Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 6 / 20 (50.000 ký tự/trang)
་ལྕེའི་དཀྱིལ་དུ་ཡི་གེ་ནཾ་བཀོད་ལ་བསང་གཏོར་ལ་སོགས་པ་སྔོན་དུ་འགྲོ་བ་བུ་རམ་དང་། འོ་མ་དང་མར་གྱིས་བཀང་བའི་
སྲེག་བླུགས་གསུམ་གསུམ་བྱིན་ལ། དེ་ནས་འོ་མ་ལ་སོགས་པས་ཅི་འདོད་པའི་སྦྱིན་སྲེག་བྱའོ། །དེ་ནས་ཚིམ་པས་ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་མངོན་སྤྱོད་བྱ་སྟེ། ཐམས་ཅད་དུ་ནག་པོའི་སྟོབས་པོ་ཆེའི་རྣལ་འབྱོར་བྱས་ལ། བལ་མི་ཁའི་ས་
དང་། ཆུ་ངོགས་གཉིས་ཀྱི་ས་དང་། བཤང་བ་དང་གཅིན་དུ་བསྲེས་པས་སྦྲུས་ལ་ཀླུའི་གཟུགས་བརྙན་མཐོ་གསུམ་པ་བྱས་ལ་དུར་ཁྲོད་ཀྱི་ས་ལ་དུག་དང་རམས་དང་ཁྲག་དང་སྐེ་ཚེ་དང་། ལན་ཚྭ་དང་། ཡུངས་མར་གྱིས་རལ་གྲིའི་འཁོར་ལོ་རྩིབས་བརྒྱད་པ་བྲིས་པ་
ལ་དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་ལ་ཀླུ་བརྒྱད་ཀྱི་ཁྱད་པར་གྱི་སྙིང་པོ་འམ། ཡང་ན་སྤྱིའི་སྙིང་པོ་བྲིས་ནས་དབུས་སུ་ཆུ་ལྷའི་སྙིང་པོ་བྲིས་ལ་བཀུག་ནས་གཟུགས་བརྙན་དེའི་སྙིང་གར་བཅུག་ལ་ཡན་ལག་ཐམས་ཅད་ཚ་བ་གསུམ་དང་སྐེ་ཚེ་ལ་སོགས་པས་བྱུགས་ལ་མེ་ལ་
བདུགས་ལ་སྔགས་བརྗོད་པར་བྱས་ན་ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་གོང་མ་ལྟར་ས་ལ་ཀླུའི་དཀྱིལ་འཁོར་བྲིས་ཏེ། སྟོད་གཡོགས་དང་སེའུ་ཀ་སྔོན་པོ་བགོ་བའམ་གོས་དམར་པོ་བགོ་བའམ། ཡང་ན་གཅེར་བུར་བྱུང་སྟེ། ཉི་མ་འབར་བ་ལ་གནས་

པའི་རྡོ་རྗེས་བྱིན་གྱིས་བརླབས་པའི་རྐང་པ་གཡོན་པའི་དཀྱིལ་ལ་གནས་པའི་ཀླུའི་དཀྱིལ་འཁོར་ལ་གནས་པའི་ཀླུ་ཁ་གནམ་ལ་བལྟས་པ་མནན་པ་དང་། སྐྲག་སྟེ་གདེངས་ཀ་གདེངས་པ་ཁ་གྱེན་དུ་བལྟས་པ་ཕུ་ཞེས་བྱ་བས་ནམ་མཁའ་ཁྱབ་ཅིང་ཁྲག་སྐྱུགས་ཤིང་ཆར་འབེབས་
པས་རྒྱ་མཚོར་བྱེད་པར་བསམས་ནས་ཚིག་རེ་རེའི་མཐར་རྣམས་དང་སྤེལ་བའི་སྔགས་བཟླ་བར་བྱ་སྟེ། དེས་ན་ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་མེ་ཐབ་གྲུ་གསུམ་བྱས་ལ་དེའི་དབུས་སུ་སྟོབས་པོ་ཆེ་བསམས་ནས། གདོལ་པའི་ཁྱིམ་ནས་བླངས་པའི་མེ་སྦར་ལ།
ཀླུའི་གཟུགས་བརྙན་དུག་དང་ལན་ཚྭ་དང་། ད་དུ་ར་དང་། སྐེ་ཚེ་ལ་བྱས་ལ་ཕུས་བསྐྱེད་ལ། ཕྲེང་བའི་སྔགས་བཟླ་ཞིང་ལག་པ་གཡོན་པས་མཇུག་མའི་རྩེ་མོ་ནས་བརྩམས་ལ། བཤང་བ་དང་གཅི་བས་ལུས་བྱུགས་ལ་གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དེས་
ཆར་འབེབས་པར་བྱེད་དོ། །དེས་ཀྱང་མ་ཕེབས་ན་ཉེས་པ་འདི་ནི་སྟོབས་པོ་ཆེའི་ཡིན་ནོ་ཞེས་ཏེ། གོང་དུ་གསུངས་པའི་རྫས་ཀྱིས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ། བདག་དཔལ་གནོད་མཛེས་ཀྱི་སྦྱོར་བ་དང་ལྡན་པས་དགུག་པ་སྔོན་དུ་འགྲོ་བས་གོང་མ་ལྟར་གན་རྐྱལ་དུ་རྐང་པ་
གཡོན་པས་མནན་ལ། མ་ཧཱ་བ་ལ་བཪྵ་པ་ཡ་ཤྲཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པའི་ཧཱུཾ་བཞི་དང་གནོད་མཛེས་རྒྱལ་པོའི་སྔགས་བཟླས་བརྗོད་ཁྲི་བྱའོ། །དེ་ནས་མངོན་སྤྱོད་ཀྱི་ཧོམ་ཁུང་ལ་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཞལ་གདངས་པའི་ཡི་གེ་ཧཱུཾ་གི་ལྗགས་དང་ལྡན་པར་
བསམས་ནས། དེའི་གཟུགས་བརྙན་གཏུབ་ཅིང་དེའི་ཞལ་དུ་སྦྱིན་སྲེག་ཁྲི་ཕྲག་གཅིག་བྱའོ། །དེ་ནས་སྟོབས་པོ་ཆེས་ཆར་འབེབས་པར་བྱེད་དོ་ཞེས་རྣལ་འབྱོར་གྱི་ཚུལ་ཐམས་ཅད་ལས་རབ་ཏུ་གྲགས་སོ། །དེ་ནས་ཀླུ་ཐམས་ཅད་དང་སྟོབས་པོ་ཆེའི་ཞི་བར་བྱ་བའི་མེ་ཐབ་
ཟླུམ་པོ་ལ་གནས་པའི་སྤྱན་མ་ཞི་བའི་ཞལ་དུ་སྟེ། སྔགས་དང་ཆོ་གས་མར་དང་འོ་མ་ལ་སོགས་པའི་སྲེག་བླུགས་ཁྲི་ཕུལ་བས་དེ་རྣམས་ཞི་བར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་མ་འདི་ལ། སངས་རྒྱས་ཀུན་གྱི་ཞིང་འབྱུང་བ། །ཞེས་བྱའོ། །འདོད་པའི་རྒྱལ་

