུག་ཐམས་ཅད་སྙིང་ག་དང་། ལྐོག་མ་དང་། དཔྲལ་
བ་དང་། མགོའི་གནས་བཞི་དག་ཏུ་བསྡུས་ནས་ལན་གསུམ་གྱི་བར་དུ་བསམས་ནས་ཀྱང་ཐམས་ཅད་སྙིང་གར་བསྡུས་ནས་ཁ་དོག་ནག་པོར་སྐྱུག་པའི་ཚུལ་དུ་བྱུང་བ་དག་ཏུ་བསམས་ནས། ནམ་མཁའི་ཁམས་གང་བའི་དུག་ཀྱང་མེད་པར་བྱེད་ན་བསྒྲུབ་བྱའི་ལུས་ལྟ་ཅི་
སྨོས་པའོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ཉེ་བའི་དུག་འབྱིན་པ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །དེ་ལས་གཞན་པའི་ཞེས་པ་ནི་རྡོ་དང་གཡན་པ་དང་། ཤ་བཀྲ་ལ་སོགས་པའོ། །བསམས་པ་ཙམ་གྱིས་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་
བྱས་པའི་སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ལག་པ་གཡས་པར་ཨཱཿལས་བྱུང་བའི་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟླ་བ་བཞིན་དུ་དྲི་མ་མེད་པར་དཀར་པོ་བསམས་ནས་དེའི་དབུས་སུ་འདུག་པ་ཨཱཿའོད་ཟེར་ལྔ་རྫོགས་པར་བསམ་མོ། །དེས་ཉེ་བའི་དུག་རྣམས་བྱ་བའོ། །
ཇི་ལྟ་ཞེ་ན་སྡུད་པ་ནི་དམ་ཚིག་གནག་ཅེས་ཏེ། འོད་ཟེར་གྱིས་སྡུད་པ་ན་དུག་དང་བཅས་པས་ནག་པོ་ཡིན་ལ། བསྐུལ་བ་ན་ནི་དཀར་པོ་མདོག་ཅེས་ཏེ་གཞན་དུ་སྤྲོ་བ་ན་དུག་སྤངས་པས་ན་དཀར་པོ་སྟེ། གང་དུ་དེ་ལྟར་ཤེས་པར་བྱའོ། །དེ་བས་དུག་དབྱུང་བའི་ཆོ་ག་འདི་ནི་
སངས་རྒྱས་དྲི་མེད་ཀྱི་བསམ་གཏན་གྱི་གནས་ནི་གསང་བའོ་ཞེས་སོ། །ད་ནི་དབྱུང་བའི་སྔགས་ཀྱིས་ནད་བསལ་བའི་ཆོ་ག་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ཕྱིའི་ནད་ནི་འབྱུང་བ་རིང་ཐུང་ལས་བྱུང་བའོ། །ནང་གི་ནད་ནི་ལས་ལས་སྐྱེས་པའོ། །དེ་གསོ་བ་
ནི་རྡོ་རྗེ་གསུམ་གྱི་སྙིང་པོའི་སྔགས་ཏེ་ཡི་གེའི་ཚིག་གོ། །ཡི་གེའི་ཚིག་ནི་གང་འདོད་པ་ཞེས་པ་ནི་ཛི་ན་ཛིཀ་ལ་སོགས་པར་རང་གིས་བླངས་པ་ནི་འདོད་པ་སྟེ། དེ་ལ་དད་པ་བསྐྱེད་ན་ཡོན་ཏན་ཐོབ་པས་དེའི་སྦྱོར་བས་དེ་འདྲ་བའི་གཟུགས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་

བསྒོམ་པར་བྱ་ཞེས་སོ། །དེ་ནས་ནད་པ་མདུན་དུ་བཞག་ལ། ནད་ཀྱི་རྡོ་རྗེ་བསྐུལ་བ་ཡིས། །ཞེས་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཨོཾ་ཨཱཿཛི་ན་ཛིཀ་ཆེ་གེ་མོའི་ནད་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་པས་བསྐུལ་བར་བྱའོ། །གཞན་རྣམས་ལ་ཡང་དེ་བཞིན་དུ་ཤེས་
པར་བྱའོ། །ནད་དེ་རྣམས་ཀྱང་སྤྲེའུ་དང་འདྲ་བའམ། ཁྱི་རྐང་གསུམ་པའམ། ཡི་དགས་གཅེར་བུའི་གཟུགས་སུ་བསྒྱུར་བའི་ལུས་དང་ངག་དང་སེམས་ལས་བྱུང་བར་བསམས་ལ་གཞི་དང་བྲལ་བའོ། །དེ་ནས་བདག་གི་ལག་ན་གནས་པའི་འཁོར་ལོའམ། རྡོ་རྗེ་ལ་སོགས་པས་
བཏགས་པར་བསྒོམས་ན་རྡོ་རྗེ་གོ་འཕང་སྟེ། རང་གི་ལྷའི་རྣལ་འབྱོར་ལ་གནས་པས། ལུས་དང་ངག་སེམས་ལས་མི་འདའ་བས་ན་དམ་ཚིག་སྟེ་ནད་ཀྱི་གཟུགས་སོ། །ཕྱག་མཚན་དེས་ཕྱེ་མར་བརླག་པར་བསྒོམ་ཞེས་སོ། །དེ་ལྟར་ལས་བྱས་ན་བདེ་བར་གཤེགས་པ་སྲས་དང་
བཅས་པས་བྱིན་གྱིས་རློབ་པར་གསུངས་པ། འོན་ཏང་ཞེས་པ་ལ་སོགས་པའོ། །ལུས་དང་ངག་སེམས་རྡོ་རྗེ་ལས། །ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཁ་དོག་ནག་པོར་བསམས་པའི་རྡོ་རྗེ་གསུམ་ལས་སངས་རྒྱས་སྤྲིན་དག་འཕྲོས་པར་བསམ་མོ། །དེ་ལྟ་བུ་རྡོ་རྗེ་རྒྱལ་
པོ་སྤྲིན་གྱིས་བསྒྲུབ་བྱ་དེའི་ནད་ལས་ཐར་པར་བསྒོམ་ཞེས་སོ། །ཇི་ལྟ་ཞེ་ན། ཕྱོགས་བཅུའི་སངས་རྒྱས་དང་རྡོ་རྗེ་སེམས་དཔའི་གཟུགས་འཕྲོས་པ་རྣམས་ཀྱང་ནད་དེ་ལ་ཁྲོས་པར་བསམས་ལ་དེ་རྣམས་ཀྱི་ལག་ན་གནས་པའི་མཚན་མས་ནད་བཅོམ་ནས་ནད་ཀྱི་གཟུགས་རྣམས་འཆི་བར་
བྱེད་པའོ། །དེ་ནས་ཡང་ཐམས་ཅད་ཁ་དོག་ནག་པོར་བསམས་ནས་འོད་ཟེར་དབབ་པ་དང་། དབང་བསྐུར་བ་ལ་སོགས་པས་ཞི་བར་བྱའོ། །དེ་བས་ན་བསམ་གཏན་གྱི་སྦྱོར་བ་དེས་ལས་ལས་སྐྱེས་པའི་ནད་མྱོང་བར་ངེས་པ་ཡང་ཉི་མ་བདུན་དུ་བརྒྱ་རྩ་བརྒྱད་ཐུན་བཞི་ལ་བཟླས་པས་འཇིག་
པར་འགྱུར་ཞེས་སོ། །རིན་ཆེན་འབྱུང་ལྡན་ལ་སོགས་པའི་རྣལ་འབྱོར་པས་ཀྱང་སྦྱོར་བ་དེ་ཁོ་ནས་བསལ་བ་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །བདག་གིས་སྔགས་རྒྱལ་གྱིས་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྔགས་རཏྣ་དྷྲྀཀ་ལ་སོགས་པས་ཀྱང་

ཞེས་པའོ། །རྡོ་རྗེ་བསམ་གཏན་ཆོ་གས་སོ། །ཞེས་པ་ནི་གོང་མ་ལྟར་མངོན་སྤྱོད་ཀྱི་ཆོ་གས་ནད་གཞོམ་པ་དང་ཞི་བས་ནད་གསོ་བ་ལ་སོགས་པ་བྱ་བའོ། །དེ་ལྟར་བྱས་ན་འདི་ནི་བསམ་གཏན་ཐམས་ཅད་དེ། ལྷ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་ཤིན་ཏུ་འདའ་
དཀའ་བའོ་ཞེས་སོ། །ད་ནི་བརྟན་པར་གྱུར་པའི་རྣལ་འབྱོར་པས་བར་མའི་སྐབས་སུ་འདོད་པའི་འབྲས་བུར་རྙེད་པའི་མཚན་མ་རྨི་ལམ་ལ་སོགས་པ་གྲུབ་པའི་མཚན་མ་བཀུག་ནས་སྒྲུབ་པ་པོ་ལ་སྣང་བར་མཛད་པས་ན་ཡེ་ཤེས་ཀྱི་འོད་ཆེན་པོའོ། །དེས་འདོད་ཆགས་ཀྱི་ལམ་གྱིས་འདོད་
པའི་འབྲས་བུ་རྙེད་པས་ན་འདོད་དང་ཐར་པ་རྡོ་རྗེ་ཆེའོ། །ཆོས་རྣམས་རྨི་ལམ་ལྟ་བུ་ནི། །ཞེས་པ་ནི་ཆོས་ཐམས་ཅད་རྨི་ལམ་ལྟར་མངོན་སུམ་བཞིན་དུ་སྣང་བར་བྱེད་པའོ། །སྣང་བ་དེ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ། གཉེན་པོ་སྐྱེས་ནས་མ་ཡིན་པའོ། །དེ་བས་རྨི་ལམ་ལྟ་བུར་
སྣང་བས་ན་ངོ་བོ་ཉིད་ཀྱིས་དག་པ་སྟེ། དེའི་ངང་ལས་ཀུན་རྫོབ་ཏུ་རྨི་ལམ་ལ་སོགས་པའི་མཚན་མ་འཁྲུལ་པའི་རྡོ་རྗེ་སྟེ། དེ་རབ་ཏུ་གསུངས་ཞེས་སོ། །སྒྲུབ་པ་པོ་གང་གིས་མཐོང་ཞེ་ན། བསམ་གཏན་ཞེས་པ་ལ་སོགས་པའོ། །དེ་ཡང་བསམ་གཏན་གྱི་བཟླས་པ་ནི། རྡོ་རྗེ་
བཟླས་པ་སྟེ། ཉིན་མཚན་དུ་སྒྲུབ་པ་པོ་སྟེ། གཉིས་པས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གཉིད་ཀྱི་སྐབས་སུ་ཕལ་ཆེར་རྟག་ཏུ་མཐོང་ཞེས་ཏེ། ཡིད་ལ་བྱེད་པའི་བག་ཆགས་ཀྱི་མཚན་མ་དགར་བའོ། །ཡང་དག་པ་ནི་ཡང་དང་ཡང་དུ་འབྱུང་བའི་ཕྱིར་རོ། །དེ་
ཉིད་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །རྨི་ལམ་དམ་ཚིག་ཆེན་པོའི་ཚིག །ཅེས་པ་ནི་མངོན་པར་འདོད་པའི་འབྲས་བུ་རྙེད་པའི་མཚན་མའོ། །ཐ་དད་ཉིད་དུ་སྣང་ཞེས་པ་ནི་ཆ་མ་འདྲེས་པ་སྣང་བའོ། །རྨི་ལམ་ན་བྱང་ཆུབ་ཡེ་ཤེས་ཏེ། ཆོས་ཀྱི་སྐུ་བདག་ཉིད་ཀྱིས་
ཐོབ་ནས་སངས་རྒྱས་ཐམས་ཅད་དང་མཐུ་མཚུངས་པར་མཐོང་བ་དང་། རྨི་ལམ་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པར་བདག་མཐོང་ནས་དེ་ལ་སེམས་དཔའ་ཆེན་པོ་ཁམས་གསུམ་གྱི་བདག་པོ་ལྟ་བུས་མཆོད་པ་བྱེད་པར་མཐོང་བ་དང་། རྨི་ལམ་ན་ཡེ་ཤེས་

ཀྱི་འོད་ཟེར་ཏེ། དེ་ལ་སྤྲུལ་པའི་རིགས་ལྔའི་སངས་རྒྱས་དང་། དེའི་རིགས་ཀྱི་བྱང་ཆུབ་སེམས་དཔས་འདོད་པའི་ཡོན་ཏན་ལྔས་བདག་ལ་མཆོད་པ་བྱས་པ་མཐོང་བ་དང་། རྨི་ལམ་ན་རྡོ་རྗེ་སེམས་དཔའ་འམ་གྲགས་ཆེན་རྡོ་རྗེ་མཆོག་སྟེ། མི་བསྐྱོད་པ་ལ་སོགས་
པ་རང་གི་གཟུགས་མཐོང་བ་དང་། གྲགས་ཆེན་རྡོ་རྗེ་གསང་བ་སྟེ། ཁྲོ་བོ་རྣམས་ཀྱི་གཟུགས་སུ་མཐོང་བ་དང་། རྨི་ལམ་ན་བྱང་ཆུབ་སེམས་དཔའ་འཁོར་ལོ་ཅན་ནི་སྤྱན་མ་ལ་སོགས་པ་སྟེ། དེ་རྣམས་དང་རྟག་པ་ལ་སོགས་པའི་སངས་རྒྱས་ཆེན་པོ་ཕྱག་འཚལ་བར་མཐོང་ནས་ལུས་
ངག་སེམས་ཀྱི་མཐུ་ལས་བསྐྱེད་པའི་དངོས་གྲུབ་རྡོ་རྗེ་གསུམ་འགྲུབ་པར་འགྱུར་རོ་ཞེས་པའོ། །གཞན་ཡང་རྨི་ལམ་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལྷའི་བུ་མོ་ཡིད་དུ་འོང་བ་དང་དེ་བཞིན་དུ་མིའི་ཁྱེའུ་དང་བུ་མོ་རྒྱན་དང་ལྡན་པ་མཐོང་ན་ཐུན་མོང་གི་དངོས་གྲུབ་གང་ཡང་རུང་བ་ཐོབ་
པར་གྱུར་པའི་མཚན་མའོ། །རྨི་ལམ་ན་ཕྱོགས་བཅུའི་སངས་རྒྱས་རང་རང་གི་ཞིང་ནི་གནས་པ་མཐོང་སྟེ། དེ་རྣམས་ཀྱང་བདག་ལ་ཐུགས་དགྱེས་པར་གྱུར་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་ཡིད་དུ་འོང་བ་ལ་སོགས་པ་མཐོང་བ་དང་། རྨི་ལམ་ན་སྤྲུལ་པའི་སྐུ་ཆོས་ཀྱི་འཁོར་ལོ་
ལན་བཅུ་གཉིས་ལ་སོགས་པའི་ཚུལ་དུ་བསྐོར་བ། ལྷ་དང་ཀླུ་དང་། གནོད་སྦྱིན་ལ་སོགས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་བསྐོར་བ་དེ་བསམ་གཏན་རྡོ་རྗེ་ལ་གནས་པ་དམ་ཚིག་སྔོན་དུ་འགྲོ་བས་མཐོང་བར་འགྱུར་ཞེས་ཏེ། གཞན་གྱིས་ནི་མ་ཡིན་ནོ། །གཞན་ཡང་རྨི་
ལམ་ན་སྣ་ཚོགས་ཀྱི་ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་གོང་མ་ལྟར་ལྷའི་བུ་མོ་ལ་སོགས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་བསམ་གཏན་དང་དམ་ཚིག་ཅན་གྱིས་མཐོང་སྟེ་ཐུན་མོང་གི་མཚན་མའོ། །རྨི་ལམ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་བདག་
ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་མཐོང་ན། སྐུའི་རིག་འཛིན་ལ་སོགས་པས་གཡག་རྔ་དཀར་པོ་གཡོབ་པ་ལ་སོགས་པའི་མཆོད་པ་བྱས་པར་མཐོང་ངོ་། །རྨི་ལམ་དེ་རྣམས་ནི་རྡོ་རྗེ་ལས་བྱུང་བ་སྟེ། དེའི་བྱིན་གྱིས་བརླབས་སོ། །མང་པོར་སྣང་བས་སྣ་