པོས་དགུག་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལས་གྱུར་པའི་འདོད་པའི་རྒྱལ་པོའི་སྦྱོར་བས། དགུག་པར་བྱ་བའི་གཟུགས་བརྙན་གཤིན་རྗེ་གཤེད་ཀྱི་ཆོ་ག་ལས་
གསུངས་པ་བཞིན་དུ་བྱས་ནས་བཀུག་སྟེ་ཐོད་པར་བཅུག་ནས་ཐོད་པ་དེ་གཡོན་བརྐྱང་བའི་གཡས་པའི་རྐང་པས་མནན་ནས་འདོད་པའི་རྒྱལ་པོའི་སྔགས་སྤེལ་བ་དང་བཅས་པར་བཟླས་བརྗོད་བྱས་ན་གོང་མ་ལྟར། རྡོ་རྗེ་ལྕགས་ཀྱུས་འགུགས་པར་འགྱུར། །ཞེས་སོ། །མི་གཡོ་
མགོན་པོས་ལྷ་ཆེན་ཆུང་མ་དང་བཅས་པ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལྷ་རྣམས་འཁོར་དང་བཅས་པ་ནི་དེའི་དགུག་པར་བྱའོ། །ཁྲོ་བོའི་རྒྱལ་པོ་སྔགས་འདི་ཡིས། །ཞེས་པ་ནི་མི་གཡོ་མགོན་པོའི་རྣལ་འབྱོར་པས་སྐྱེས་པའི་ཐོད་པ་སྐྱོན་མེད་པ་
བླངས་ནས། དེ་ལ་རྐང་པ་གཡས་པའི་སོར་མོའི་ཁྲག་དང་ལན་ཚྭ་དང་། ཡུངས་མར་དང་སྐེ་ཚེ་ལ་སོགས་པའི་ལྷ་ཆེན་པོ་ཆུང་མ་དང་བཅས་པའི་འམ། ལྷ་མ་ཡིན་ལ་སོགས་པའི་གཟུགས་བརྙན་བྲིས་ལ་དགུག་པར་བྱ་སྟེ། ཐོད་པ་དེ་རྐང་པ་གཡས་པས་མནན་ནས་སྔ་མ་
བཞིན་དུ་ལྕགས་ཀྱུས་འགུགས་པར་བསམས་ལ་བསྐུལ་བ་དང་བཅས་པར་སྔགས་བཟླས་པར་བྱའོ། །དེ་ནས་མཐུ་ཆེན་པོ་དང་ལྡན་པ་དག་ཀྱང་སྐྲག་པར་གྱུར་ནས། ཁ་སྦྱར་ལུས་སུ་བཅས་པར་འགུགས། །ཞེས་ཆུང་མ་དང་བཅས་པ་འོང་བར་འགྱུར་ཞེས་སོ། །གནོད་
མཛེས་ཀྱི་བུ་མོ་དགུག་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བུ་མོ་མཐུ་ཆེན་ཐམས་ཅད་ཅེས་པ་ནི་ཀླུ་དང་ལྷ་མ་ཡིན་ལ་སོགས་པའི་བུ་མོ་འདོད་ཆགས་ཀྱིས་ཡིད་གཡོས་པས་སྐྲ་བཤིག་གོས་དང་བྲལ་བར་གྱུར་ནས་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་
རྗེས་སུ་དྲན་པས་འདོད་པ་རྙེད་པར་གྱུར་ཏོ་ཞེས་སོ། །ལས་གསུངས་པ་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་གནོད་མཛེས་རྒྱལ་པོའི་སྦྱོར་བ་དང་ལྡན་པས་མཚན་མ་དང་ལྡན་པའི་བུད་མེད་ཀྱི་ཐོད་པར་བསྒྲུབ་པར་བྱ་བའི་

རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་བྲིས་ལ་དེ་པདྨ་ལ་ཞབས་གཡོན་པས་མནན་ཏེ། གོང་མ་ལྟར་དེ་བཞིན་གཤེགས་པ་ཀུན་གནོད་མཛེས་སུ་སྤྲུལ་པའི་ལྕགས་ཀྱུས་སྙིང་གར་བརྒྱབ་ལ། ཞགས་པས་སྐེ་ནས་བཅིངས་ལ། ཕྲེང་བའི་སྔགས་ཚིག་རེ་རེ་འམ་བསྐུལ་བའི་ཚིག་དང་བཅས་
པར་བཟླས་ཤིང་དགུག་པར་བྱའོ། །དེ་ནས་བུ་མོ་རྣམས་འགུགས་སོ། །ཞེས་སོ། །བསྒྲུབ་བྱའི་སེམས་འགོག་པས་ན་ཚར་གཅོད་པ་སྟེ་དེ་བས་ན་མངོན་སྤྱོད་ཀྱི་ནང་དུ་འདུས་པས་ན་ཕཊ་ཅེས་བྱ་བ་དེ་མ་བོར་ཡང་ཉེས་པ་མེད་པའོ། །དེ་ལྟར་སྔགས་དང་རྒྱུད་དང་ལྡན་པའི་ལས་
གསུངས་ནས། ད་ནི་བསམ་གཏན་ལས་སྐྱེས་པའི་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དམ་ཚིག་ཆེན་པོ་ནི་སེམས་དཔའ་དེ་ཁོ་ན་ཉིད་དེ། དེའི་འབྱུང་བ་གང་དབྱེར་མེད་པ་གང་ལས་གྱུར་པ་དེ་ལ་རྡོ་རྗེ་འཛིན་པའི་རྣམ་པ་ལྟ་བུར་སྙོམས་པར་ཞུགས་ནས་ཞེས་
སོ། །དམ་ཚིག་ཆེན་པོའི་ནི་སེམས་དཔའོ། །དེའི་རྡོ་རྗེ་གསུམ་གྱི་གསང་བ་ནི་སྐུ་ལ་སོགས་པ་གསུམ་མོ། །དེ་རྣམས་ལ་བཤད་པའི་ཆོས་ནི་གསུང་ཁོ་ན་མི་འདའ་བས་ན་དམ་ཚིག་སྟེ། དེའི་ཚིག་ནི་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་སྐུ་
གསུམ་ལ་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམས་ཏེ་ཇི་ལྟ་བ་བཞིན་དུ་འཁོར་ལོ་དང་ལྡན་པར་བསྒོམས་ནས། དེ་རང་གི་སྙིང་ག་ནས་ཞགས་པ་དང་རྡོ་རྗེ་ཀྱོ་བས་མཚན་པའི་ལྷ་རྣམས་སྤྲོས་པས་ཇི་སྙེད་སངས་རྒྱས་རྣམས་ཀྱང་འགུགས་པའོ་ཞེས་སྦྱར་རོ། །སངས་རྒྱས་ཀུན་ནི་རྣམ་
པར་སྣང་མཛད་དོ། །གསུང་ནི་སྣང་བ་མཐའ་ཡས་སོ། །དེ་གཉིས་སྦྱོར་བ་གཞན་གྱིས་འཁོར་ལོ་ཆེན་པོ་སྦྱོར་བ་ཡིས། །ཞེས་ཏེ། ལྷའི་འཁོར་ལོ་དང་ལྡན་པར་བསམས་ནས་གོང་མ་ལྟར་སྦྱར་བས་ཇི་སྙེད་པའི་རྡོ་རྗེ་སེམས་དཔའ་ཡང་འགུགས་པར་འགྱུར་ཞེས་སྦྱར་རོ། །དེའི་མཇུག་
སྡུད་པ་གསུངས་པ། མི་ཕྱེད་ཅེས་པ་ལ་སོགས་པའོ། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །ཞེས་པ་ནི་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་སྟེ་ཀྱོ་བའི་གནས་སོ། །འཁོར་ལོ་པདྨོ་རྡོ་རྗེ་ཆེ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་པ་ནི་སྐུའི་སྐབས་སུ་འཕྲོས་པའི་ལྷ་ཞགས་