ཚོགས་པའོ། །ཡིད་ལ་བྱེད་པ་དང་ལོག་འདྲེན་ལ་སོགས་པས་བྱིན་གྱིས་བརླབས་པ་ལྟ་བུ་མ་ཡིན་པས་ན་དྲི་མ་མེད་པ་སྟེ། དེ་སྒྲུབ་པ་པོས་མཐོང་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པ་སྟེ་སྐུ་གསུམ་མོ། །དེ་ཉིད་བླ་ན་མེད་པ་སྟེ་འགྲུབ་པའོ། །གཞན་ཡང་རྨི་ལམ་ན་གདོལ་པའི་བུ་མོ་འམ་
ཁྱི་འམ། རྟ་རྒོད་མ་ལ་སོགས་པ་ལ་སྦྱོར་བར་རྡོ་རྗེ་འཛིན་པས་ཏེ་རྣལ་འབྱོར་པས་མཐོང་ན་རྡོ་རྗེ་སེམས་དཔས་སེམས་ཀྱི་གནས་ན་ཆོས་ཀྱི་སྐུ་སྟེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེ་འགྲུབ་པར་འགྱུར་ཞེས་པའོ། །དེ་ལྟར་རྨི་ལམ་གྱི་མཚན་མ་བསྟན་ནས། ད་ནི་
མཚན་མ་དེ་ལ་མངོན་པར་ཞེན་པ་བསལ་བར་བྱ་བའི་ཕྱིར་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །རྨི་ལམ་རྣམ་པར་དཔྱོད་པ་ཞེས་པ་ནི་རང་བཞིན་མེད་པ་སྟེ་གཏན་ལ་འབེབས་པའི་ཡེ་ཤེས་སོ། །འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་གི་སྙིང་པོའོ། །རང་གི་
སེམས་ནི་བརྟགས་པ་ལ། །ཞེས་པ་ནི་རང་གི་ཀུན་གཞི་ལ་སོགས་པའི་སེམས་ཇི་ལྟར་སྣང་བ་བརྟགས་པ་ལ་ཞེས་སོ། །ཆོས་རྣམས་ཐམས་ཅད་རབ་ཏུ་གནས། །ཞེས་ཏེ་དེ་ཁོ་ན་ཁམས་གསུམ་འདུས་མ་བྱས་དང་བཅས་པར་གནས་པ་སྟེ། གཟུང་བ་དང་འཛིན་པ་མེད་
པའི་ཕྱིར་རོ། །ས་བཅུ་པའི་མདོ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །གང་གཟུགས་ལ་སོགས་པར་སྣང་བ་ནི་རབ་རིབ་ཅན་གྱི་ཟླ་བ་དང་། སྐྲ་ལ་སོགས་པ་ལྟ་བུ་སྟེ། སྒྲོ་བཏགས་པའི་དོན་གྱི་
རྣམ་པ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ནི་སེམས་སུ་མི་བརྫུན་པ་ཙམ་དུ་ཡོད་པའོ། །ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སོ། །དེ་བས་ན་གཉིས་པོས་སྟོང་པའི་ནམ་མཁའ་ལྟ་བུ་ལ་
ཆོས་ཐམས་ཅད་གནས་པར་འགྱུར་བར་གསུངས་པ་ནི། ནམ་མཁའ་རྡོ་རྗེ་ལ་གནས་སེམས། །ཞེས་སོ། །དེ་བས་ན་ཀུན་དུ་བརྟགས་པའི་བདག་ཉིད་ཅན་གྱི་ཆོས་མེད་པས་ན་དེའི་ཆོས་ཉིད་ཀྱང་མེད་པའོ་ཞེས་རྣམ་པར་དཔྱད་པའོ། །ད་ནི་དེ་དག་གསན་པས་བདེ་བར་

གཤེགས་པ་ཀུན་ངོ་མཚར་ཐོབ་ཅིང་ཞུས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྨི་ལམ་གྱི་མཚན་མ་ཐོབ་པའི་ངོ་མཚར་དུ་གྱུར་པ། དེའི་འབྲས་བུ་ལ་རྨད་དུ་གྱུར་ནས་སོ། །ཤེས་རབ་མཆོག་ཏུ་གྱུར་པ་ཐོབ་པས་དྲིས་པ་ཀུན་ལུང་སྟོན་པར་
ནུས་པས་ན་ཐེ་ཚོམ་གཅོད་པའོ། །འདི་ཅི་ལགས་ཞེས་སྨྲས་པའོ། །ཆོས་རྣམས་ངོ་བོ་མེད་པ་ལ། །ཞེས་པ་ནི་བརྡ་ལ་སོགས་པའི་ཚུལ་གྱིས་བརྟགས་པའི་ངོ་བོ་དང་བྲལ་བ་ལ་ཞེས་པའོ། །ཆོས་ཀྱི་དེ་ཉིད་ཀུན་བཤད་པ། །ཞེས་པ་ནི་ཟབ་མོ་དང་ཡང་དག་པར་གསལ་བའི་
ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཤད་པ་འདི་ནི་ཨེ་མའོ་ངོ་མཚར་ལས་བྱུང་བའོ་ཞེས་སོ། །དེ་བས་ན། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་ཏེ། གང་དེ་ལ་བློ་འཇོག་པ་རྣམས་ཀྱིས་ངོ་བོ་ཉིད་མེད་པའི་ནམ་མཁའ་ལྟ་བུ་ལ་དམིགས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟ་བུ་
སྦྱར་ནས་བསྒོམ་པའོ། །ཇི་སྐད་དུ། འཕགས་པ་བྱམས་པས་ཀྱང་། འདི་ཡི་བརྟག་པ་དགག་པ་སྟེ། །རང་གི་ངོ་བོ་བཟློག་པ་མིན། །ཞེས་གསུངས་པ་ཡིན་ནོ། །ད་ནི་དེའི་ལན་ལེའུ་གཉིས་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཡང་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་བོས་པ་སྟེ། རྣམ་གྲངས་དང་གནས་སྐབས་སུ་ཤེས་པར་བྱའོ། །ནམ་མཁའ་ནི་ཆོས་གང་དང་ཡང་མ་བྲལ་བ་སྟེ་ཞེས་པ་ནི་ཆོས་གང་བེམས་པོ་ལ་སོགས་པའི་ཚུལ་གྱིས་སྣང་བ་ཡང་ནམ་མཁའ་དང་ཡེ་ཤེས་
གཅིག་པས་ནའོ། །ནམ་མཁའ་དེ་ཆོས་ཐམས་ཅད་དང་བྲལ་བ་ཞེས་པ་ནི་བརྟག་པའི་བདག་ཉིད་ཅན་གྱི་ཆོས་ནམ་མཁའ་ལ་མེད་པའོ། །ནམ་མཁའ་སྟེང་ནི་ཆོས་ཐམས་ཅད་ཅེས་པ་ལ་སོགས་པའོ། །གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པས་ན་མི་
སེམས་པའོ། །དེ་བཞིན་དུ་ཞེས་པ་ཉེ་བར་འགྲོ་བའོ། །རྨི་ལམ་ལྟ་བུ་ཞེས་པ་ནི་འདོད་པའི་འབྲས་བུ་རྙེད་པའི་མཚན་མའོ། །རྨི་ལམ་འདྲ་བ་ལས་བྱུང་བ་ནི་དངོས་གྲུབ་ཆེན་པོ་ལ་སོགས་པ་སྟེ། ནམ་མཁའ་ལྟར་རིག་པར་བྱའོ་ཞེས་པའོ། །འདི་ལྟ་སྟེ་ཞེས་པ་ནི་བློ་ལ་

ཉེ་བར་དགོད་པའོ། །དཔེར་ན་ཞེས་པ་ནི་དོན་ཉིད་དཔེར་བྱས་པའོ། །ནམ་མཁའ་ལ་བརྟག་ཏུ་མེད་ཅེས་པ་ནི་དེ་མིག་ལ་སོགས་པའི་ངོ་བོ་དང་བྲལ་ནས་དེ་སྐད་དོ། །བལྟར་མི་སྣང་བ་ཞེས་པ་ནི་གཟུགས་ལ་སོགས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་པ་ནི་ངེས་
པར་སོང་བའོ། །ཆོས་ཐམས་ཅད་ཀྱང་ཞེས་པ་ནི་རྒྱུ་བ་དང་གནས་པ་ཐམས་ཅད་དོ། །དེ་བཞིན་དུ་རིག་པར་བྱའོ་ཞེས་པ་ནི་གཟུང་བ་དང་འཛིན་པ་དང་བྲལ་བར་རིག་པར་བྱས་པས་ན་ནམ་མཁའ་ལྟ་བུའོ། །ནམ་མཁའ་ལྟ་བུའི་ཆོས་དེ་ཡང་ངོ་བོ་ཉིད་གཅིག་པས་ཉི་ཚེ་བ་མ་
ཡིན་པར་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །ལུས་ཞེས་པ་ནི་གཟུགས་ཅན་ཐམས་ཅད་དོ། །ངག་ཅེས་པ་ནི་སྒྲ་ཇི་སྙེད་པའོ། །སེམས་ཞེས་པ་ནི་བསམ་རྟོག་ཇི་སྙེད་པའོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་པ་ནི་དེས་ཆོས་ཐམས་
ཅད་བསྡུས་པའི་ཕྱིར་རོ། །དེ་ཡང་ངོ་བོ་ཉིད་གཅིག་པ་སྟེ། གོང་དུ་གཅིག་ཅེ་ན། སེམས་ཀྱི་ངོ་བོ་ཉིད་དོ་ཞེས་ཏེ། ཐམས་ཅད་ཀྱང་དེའི་རང་བཞིན་པའི་ཕྱིར་རོ། །དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། ཕྱི་རོལ་དོན་རྣམས་ཡོད་པ་མིན། །སྣ་ཚོགས་སྣང་བ་
སེམས་ཡིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ཙམ་དུ་ནི་ངས་བཤད་དོ། །ནམ་མཁའ་ས་རླུང་ཉི་མ་དང་། །ཕྱོགས་དང་འབབ་ཆུ་རྒྱ་མཚོ་རྣམས། །ནང་གི་ཡང་དག་བྱེད་པ་ཡི། །ཆ་ཡིན་ཕྱི་རོལ་འདྲ་བར་གནས། །ཀུན་གཞི་ཀུན་དུ་ལག་པ་
དང་། །ཀུན་གཞི་ཁ་མིག་མགོ་བོ་ཡིན། །ཇི་ལྟར་འོ་མ་གྱུར་པ་ལ། །ཡོན་ཏན་ཞོ་དང་དར་བར་སྣང་། །དེ་བཞིན་ཀུན་གཞིའི་རྣམས་ཤེས་ཀྱང་། །རྣམ་པར་གྱུར་ནས་གཟུགས་ལྟར་གནས། །ཞེས་གསུངས་སོ། །སེམས་ཙམ་དེ་ཉིད་ཀྱང་དེ་བཞིན་ཉིད་དང་འབྲེལ་
པར་བསྟན་པའི་ཕྱིར། ལུས་དང་ངག་དང་སེམས་ཞེས་པ་ལ་སོགས་པའོ། །གཉིས་སུ་མེད་དོ་ཞེས་པ་ནི་མཐའ་གཉིས་དགག་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་ལུས་དང་ངག་དང་ཡིད་དང་ལྡན་པའོ། །ནམ་མཁའི་ཁམས་ལ་གནས་ཏེ་ཞེས་པ་

ནི་དེ་བཞིན་ཉིད་ལ་རྣམ་པར་གནས་པ་སྟེ་དེའི་རང་བཞིན་ཡིན་ན་ཞེས་པའོ། །དེ་ཉི་ཚེ་བ་མ་ཡིན་པས་ན་ནམ་མཁའི་ཁམས་དེ་ཡང་ཞེས་པ་ལ་སོགས་པས་གདན་ཡང་མི་གནས་པར་མཉམ་པ་ཉིད་བསྟན་པའོ། །མཉམ་པ་ཉིད་དེ་ཉིད་སྐྱེ་བ་མེད་དོ་ཞེས་ཏེ། ཀུན་དུ་
བརྟགས་པའི་བདག་ཉིད་ཅན་སྐྱེ་བ་མེད་པ་སྟེ། སྐྱེ་བ་ཡང་གཉིས་སུ་མེད་པའི་ཚུལ་གྱིས་འབྱུང་བ་ཁོ་ནའོ། །དེ་བས་ན་སེམས་སུ་གཏོགས་པ་ཐམས་ཅད་ནི་ངོ་བོ་ཉིད་མེད་པའོ་ཞེས་ཏེ། ངོ་བོ་ཉིད་གཟུང་བ་དང་འཛིན་པ་བརྟགས་པའི་ཚུལ་དེ་དང་བྲལ་བའོ། །དེ་ཡང་། གཟུང་དང་
འཛིན་པའི་རྣམ་པ་ནི། ཕྱི་ཡི་མཚན་ཉིད་ཡོད་པ་མིན། །དེ་བས་མཚན་ཉིད་ཡོད་པའི་ཕྱིར། །དངོས་པོ་རྣམ་པར་བཤད་པ་ཡིན། །ཞེས་སོ། །ངོ་བོ་ཉིད་མེད་དོ་ཞེས་སྨོས་པ་ནི། དངོས་པོར་འཛིན་པ་བཟློག་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཡོད་པ་མ་
ཡིན་ནོ། །ཇི་སྐད་དུ། བདག་ཏུ་ལྟ་བ་དོན་གཉེར་དང་། །དེ་ལ་ཞེན་པ་དགག་དོན་དུ། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །སྟོང་པ་འབའ་ཞིག་ཐབས་ཡིན་ན། །སངས་རྒྱས་ཉིད་དུ་མི་འགྱུར་རོ། །ཞེས་སོ། །ངོ་བོ་ཉིད་མེད་པའི་ཆོས་དེ་བྱང་ཆུབ་ཀྱི་སེམས་ཡིན་པར་
གསུངས་པ། ཀྱེ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་ནི་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་འབྱུང་བར་བྱེད་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །
བྱང་ཆུབ་སེམས་དེ་ཞེས་པ་ལ་སོགས་པ་ཡང་གོང་མ་ལྟར་བཤད་དོ། །རྨི་ལམ་དེ་ནི་ཞེས་པ་ལ་སོགས་པ་ནི་རྨི་ལམ་དང་གཉིད་མ་ལོག་པའི་གནས་སྐབས་མཚུངས་པར་བསྟན་པ་ཡིན་ནོ། །ཁམས་གསུམ་གྱི་བྱ་བ་དེ་རྣམས་ཞེས་པ་ནི་ལས་སྣ་ཚོགས་པ་ལས་
འབྲས་བུ་སྣ་ཚོགས་པར་སྣང་བའོ། །དེ་ཡང་དུས་གསུམ་སྣང་བ་ཇི་སྙེད་གོ་རིམས་བཞིན་དུ་རྨི་ལམ་ལྟར་རིག་པར་བྱའོ་ཞེས་སོ། །རྨི་ལམ་དག་བདག་མེད་པའི་གནས་སུ་ཞེས་པ་ནི་སྣང་བ་ལ་ངོ་བོ་ཉིད་མེད་པ་སྟེ། དེ་བཞིན་དུ་རིག་པར་བྱའོ། །འོ་ན་ངོ་བོ་ཉིད་མེད་