པ་དང་ལྕགས་ཀྱུས་མཚན་པ་ནི་འཁོར་ལོའི་ཀྱོ་བ་སྟེ་གཞན་གཉིས་ཀྱང་དེ་ལྟར་རོ། །དེས་སྔགས་རྣམས་ཏེ་ལྷ་རྣམས་ཀྱང་འགུགས་པར་འགྱུར་ཞེས་སོ། །རྡོ་རྗེ་གསུམ་གྱི་འཁོར་ལོས་དགུག་པ་བཤད་ནས་ལྷ་གཞན་གྱི་རྣལ་འབྱོར་པས་འཁོར་ལོ་འམ་གཅིག་པས་དགུག་པ་
གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པའོ། །ཐམས་ཅད་རྡོ་རྗེ་སྟེ་ལྷ་ཐམས་ཅད་དོ། །དེ་ཉིད་དངོས་པོ་ནི་ཞི་བའོ། །དེ་ཡང་རང་སྔགས་སྐྱེས་བུ་སྟེ་རང་གི་འདོད་པའི་ལྷ་རང་གི་སྔགས་ལས་འཁོར་ལོ་དང་ལྡན་པ་རེ་རེ་ཡིན་ཡང་རུང་སྟེ་བསྐྱེད་ནས་རྡོ་རྗེ་གསུམ་གྱི་བྱིན་གྱིས་
བརླབས་ལ། དེ་རྣམས་ལས་འདོད་པའི་རྒྱལ་པོ་ལ་སོགས་པ་ལྕགས་ཀྱུས་མཚན་པའི་ལྷ་འཕྲོས་པས་མིའི་བུ་མོ་ལ་སོགས་པའི་སྙིང་གར་རྡོ་རྗེ་ཀྱོ་བའི་སྦྱོར་བས་འགུགས་སོ་ཞེས་སོ། །འགུགས་པ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་གསུངས་པ། རླུང་གི་ཞེས་པ་ལ་
སོགས་པའོ། །རླུང་གི་དཀྱིལ་འཁོར་ཞེས་པ་ནི་དགུག་པར་བྱ་བའི་གདན་དུ་སྦྱོར་ན་ངེས་པར་འགུགས་ཞེས་སོ། །རླུང་གི་དཀྱིལ་འཁོར་དེ་ལ་ཟླ་བའི་དཀྱིལ་འཁོར་གཅིག་བསམ་མོ། །དེའི་སྟེང་དུ་བསྒྲུབ་བྱ་རྣམ་པར་སྣང་མཛད་ཀྱི་རང་བཞིན་བསམ་མོ། །ཤ་ཙི་ཞེས་པ་ནི་
སྤྱན་མ་དང་མཱ་མ་ཀཱིས་ཞི་བ་དང་སྲུང་བའི་ཆོ་ག་བཞིན་དུ་སྟོབས་དབབ་པ་དང་བདུད་རྩིའི་རྒྱུན་ཟགས་པར་བསམས་པས་རྡོ་རྗེ་མི་འཆི་སྟེ། སྐྲག་པ་ལ་སོགས་པ་དང་བྲལ་བས་ནི་ཚེ་རིང་པོར་འགྱུར་བའི་སྦྱོར་བའོ། །དགུག་པའི་སྔགས་ཀྱང་བརྒྱ་རྩ་བཅུར་བརྗོད་ན་གང་ཡང་རུང་བ་ངེས་པར་
རྟག་ཏུ་འགུགས་པར་འགྱུར་ཞེས་སོ། །འདོད་པའི་རྒྱལ་པོས་ནམ་མཁའི་ལྷ་རྣམས་ཀྱི་བུ་མོ་དགུག་པ་གསུངས་པ། །རྡོ་རྗེ་ཀྱོ་བ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཀྱོ་བ་ནི་ལྕགས་ཀྱུ་སྟེ། དེས་མཚན་པ་ནི་གཟུགས་པོ་ཆེ་སྟེ་འདོད་པའི་རྒྱལ་པོའོ། །དེ་ཉིད་གསུངས་པ་ལ་གནས་
པ་འབར་བ་རྡོ་རྗེ་འདྲ་བའི་འོད་ཟེར་ལྕགས་ཀྱུས་མཚན་པ་སྤྲོས་པས་རྡོ་རྗེ་དཀྱིལ་འཁོར་ཏེ། རླུང་གི་དཀྱིལ་འཁོར་ལ་གནས་པའི་ནམ་མཁའི་ལྷ་རྣམས་ཀྱི་བུ་མོ་འགུགས་པའི་མཆོག་ཅེས་པའོ། །གནོད་མཛེས་ཀྱིས་ལྷ་མ་ཡིན་གྱི་བུ་མོ་དགུག་པ་གསུངས་པ། རང་གི་ཞེས་

པ་ལ་སོགས་པའོ། །སྔགས་རང་གི་ཁྲོ་བོར་གྱུར་ཅིང་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ། དེ་གང་ཞེ་ན། རྡོ་རྗེ་ས་འོག་གནས་པ་དག །ཅེས་པ་ནི་གནོད་མཛེས་རྒྱལ་པོའོ། །དེ་ཡང་གསུམ་པ་ལ་གནས་པའི་ཤཱུ་ལ་དང་རྡོ་རྗེ་ཀྱོ་བས་མཚན་པའི་ལྷ་སྤྲོས་པས་
གོང་མ་ལྟར་ལྷ་མ་ཡིན་གྱི་བུ་མོ་རྣམས་འགུགས་པར་འགྱུར་རོ་ཞེས་སོ། །ཡང་ལྷ་གང་ཡང་རུང་བའི་རྣལ་འབྱོར་པས་རྫས་དང་ལྡན་པའི་དགུག་པ་གསུངས་པ། བཙག་ཅེས་པ་ལ་སོགས་པའོ། །མཚན་མ་ཐོབ་པའི་རྣལ་འབྱོར་པས་བཙག་གམ་རྡོ་རྒྱུས་ལ་སོགས་རྡོ་རྗེ་ཀྱོ་བ་དང་
ལྷའི་སྦྱོར་བས་བསྒོམས་ནས། ཟླ་བ་གཟས་ཟིན་པའི་ཚེ་ཁར་བཅུག་ལ་རྡོ་རྗེ་གསུམ་གྱིས་བརླབས་ནས་དེ་ལས་བྱུང་བའི་ལྷ་རྣམས་སྤྲོས་པས་ནམ་མཁའི་ཁམས་བཀང་ལ་ཡང་དག་པར་བསྡུས་ནས་གནས་བརྟག་པའི་ངོ་བོར་ཆགས་པར་བྱས་ནས་ཇི་སྲིད་ཟླ་བ་མ་གྲོལ་གྱི་
བར་དུ་བསྒོམ་པར་བྱའོ། །དེས་ཤིང་ལེབ་ལ་སོགས་པ་ལ་ཚངས་པ་ལ་སོགས་པ་གང་གི་མིང་བྲིས་པ་རྣམས་འོང་བར་འགྱུར་ཞེས་སོ། །འཇམ་པའི་རྡོ་རྗེའི་རྣལ་འབྱོར་པས་གནོད་སྦྱིན་གྱི་བུ་མོ་དགུག་པ་གསུངས་པ། རྣམ་པའི་ཞེས་པ་ལ་སོགས་པའོ། །རྣམ་པའི་མཆོག་
རྣམས་ཏེ་མཚན་དང་དཔེ་བྱད་ཐམས་ཅད་དང་ལྡན་པའི་རྡོ་རྗེ་འཇམ་དཔལ་ཆོ་ག་ཇི་ལྟ་བས་རབ་ཏུ་བསྒོམས་ལ་དགུག་པར་བྱ་བའི་གནོད་སྦྱིན་མོའི་མགོ་ལ་ཁྲོ་བོ་གཤིན་རྗེ་གཤེད་རྡོ་རྗེ་ཀྱོ་བ་དང་ལྡན་པ་བསྐལ་པའི་སྲེག་པ་ཆེན་པོའི་གཟུགས་བསྒོམས་ནས། དེ་དང་འདྲ་བའི་གཟུགས་
ལས་སྤྲོས་པས་ཀྱང་གནོད་སྦྱིན་མོ་དག་བཀུག་ནས་སྤྱད་པར་བྱའོ་ཞེས་སོ། །ཇི་སྐད་དུ། གནོད་སྦྱིན་མོ་ཡི་སྔགས་རྒྱུད་ལས། །གཤིན་རྗེ་གཤེད་ནི་རྣམ་པར་བརྟག །ཅེས་སོ། །གནོད་སྦྱིན་མོ་ནི་སྲ་བ་སྟེ་དེས་གནོན་པར་འགྱུར་བའོ། །རང་རང་གི་ལྷའི་ཆོ་གས་ལས་
བྱ་བ་གསུངས་པ། ཀུན་གྱི་ཞེས་པ་ལ་སོགས་པའོ། །ཀུན་གྱི་ཕྱག་རྒྱའི་ཁྱད་པར་དང་། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དབྱེ་བས་སོ། །སྔགས་ཀྱི་ཁྱད་པར་ཐམས་ཅད་ཀྱིས། །ཞེས་པ་ནི་དེའི་བསྐྱེད་པ་དང་དགུག་པའི་ཐབས་སུ་གསུང་གི །ལྷ་གཞན་གྱི་ཕྱག་རྒྱ་དང་

སྔགས་དང་ལྡན་པས་ལྷ་གཞན་གྱི་རྣལ་འབྱོར་གྱིས་དགུག་པར་མི་བྱ་སྟེ། དེ་ལྟར་བྱས་ན་སྦྱོར་བ་པོ་ལ་རྟོག་པ་འབྱུང་སྟེ་མི་འགྲུབ་པས་ན་བདག་ཉིད་འཇིགས་པར་འགྱུར་རོ་ཞེས་སོ། །སྦྱོར་བ་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་
སོགས་པའོ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེས་པ་ནི་གནས་བསྐྱེད་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ལྔས་དེའི་སྐུ་དང་ལྡན་པར་བྱའོ། །དེ་བར་གྱི་སྲིད་པ་འཇུག་པ་ལ་སོགས་པས་འོད་དུ་ཞུ་སྟེ། ཚད་མེད་པའི་ལྷ་མོར་གྱུར་པས་དེ་ལ་ཡང་དང་ཡང་དུ་བསྐུལ་བར་བྱའོ་ཞེས་སོ། །
དེ་ལས་སྔགས་ཀྱི་ཁྱད་པར་དང་། །ཕྱག་རྒྱ་ཆེན་པོའི་ཁྱད་པར་འབྱུང་། །ཞེས་སོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་སྔགས་རྣམས་ཏེ་ལྷ་ཐམས་ཅད་ཀྱི་སྟོན་པ་ཞེས་ཏེ། གསལ་བར་བྱེད་པའི་རྒྱན་དུ་རབ་ཏུ་བརྟག་པའོ་ཞེས་སོ། །དེའི་རྣམ་པར་དག་པ་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་
སྟེ་དེ་མངོན་དུ་གྱུར་པ་མེད་ན་ཐམས་ཅད་དག་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ད་ནི་ལྷ་མོ་སྒྲོལ་མའི་རྣམ་གྲངས་རལ་པ་གཅིག་མ་ཞེས་གྲགས་པས་དེའི་སྦྱོར་བས་ཀླུའི་བུ་མོ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཀུན་དུ་རྣམ་པར་སྤྲུལ་པའི་ཡེ་
ཤེས་ནི་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཏེ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་ལྟ་བུ་སྟེ། དོན་ཡོད་གྲུབ་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །ཐོར་ཚུགས་གཅིག་མ་ནི་རལ་པ་གཅིག་མའོ། །དམ་ཚིག་ཆེན་མོ་རྒྱལ་པོ་ནི་དོན་ཡོད་གྲུབ་པ་ཉིད་པས་ན་མཆོག་སྟེ་མདུང་ཅན་
མའོ། །དེ་ཡང་སྐུ་དང་ཞལ་དབུས་མ་སྔོ་བ་གཡས་དཀར་བ་གཡོན་དམར་བ། གཡས་གཉིས་ཀྱིས་གྲི་གུག་དང་རལ་གྲི་འཛིན་པ། གཡོན་གཉིས་ན་ཐོད་པ་དང་རིན་པོ་ཆེ་བསྣམས་པ་དང་པོ་གཉིས་ཀྱིས་ཐབས་ལ་འཁྱུད་པ་མཆེ་བ་ཅུ་བཟད་གཙིགས་པ་ཕྱུང་པོ་ཞེས་སོ། །ཀླུའི་
བུ་མོ་མཐུ་ཆེན་ནི་འདིས་དགུག་པར་བྱའོ། །བཀའ་བཞིན་དུ་མ་བྱས་ན་ཚིག་པར་གྱུར་ཅིང་གོས་དང་བྲལ་ནས་བྱེ་མ་འབབ་པའོ། །དེ་དོན་ཡོད་གྲུབ་པ་དྲན་པའི་དམ་ཚིག་ལ་གནས་ན་དེ་མེད་པའི་ཕྱིར་སངས་རྒྱས་བྱང་ཆུབ་རྗེས་སུ་དྲན་ཞེས་སོ། །ལས་གསུངས་པ། སྔགས་

ཀྱི་རིག་པ་འདི་ཡིས་ནི། །ཞེས་ཏེ། ཆོ་ག་ཇི་ལྟ་བ་བཞིན་དུ་རལ་གཅིག་མའི་སྦྱོར་བ་བྱས་ལ། རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་དང་ནཱ་ག་གེ་སར་དུ་བཅས་པས་བུད་མེད་ཀྱི་ཐོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པའི་ཀླུའི་བུ་མོའི་སྙིང་གར་སྔགས་སྤེལ་བ་དང་བཅས་པ་སྔ་
མ་བཞིན་དུ་བྲིས་ནས་བཀུག་སྟེ། གཡས་བརྐྱང་བའི་རྐང་པ་གཡོན་བསྐུམ་པས་མནན་ལ་བསྐུལ་བ་དང་ལྡན་པའི་སྔགས་བརྗོད་ན་ཀླུ་རྣམས་དང་དེའི་བུ་མོ་མིག་བཟངས་དག་ཀྱང་བཀུག་ནས་ཉེ་བར་སྤྱད་པར་བྱ་ཞེས་སོ། །ན་བཟའ་དཀར་མོའི་རྣམ་གྲངས་ཁྲོ་གཉེར་མ་ཞེས་བྱ་བ་
དེའི་སྦྱོར་བ་རིག་འཛིན་གྱི་བུ་མོ་དགུག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ནམ་མཁའི་དམ་ཚིག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེའི་འབྱུང་བ་གང་དབྱེར་མེད་པས་ན་རྡོ་རྗེ་སྟེ་འོད་དཔག་མེད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །དམ་ཚིག་ཆེན་
པོའི་སྟེ་སྣང་བ་མཐའ་ཡས་ལས་མི་འདའ་བས་ཏེ་དེ་ཉིད་ཆོས་རྡོ་རྗེ་ཁྲོ་གཉེར་མ་སྟེ་ཕྱག་མཚན་ལ་སོགས་པ་ན་བཟའ་དཀར་མོ་དང་འདྲ་བ་ལ་དམར་སྐྱའི་མདོག་ཅན། ཐོད་པའི་ཕྲེང་བ་དང་ལྡན་པ་མཆེ་བ་ཅུང་ཟད་གཙིགས་པ་ཕྱུང་ངོ་ཞེས་པའོ། །རིག་པ་འཛིན་པའི་རྒྱལ་པོ་ནི་འདིས་
དགུག་པར་བྱའོ། །གོང་མ་ལྟར་ཡེ་ཤེས་རྒྱལ་པོ་ནི་སྣང་བ་མཐའ་ཡས་ཏེ་དྲན་པས་འཇིགས་པ་དང་བྲལ་ལོ་ཞེས་སྦྱར་རོ། །དེའི་ལས་གསུངས་པ་རིག་པ་འཛིན་པའི་ཞེས་པ་ལ་སོགས་པའོ། །སྔགས་ཀྱི་རིག་པ་ནི་ཁྲོ་གཉེར་མའི་སྔགས་སོ། །དམ་ཚིག་མཆོག་
གིས་དགུག་པར་བྱ། །ཞེས་པ་ནི་གོང་དུ་གསུངས་པའི་སྦྱོར་བའི་དམ་ཚིག་ལ་སོགས་པས་དགུག་པར་བྱའོ་ཞེས་སོ། །དེ་ནི་རིམ་པ་གཉིས་པའི་བསམ་གཏན་འབའ་ཞིག་གིས་དགུག་པ་གསུངས་པ། འགོག་པ་ཞེས་པ་ལ་སོགས་པའོ། །འགོག་པ་ཞེས་པ་ནི་
སེམས་ཀྱིས་ཀུན་དུ་སྤྱོད་པ་གཞན་དང་བྲལ་བའོ། །མི་ཕྱེད་པས་རྡོ་རྗེ་སྟེ་མཛེས་པར་བྱེད་པས་ན་རྒྱལ་པོའོ། །དེ་ཉིད་རིམ་པ་གཉིས་པས་ན་ཡོངས་སུ་རྫོགས་པའོ། །དེས་སེམས་བརྒྱན་པས་ན་མཛེས་པ་མཆོག་སྟེ། མི་གཡོ་བ་བསྒྲུབ་བྱ་དེར་ཆུད་པར་བྱས་པས་ཡེ་