པས་སེམས་ཅན་གྱི་དོན་ཇི་ལྟར་མཛད་ཅེ་ན། མི་རྟོག་བཞིན་དུ་མཛད་པའི་དཔེ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །རིན་པོ་ཆེ་ཐམས་ཅད་ཅེས་པ་ནི་ཨིནྡྲ་ནཱི་ལ་ལ་སོགས་པའོ། །དེའི་གཙོ་བོ་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའོ་ཞེས་སོ། །
ཡོན་ཏན་གང་ཞེ་ན། རིན་པོ་ཆེ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་གསུངས་སོ། །སེམས་ལ་གནས་ཀྱི་ཞེས་པ་ནི་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བའི་ཕྱིར་རོ། །ཡིད་བཞིན་གྱི་ནོར་བུ་ལ་ནི་མ་ཡིན་ནོ་ཞེས་པ་ནི་རྟག་ཏུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་
པ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་པ་ནི་སྟོབས་བཅུ་ལ་སོགས་པའོ། །རྗེས་སུ་རིག་པར་བྱའོ་ཞེས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་ཡང་ཇི་ལྟར་བཏགས་པ་དེ་ལྟར་སྣང་བས་ནའོ། །དེ་ལ་བདེ་བར་གཤེགས་པ་
རྣམས་ངོ་མཚར་ཆེ་བ་གསུངས་པ། དེ་ལས་ཞེས་པ་ལ་སོགས་པ་ནམ་མཁའི་རྗེས་སུ་འབྲང་བའི་ཆོས་རྣམས་ལ་ཞེས་པ་ནི་ནམ་མཁའ་ཁྱབ་པའི་ལུས་ལ་སོགས་པ་ལའོ། །སངས་རྒྱས་ཀྱི་ཆོས་རྣམས་ཞེས་པ་ནི་སྐུ་ལ་སོགས་པའི་བཀོད་པའོ། །རྗེས་སུ་འབྲང་བ་ཞེས་པ་ནི་མངོན་
པར་འཕེལ་བར་གྱུར་པ་སྟེ་ངོ་མཚར་ཏོ་ཞེས་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་འབྱུང་བར་བསྟན་ནས། སྔགས་ཀྱི་དངོས་གྲུབ་འབྱུང་བ་གསུངས་པ། དེས་ན་སངས་རྒྱས་དང་ཞེས་པ་ལ་སོགས་པའོ། །སྔགས་ཐམས་ཅད་ཀྱི་དངོས་གྲུབ་ནི་ཐུན་མོང་
དང་ཕྱག་རྒྱ་ཆེན་པོའོ། །དེ་གང་ལ་གནས་ཞེས་ཞུས་པའོ། །ལན་གསུངས་པ། དེ་ནས་ཕྱག་ན་རྡོ་རྗེ་ཞེས་པ་ལ་སོགས་པའོ། །ལེགས་སོ་ཞེས་པ་ནི་དྲི་བའི་སྐབས་ཡིན་པར་མཁྱེན་པའོ། །དངོས་གྲུབ་ཐམས་ཅད་ནི་གོང་མའོ། །སྔགས་ཐམས་ཅད་ནི་བདེ་བར་
གཤེགས་པ་རྣམས་སོ། །སྐུ་དང་གསུང་དང་ཐུགས་ལ་དམིགས་སོ་ཞེས་པ་ནི་དེའི་ངོ་བོ་ཉིད་ཡིན་པས་རྟག་ཏུ་མི་སྣང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཞུས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་སོ། །བདག་གི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ་ཞེས་

པ་ནི་སྒོ་གསུམ་ལས་འཕེལ་བར་འགྱུར་བའི་ཕྱིར་རོ། །དེའི་ངོ་བོ་ཡང་མཉམ་པ་ཉིད་དུ་བསྟན་པ་ཡིན་པའི་ཕྱིར་ན་ལུས་དང་ཞེས་པ་ལ་སོགས་པ་སྨོས་སོ། །གཅིག་ལ་གཅིག་མི་གནས་པར་གསུངས་པ། སེམས་དེ་ཡང་ཞེས་པ་ལ་སོགས་པའོ། །
ཡང་དྲིས་པ། དེ་ཅིའི་ཕྱིར་ཞེ་ན་ཞེས་སོ། །ལན་དུ་ནམ་མཁའ་ནི་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་ཏེ་སྒོ་གསུམ་ཡང་སེམས་ཀྱི་ངོ་བོ་སྟེ། དེ་ཉིད་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ནི་ཕྱོགས་གཅིག་པ་དགག་པ་སྟེ་རྣམ་པར་ཁྱབ་པའོ། །དེ་ཉིད་བསྟན་པའི་ཕྱིར་ཞུས་
པ། དེ་ནས་ཞེས་པ་ལ་སོགས་པའོ། །ལན་གསུངས་པ་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་སོ་ཞེས་པ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལུས་ངག་དང་སེམས་ལས་བྱུང་ངོ་ཞེས་པ་ནི་དེ་རྣམས་སྦྱངས་པ་ལ་གནས་
པའི་ངོ་བོ་རྟོགས་པ་སྟེ། དེ་ཉིད་ཀྱང་སེམས་སོ་ཞེས་གྲུབ་པའི་མཐའོ། །སེམས་གང་ན་གནས་ཞེས་ཞུས་པའོ། །ལན་གསུངས་པ། ནམ་མཁའ་ལ་གནས་སོ་ཞེས་དེ་བཞིན་ཉིད་ལ་གནས་པ་བསྟན་ཏོ། །ནམ་མཁའ་གང་དུ་གནས་ཞེས་ཞུས་པའོ། །ལན་གསུངས་
པ། གང་ན་ཡང་མི་གནས་སོ་ཞེས་པ་ནི་དམིགས་སུ་མེད་པར་གྱུར་མ་ཐག་ཏུ་རྟེན་དང་བརྟེན་པ་པོར་དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ངོ་མཚར་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ལའོ། །རྨད་དུ་གྱུར་པའི་ཆོས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ལའོ། །
རང་གི་སེམས་ཀྱི་ཆོས་ཉིད་ཅེས་པ་ནི་སྟོང་པ་ཉིད་དེ་གཟུང་བ་ལ་སོགས་པའི་བདག་དང་བྲལ་བའོ། །འཕགས་པ་བྱམས་པས་ཀྱང་། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་བཤད་པ་ལྟ་བུའོ། །དེ་ལ་གནས་པ་ནི་དེར་རོ་གཅིག་པའོ། །
དེ་ལྟ་བུའི་སེམས་པ་ལ་སྨྲ་བརྗོད་དང་བྲལ་བའི་ཕྱིར་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ་ཞེས་སོ། །དེ་རྣམས་རང་བཞིན་མེད་པ་ལས་མི་འདའ་བའི་ཕྱིར་སེམས་ཀྱི་དམ་ཚིག་གོ། །དེ་ཉིད་རྡོ་རྗེ་གསུམ་གྱི་ངོ་བོ་བས་ན་གསང་བའི་རྡོ་རྗེ་སྟེ། དེ་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་འབྱུང་

བའི་ཕྱིར་རོ། །དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་སྟེ་བཅོ་ལྔ་པའོ། །ལེའུ་བཅོ་ལྔ་པའི་འགྲེལ་པའོ།། །།བདག་ཉིད་དངོས་གྲུབ་བསྒྲུབ་པ་དང་སློབ་མ་དབང་བསྐུར་བའི་དོན་དུ། རི་མོ་བྲི་བའི་ཕྱིར་ལེའུ་བཅུ་དྲུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཡང་
འདུས་ནས་ཞེས་པ་ནི་ལེའུ་བཞི་པར་གསུངས་པའི་རིམ་པའོ། །རྡོ་རྗེའི་ཚིག་གིས་ཞེས་པ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བ་བཏབ་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྟག་པ་ལ་སོགས་པའོ། །དེའི་རྡོ་རྗེ་རིན་ཆེན་གྱི་
མཆོད་པའི་ཚོགས་ནི་ལྷ་མོ་བཅུ་ལ་སོགས་པའོ། །མཆོད་པ་བྱས་སོ་ཞེས་པ་ནི་རང་རང་གི་ས་བོན་ལས་སྤྲོས་པ་མང་དུ་བཀང་བས་ན་མཆོད་པའོ། །དེ་ནས་སྐུའི་དཀྱིལ་འཁོར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །
དེའི་དཀྱིལ་འཁོར་ནི་སྐུའི་དཀྱིལ་འཁོར་རོ། །དེ་ཉིད་ཉོན་མོངས་པའི་རི་དགས་འཇོམས་པ་ལས་མི་འདའ་བས་ན་སེང་གེ་དམ་ཚིག་གོ། །དེའི་སྔགས་པ་མཛེས་པར་བྱེད་པས་ན་རྒྱལ་པོའོ། །ཐུགས་རྗེའི་རླན་དང་ལྡན་པས་ན་སྤྲིན་ནོ། །དེ་བཞིན་གཤེགས་པ་མང་པོ་འདུས་
པས་ན་བཀོད་པའོ། །དབྱེར་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལྟ་བུའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེས་འཁོར་ལོས་སྒྱུར་བས་ན་འཁོར་ལོ་དེ་ཕྱུང་ངོ་
ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་པ་ལ་སོགས་པས་སྐུའི་དཀྱིལ་འཁོར་བཤད་པ། ཐུགས་ཀྱི་དཀྱིལ་འཁོར་ནི་རང་བཞིན་གྱི་དཀྱིལ་འཁོར་ཏེ་དེ་དང་རབ་ཏུ་འདྲའོ། །སྐུའི་དཀྱིལ་འཁོར་གཞན་དང་ཐུན་མོང་མ་ཡིན་པས་ན་དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་གོ། །དེ་
ལེགས་པར་རབ་ཏུ་བཤད་པར་བྱ། །ཞེས་བཤད་པར་ཞལ་གྱིས་བཞེས་པའོ། །སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྣམ་པར་དག་པས་ཁྲུ་ནི་བཅུ་དྲུག་ཚད་དུ་བྱས་ཏེ། མདོར་ན་ངེས་པ་མེད་པའོ། །གྲུ་བཞི་ཞེས་པ་ནི་མཚོན་པ་ཙམ་སྟེ།

སྒོ་བཞི་དང་རྟ་བབས་བཞི་ལ་སོགས་པས་རབ་ཏུ་མཛེས་པའོ། །དཀྱིལ་འཁོར་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་གནས་པས་ན་སངས་རྒྱས་ཐམས་ཅད་དཀྱིལ་འཁོར་ཏེ། སངས་རྒྱས་གང་ཡིན་ཞེ་ན། སྐུ་ཡི་རྡོ་རྗེ་རབ་ཏུ་གནས། །ཞེས་སོ། །དེའི་
ནང་དུ་ཞེས་པ་ནི་ཆ་བརྒྱད་པའི་གྲུ་བཞི་པའོ། །འཁོར་ལོ་ནི་ཞེས་པ་ནི་དེའི་ཕྱེད་ཀྱི་འཁོར་ལོའི་ཕྲེང་བའི་ཟླུམ་པོ་ཀ་བ་བརྒྱད་ཀྱི་སྟེང་ན་བསྐོར་བའོ། །རྡོ་རྗེའི་ཆོ་གས་བྲི་བར་བྱ། །ཞེས་པ་ནི་འཛབ་བཟླས་པ་ལ་སོགས་པ་དབྱེར་མི་ཕྱེད་པའི་ཆོ་ག་རྫོགས་པས་སོ། །ཕྱག་རྒྱ་
དགོད་པའི་ཆོ་ག་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་ཕྱག་ན་རྡོ་རྗེ་དགོད་པ་སྟེ། དེའི་གནས་སུ་བྱ་ཞེས་སོ། །གང་བྱ་ཞེ་ན། དབུས་སུ་རྣམ་པར་སྣང་མཛད་བྲི་བར་བྱ། །ཞེས་པ་ནི་དབུས་སུ་ཟླ་བའི་
གདན་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་བྲི་བར་བྱའོ། །མི་བསྐྱོད་པ་ཞེས་པ་ནི་ཤར་དུ་ཉི་མའི་གདན་ལ་རྡོ་རྗེ་སྲིན་པོ་བྲིའོ། །ཡང་ཞེས་པའི་སྒྲས་ལྷོ་ལ་སོགས་པའི་གནས་སུ་ཉི་མའི་གདན་ལ་རིན་པོ་ཆེ་ལ་སོགས་པ་བྲི་བར་བྱ་ཞེས་སོ། །སྐུ་ནི་སྤྱན་མའོ། །གསུང་ནི་གོས་
དཀར་མོའོ། །ཐུགས་ནི་མཱ་མ་ཀཱིའོ། །རྡོ་རྗེ་མཆོག་ནི་སྒྲོལ་མའོ། །གྲྭ་རྣམས་ཀུན་དུ་དགོད་པར་བྱ། །ཞེས་པ་ནི་ནང་གི་མེ་མཚམས་ལ་སོགས་པ་བཞིར་ཟླ་བའི་གདན་ལ་སྤྱན་མ་ལ་སོགས་པ་བཞི་དགོད་པར་བྱའོ། །སྟོབས་ཆེན་ཞེས་པ་ནི་ལྷ་ཆེན་པོ་ལས་ཁྱད་པར་
དུ་གྱུར་པའོ། །ཕ་རོལ་གནོན་པའི་ཞེས་པ་ནི་འཆི་བདག་གི་བདུད་ལ་སོགས་པ་གནོན་པར་བྱེད་པའོ། །ཁྲོ་བོ་རྣམས་ཀྱང་སྒོར་བྲིའོ། །ཞེས་པ་ནི་སྒོ་བཞིར་ཉི་མའི་གདན་ལ་གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་ཐོ་བ་ལ་སོགས་པ་བྲི་བར་བྱའོ། །རྡོ་རྗེ་གསང་
བ་ནི་ཡི་གེ་གསུམ་མོ། །དེ་ལས་བྱུང་བ་ནི་མཆོད་པ་སྟེ། མཆོད་པའི་རང་བཞིན་གྱི་ལྷ་མོ་དྲུག་གོ། །དེ་སྔགས་ཤེས་པ་ཡིས་ཕྱིའི་མེ་མཚམས་ལ་སོགས་པའི་གྲྭ་བཞི་དང་འཇུག་པའི་སྒོའི་གཡས་གཡོན་དུ་མེ་ལོང་ལ་སོགས་པའི་མཚན་མ་དགོད་པར་བྱའོ་ཞེས་སོ། །དེ་ལྟར་དཀྱིལ་

འཁོར་བྲིས་པ་འདི་ནི་སྔགས་རྣམས་ཐམས་ཅད་ཀྱིས་འདའ་བར་མི་བྱ་བས་ན་དམ་ཚིག་ཤིན་ཏུ་འདའ་དཀའོ་ཞེས་སོ། །བཤང་དང་གཅི་བ་ཞེས་པ་ལ་སོགས་པ་ནི་ཐིག་དང་རྡུལ་ཚོན་དང་། བཟའ་བའི་དམ་ཚིག་ལ་སོགས་པ་ལ་སྦྱར་བར་བྱའོ། །དེའི་དོན་ནི་འདི་ལྟ་སྟེ་དཀྱིལ་འཁོར་
བྲིས་ནས་རྒྱན་དགོད་པ་ལ་སོགས་པ་བྱས་ནས། སྐུད་པ་དང་ཚོན་རྩི་གཤེགས་སུ་གསོལ་ལ། བཙོ་བླག་མཁན་གྱི་བུ་མོ་དང་ལྷན་ཅིག་ཏུ་སྣ་ཚོགས་པདྨ་རས་ཀྱིས་གཡོགས་པའི་གདན་ལ་འདུག་སྟེ། དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པའི་འཁོར་ལོ་ལ་དཀྱིལ་འཁོར་
གཞན་ཐིམ་པས་བྱིན་གྱིས་བརླབས་ཏེ། དེ་ལ་བླ་ན་མེད་པའི་མཆོད་པ་དང་བསྟོད་པ་དང་། བཤང་གཅི་ལ་སོགས་པའི་བདུད་རྩི་དང་། མེ་ཏོག་ལ་སོགས་པ་དང་། བཟླས་པ་དང་འབྱུང་པོ་ལ་གཏོར་མ་བཏང་བ་དང་། ཧཱུཾ་མཛད་ཀྱིས་ལྷག་ཆད་ཀྱི་སྐྱོན་བསལ་ནས་ཕྱག་
བྱ་བ་དང་། སྦྱིན་སྲེག་བྱས་ནས་མཉེས་པར་བྱས་ནས་རང་ཉིད་ཞུགས་ཏེ་ལྷས་དབང་བསྐུར་བར་བསམས་ནས་སློབ་མ་གཞུག་པ་ལ་སོགས་པ་དང་། བདག་ཉིད་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་སོ། །གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཆོ་ག་འདི་ནི་
སྔགས་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུའི་རིགས་ཀྱི་སྔགས་པ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་གོ། །དེ་ནི་སྐུ་རྡོ་རྗེའི་དཀྱིལ་འཁོར་རོ་ཞེས་མཇུག་བསྡུས་པའོ། །གསུང་གི་དཀྱིལ་འཁོར་བཤད་པའི་ཕྱིར་གསུངས་པ།
དེ་ནས་ཞེས་པ་ལ་སོགས་པའོ། །གསུང་རྡོ་རྗེ་ཐམས་ཅད་ནི་སྣང་བ་མཐའ་ཡས་སོ། །འདའ་བར་མི་བྱ་བས་ན་དམ་ཚིག་གོ། །སྤྲིན་བཀོད་པ་རྡོ་རྗེ་ནི་གོང་མ་བཞིན་ནོ། །དེ་ལྟ་བུའི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ། སྣང་བ་མཐའ་ཡས་ཀྱི་ཚུལ་
དུ་སྙོམས་པར་ཞུགས་ནས་ཞེས་སོ། །གསུང་རྡོ་རྗེ་ནི་སྣང་བ་མཐའ་ཡས་སོ། །དེས་འཁོར་ལོས་སྒྱུར་བས་ན་དཀྱིལ་འཁོར་རོ། །དེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་པ་ལ་སོགས་པས་དེ་ཉིད་བཤད་པ་སྟེ་གོང་མ་ལྟར་སྦྱར་རོ། །སེམས་མ་རྡོ་རྗེ་མ་

ལ་སོགས་པ་དག་པའི་ཕྱིར་ཁྲུ་ཉི་ཤུའི་ཚད་དུ་བྱའོ། །གྲུ་བཞི་ལྷམ་པ་ཞེས་པ་ནི་དབུས་སོ། །ཆོ་ག་བཞིན་ཞེས་པ་ནི་གོང་མ་ལྟར་དབྱེར་མེད་པའི་ཆོ་གས་རྫོགས་པའོ། །གྲུ་བཞི་ནི་ཚོན་གྱི་ར་བ་དགུག་པའོ། །སྒོ་བཞི་པ་ནི་གྲུ་བཞི་པའི་བརྒྱད་ཅའོ། །རྡོ་རྗེ་
བསྒོམས་པ་ཞེས་པ་ནི་འོད་དཔག་ཏུ་མེད་པ་དང་། རྣམ་པར་སྣང་མཛད་དུ་བསྒོམས་པའི་སློབ་དཔོན་དང་སློབ་མའི་ངོ་བོས་སྲད་བུ་བྲེ་བ་དང་ཐིག་གདབ་པར་བྱའོ་ཞེས་སོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་གནས། །ཞེས་པ་ནི་སྣང་བ་མཐའ་ཡས་ཉིད་གཟུགས་དང་ལྡན་པ་ནི་སྐུའི་དཀྱིལ་
འཁོར་ཡིན་ཡང་འདོད་ཆགས་རྣམ་པར་དག་པའི་དབང་གིས་ནི། རྡོ་རྗེ་གསུང་གི་ཡོན་ཏན་བསྐྱེད། །ཅེས་པའོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་སོ། །དེ་ཉིད་གོས་དཀར་མོའི་བདག་པོ་བས་ན་རིག་པའི་དབང་པོའོ། །དེ་དབབ་པར་བྱ་བ་ནི་ཆོ་གའི་གནས་སྐབས་
ཐམས་ཅད་དུ་བདག་གི་ལུས་ངག་ཡིད་གསུམ་ལ་བསྒོམ་པའོ། །དེའི་དབུས་སུ་ཞེས་པ་ནི་གྲུ་བཞི་ལ་སོགས་པའོ། །རྡོ་རྗེ་ཟླུམ་པོ་ཀུན་དུ་བྲི་བར་བྱ། །ཞེས་པ་ནི་དབྱེར་མེད་པའི་པདྨའི་ཕྲེང་བས་བསྐོར་བ་ཀ་བ་བརྒྱད་ཀྱི་སྟེང་དུ་བྲི་བར་བྱའོ་ཞེས་སོ། །ཕྱག་རྒྱ་དགོད་པའི་
ཆོ་ག་གསུངས་པ། མདོ་རུ་ཞེས་པ་ལ་སོགས་པའོ། །ཆོ་ག་བཞིན་དུ་ཞེས་པ་ནི་དེ་ཉིད་འདུས་པ་ལ་སོགས་པའི་ལས་ཀྱི་ཆོ་ག་མཐོང་བས་སོ། །ཚེ་དཔག་མེད་ཀྱི་ཕྱག་རྒྱ་ཆེ། །ཞེས་པ་ནི་པདྨ་དམར་པོ་འདབ་མ་བརྒྱད་པ་ཉི་མའི་གདན་ལ་གནས་པ་དེའི་དབུས་སུ་གཞག་པར་བྱའོ། །
རྡོ་རྗེ་ཞེས་པ་ནི་མི་བསྐྱོད་པའོ། །གནས་མཆོག་དེ་ཉིད་དུ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་གནས་སུ་མི་བསྐྱོད་པའི་རྡོ་རྗེ་དགོད་པར་བྱའོ། །ལྷག་མ་ཇི་ལྟ་བ་བཞིན་དུ་དགོད་པའི་ཕྱིར་ན་ཐམས་ཅད་ཡོངས་སུ་དགོད་པར་བྱའོ་ཞེས་སོ། །ཡོངས་སུ་གསང་བའི་ཆོ་ག་བཞིན། །ཞེས་
པ་ལ་ཆོ་ག་འདི་ཡིན་ཏེ། གོང་མ་ལྟར་གར་མཁན་གྱི་བུ་མོ་དང་ལྡན་པར་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་བྱས་ནས་དཀྱིལ་འཁོར་གཞན་བཀུག་པས་དཀྱིལ་འཁོར་དམ་པ་སྟེ། སྔོན་བས་ལྷག་པར་གནས་པར་བྱས་ནས་སོ། །དེ་ནས་གསང་བའི་མཆོད་བྱ་བ། །

ཞེས་པ་ནི་གར་མཁན་གྱི་བུ་མོའི་གནས་ལས་ལྷ་མོ་བཅུའི་གཟུགས་སྤྲོས་པ་ཐིམ་པས་རྡོ་རྗེ་ཅན་དག་མཉེས་ཞེས་སོ། །དེ་བཞིན་དུ་བསྟོད་པ་བྱས་ནས་བཤང་གཅིའི་ཁུ་བའི་དམ་ཚིག་གིས་མཆོད་ནས་ཞེས་ཏེ་རླུང་ལ་སོགས་པའི་རིམ་པས་སྦྱངས་པའི་རིམ་པས་བདུད་རྩིའི་
འཁོར་ལོ་ཚིམ་པར་བྱས་ནས་གང་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་སོ། །གཞན་གོང་མ་བཞིན་དུ་ཤེས་པར་བྱའོ། །ཆོ་ག་འདི་ནི་གསུང་གི་རིགས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་འདའ་བར་དཀའ་བའོ་ཞེས་སོ། །ད་ནི་གསུང་གི་དཀྱིལ་འཁོར་རོ་ཞེས་མཇུག་
བསྡུ་བའོ། །ད་ནི་ལྷའི་འཁོར་ལོ་དང་ལྡན་པ་གཞན་གྱི་དཀྱིལ་འཁོར་ཡང་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཉིད་གདུང་བ་སེལ་བའི་ཕྱིར་ན་སྤྲིན་ནོ། །མང་པོ་འདུས་པས་ན་ཐམས་ཅད་ཀྱི་ཚོགས་སོ། །མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་སྟེ།
ཡེ་ཤེས་སོ་སོའི་ཏིང་ངེ་འཛིན་ལ་ལྷ་ཐམས་ཅད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །ཐུན་མོང་མ་ཡིན་པའི་ཕྱིར་ན་རབ་ཏུ་གསང་བ་སྟེ། །རིན་ཆེན་དབང་ཕྱུག་ལ་སོགས་པའོ། །དེ་རང་རང་གི་འཁོར་ལོས་སྒྱུར་བའི་ཕྱིར་ན་དཀྱིལ་འཁོར་ཏེ་དེ་ཕྱུང་ངོ་ཞེས་སྦྱར་
རོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པ། །ཞེས་པ་ནི་རང་གིས་བླངས་པའི་ལྷ་དེ་བདག་པོ་ལ་སྦྱོར་བ་མ་གཏོགས་པའོ། །གཟུགས་ནི་དབུས་སུ་བྲི་བར་བྱ། །ཞེས་པ་ནི་དབྱེར་མེད་པའི་ཆོ་ག་རྫོགས་པའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་འཛིན་པ་གང་ཡང་རུང་བ་དེ་དགོད་
པར་བྱའོ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །ཞེས་པ་ནི་དཀྱིལ་འཁོར་པ་རྣམས་དེ་ལས་བྱུང་བའི་ཕྱིར་ན་དེ་ཉིད་སྐུ་གསུང་ཐུགས་ཀྱི་གསང་བ་ཡང་ཡིན་ནོ། །ལྷ་དགོད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་གྱི་ཕྱོགས་དང་རྡོ་རྗེ་རྩེ་མོའི་མཚན་
ཤེས་པར་བྱའོ། །ལྷ་མོ་རྣམས་དང་ཁྲོ་བོ་ནི་བདག་པོ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རང་གིས་བྱེད་པའོ། །གཞན་རྣམས་ནི་བདག་པོ་ཡིན་པས་དེ་བདག་ལ་ཐིམ་པའོ། །དེ་བཞིན་གཤེགས་