ཤེས་རྡོ་རྗེ་གསུམ་ལས་བྱུང་བ་ཡང་ཁུགས་ན་སྔགས་ཀྱི་རྒྱུད་ལ་སོགས་པའི་བསྒྲུབ་བྱ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཐམས་ཅད་ཀྱང་འདིའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །དེ་བས་ན་དེས་ལུས་ལ་སོགས་པ་མེད་པ་ཡང་དེ་མ་ཐག་ཏུ་འགུགས་ཞེས་བྱ་བར་སྦྱར་བར་བྱའོ། །ད་
ནི་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་པས་སྔགས་ཀྱི་རྒྱུད་དང་ལྡན་པའི་མངོན་སྤྱོད་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །ཡང་ན་ཞེས་པ་ནི་དགུག་པ་ལ་རྣམ་གྲངས་བསྙགས་པའོ། །ཁྲོ་བོ་ཐམས་ཅད་ཅེས་པ་ནི་ཁྲོ་བོ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་
ཞེས་པའོ། །སྔགས་པས་འབུམ་དུ་བཟླས་བྱས་ན། །ཞེས་པ་ནི་དཔག་ཏུ་མེད་པའི་བཟླས་པ་བྱས་པས་སྔགས་པ་རྣམ་པར་དག་སྟེ། དེས་དབེན་པའི་གནས་སུ་འབུམ་ཕྲག་གཅིག་བཟླས་པ་བྱས་ན་འགུགས་པ་དང་གསོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་བཤད་
ཅེས་སོ། །དེ་བས་ན་གྲངས་དང་ལྡན་པའི་བཟླས་བརྗོད་ནི་ལུས་ཅན་སྡིག་པ་དང་བྲལ་བའི་སྔགས་པ་ལ་གསུངས་པ་སྟེ་གཞན་ལ་ནི་མ་ཡིན་ནོ། །ཇི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཟླས་བརྗོད་གྲངས་ཚད་གསུངས་པ་ནི། །ཕལ་ཆེར་
ངས་ནི་བསྟན་པ་ཡང་། །ལུས་ཅན་སྡིག་པ་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལས། །གཞན་དུ་བྱ་བ་མ་ཡིན་ནོ། །ཞེས་སོ། །ལས་ཀྱི་བསྒྲུབ་བྱ་གསུངས་པ། རྡོ་རྗེ་སློབ་དཔོན་ཞེས་པ་ལ་སོགས་པའོ། །རབ་ཏུ་དབེན་པའི་གནས་དག་ཏུ། །ཞེས་པ་ནི།
དེར་བཟླས་བརྗོད་གོང་དུ་གསུངས་པ་བྱ་བར་བསྟན་ཏོ། །ལས་ལ་སྦྱོར་བའི་གནས་ནི་འོག་ནས་སྟོན་ཏོ། །ལུས་ཅན་སྡིག་པ་དང་ལྡན་པ་བསད་པ་དང་བསྐྲད་པའི་ཡོན་ཏན་ནི་བྱང་ཆུབ་མཆོག་དང་ཞི་བ་ལ་སོགས་པའི་སྔགས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་སོ། །
བསྒྲུབ་བྱ་ལ་ཉེས་པ་བསྒོ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་གསུངས་པ། ཕྱོགས་བཅུའི་ཞེས་པ་ལ་སོགས་པའོ། །ཕྱོགས་བཅུའི་སེམས་ཅན་གྱི་ལུས་དང་ངག་དང་སེམས་གསད་པ་ནི་ལེའུ་བཅོ་ལྔ་པ་ལས་བཤད་དོ། །དེ་ཁྱད་པར་དག་ཏུ་སྔོན་དུ་བསྒོམས་པས་དགྲ་རྣམས་གདོན་

མི་ཟ་བར་འཆི་བར་འགྱུར་རོ་ཞེས་སོ། །ད་ནི་ལས་ལ་སྦྱོར་བ་གསུངས་པ། ཁྲག་དང་ཞེས་པ་ལ་སོགས་པའོ། །ཁྲག་དང་ཆུ་ཡིས་གཤེར་བའི་གོས་སམ། ཡང་ན་བཤང་གཅིས་གཤེར་བའི་གོས་བགོས་ནས་བསྒྲུབ་བྱའི་ལིངྒ་རྐང་པས་མནན་པའོ། །ཁྲོ་བོ་ནི་གདུག་པའི་ལས་
སྒྲུབ་པའི་ཕྱིར་རམ། ལས་ཐམས་ཅད་བྱེད་པས་ན། ཁྲོ་བོ་རྒྱལ་པོ་སྦྱར་བར་བྱ། །ཞེས་སོ། །བརྒྱ་རྩ་བརྒྱད་ནི་གྲངས་སོ། །དེས་སངས་རྒྱས་དག་ཀྱང་འཇིག་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །དེ་བཞིན་དུ་ཆུ་དྲོན་གྱིས་གོས་གཤེར་བར་བྱས་ནས་ཁྲོ་བོ་མཆོག་
གི་ཞེས་སྟེ། ཁྲོ་བོ་མཆོག་གི་རྣལ་འབྱོར་པས་བགོས་ནས་ལྷ་ཆེན་པོའི་གཟུགས་རྐང་པས་མནན་ན། སངས་རྒྱས་དག་ཀྱང་འཇིག་ཅེས་པའོ། །དེ་བཞིན་དུ་བཤང་གཅིས་སྦངས་པའི་གོས་ངན་པ་རུལ་པའི་དྲི་མ་མནམ་པ་བགོས་ནས་གོང་མ་ལྟར་བྱས་ན་བསྐམས་ཏེ་འཆི་བར་
འགྱུར་རོ། །ཐལ་བའི་སྐྱོ་མས་གཤེར་བའི་གོས་གོན་ནས་ལུས་དང་སེམས་ཁྲོས་པས་འཁྲུགས་པར་བྱས་ནས་བརྒྱ་རྩ་བརྒྱད་བཟླས་ན་རྡོ་རྗེ་སེམས་དཔའ་འཇིག་པར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོ། །གོས་དང་མི་ལྡན་པ་གསུངས་པ། གཅེར་བུ་ཞེས་པ་
ལ་སོགས་པའོ། །གཅེར་བུར་ཕྱུང་ལ་སྐྲའི་རྩེ་མོ་ཐུར་དུ་བཤིག་ལ་ལུས་འཇིགས་པའི་ཚུལ་དུ་མཆེ་བ་གཙིགས་ཤིང་མིག་འགྱུར་བ་བྱས་ནས་རྐང་པས་བསྒྲུབ་བྱའི་ལིངྒ་མནན་ནས་སྔགས་བཟླས་ན། འདུས་མ་བྱས་ནམ་མཁའ་ཡང་འཇིག་པར་ནུས་ན་གཞན་ལྟ་ཅི་
སྨོས་ཞེས་སྦྱོར་བའི་མཐུ་བསྟན་པའོ། །དེ་ལ་མངོན་སྤྱོད་ཀྱི་གནས་གསུངས་པ། མ་མོའི་གནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ་ལྷ་ཁྲོ་བོའི་རྣལ་འབྱོར་པས་ཇི་སྐད་བཤད་པའི་བྱ་བ་བྱས་པའི་ཁྱད་པར་ཁ་སྦྱར་དབྱེ་བ་སྔོན་དུ་བྱས་ནས་ཇི་སྐད་དུ་གསུངས་
པའི་རྫས་ལ་གཟུགས་བརྙན་བྱས་ལ་མ་མོའི་གནས་ལ་སོགས་པ་གང་ཡང་རུང་བར་ཁྲག་ལ་སོགས་པས་གཤེར་བའི་གོས་དང་ལྡན་པའམ། ཡང་ན་གཅེར་བུར་བྱུང་སྟེ་རྐང་པས་མནན་ནས་བརྒྱ་རྩ་བརྒྱད་བཟླས་པ་ཙམ་གྱིས་ཇི་སྐད་གསུངས་པ་འགྲུབ་པར་འགྱུར་རོ་