པ་རྣམས་ཀྱི་གནས་སུ་ནི་མི་བསྐྱོད་པ་གཞག་གོ། །གཞན་རྣམས་ནི་གཟུགས་ཁོ་ན་གཞག་པ་སྟེ་གཉིས་སོ། །ཆོ་ག་ལྷག་མ་ལྟག་འོག་གིས་རྫོགས་པར་བྱའོ། །ཇི་སྐད་དུ། དེ་ཡི་དབུས་གནས་གང་ཡིན་པ། །དེ་ཡི་འཁོར་ལོ་དེ་ཞེས་བྱ། །དེ་བཞིན་
གཤེགས་པ་ཀུན་བདག་པོ། །དེ་ཡི་གནས་སུ་མི་བསྐྱོད་གནས། །གཞན་ལ་གཙོ་བོ་དེ་གནས་ལ། །རང་བདག་ཁོ་ན་རང་གི་བདག །ཕྱུང་ནས་སྔོན་དུ་བློ་ལྡན་པས། །ཆོ་ག་བཞིན་དུ་ཐིམ་པར་བྱ། །ཞེས་བསྡུས་པའི་དོན་ལས་མར་མེ་མཛད་བཟང་པོས་བཤད་དོ། །སྐུ་དང་
གསུང་དང་ཐུགས་རྡོ་རྗེ་སྟེ་ལྷ་ཐམས་ཅད་དོ། །དེ་འབྱུང་བའི་གནས་སུ་གྱུར་པ་ནི་ཡེ་ཤེས་གསང་བ་ཡིན་ཏེ། རང་རང་གི་ཡེ་ཤེས་སོ། །རྟོགས་པར་དཀའ་བས་ན་རབ་ཏུ་གསང་བའོ་ཞེས་སོ། །ད་ནི་དཀྱིལ་འཁོར་ཐམས་ཅད་འབྱིན་པ་ལ། ཐུན་མོང་གི་ཐུགས་ལ་སོགས་
པའི་ངོ་བོ་ཉིད་ཡི་གེ་གསུམ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ནི་ལྷ་བཅུ་དགུའོ། །དེ་འབྱུང་བ་ནི་ཡི་གེ་གསུམ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོ། །དཀྱིལ་འཁོར་ཐམས་ཅད་ནི་
ལྷ་ཐམས་ཅད་དོ། །སྐུ་དང་གསུང་དང་ཐུགས་གསང་བ་ནི་ཡི་གེ་གསུམ་སྟེ་དེ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེའི་དོན་ནི་བྱ་བས་བསྐལ་པའི་རྣལ་འབྱོར་པ་ཐོ་རངས་ཏིང་ངེ་འཛིན་གསུམ་རྫོགས་པས་དུས་གཞན་ལ་བདེ་བའི་སྟན་ལ་ལྷའི་ང་རྒྱལ་གྱིས་གནས་ནས་ཡི་གེ་གསུམ་
བརྗོད་པས་སྙིང་གའི་འཁོར་ལོ་ལས་སྤྲོ་ཞིང་གནས་སུ་བཀོད་པ་ལ་དབང་བསྐུར་ཏེ་མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས། ཐིག་ལེ་ལ་སོགས་པས་སེམས་བརྟན་པར་བྱའོ་ཞེས་སོ། །དེ་འབའ་ཞིག་ཏུ་མ་ཟད་དེ་ཐིག་གི་ཆོ་ག་ལ་ཡང་དགོས་པ་བསྟན་པའི་ཕྱིར། དེ་ལ་ཞེས་
པ་ལ་སོགས་པ་གསུངས་པ། རྡོ་རྗེ་སྟེ་སྐུ་ལ་སོགས་པའི་དཀྱིལ་འཁོར་དེའི་སྔགས་ནི་སྙིང་པོ་རྣམས་ཏེ་ཐིག་གདབ་པའི་ཕྱིར་ཡི་གེའི་ཚིག་རྣམས་སོ་ཞེས་སོ། །དེ་ཡང་སོ་སོར་གནས་པའི་ཐིག་སྐུད་ཀུན་བྱེད་དང་ལྷན་ཅིག་ཏུ་བཟུང་བས་ནམ་མཁའི་དཀྱིལ་འཁོར་ལ་ལྟ་

ཞིང་ཨོཾ་ཨཱཿ མི་བསྐྱོད་པའི་དཀྱིལ་འཁོར་མཆོད་པའི་ཕྱིར་སྐུད་པ་བདག་ལ་གསོལ་ཅིག་ཧཱུཾ་ལ་སོགས་པའི་སྐུད་པ་ལ་ཐིམ་པར་བྱས་ནས་ཆོས་ཉིད་ཀྱི་སྔགས་གཅིག་ཏུ་བསྒྲིལ་བར་བྱའོ་ཞེས་སོ། །རྣལ་འབྱོར་པ་གཉིས་ཆར་གྱིས་ཀྱང་བསྒྲུབ་པའི་དཀྱིལ་འཁོར་གནད་ལ་
ཕབ་པའི་ལྷས་བྲི་བར་གསུངས་པ། རྡོ་རྗེ་ཐིག་ནི་ཞེས་པ་ལ་སོགས་པའོ། །དེ་ལ། རྡོ་རྗེ་ཐིག་ནི་གདབ་པ་དང་། །ཚོན་རྩི་དག་ནི་དགྱེ་བ་ནི། །བསྒྲུབ་པའི་དཀྱིལ་འཁོར་དག་ལ་སྟེ། །དབང་བསྐུར་བ་ལ་མ་ཡིན་ནོ། །དེ་ལ་ལས་དང་པོ་པ་ལྟར་སྔགས་ཀྱི་སེམས་དཔའ་སྟེ།
བདག་ཉིད་སྔགས་ཀྱི་བྱིན་གྱིས་བརླབ་པ་ལ་སོགས་པས་རི་མོའི་ལས་གོང་དུ་གསུངས་པ་མི་བྱ་སྟེ་ཞེས་སོ། །ཅིའི་ཕྱིར་མི་བྱ་ན། བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་ཏེ་བྱང་ཆུབ་ནི་ཕྱག་རྒྱ་ཆེན་པོ་དང་ཐུན་མོང་ངོ་། །དེ་རྙེད་པར་དཀའ་བ་ནི་ཞལ་དང་ཕྱག་མཚན་ལ་སོགས་
པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོས་བསྒྲུབ་པར་འགྱུར་གྱི་གཞན་གྱིས་མ་ཡིན་པའོ། །གཞན་ནི་གཞན་འཁྲུལ་པ་བཟློག་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ནི་མི་རྣམས་ཀྱིས་ཕྱེ་བས་ཡན་ལག་མི་རྫོགས་པས་བྱིན་གྱིས་རློབ་པར་མི་བྱེད་དོ། །ལྷ་རྣམས་ཀྱིས་ནི་མཐུ་རྫོགས་པར་ནུས་
པའི་ཕྱིར་ན། དེ་ལྷག་པར་བྱིན་གྱིས་རློབ་པས་ན་ཇི་སྐད་དུ་བཤད་པའི་དུས་སུ་ཐོབ་པར་བྱེད་པའོ། །འོ་ན་ཇི་ལྟར་བྱ་ཞེ་ན་དེ་ཉིད་གསུངས་པ། དེ་བས་ཞེས་པ་ལ་སོགས་པའོ། །དམ་ཚིག་ཚུལ་ཤེས་པ་ཞེས་པ་ནི་དམ་ཚིག་གི་ཚུལ་རྫོགས་པར་ཤེས་པ་སྟེ། རྣལ་འབྱོར་པ་
གཉིས་སོ། །སྔགས་ཀྱི་ལྷ་རྣམས་ཞེས་པ་ནི་འོག་ནས་འབྱུང་བའི་ལྷའོ། །གནས་ནས་སུ་ཞེས་པ་ནི་ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་སྟེ། དེ་ལྟར་གནས་པར་བྱས་ནས་བྱིན་གྱིས་བརླབས་ཀྱང་རབ་བསྒོམས་ལ་ཞེས་པ་ནི་དེ་རྣམས་ཉེ་བར་སྒྲུབ་པ་ལ་སོགས་པས་
ཀྱང་མཚོན་ནས་དེ་གཉིས་བླ་མ་དང་། སློབ་མའི་ངོ་བོས་སྒྲུབ་པའི་དཀྱིལ་འཁོར་རྣམས་ནི་བྲི་བར་བརྟག །ཅེས་པའོ། །ད་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་རྣམས་ལ་རིགས་ཀྱི་ལྷ་དངོས་གང་དབབ་པ་གསུངས་པ། རྒྱལ་ཆེན་ཞེས་པ་ལ་སོགས་པའོ། །སྐུའི་རིགས་

ཀྱི་རྣལ་འབྱོར་པས་ཁྱེའུ་ལ་རྣམ་པར་སྣང་མཛད་དབབ། །བུ་མོ་ལ་ནི་སྤྱན་མ་དབབ་པར་བྱའོ། །དེ་བྲིས་པའི་ཕན་ཡོན་ནི་སྐུའི་རྡོ་རྗེ་ཁ་དོག་དང་གོ་འཕང་མཆོག་ཐོབ་ཅིང་རྡོ་རྗེ་སྐུའི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སོ། །དེ་གཉིས་ཁོ་ནས་
གསུང་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། རྡོ་རྗེ་ཆོས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཆོས་ནི་སྣང་བ་མཐའ་ཡས་སོ། །བདག་གི་རིག་མ་ནི་གོས་དཀར་མོའོ། །དེ་གཉིས་སྣོད་གཉིས་ལ་དབབ་པར་བྱ་ཞེས་སོ། །ཐུགས་ཀྱི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ།
རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །མཱ་མ་ཀཱི་ཡང་སྣོད་རྣམ་པ་གཉིས་ལ་དབབ་པར་བྱ་ཞེས་སོ། །དེ་ལྟར་བྱས་པའི་ཡོན་ཏན་གསུངས་པ། དེ་ལྟར་བྱས་ན་ཞེས་པ་ལ་སོགས་པའོ། །བྱིན་གྱིས་རློབ་པ་ནི་སྤྱན་རས་གཟིགས་སོ། །
ཡིད་ལ་དབང་བ་ནི་གོང་མ་ལྟར་དེ་བཞིན་གཤེགས་པ་རྣམས་སོ། །དེ་དེར་གཤེགས་ཏེ་སྒྲུབ་པ་པོ་དེ་ཐུགས་རབ་ཏུ་དགྱེས་པར་གྱུར་ནས་གསང་བ་མཆོག་གི་དངོས་གྲུབ་གསོལ་ཏོ་ཞེས་པའོ། །ད་ནི་རི་མོ་དང་དམ་ཚིག་གི་འཁོར་ལོ་བྱིན་གྱིས་བརླབ་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་
ལོ་བཀུག་ནས་གཉིས་སུ་མེད་པར་བྱ་བ་གསུངས་པ། འདི་སྐད་ཅེས་པ་ལ་སོགས་པའོ། །སྔགས་ཀྱི་སེམས་དཔའ་བྱས་པ་ཡང་། །ཞེས་པ་ནི་དེ་བཞིན་གཤེགས་པའི་གཟུགས་ལ་དམིགས་པའི་སྔགས་སོ། །རྡོ་རྗེ་གསང་བ་རྨད་པོ་ཆེ། །ཞེས་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་
གནས་ན་རྣམ་པར་གནས་པའོ། །ཁྲོ་བོའི་རྒྱལ་པོ་ཞེས་པ་ནི་གཤིན་རྗེ་གཤེད་དོ། །རང་གི་ས་བོན་གྱིས་བསྐུལ་བས་དེའི་ཐུགས་ལས་སྤྲོས་པའི་གཤིན་རྗེ་གཤེད་ལྕགས་ཀྱུ་ཐོགས་པའི་གཟུགས་སྤྲོས་པས་དེ་དང་ལྷན་ཅིག་པའི་བགེགས་བསྐྲད་ནས་བཀུག་ནས་ནི་ཞེས་སོ། །
དེ་ནས་ནང་དུ་ཞུགས་པ་ལ་བསྲུང་བ་ལ་སོགས་པ་བྱས་ནས་ཐིམ་པར་བསམ་མོ། །དེ་རྣམས་འཇུག་པའི་སྒོར་ཕྱོགས་པ་ལ་བསང་གཏོར་དང་། ཉེ་རེག་དང་མཆོད་ཡོན་དང་ཞབས་བསིལ་ཕུལ་ནས་གོང་མ་ལྟར་ཁྲོ་བོ་གཞན་བསྐུལ་བས་གཞུག་པ་དང་བཅིང་བ་དང་། དབང་དུ་བྱ་བ་

ནས་ལོངས་སྤྱོད་བཞི་དང་ལྡན་པའི་སངས་རྒྱས་ཐམས་ཅད་མཆོད་པར་བྱ་ཞེས་སོ། །གང་གིས་མཆོད་པར་བྱ་ཞེ་ན་རྡོ་རྗེ་དྲི་མེད་ཅེས་པ་ལ་སོགས་པའོ། །རྡོ་རྗེ་དྲི་མེད་གསུམ་ནི་སྐུ་ལ་སོགས་པའོ། །དེའི་ངོ་བོ་ལས་མི་འདའ་བས་ན་དམ་ཚིག་མཆོད་པ་སྟེ། ལྷ་མོ་བཅུའོ། །དེ་ཆོ་ག་ཇི་
ལྟ་བ་བཞིན་དུ་བསྒོམས་པས་དུས་གསུམ་ཞེས་པ་ནི་ཉེ་བའི་མཚན་ཉིད་དེ་དུས་བཞིར་མཆོད་པར་བྱའོ། །དེས་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་ཅེས་སོ། །དེ་བཞིན་དུ་བསྟོད་པ་དང་བདུད་རྩི་མྱང་བ་ཡང་ཤེས་པར་བྱའོ། །རི་མོའི་དཀྱིལ་འཁོར་སྒྲུབ་པ་མན་ངག་གཞན་ཡང་སྣང་བ་འདིར་
མ་བཤད་དོ། །དཀྱིལ་འཁོར་མཆོད་ནས་བར་ཆད་ཞི་བར་བྱ་བའི་ཕྱིར་ཕྱོགས་སྐྱོང་བ་རྣམས་ལ་ཕྱི་རོལ་དུ་གཏོར་མ་དབུལ་བ་གསུངས་པ། སྔགས་རྣམས་ཞེས་བྱ་བ་ལ་སོགས་པ། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། །ཞེས་པ་ནི་དཀྱིལ་འཁོར་པ་རྣམས་དང་ཕྱོགས་
སྐྱོང་བ་རྣམས་སོ། །དེ་ཡང་གཞུང་གཞན་ལས་གྲགས་པའི་སྤྱན་སྟོང་ལ་སོགས་པའི་གཟུགས་སུ་རང་རང་གི་ཕྱོགས་སུ་བསྐྱེད་ལ་བདག་པོ་ཁྲོས་པའི་སྙིང་ལས་འོད་ཟེར་ནག་པོའི་ལྕགས་ཀྱུས་རང་གི་ཕྱོགས་སྐྱོང་བ་བཀུག་ནས་གཉིས་སུ་མེད་པར་བྱས་ལ། མཆོད་པ་དང་
བསྟོད་པས་མཉེས་པར་བྱས་ནས་རྨད་དུ་བྱུང་བའི་གཏོར་མ་འབུལ་ལོ་ཞེས་སོ། །ཇི་ལྟ་བུ་ཞེ་ན་བཤང་གཅི་ཞེས་པ་ལ་སོགས་པའོ། །བཤང་བ་ནི་དྲི་ཆེན་ནོ། །གཅི་བ་ནི་དྲི་ཆུའོ། །ཤ་ནི་ཤ་ཆེན་ནོ། །འབྲུ་མར་ནི་རཀྟའོ། །སེམས་ལས་བྱུང་བ་ནི་བྱང་ཆུབ་སེམས་སོ། །
ཤ་ལྔ་དག་ནི་ཞེས་པ་ནི་གླང་པོ་ཆེ་ལ་སོགས་པའི་ཤ་སྟེ་གོང་མའི་རིམ་པས་སྦྱངས་པའི་གཏོར་མ་རང་རང་གི་སྔགས་ཀྱིས་བྱིན་པས་ཚིམ་པར་ཀུན་དུ་བཤད་ཅེས་སོ། །དེ་ནས་འདོད་པའི་དོན་བཞིན་གསོལ་བ་བཏབ་ནས་གཤེགས་སུ་གསོལ་ཏེ། སྲུང་བ་ལ་སོགས་པའི་
ཆོ་གས་ནང་དུ་འགྲོ་བ་ཆོ་ག་འདི་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་མཆོག་གོ། །དེས་བར་ཆད་མེད་པས་ན་སངས་རྒྱས་ཀྱི་བྱང་ཆུབ་ཡང་རྫོགས་པར་བྱེད་པའོ་ཞེས་སོ། །གཏོར་མའི་ཆོ་ག་གཞན་ནི་འདིར་མ་བཤད་དོ། །ལས་དང་པོའི་རྣལ་འབྱོར་པས་སློབ་དཔོན་