ཞེས་སོ། །ད་ནི་མཚན་མ་དེ་ལ་ཕུར་བུས་གདབ་པའི་ཆོ་ག་གསུངས་པ། མི་རུས་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་དུ་གསུངས་པའི་རྣལ་འབྱོར་པས་དུར་ཁྲོད་ཀྱི་རས་ལ་སྐེ་ཚེ་དང་། དུག་དང་ལན་ཚྭ་དང་ཡུངས་མར་གྱིས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་རྣོན་པོ་
བྲིས་ལ་དེའི་ལྟེ་བར་སྔགས་དང་སྤེལ་བའི་བསྒྲུབ་པར་བྱ་བའི་མིང་བྲིས་ཏེ། རོ་བསྲེགས་པའི་ཐལ་བ་དང་སོལ་བ་དང་། ཆུ་ངོགས་གཉིས་ཀྱི་ས་དང་། ཕུབ་མ་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་བསྡུས་ལ་བཤང་བ་དང་གཅི་བས་སྦྲུས་ཏེ་གཟུགས་བརྙན་བྱས་ལ་དེའི་སྙིང་གར་བཅུག་ལ་གོང་
མ་ལྟར་ཁ་སྦྱར་དབྱེ་བ་ཡང་བྱས་ནས་མིའི་རུས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པ་ལ་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ནས་དེའི་སྙིང་གར་བཏབ་སྟེ། དགྲའི་སྒོ་འམ་གང་ཡང་རུང་བར་སྦས་ན་ཇི་སྐད་དུ་གསུངས་པ་འགྲུབ་པར་འགྱུར་རོ། །སངས་རྒྱས་ཉིད་སྐུ་གསུམ་མཆོག་སྦྱིན་པའོ། །
དེ་ཉིད་ཤེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ་མི་ཤེས་པ་ཐམས་ཅད་རྣམ་པར་སྤངས་པ་ཡང་བསྐམས་ནས་འཆི་བར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་བསད་པའི་ཆོ་གའོ། །གནས་ནས་སྤོ་བའི་ཆོ་ག་གསུངས་པ། ཡང་ན་ཞེས་པ་ལ་སོགས་པའོ། །ཡང་ཞེས་པ་ནི་མི་གསོད་
ནའོ། །ཐོད་པ་གང་བ་དག་ཅེས་པ་ནི་ཐོད་པ་རིན་པོ་ཆེའོ། །ཁྱད་པར་དུ་ནི་ཞེས་པ་ནི་ཕོ་དང་མོ་བསྐྲད་པ་ལ་དེ་དང་རྗེས་སུ་མཐུན་པ་བཙལ་ལོ། །དེ་ཡང་ལྷ་ཁྲོ་བོའི་སྦྱོར་བས་ཇི་སྐད་དུ་བཤད་པའི་ཐོད་པ་ལ། ཨ་རི་ཤའི་ལོ་མའི་ཁུ་བ་དང་། རྐང་པ་གཡོན་པའི་སྲིན་ལག་གི་
ཁྲག་གིས་རླུང་གི་དཀྱིལ་འཁོར་ལ་རལ་གྲིས་མཚན་པ་བྲིས་ལ་དེའི་སྟེང་དུ་བསྒྲུབ་བྱའི་གཟུགས་དེའི་སྙིང་གར་སྔགས་ཀྱི་ཚིག་དང་མིང་སྤེལ་བ་བྲིས་ནས་བཀུག་སྟེ། བརྒྱ་རྩ་བརྒྱད་མངོན་པར་བཟླས་ཤིང་རྡོ་རྗེའི་ཐོར་ཚུགས་ཏེ་རལ་པ་གཅིག་མ་འམ་གང་ཡང་རུང་བའི་རྣལ་འབྱོར་
པས་དགྲའི་སྒོ་འམ་གྲོང་དུ་སྦས་ཏེ་བཞག་ན་ངེས་པར་སྐྲོད་པར་འགྱུར་རོ་ཞེས་སོ། །ཆོ་ག་གཞན་གསུངས་པ། ཏ་ལའི་ལོ་མ་ཞེས་པ་ལ་སོགས་པའོ། །དེ་རྣམས་ལ་གོང་མའི་ཆོ་ག་ཉིད་ཀྱིས་གཟུགས་བརྙན་བྱས་ནས་ཁྱིམ་མམ་སྒོ་དག་ཏུ་སྦས་ན་ངེས་པར་སྐྲོད་དེ་མ་བསྐྲད་ན་

ཡང་འཆི་བ་འམ་བསྐམས་པར་འགྱུར་རོ་ཞེས་སོ། །དམ་ཚིག་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ། །ཁྲོ་བོ་རྣམས་ཀྱི་དཔལ་ལྟ་བུར་གནས་པས་ཁྲོ་བོའི་ཏོག་གོ། །སྐུ་གསུང་ཐུགས་ཀྱི་ཕུར་བུས་མངོན་སྤྱོད་བྱ་བའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་
གང་གི་ངེས་པར་འཆི་བ་ཉིད་རྡོ་རྗེ་སྟེ། རྡོ་རྗེ་གསུམ་མོ། །ཁམས་གསུམ་པ་ཐམས་ཅད་ནི་བསྒྲུབ་བྱའི་ཁྱད་པར་རོ། །སྐུ་དང་གསུང་དང་ཐུགས་ནི་ལུས་ངག་ཡིད་གསུམ་མོ། །དེ་ཕུར་བུས་མནན་པའི་སྔགས་འདི་ཕྱུང་ངོ་ཞེས་སོ། །སྔགས་འདི་ལ་སརྦྦ་དུཥྚཱན་ཞེས་པ་དང་སརྦྦ་པཱ་པཾ་
ཞེས་པ་གཉིས་བསལ་ནས་ཆེ་གེ་མོ་ཀཱ་ཡ་བཱཀ་ཙིཏྟ་ཞེས་སྤེལ་བར་བྱའོ། །རྡོ་རྗེ་རྫུ་འཕྲུལ་ཆེན་པོ་ནི་རྡོ་རྗེ་གསུམ་མོ། །རོལ་མོ་བསྟན་པའི་ཕྱིར་བརྒྱལ་ཞིང་འཇིགས་པར་འགྱུར་བའོ། །རྡོ་རྗེ་སེམས་དཔའ་དྲན་ན་འཇིགས་པ་མེད་པར་བསྟན་པའི་ཕྱིར། ནམ་མཁའི་རྡོ་རྗེ་སེམས་
དྲན་འགྱུར། །ཞེས་སོ། །ལས་གསུངས་པ། མིའི་རུས་པ་ཞེས་པ་ལ་སོགས་པའོ། །གོང་དུ་གསུངས་པའི་བསྒྲུབ་བྱའི་གཟུགས་བརྙན་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། མིའི་རུས་པའི་ཕུར་བུ་སོར་བརྒྱད་པའི་རྩེ་མོར་རྣམ་པར་སྣང་མཛད་ཀྱི་འཁོར་ལོའི་རྩེ་
མོར་བསམས་ནས་མེ་ཏོག་སྔོན་པོས་མཆོད་ཅིང་འཛབ་བྱས་ལ་སྤྱི་བོར་བཏབ་ན་གླང་ཚེར་ཅན་དུ་འགྱུར་རོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་སེང་ལྡེང་གི་རྩེ་མོ་ལས་བསྐྱེད་པའི་ཕུར་བུ་སོར་བརྒྱད་པདྨའི་རྩེ་མོར་བྱིན་གྱིས་བརླབས་ཏེ། མེ་ཏོག་སྔོན་པོས་མཆོད་ཅིང་འཛབ་
བྱས་ནས་བཏབ་ལ་ཐོད་པ་ཁ་སྦྱར་དུ་བཅུག་ནས་དུར་ཁྲོད་ཀྱི་མེ་ལ་བདུགས་ན་ཚ་བའི་ནད་ཀྱིས་འདེབས་སོ། །མི་བསྐྱོད་པའི་རྣལ་འབྱོར་པས་ལྕགས་ལས་བྱས་པའི་ཕུར་བུ་རྡོ་རྗེ་རྩེ་མོ་ཅན་ལ་མེ་ཏོག་སྔོན་པོས་མཆོད་ཅིང་འཛབ་བྱས་ལ་བཏབ་ནས་མེ་སྦར་བར་བསྒྱུར་ན་མཚན་
མོ་དེ་ཉིད་ལ་འཆི་བར་འགྱུར་རོ། །དེ་བས་ན། རྡོ་རྗེ་སྐུ་གསུམ་འཇིག་པར་འགྱུར། །ཞེས་སྦྱོར་བའི་མཐུའོ། །ད་ནི་ལེའུ་བཅུ་པའི་སྙིང་པོ་བསྐུལ་བའི་དེ་མ་ཐག་ཏུ་འོག་ནས་འབྱུང་བའི་ཆོ་གས་རིགས་དང་འབྲེལ་བའི་ཕུར་བུས་གདབ་པ་གསུངས་པ། འོད་འཕྲོ་ཞེས་པ་