སློབ་མ་ཟུང་གཅིག་གིས་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ། ཐིག་གདབ་ཅེས་བྱ་བ་ལ་སོགས་པའོ། །བདག་ཉིད་ནམ་ཞིག་སྤྱོད་པ་ནི། །ཞེས་པ་ནི་རང་གི་བྱ་བ་ལ་གནས་པའི་རྣལ་འབྱོར་པ་ལ། སྣོད་དུ་རུང་བའི་གང་ཟག་ལ་སོགས་པས་ཞུས་ནས་སྤྱོད་
པའི་དུས་སུ་ཞེས་སོ། །རྣམ་པར་སྣང་མཛད་བསྒོམས་ནས་ནི། །ཞེས་པ་ནི་སྐུའི་དཀྱིལ་འཁོར་བྲི་བའི་དུས་སུ་བླ་མ་རྣམ་པར་སྣང་མཛད་དུ་བསྒོམས་ནས། ཐིག་སྐུད་ཀྱི་སྣ་གཅིག་ནས་བཟུང་ནས་སློབ་མ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་བསྐྱོད་པ་འམ། ཡང་ན་རྡོ་རྗེ་མི་
འཆི་སྟེ་བདུད་རྩི་འཁྱིལ་པར་བསྒོམས་ལ་སྣ་གཅིག་བཟུང་ལ་དེ་གཉིས་ཀྱང་ལོངས་སྤྱོད་བཞི་དང་ལྡན་པས་ན། སངས་རྒྱས་ཀུན་གྱིས་དབང་བསྐུར་རོ། །ལས་ཀྱི་གོ་འཕང་ཞེས་པ་ནི་དེ་གཉིས་ཐིག་འདེབས་པ་དང་ཆ་དབྱེ་བ་ལ་སོགས་པ་བསྒོམ་པར་བྱ་ཞེས་སོ། །ཐིག་
བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སྟ་གོན་དུ་གནས་པ་རྫོགས་པའི་རྣལ་འབྱོར་པས་སྐུད་པ་ཁ་དོག་སོ་སོར་བཙོས་པ་ལྔ་ཡེ་ཤེས་ཉི་ཤུ་རྩ་ལྔའི་བྱེ་བྲག་ཏུ་མོས་པར་བྱས་ཁ་སྦྱར་གྱི་དཀྱིལ་འཁོར་དྲན་པའི་ཡུལ་དུ་བྱས་
ནས་རང་གི་ལྷའི་ཏིང་ངེ་འཛིན་ལ་གནས་པས་ཉི་ཟླའི་མིག་ཛས་མཚོན་པས་དེ་ལ་བལྟ་ཞིང་དི་པ་ཏ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་པས། འོད་ཟེར་གྱི་ལྕགས་ཀྱུ་འཕྲོ་བས་ཐུགས་ཀ་ཡེ་ཤེས་ཀྱི་སྐུད་པ་རྫི་མ་རླེབ་རླེབ་པོའི་འོད་དང་གོང་དུ་གསུངས་པའི་སྔགས་ཀྱིས་བཀུག་ནས།
རྡོ་རྗེའི་ཐིག་སྐུད་སོ་སོའི་ཁ་དོག་དགོད་ཅེས་ཐིམ་པར་བྱའོ། །དེ་ནས་ཨ་ནྱོ་ནྱ་ཨ་ནུ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ནས་བསྒྲིལ་བར་བྱའོ། །གསེར་དངུལ་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔ་བྱུགས་ཤིང་སྔགས་ཀྱིས་བསྲུང་བ་བྱས་ནས་ཡི་གེ་གསུམ་གྱི་བར་
དུ་གནས་པར་བསམ་མོ། །དེ་ནས་ཛ་གསུམ་གྱིས་བརྐྱང་ནས་སློབ་མ་ལ་གཏད་ཅིང་དེས་ཀྱང་ཛ་གསུམ་བརྗོད་པར་བྱའོ། །དེ་ནས་སྔགས་དང་ཚིགས་བཅད་ཀྱིས་ནམ་མཁའ་དང་སའི་ཐིག་མ་ལུས་པ་ཇི་ལྟར་བཤད་པ་བཞིན་དུ་གདབ་པར་བྱའོ་ཞེས་སོ། །དེ་ལྟར་བྱས་

པས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པས་ན། གསང་བ་རབ་ཏུ་ངོ་མཚར་བའོ་ཞེས་སོ། །ཆོ་ག་དེས་ཚོན་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་པ། རྣམ་པ་ཞེས་པ་ལ་སོགས་པའོ། །ཉི་ཤུ་རྩ་ལྔ་ནི་ཡེ་ཤེས་ཉི་ཤུ་རྩ་ལྔའི་བྱེ་བྲག་ཏུ་ཚོན་ཡང་མོས་པ་
བསྒོམ་ཞེས་པའོ། །ཀྱང་ཞེས་པའི་སྒྲས་ནི་ཐིག་སྐུད་ལ་སྙེགས་པའོ། །དེ་ཡང་ཚོན་རྣམ་པར་ཕྱེ་བའི་རྣལ་འབྱོར་པས་རིན་པོ་ཆེ་རྣམ་པ་ལྔ་འམ། འབྱུང་ཁུངས་ཀྱི་ཕྱེ་མའམ། སཱ་ལུ་བཏགས་པ་ལ་སོགས་པ་གསེར་དངུལ་གྱི་སྣོད་དུ་བཞག་ལ་དྲི་ཞིམ་པོའི་སྤོས་ཅུང་ཟད་
དང་བསྲེས་པ་ལ་གོང་མ་ལྟར་ནམ་མཁའི་དཀྱིལ་འཁོར་དགུག་ཅིང་སོ་སོར་ཐིམ་པར་བྱས་ནས་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་འབར་བའི་ལྟ་བས་ཚོན་རྩི་ལ་བལྟས་ལ། གང་ཞིག་སངས་རྒྱས་བདེན་པ་རྣམས། །སེམས་ཅན་དོན་ལ་ཆགས་པའོ། །རྗེས་
སུ་ཆགས་པའི་བདེན་པ་དེས། །ཚོན་རྩི་རྣམས་ནི་འབར་གྱུར་ཅིག །ཅེས་བརྗོད་པས་འོད་འབར་བར་བསམས་ཏེ་ཡང་དག་པར་མཆོད་ནས། རྡོ་རྗེ་ཤུགས་ཀྱིས་ཐིག་ནམ་མཁའ་ལ་བཏེག་ནས། ཆོས་ཀྱི་དབྱིངས་ཀྱི་དག་པ་འདི་ནི་ཞེས་བྱ་བ་ལ་སོགས་པའི་
མོས་པས་ནང་དུ་ཞུགས་ཏེ། གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་མཚམས་ནས་ཕྱི་རོལ་ནས་དང་པོ་དཀར་པོ་སེར་པོ་དམར་པོ་ལྗང་གུ་མཐིང་ག་རྣམས་ཡ་ཕུབས་ཀྱི་ཚད་དུ་བྲིས་ནས་ཅི་བདེ་བར་བྲི་བར་བྱ་ཞེས་སོ། །དེ་བཞིན་དུ་རྡོ་རྗེ་དྲིལ་བུ་དང་ལྡན་པར་བྱུང་བའི་སྔགས་
ཀྱིས་ཕྱོགས་ཀྱི་ཚོན་དང་རྡོ་རྗེ་རྩེ་མོ་དང་ཕྱག་མཚན་རྣམས་ཀྱང་གདབ་པར་བྱའོ་ཞེས་སོ། །ཐུན་མོང་མ་ཡིན་པའི་གསང་བའི་བྱང་ཆུབ་ཐོབ་པའི་ཐབས་དམ་པ་ཡིན་ཞེས་སོ། །ད་ནི་སྔར་བཤད་པའི་གཏོར་མ་ཕུལ་ལ་རྣལ་འབྱོར་གཞན་གྱི་ནང་དུ་ཞུགས་ལ་ལྷག་ཆད་
ཀྱི་སྐྱོན་བསལ་བ་གསུངས་པ། སྔགས་རྣམས་ཞེས་པ་ལ་སོགས་པའོ། །སྔགས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་གང་ལ་ཡང་རྡོ་རྗེ་ཧཱུཾ་ནི་ཞེས་ཏེ་ཧཱུཾ་གི་སྒྲས་ལྷ་ཆེན་པོ་རྣམས་འགྱེལ་བར་མཛད་པ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའོ། །

དེ་ཡང་མི་བསྐྱོད་པ་ལྟ་བུ་གཡས་ན་རྡོ་རྗེ་དང་ལྕགས་ཀྱུ། གཡོན་ན་རལ་གྲི་དང་ཞགས་པ། དང་པོ་གཉིས་ཀྱིས་རང་གི་ལྷ་མོ་ལ་འཁྱུད་པ། ཟེའུ་ཀ་སྔོན་པོ་དང་སྨད་གཡོགས་དམར་པོ་དང་། སྟོད་གཡོགས་སེར་པོ་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་
ནས་ནང་དུ་ཞུགས་ཏེ། དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས་ནས་ཤར་ཕྱོགས་ཀྱི་སྒོར་ཕྱག་འཚལ་ཏེ་མེ་ཏོག་གི་ཕྲེང་བ་སྔོན་པོ་གཏོར་ཏེ། ཕྱིར་བླངས་ཏེ་བདག་གི་སྤྱི་བོར་བཅིངས་པར་བསམས་པས། ཐམས་ཅད་དགའ་བར་འགྱུར་རོ། །ད་ནི་དངོས་གྲུབ་ཆེན་པོ་ལ་
གཏོགས་པ་ཞི་བའི་སྒྲུབ་པ་ལ། སངས་རྒྱས་གཟིགས་པར་བྱ་བའི་ཆོ་ག་གསུངས་པ། སྐུ་དང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་མཆོག །ཅེས་པ་ནི་རྡོ་རྗེ་གསུམ་གྱི་ལས་མཛད་པ་གནོད་མཛེས་རྒྱལ་པོ་སྟེ་དེ་གནས་ལྔ་དག་ཏུ་བསྒོམ་པར་བྱ། །
ཞེས་པ་ནི་སངས་རྒྱས་ལྔའི་དབུ་རྒྱན་ལ་བསྒོམ་པ་ཞེས་སོ། །ཡང་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་དེའི་རང་བཞིན་ཏེ་རྡོ་རྗེ་སེམས་དཔའོ། །དེ་སངས་རྒྱས་རེ་རེའི་གནས་ལྔ་དག་ཏུ་བསྒོམ་པར་བྱ་ཞེས་ཏེ། མགོ་བོ་དང་། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། གསང་
བར་བསྒོམ་པར་བྱ་ཞེས་པས་བྱིན་གྱིས་རློབ་ཅེས་སྦྱར་རོ། །རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས་པ་ནི་སངས་རྒྱས་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའ་བློ་ལྡན་པས། །ཞེས་པ་ནི་རྣལ་འབྱོར་པ་ལའོ། །སངས་རྒྱས་རྣམས་འཇིགས་ཤིང་སྐྲག་ནས་བྱིན་བྱིས་རློབ་ཅེས་སོ། །ད་
ནི་བུམ་པ་སྟ་གོན་དུ་གནས་པའི་ཆོ་ག་གསུངས་པ། རྡོ་རྗེ་བུམ་པ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་ལ་སོགས་པའོ། །དེའི་བུམ་པ་ནི་དེས་བདག་པོ་བྱས་པའོ། །དེ་ཡང་། སྔགས་རྒྱུད་བདག་པོར་ཤེས་པར་བྱ། །ཞེས་ཏེ། སོ་སོའི་སྔགས་
ཀྱིས་བྱིན་གྱིས་རློབ་པ་ཁ་རྒྱན་ལ་སོགས་པ་འབྲེལ་བ། ལྷ་སོ་སོའི་མཚན་མས་བདག་པོ་བྱས་པའི་བུམ་པ་རྣམས་ཞེས་སོ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གནས། །ཞེས་པ་ནི་རྣམ་པར་མོས་པའི་ཏིང་ངེ་འཛིན་ནོ། །འཆིང་ཞིང་འགུགས་པས་ན། ཞགས་པ་ལྕགས་

ཀྱུ་རྡོ་རྗེ་བསྣམས། །ཞེས་པ་ནི་ཡེ་ཤེས་འཁོར་ལོ་དང་གཉིས་སུ་མེད་པར་བྱ་བ་སྟེ། ཏིང་ངེ་འཛིན་བརྟན་པའི་བློས་བརྟག་པར་བྱའོ་ཞེས་སོ། །དེ་ཡང་སྟེགས་བུ་ལ་མཎྜལ་བདུད་རྩི་ལྔས་བྱུགས་པ་ལ། མེ་ཏོག་སིལ་མ་བཀྲམ་ནས་དེར་དམ་ཚིག་གི་འཁོར་ལོ་བསྐྱེད་ནས་
གཞན་དང་གཉིས་སུ་མེད་པར་བྱས་ནས་མཆོད་པ་ལ་སོགས་པ་བྱས་ནས་གསོལ་བ་ལན་གསུམ་དུ་གདབ་པར་བྱའོ། །དེ་ནས་མཆོད་པའི་བུམ་པ་ལྷའི་གྲངས་དང་མཐུན་པར་བྱས་ལ། རྣམ་པར་རྒྱལ་བའི་བུམ་པ་ལ་བདག་པོའི་སྔགས་བཟླ་ཞིང་དེ་བཞིན་དུ་བསང་བྱེད་ཀྱི་བུམ་པ་ལ་
བདུད་རྩི་འཁྱིལ་པའི་སྔགས་བཟླས་པར་བྱའོ། །དེ་རྣམས་སྤོས་བསྲེག །སྦྱར་བའི་དྲི་ཞིམ་པོའི་ཆུ་དང་འབྲུ་དང་། སྨན་དང་རིན་པོ་ཆེ་ལྔ་དང་ལྡན་པར་བྱས་ནས་མགུལ་པར་རས་ཀྱིས་ཡང་དག་པར་དཀྲིས་ཏེ། ཨ་མྲ་ལ་སོགས་པའི་ཡལ་ག་དང་ལྡན་པ་མེ་ཏོག་གི་ཕྲེང་བས་
བཅིངས་པའི་རྡོ་རྗེ་དབང་བསྐུར་བའི་བུམ་པའི་ཁར་བཞག་ལ། གཞན་དུ་ཀུ་ཤའི་བམ་པོ་གཞག་པར་བྱའོ། །དེ་ནས་དེ་ལས་གྱུར་པའི་གསེར་གྱི་བུམ་པ་ལ། ཧྲཱིཿལས་གྱུར་པའི་པདྨའི་སྟེང་དུ་མ་དང་། ཨ་ལས་གྱུར་པའི་ཉི་མ་དང་ཟླ་བའི་གདན་ལ་བྱང་ཆུབ་སེམས་ལས་ས་བོན།
དེ་ལས་མཚན་མ། དེ་ལས་ལྷ་མོའི་སྐུ་བསམས་ནས། དཀྱིལ་འཁོར་གཞན་དང་གཉིས་སུ་མེད་པར་བྱས་ནས། མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་ཐུན་གསུམ་དུ་གཏོར་མ་ཡང་ཕུལ་ནས་གོང་མ་ལྟར་གསོལ་བ་གདབ་པར་བྱའོ་ཞེས་སོ། །ལྷག་ཆད་ཀྱི་སྐྱོན་བསལ་
བའི་རྣལ་འབྱོར་པས་སྦྱིན་སྲེག་གིས་མཉེས་པར་བྱ་བའི་ཆོ་ག་གསུངས་པ། དངོས་གྲུབ་ཅེས་པ་ལ་སོགས་པའོ། །དངོས་གྲུབ་ཀུན་གྱི་འབྲས་འདོད་པས། །ཞེས་པ་ནི་ལྷ་ཚིམ་པ་སྟེ་སྟེར་བར་གྱུར་པའི་ཕྱིར་སྔགས་ཞེས་པ་ནི་སྦྱིན་སྲེག་བྱའོ་ཞེས་སོ། །ཇི་ལྟ་བུའི་སྦྱིན་སྲེག་བྱ་ཞེ་ན།
བཤང་གཅི་འབྲུ་མར་ཤ་ལ་སོགས། །ཞེས་ཏེ་འབྲུ་མར་ནི་ཁོ་ནའོ། །གཞན་རྣམས་ནི་བསྲེག་བྱ་ཇི་སྙེད་པ་ནི་སྦྱིན་སྲེག་ཏུ་ནི་དབུལ་བྱ་ཞེས་སོ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ། །ཞེས་པ་ནི་དཀྱིལ་འཁོར་པ་རྣམས་ལའོ། །རྡོ་རྗེ་གསང་བའི་སྦྱིན་སྲེག་དབུལ། །ཞེས་ཏེ་ལྷ་མོ་

བཅུ་ལ་སོགས་པའི་མཆོད་པ་ཡང་དབུལ་བར་དགོངས་པའོ། །དབུས་སུ་ལྷ་ཡི་གཟུགས་བསམས་ཏེ། །ཞེས་པ་ནི་ཇི་སྐད་དུ་བཤད་པའི་ཐབ་ཏུ་མེ་ལྷ་ལ་དགང་བླུགས་ཕུལ་ནས་དེའི་སྙིང་གར་རང་གི་ལྷའི་འཁོར་ལོ་བསམ་པ་ལ་སོགས་པ་བྱས་ཏེ། དེ་ནས་
དེའི་ཞལ་དུ་སྲེག་བླུགས་དབབ་པར་བྱ་ཞེས་སོ། །དབང་པོ་གཉིས་ནི་ལྷའི་དབང་པོ་དང་དཀྱིལ་འཁོར་པ་རྣམས་ཏེ་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེས་སྦྱིན་སྲེག་བརྒྱ་རྩ་བརྒྱད་ལ་སོགས་པ་བྱའོ་ཞེས་སོ། །སྦྱིན་སྲེག་ཆོ་ག་མདོར་བསྡུས་ནས་བདག་གིས་བཤད་པར་བྱ་སྟེ།
ཇི་སྐད་དུ། མེ་ཏོག་ས་དྲི་ཚོན་རྩི་སོགས། །ཁ་དོག་དཀར་གཟུང་ཞི་བ་ལ། །ཧོམ་ཁུང་ཟླུམ་པོ་ཁྲུ་གང་ལ། །ཁ་ཞེང་འོག་ཏུ་ཁྲུ་ཕྱེད་ཟབས། །བཅུ་དྲུག་སོར་ཚད་པདྨར་གནས། །དེ་དབུས་རྡོ་རྗེ་སོར་བརྒྱད་པ། །རྩེ་ལྔ་ཤར་དུ་མགོ་གཏད་བྲི། །དེ་བཞིན་ས་སྟེངས་སོར་
བཞི་པ། །ཁ་ཁྱེར་མཐོ་དམན་ཧོམ་ཁུང་དབྱིབས། །རྩེ་གསུམ་རྡོ་རྗེ་རྣམས་ཀྱིས་ནི། །མཚམས་སུ་གནས་པར་བྲི་བར་བྱ། །ཧོམ་ཁུང་གཅི་བ་ས་གཉིས་ཀྱིས། །དྲི་ཞིམ་ཆུ་ཡིས་དེ་བཞིན་བྱུག །དྲི་ཞིམ་མེ་ཏོག་ལ་སོགས་པས། །དུས་མཚམས་གསུམ་
དུ་མཆོད་པར་བྱ། །རྒྱས་པ་ཧོམ་ཁུང་སེར་པོ་སྟེ། །སྔ་མའི་ཚད་ལས་ཉིས་ལྟབ་གཟུང་། །ཟུར་བརྒྱད་རིན་ཆེན་ལྟ་བུའམ། །ཡང་ན་གྲུ་བཞི་པ་རུ་བྱ། །རྩིབས་བརྒྱད་འཁོར་ལོ་ལྟེ་བར་གནས། །རིན་ཆེན་རྡོ་རྗེ་སོར་དྲུག་པ། །ཧོམ་ཁུང་དབུས་སུ་དེ་བཞག་ནས། །
ཉིས་ལྟབ་ཚད་དུ་ས་སྟེངས་ནི། །མ་ལུས་པར་ནི་རིན་ཆེན་བསྐོར། །མེ་ཏོག་སྣ་ཚོགས་ལ་སོགས་མཆོད། །ས་དང་བདུད་རྩི་དྲི་ཞིམ་གྱིས། །ཧོམ་ཁུང་ས་ནི་བྱུག་པར་བྱ། །མངོན་སྤྱོད་ཧོམ་ཁུང་ནག་པོ་སྟེ། །ས་སྐམས་རྩུབ་མོ་འགས་པའི་ས། །ཧོམ་ཁུང་ཁ་ནི་མ་བཀག་
པ། །སོར་མོ་ཉི་ཤུ་གྲུ་གསུམ་པ། །ཁྲོ་བོ་སོར་ཚད་འོག་ཏུ་བཅུ། །སོར་བརྒྱད་རྩེ་གསུམ་དབུས་སུ་གནས། །སྔོན་བཞིན་ས་སྟེངས་ཁ་ཕྱིར་བལྟ། །ཚད་དུ་སོར་གསུམ་དུར་ཐལ་དང་། །བོང་བུ་རྔ་མོ་སོགས་ལྕི་བ། །ས་དང་བསྲེས་ལ་བྱུག་པར་བྱ། །དྲི་མི་ཞིམ་

པའི་མེ་ཏོག་གམ། །ཡང་ན་དམར་པོ་རྣམས་ཀྱིས་ནི། །འབྲུ་ཤུན་ལ་སོགས་གཏོར་བྱས་ལ། །འོད་ཟེར་ཤིན་ཏུ་དྲག་པོར་འབར། །གཟི་ཆེན་ལ་སོགས་མར་མེ་བཞིན། །བྷ་ག་ལྟ་བུར་ཁ་དོག་དམར། །ཧོམ་ཁུང་ཟླ་བ་ཕྱེད་པ་འདྲ། །རྡོ་རྗེ་པདྨ་དང་བཅས་དབུས། །
གཞན་ཀུན་ཞི་བ་ལྟ་བུར་བྱ། །དབང་ལ་དྲི་ཞིམ་ས་ནི་བྱུག །དགུག་པ་ལ་ཡང་དེ་བཞིན་ནོ། །ཧོམ་ཁུང་རྡོ་རྗེ་རྩེ་གཅིག་ལྟར། །རྡོ་རྗེ་ལྕགས་ཀྱུ་ལྟ་བུར་འདིར། །ཕྱི་མ་རྣམས་ནི་ཞི་བ་བཞིན། །ལས་ཀུན་བྱེད་པ་ཞི་བ་བཞིན། །པདྨ་ཁ་བྱེ་ལྟ་བུ་ནི། །ཕྱོགས་
སུ་རྡོ་རྗེ་ཕྱི་རོལ་མཚན། །ཆོ་ག་བཞིན་དུ་ཁ་ཁྱེར་ནི། །ནང་དུ་རྡོ་རྗེ་ཕྲེང་བས་བརྒྱན། །ཕྱག་མཚན་བཞི་ནང་རིང་ཐུང་མཐོ། །སོར་བརྒྱད་དང་ནི་སོར་གཅིག་པ། །རང་གི་ཕྱག་མཚན་ལྡན་པའོ། །དགུག་པ་མངོན་སྤྱོད་རྒྱས་པ་རྣམས། །ནུབ་ཕྱོགས་བྱང་ཕྱོགས་
ལྷོ་རྣམས་ཀྱིས། །ཤར་ཕྱོགས་ཞི་བ་དབང་གཉིས་ལ། །འཁོར་ལོ་གཞལ་ཡས་ཁང་དུ་ནི། །ཟ་བ་སྤོས་ནི་ཚོན་རྩིས་ཀྱང་། །ཞི་བ་དགོངས་དུས་རེངས་པ་ལ། །ནང་པར་རྒྱས་པ་དགོངས་ཀའོ། །དགུག་པ་ཉིན་ཕྱེད་མངོན་སྤྱོད་ནི། །དབང་གི་ནམ་ཕྱེད་འདོད་
པ་ཡིན། །ཐབ་དང་ཕྱོགས་དང་དུས་བསྟན་པའོ། །པ་ལཱ་ཤ་དང་ཨ་ཤྭ་དང་། ཨུ་དུམྺར་དང་ཀསྨ་རི། །ཨ་མྲ་དང་ནི་ཀ་དམྤ། །ས་མི་དང་ནི་པ་ལ་ཁ། །ནྱ་གྲོ་དྷ་ནི་དེ་བཞིན་དུ། །འོམ་བུ་ཤིང་རློན་ལོ་མ་གཉིས། །ལོ་མ་མཉམ་པོ་རྩེ་གཅིག་པ། །
བདུད་རྩི་དྲི་ཞིམ་ཆུས་གཏོར་ནས། །མར་འོས་འབྲས་ཀྱིས་མགོ་མཇུག་བསྐུ། །སྦོམ་ཕྲ་མཐེ་ཆུང་ཚད་ཙམ་ལ། །མཉམ་པར་བཅད་ལ་སོར་བཅུ་གཉིས། །མཆོག་ཏུ་གྱུར་པའི་ཡམ་ཤིང་ངོ་། །ཉམས་པ་ལྕི་བ་ཕྲ་བ་ཡོ། །རིང་བ་ཐུང་བ་ལོ་མ་ལྷག །འབུ་ཡིས་ཟོས་
པ་དང་ལྡན་པ། །ཤུལ་མེད་ཆག་པ་ཁུང་བུ་ཅན། །རྩེ་གཉིས་ཐོབ་པ་སྤང་བར་བྱ། །སྲེག་རྫས་གཞན་ཡང་འདི་ལྟ་སྟེ། །ཀུ་ཤ་འབྲུ་མར་དྲི་ཞིམ་བྱུག །འབྲས་ཆན་དཀར་པོ་འོ་མ་ནས། །འབྲུ་མར་ཞོ་དང་པྲི་ཡང་ཀུ། །ཙནྡན་དཱུར་བ་ཡི་ནི་རྫས། །དྲི་ཞིམ་

སྦྲང་རྩི་ཐུག་པ་དང་། །ཨ་མྲའི་ལོ་མ་དེ་བཞིན་དུ། །མེ་ཏོག་ལ་སོགས་རྙེད་པ་བཞིན། །སྔོན་དུ་གསུངས་པ་རྣམས་ཀྱི་དཀྱིལ། །ཡམ་ཤིང་དེ་བཞིན་ལག་པས་བཟུང་། །འོ་མ་ཞོ་མར་དེ་བཞིན་གཏོར། །མངར་གསུམ་བཅུག་པ་ཡང་དག་ཟས། །ཞོ་དང་
སྦྲང་རྩི་མར་དང་བཅས། །འབྲས་བུ་ན་བཟའ་ནག་པོ་ཏིལ། །མེ་ཏོག་རྒྱབ་ཏུ་དཱུར་བ་དང་། །དཀར་པོ་འབྲས་དང་ཞོ་ཟན་དང་། །པདྨ་ནཱ་ག་གེ་སར་དང་། །ཀརྞི་ཀར་དང་འབྲུ་རྣམས་སོ། །དུར་ཐལ་ཤིང་དང་ཁ་བ་དང་། །དེ་བཞིན་ཚ་བ་ཚེར་མ་ཅན། །ཡམ་ཤིང་སྩལ་བ་
རྩ་བའི་ཕྱོགས། །ཚད་ནི་སོར་ནི་བཅུ་ཐམ་པ། །འབྲུ་མར་ཁྲག་དུག་རྣམས་ཀྱིས་བསྐུ། །མགོ་མཇུག་རྩེ་མོ་རྣོན་པོར་བྱ། །བྱ་རོག་སྒྲོ་སོགས་རོ་སྐྲ་གཏུབས། །དྲི་ཆེན་དྲི་ཆུ་ཚེར་མ་རྣམས། །བོང་བུ་རྔ་མོ་སོགས་རིལ་མ། །རུས་ཕྱེ་ནིམ་པའི་ལོ་མ་སོགས། །རྙེད་
བཞིན་མཚན་མ་བྱས་པའམ། །མཚོན་ཆ་རྣོན་པོས་བཅད་ནས་སུ། །གཡོན་པའི་མཐེའུ་ཆུང་ཙམ་ནས་བསྲེག །དུར་ཁྲོད་ལ་སོགས་མི་སྡུག་པ། །སྐྱོན་མེད་ཡོན་ཏན་བཞི་པ་ལའོ། །ལོ་མ་དང་ལྡན་སོར་ལྔ་པ། །ཙམ་པ་ཀ་དང་པྲི་ཡང་ཀུ། །ནཱ་ག་གེ་སར་
ཀུ་ན་ག །གེ་སར་དང་ནི་ལ་ཀ་ཙ། །ཨ་ཤོ་ཀ་དང་ཤལ་ཤིང་རྣམས། །དེ་བཞིན་ནགས་ཚལ་ལས་བྱུང་རྣམས། །མེ་ཏོག་འབྲས་བུ་མ་ཉམས་ཀུན། །ཡམ་ཤིང་དབང་དུ་བྱ་བ་ལ། །ཚེར་མ་དགུག་པའི་ཕྲིན་ལས་ལ། །དེ་ཉིད་ལྕགས་ཀྱུ་ལྟ་བུ་ནི། །སྒྲུབ་པོ་རླུང་
ཕྱོགས་ཁ་བལྟའོ། །ཕྱོགས་མཚམས་སུ་ནི་བརྗོད་པ་རྣམས། །ཡིད་འོང་དྲི་ཞིམ་གཏོར་བྱས་ཀུན། །བྲྀང་ཀང་ཀ་དང་ཨརྒ་དང་། །བར་ཏི་ར་དང་ཁ་ཏི་ར། །ཨ་པ་མརྒ་ལྷག་མ་རྣམས། །ཞི་བར་གསུངས་སོ་ཀ་དམ་པས། །གཞན་མ་ཇི་ལྟར་བཟུང་བ་
བཞིན། །ཡང་ན་ཡམ་ཤིང་ཞི་བ་ལྟར། །གཞན་ལ་ཐུན་མོང་ཆོ་གའོ། །སྲེག་རྫས་རྣམས་ནི་བསྟན་པའོ། །བ་ལང་ལྕི་བ་ནགས་ཚལ་གྱི། །ཧོམ་ཁུང་ཚད་ལས་མ་ཐལ་བར། །འབུས་མ་ཟོས་ཤིང་མཆོད་སྦྱིན་གྱི། །བུད་ཤིང་ཞི་བའི་ཕྲིན་ལས་ལ། །རྒྱས་