ལ་སོགས་པའོ། །དེ་ལ་འོད་ཟེར་འཕྲོ་ཞིང་འཁྲུགས་པ་མདངས་བཟང་པོའི་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པའི་རིགས་ལས་བྱུང་བའི་ཤེས་རབ་མཐར་བྱེད་སྐུ་སྟོད་ཞལ་གསུམ་པ་ཕྱག་དྲུག་པ། སྐུ་སྨད་རྡོ་རྗེ་རྩེ་གཅིག་པའི་གཟུགས་སུ་མཉམ་པར་བཞག་
ལ། རང་གི་རྡོ་རྗེ་ལས་བྱུང་ནས་འོག་ནས་འབྱུང་བའི་སྔགས་དང་མིང་སྤེལ་བས་ཐུགས་ཀྱི་རྡོ་རྗེའི་ཐུགས་ཀ་ནས་སྤྱི་བོའི་བར་དུ་སྦྱར་བའི་ཕྱིར། རྡོ་རྗེ་གསུམ་གྱི་སྐུ་ཡི་མཐར། །གཟེར་བར་བསམས་ནས་སྦྱར་བར་བྱ། །ཞེས་སོ། །དེ་བཞིན་དུ་རྣམ་པར་སྣང་མཛད་རྒྱ་ཆེན་ཏེ་སྐུ་རྡོ་རྗེ་
ལ་གཤིན་རྗེ་གཤེད་ཀྱི་རྒྱ་ཆེན་གྱིས་གདབ་པོ་ཞེས་སྦྱར་རོ། །ཡང་ན་འདོད་ཆགས་རྡོ་རྗེ་ཅན། །ཞེས་པ་ནི་གསུང་རྡོ་རྗེ་ལ་པདྨ་མཐར་བྱེད་ཀྱི་ཕུར་བུས་གདབ་བོ་ཞེས་པའོ། །དེ་བས་ན་རྡོ་རྗེ་གསུམ་ཡང་གནོན་ཞེས་སོ། །ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་ལ་དེའི་རིགས་ཀྱི་ཁྲོ་བོས་གདབ་བོ་
ཞེས་གང་ལས་ཤེས་ཤེ་ན། ལེའུ་བཅོ་བརྒྱད་པ་ལས། རིགས་ཀྱི་བྱེ་བྲག་ཚུལ་གྱི་ནི། །རྡོ་རྗེ་ཕུར་བུས་གདབ་པར་བྱ། །ཞེས་པས་མངོན་ནོ། །ད་ནི་གོང་དུ་གསུངས་པའི་རིམ་པས་བདུད་རྩི་འཁྱིལ་པའི་ཕུར་བུས་སྡང་བ་རྣམས་ལ་གདབ་པ་གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་
པའོ། །རྡོ་རྗེ་བདུད་རྩི་འཁྱིལ་པ་ནི་བགེགས་མཐར་བྱེད་དོ། །དེས་ཅི་བྱེད་ཅེ་ན། གདུག་ཅིང་ཁྲོ་བོ་ཚར་གཅོད་པ། །ཞེས་ཏེ་གོང་དུ་གསུངས་པའི་བསྒྲུབ་བྱ་དང་། ཡམས་ནད་ཀྱིས་འཚེ་བ་ལ་སོགས་པའོ། །དེའི་སྦྱོར་བ་གོང་དུ་གསུངས་པ་ལྟ་བུས་བསྒྲུབ་པ་ནི་རྡོ་རྗེ་སྦྱོར་
བས་བྱའོ། །དེ་སངས་རྒྱས་བདག་ཉིད་ཆེན་པོ་སྟེ་མི་བསྐྱོད་པ་ལ་ཡང་འདེབས་ནུས་ན་གཞན་ལྟ་ཅི་སྨོས་ཞེས་སོ། །ཕུར་བུ་གདབ་པའི་གནས་གསུངས་པ། སྙིང་ག་ནས་ནི་ཞེས་པ་ལ་སོགས་པའོ། །གང་དུ་འང་དམ་ཚིག་དེ་ཉིད་བྱ། །ཞེས་པ་ནི་སྙིང་ག་ནས་མགྲིན་
པ་ལ་སོགས་པ་གང་གི་གནས་རྣམས་སུ་ཡང་གདབ་པར་བསྟན་ཏོ། །བསམ་གཏན་དང་ལྡན་པར་བྱས་པའི་སྦྱོར་བའི་ནུས་པ་ཡང་གསུངས་པ། བསམ་གཏན་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་གོང་དུ་གསུངས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལ་