པ་ལ་ནི་འབྲས་བུར་བཅས། །འདི་ནི་སྔོན་དུ་གསུངས་པ་ཉིད། །གཞན་ན་ནགས་ཚལ་ལྕི་བ་དངོས། །ཚ་བ་ཚེར་མ་ཁ་བ་རྣམས། །བུད་ཤིང་འདི་ནི་མངོན་སྤྱོད་ལ། །དྲི་མི་ཞིམ་པ་བྲོ་བའི་ཤིང་། །དུར་ཤིང་རྔ་མོ་ལ་སོགས་པའི། །ལྕི་བ་སྐམ་པོ་རྙེད་པ་བཞིན། །དབང་ལ་
ནིམ་པ་སྐྱུར་པོ་ཤིང་། །གཞན་ཡང་མེ་ཏོག་དང་བཅས་པ། །ཚེར་མ་ཡིན་གཟུང་དགུག་པ་ལ། །རང་རང་ཕྲིན་ལས་ཇི་ལྟ་བཞིན། །བུད་ཤིང་རབ་ཏུ་བསྟན་པའོ། །མགར་ཐབ་ལས་བྱུང་མཆོད་སྦྱིན་ནི། །སྦྱིན་སྲེག་མེ་ཡང་འདོད་པའོ། །རྒྱས་པ་ལ་ནི་དགེ་འདུན་
གྱི། །གཡོས་ཁང་ནོར་བུ་ལས་བྱུང་བ། །ཡང་ན་རི་ཤོར་ཆེན་པོའི་མེ། །རྒྱལ་པོ་རྒྱལ་འདྲ་ཁབ་བྱུང་བ། །དྲག་པོ་ལས་ལ་གཞན་མ་བཤད། །མི་རུས་དུར་ཐལ་རྡོ་བ་དང་། །ཤན་པའི་ཁྱིམ་ལས་བྱུང་བའི་མེ། །སྨད་འཚོང་མ་དང་རྗེའུ་རིགས། །ཁྱིམ་
བྱུང་མེ་ནི་དབང་བྱས་ལ། །ལམ་དུ་ཞུགས་པའི་འགྲོན་པོ་ཡི། །མེ་ནི་དགུག་པའི་ཕྲིན་ལས་ལ། །གར་མཁན་མེ་ནི་དེ་བཞིན་དུ། །ཕྲིན་ལས་ཐམས་ཅད་རང་རང་བཞིན། །མེ་ནི་བླང་བ་བསྟན་པའོ། །གསེར་དང་ཟངས་མའི་སྣོད་ཆེན་བྱ། །ནིམ་པ་ལ་སོགས་མཆོད་
སྦྱིན་ཤིང་། །ཚད་དུ་ཕྱིན་མིན་མཐེབ་སོར་གྱི། །ཉི་ཤུ་རྩ་བཞིའི་ཚད་དུ་བྱ། །དེ་ཡི་རྡོ་རྗེ་ལ་སོགས་བཅས། །ལག་ཏུ་གཟུང་བྱས་དེ་ཡི་སྟེང་། །གྲུ་བཞི་སོར་བཞིར་གྱུར་པ་ལ། །ནང་དུ་སོར་གཉིས་རྡོ་རྗེས་བསྐོར། །དེ་སྟེང་རྩེ་གསུམ་རྡོ་རྗེ་ནང་། །སོར་
བཞི་པདྨའི་འདབ་མ་ལྟར། །སོར་གཅིག་ཚད་དུ་མ་ཕྱིན་པའི། །མར་འཛག་བུ་ག་དང་ལྡན་པ། །རིན་ཆེན་རྡོ་རྗེ་ཡུ་བའི་འོག །སོར་དྲུག་གིས་ནི་མཚན་པར་བྱ། །ཁྲུ་གང་ཚད་དུ་འཛག་པ་ནི། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །སོར་གཉིས་ཁ་ཁྱེར་སྟེང་དུ་ནི། །པདྨ་
འདབ་མའི་དབྱིབས་སུ་བྱ། །སོར་གཅིག་རྡོ་རྗེ་རྩེ་ལྔ་པ། །དབུས་སུ་བཀོད་ནས་གཞག་པའོ། །སོར་མོ་ལྔ་ནི་སྦྱོར་བ་ལས། །ཡང་ན་གང་བར་བསྲེག་པར་གསུངས། །དེ་བཞིན་གཞན་མ་སོར་གསུམ་བསྡུས། །སྣོད་ཆེན་འཛག་པ་ཞེས་བྱའོ། །བླུགས་

གཟར་དགང་གཟར་བསྟན་པའོ། །ཁྲུས་དང་གཙང་སྦྲ་བྱས་ནས་སུ། །ལུས་ལ་དྲི་ཞིམ་གྱིས་བྱུགས་ལ། །སྙིང་རྗེ་བྱམས་དང་ལྡན་པ་ཡིས། །གོས་དང་མེ་ཏོག་ལ་སོགས་བརྒྱན། །བརྟན་པོ་སྨྲ་བཅད་དང་ལྡན་པ། །འཇམ་པོ་འབོལ་པོ་
གདན་ཆེན་ལ། །པདྨའི་སྐྱིལ་ཀྲུང་ལ་གནས་ལ། །ཚེས་གཅིག་དཀར་པོ་ནས་བརྩམས་ནས། །ཤར་དུ་ལྟ་བས་ཞི་བའི་སེམས། །ཞི་བའི་སྦྱིན་སྲེག་བྱེད་པའོ། །འདི་བཞིན་དགའ་བའི་སེམས་ཀྱིས་ནི། །ཁ་དོག་སྣ་ཚོགས་གོས་དང་ལྡན། །བཟང་པོའི་གདན་ལ་གནས་
པའོ། །ཡང་ན་མི་རྗེ་སྒེག་པའི་ཚུལ། །ཞོ་དང་ཟས་དང་དཀར་ཟོས་ནས། །ཤིན་ཏུ་བདེ་བ་དང་ལྡན་པས། །ཉ་ཡི་དུས་སུ་གཤེགས་ནས་སུ། །སྣ་ཚོགས་བརྒྱན་པས་སྦྱིན་སྲེག་བྱ། །མིག་བགྲད་ཁྲག་ཆུས་བརླན་པའི་གོས། །སྲབ་པའི་གདན་དང་མཚན་མའི་
བྲང་། །དེར་གནས་ཡང་ན་ཙོག་ཙོག་འདུག །ཡང་ན་དེ་ཉིད་སྟན་མེད་པ། །རྐང་པས་རྐང་པ་མནན་བྱས་ལ། །སོས་ནི་སོ་ནི་འཆའ་བའི་ཚུལ། །ཁྲོ་གཉེར་དང་ལྡན་གདོང་པ་ནི། །ཁྲོས་དེ་དྲག་པོའི་ཕྲིན་ལས་ལ། །ནག་པོ་ཉི་མ་རེ་རེ་ལ། །ཁྲོ་བོའི་སྐྱིལ་ཀྲུང་
དང་བཅས་པ། །གང་ཚེ་དེ་ཡི་དུས་སུ་ནི། །ཁྲོ་བོའི་རྣལ་འབྱོར་ཁོ་ནས་སོ། །མཐོན་པོ་བདེ་བའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་ཆགས་སེམས་ལྡན། །དབང་དུ་བྱ་བའི་ཕྲིན་ལས་ལ། །དགུག་པ་ལ་ཡང་དེ་བཞིན་དུ། །འདི་ཉིད་དུ་ནི་གདོང་སྟེང་དུ། །བྱང་
ཕྱོགས་ལ་སོགས་ཁ་བལྟས་ལ། །ཕྲིན་ལས་སྣ་ཚོགས་ཉིད་ལ་ཡང་། །ཇི་ལྟར་གོ་རིམས་བཞིན་དུའོ། །དབང་ལྡན་མཚམས་ལ་ཁ་བལྟས་ལ། །དེ་བཞིན་རྡོ་རྗེ་སྐྱིལ་ཀྲུང་ཅན། །རེངས་བྱེད་རྨོངས་བྱེད་གཉིས་ལ་ནི། །བ་ཤ་ཐ་མར་སྔགས་ཀྱིས་ནི། །ཧོམ་ཁུང་ཁྲུ་
བཞི་དཀར་དང་སེར། །རྒྱན་གྱིས་བརྒྱན་པར་བྱས་པ་ཅན། །ཆོ་ག་རྒྱས་པ་བཞིན་དུ་གནས། །མེ་མཚམས་ཁ་བལྟས་གར་བྱེད་ལ། །རྔ་མོ་ལ་སོགས་རིལ་མས་བྱུག །ཁྱད་པར་ནི་བྲི་དཀར་ནག་བརྒྱན། །ཡམ་ཤིང་བྱ་རོག་སྒྲོ་ལ་སོགས། །འདུས་ཏེ་

བར་བཅུག་དང་ལྡན་པ། །བདེན་བྲལ་མཚམས་བལྟ་འཁོན་བྱེད་ལ། །འབྲུ་མར་ཚ་དུག་སོགས་པས་བྲེ། །ཕྱིན་ཅི་ལོག་པའི་རྐང་པས་ནི། །སེར་ནག་རྒྱན་གྱིས་བརྒྱན་པར་བྱ། །སྒྲུབ་པ་པོ་ཡི་བསྟན་པའོ། །གསེར་དངུལ་རྡོ་བ་ཟངས་མ་དང་། །ཤིང་དང་
ཁམ་ཕོར་སོལ་བའི་སྣོད། །བརྡུང་ངམ་ལོ་མར་བཅས་པའི་སྣོད། །སྣོད་ནི་བསང་གཏོར་ལ་སོགས་པའི། །འོ་མ་ནས་དང་སྤོས་ལྡན་ཆུ། །མེ་ཏོག་དང་བཅས་ཞི་བ་ལ། །ཞོ་ཏིལ་རྒྱས་པར་ལྡན་ཆུ་ལ། །དེ་ནས་ཟུར་གསུམ་དྲག་པོ་ལ། །ཁྲག་བཅས་ཆུའམ་
དཱུར་བ་བྲི། །སྣོད་ལ་མི་འམ་བོང་བུའི་ཆུ། །མེ་ཏོག་དྲི་ཞིམ་དབང་སོགས་ལ། །མེ་ཏོག་ཞིམ་ཏིལ་ཀུ་ཤ་དང་། །འོ་ཐུག་དང་བཅས་ལས་ཀུན་ལ། །བཟླས་པ་ཁྲོས་པའི་སྔགས་ཀྱིས་ནི། །ཡིག་གསུམ་གྱིས་ཀྱང་བར་བཅུག་ལ། །ཡི་དམ་ལྷ་ཡི་སྔགས་
ཀྱིས་བསམ། །བསང་གཏོར་སྣོད་ནི་འདོད་པའོ། །གཡོན་དུ་ཞི་བའི་ཕྲིན་ལས་ལ། །བུད་ཤིང་ལ་སོགས་གཡས་སུ་འགྱུར། །ཕྱིན་ཅི་ལོག་པར་དྲག་པོ་ལ། །དགུག་པ་ལ་ཡང་དེ་བཞིན་གསུངས། །བསང་གཏོར་ལ་སོགས་སྣོད་བསྟན་པའོ། །གཞན་ན་སྲུང་བ་
དང་ལྡན་པ། །དེ་ནས་སྣོད་དུ་ཡིག་གསུམ་གྱིས། །ཧོམ་ཁུང་ཤིང་ལས་སྦྱར་བྱས་མེ། །བཅུག་ནས་ཆུ་གཏོར་དེ་བཞིན་དུ། །བསིལ་ཡབ་ཀྱིས་གཡབ་འབར་བར་བྱའོ། །ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་བརྗོད་བྱ། །རྩྭ་སྐམ་པ་ཡི་ལྕི་བ་ཡིས། །ཡང་ན་ཕྱེ་མས་འབར་
བར་བྱ། །རིགས་བྱས་བཟླས་བརྗོད་གསུམ་གྱིས་ནི། །ཕྱུགས་མར་གྱིས་ནི་དེ་ནས་མེ། །ཨོཾ་བཛྲ་སཏྭ་ཨ་བརྗོད་བྱ། །མ་དག་རིང་ནི་ཐུང་བ་མིན། །ཉག་མ་གཉིས་ནི་སྦྱིན་པར་བྱ། །ཁ་ཕྱིར་བལྟས་ནས་དེ་ནས་ནི། །ཁ་སོགས་ལྷོ་རུ་བྱས་ནས་སུ། །ཀུ་ཤ་རྩེ་
མོ་ཤར་བསྟན་དགབ། །ཡི་དམ་ལྷ་ཡི་ས་བོན་གྱིས། །ཧོམ་ཁུང་རྫོགས་ཏེ་ལྷ་ཡི་བདག །ཐོབ་བྱུང་སྙིང་པོ་ཟུར་གསུམ་པ། །ས་བོན་རི་བྱུང་པདྨར་གནས། །གུནྡྷེ་སྐྱབས་སྦྱིན་དབྱུག་པ་ཕྲེང་། །ཕྱག་ན་འཛིན་པ་འདི་ན་མེ། །ལས་ཀྱི་རྗེས་མཐུན་རྣམ་

པར་ཤེས། །འབར་བ