རིགས་དང་འབྲེལ་བའི་ཕུར་བུས་གདབ་པའི་སྔགས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་ཆེན་པོ་ཞེས་པ་ནི་སྐུའི་རིགས་ཀྱི་སྔགས་བཤད་པའི་དུས་ན་རྡོ་རྗེ་འཆང་ཆེན་པོ་ལ་དེ་སྐད་དུ་བྱ་བ་ཡིན་ནོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་སྦྱར་བར་བྱའོ། །
སྐུ་རྣམ་པར་སྤྲུལ་པས་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལྟ་བུ་ལ་རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སྙོམས་པར་ཞུགས་པའོ། །སྐུའི་དམ་ཚིག་ཅེས་པ་ནི་མི་འདའ་བའི་ཕྱིར་རོ། །དེ་ཉིད་ཚམ་ངམ་གྱིས་ཞེས་ཏེ་དྲག་ཤུལ་དུ་བསྒྲུབས་པས་དྲངས་ནས་ཕུར་བུས་མནན་ཅིང་མི་གཡོ་བར་ཐལ་
བར་བྱ་སྟེ། རང་དང་མི་ཕྱེད་པར་བྱས་པའི་སྔགས་འདི་ཞེས་པའོ། །དེ་ཕྱུང་བ་ནི་གསུངས་པའོ། །གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཕུར་བུས་གདབ་པའི་ཕྱག་རྒྱ་གསུངས་པ། །ཕན་ཚུན་ཞེས་པ་ལ་སོགས་པའོ། །ཕན་ཚུན་ཞེས་པ་ནི་སོར་མོ་དགོད་པ་ལ་
མི་བྱ་སྟེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་རྒྱ་མི་བཅིང་ངོ་། །ཞེས་པས་སེམས་གཡེང་བའི་རྒྱུ་བཀག་པའོ། །དེ་བས་འདི་རྣམ་པར་སྣང་མཛད་དང་སྤྱན་མའོ། །དེ་ཉིད་བཀྲི་བའི་ཚུལ་དུ་བྱ་བ་ནི་སྙོམས་པར་ཞུགས་པའོ། །མཐེ་བོང་ནི་
གསང་བའི་རྡོ་རྗེའོ། །ཇི་སྐད་དུ། པདྨའི་གནས་སུ་མཐེ་བོང་མཉེ། །དེ་ལ་རོ་ནི་རིན་འབྱུང་ངོ་། །ཞེས་གཞན་ལས་ཀྱང་འབྱུང་ངོ་། །གཞི་ཞེས་པ་ནི་པདྨ་སྟེ་བདེ་བ་ཆེན་པོའི་གཞིར་གྱུར་པའི་ཕྱིར་རོ། །རབ་ཏུ་བསྡམས་པ་ནི་གཅིག་ཏུ་འདུས་པའོ། །རྣམ་པར་
སྣང་མཛད་ཚུལ་གནས་ཏེ། །ཞེས་པ་ནི་ཁ་དོག་གཉིས་ཀྱི་ཚུལ་དུ་མཉམ་པར་བཞག་ལ་རྡོ་རྗེ་ཕུར་བུས་གདབ་ཅེས་སོ། །དེས་འདི་སྟོན་ཏེ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རླུང་གི་ཤིང་རྟ་ལ་ཞོན་པ་ཕྱག་ན་ལྕགས་ཀྱུ་ཐོགས་པ་འཕྲོས་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་ནས་ཁྲིད་དེ་འོངས་
པ་རིག་མའི་པདྨར་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་དོག་དཀར་པོ་དང་དམ་ཚིག་བསྙེངས་པར་བསམས་པ་ལ་ཕྱག་རྒྱ་ལ་གནས་པས་རང་གི་རིགས་ཀྱི་ཕུར་བུས་གསང་བའི་རྡོ་རྗེ་ལས་ཕྱུང་སྟེ། སྤྱི་བོ་ལ་སོགས་པའི་གནས་སུ་བཏབ་པས་ཐལ་བའི་ཕུང་པོ་གཏོར་བ་ལྟར་བྱས་ནས་

དེའི་རྣམ་པར་ཤེས་པ་མར་མེ་ལྟ་བུ་རང་གི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པས་ཕྲིན་ལས་ལ་གནས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །དེ་ཉིད་བསྟན་པ་བཏབ་མ་ཐག །ཅེས་པ་ལ་སོགས་པའོ། །རྡོ་རྗེ་སྐུ་གསུམ་ལས་བྱུང་བ། །ཞེས་པ་
ནི་རྣམ་པར་སྣང་མཛད་དོ། །དེ་ཉིད་དམ་ཚིག་ལྡང་བའི་བསྙེངས་པ་ཡོད་པས་སྤྱན་རས་ཀྱིས་གཟིགས་ཤིང་བྱིན་གྱིས་རློབ་པས་ན་དམ་ཚིག་མཆོག་གིས་ལྡང་བར་འགྱུར་བའོ། །དེ་ལྟར་མ་ཡིན་ན་དམ་ཚིག་ལས་འདས་ན་འཆི་བའི་གནས་སུ་འགྱུར་ཞེས་སོ། །རིམ་གཉིས་ལ་ཡང་
དེ་བཞིན་དུ་སྦྱར་བར་བྱ་སྟེ། ཁྱད་པར་གང་ཡིན་པ་འོག་ནས་བཤད་པར་བྱའོ། །གསུང་གི་ཕུར་བུའི་སྔགས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཡེ་ཤེས་ཏེ་ལྷན་ཅིག་སྐྱེས་པའོ། །དེ་འབྱུང་བའི་གནས་པས་ན་ཡེ་ཤེས་པདྨོ་ཁ་བྱེ་བ་སྟེ། ན་བཟའ་དཀར་
མོའི་གསང་བའི་པདྨོའོ། །དེར། རྡོ་རྗེ་སོར་མོ་ངེས་པར་གཞག །ཅེས་ཏེ་སྣང་བ་མཐའ་ཡས་ཀྱི་གསང་བའི་རྡོ་རྗེ་བཞག་ནས། གཞན་ནི་གོང་མ་བཞིན་སྦྱར་བ་སྟེ། ཁྱད་པར་ནི་བསྒྲུབ་བྱ་དམར་པོའོ། །ཐུགས་ཀྱི་ཕུར་བུའི་སྔགས་གསུངས་པ། དེ་ནས་ཞེས་པ་ལ་
སོགས་པའོ། །རྩེ་མོ་ལྔ་པ་ཞེས་པ་ནི་གསང་བའི་རྡོ་རྗེ་ཉིད་རྩེ་ལྔ་པ་སྟེ་ཁ་གྱེས་པ་མ་ཡིན་པས་ན་བཅིངས་ནས་ནི་ཞེས་སོ། །དེ་ཉིད་འོད་འཕྲོ་བ་མང་པོ་འཁྲིགས་པར་བསྒོམ་ཞེས་ཏེ། ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པའི་རྡོ་རྗེ་མཱ་མ་ཀཱིའི་པདྨར་བཅུག་ནས་གཞན་གོང་མ་བཞིན་དུ་
སྦྱར་བ་སྟེ་ཁྱད་པར་ནི་ཞི་བ་ཙམ་མོ། །དེ་རྣམས་ཀྱི་མཇུག་བསྡུ་བ་གསུངས་པ། སྐུ་གསུང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཆོ་ག་ལེགས་པར་བྱ་བ་ནི་གོང་དུ་གསུངས་པ་ལྟར་རོ། །མཁའ་དབྱིངས་རྡོ་རྗེ་མཐའ་ཀླས་པར། །ཞེས་པ་ནི་རྡོ་རྗེ་
གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྡུད་པ་སྟེ། དེ་བས་ན་དེ་ལ་ཕུར་བུ་བཏབ་པས། ཐམས་ཅད་གནོན་པར་འགྱུར་བ་གདོན་མི་ཟ་སྟེ་རྒྱལ་པོ་ལྟར་རོ། །རྡོ་རྗེ་ཕུར་བུ་ཆེན་པོ་ནི་རང་གི་རིགས་ཀྱི་ཕུར་བུའོ། །མྱོས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྒྱབ་ཀྱིས་ཕྱོགས་པའོ། །

དེ་གནོད་པ་རྡོ་རྗེ་སྟེ་རྡོ་རྗེ་འཆང་བ་ལ་དེ་སྐད་ཅེས་བྱའོ། །བདེ་བར་གཤེགས་པ་རྣམས་ཀྱིས་དགྱེས་པའི་སྒོ་ནས་བསྟོད་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ནི་རིགས་ལྔའོ། །སྐུ་གསུམ་དང་ལྡན་པས་ན་སྐུ་གསུམ་མཆོག་གོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །
གང་ངོ་མཚར་ན། གསང་བའི་གནས་ཀྱི་མཆོག་ཅེས་ཏེ་ཐུན་མོང་མ་ཡིན་པའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དེ་ཉིད་སྙིང་པོ་ཀུན་བསྡུས་པ་སྟེ་འདོད་པའི་འབྲས་བུ་སྨིན་པར་བྱེད་པའི་སྙིང་པོ་ཀུན་བསྡུས་པ་ནི་རིགས་གསུམ་གྱི་སྔགས་སོ། །དེ་ཉིད་ལ་ཆོས་ཀྱི་གནས་
ཞི་བ་ཞེས་བྱ་སྟེ་ཐུགས་སུ་ཆུད་པའི་ཆོས་ཀྱི་རྟོགས་པར་བྱེད་པའི་རྒྱུའི་ཕྱིར་ན་ཞི་བའོ། །དེ་ཉིད་རྡོ་རྗེ་རྣམ་པར་འཇོམས། །ཞེས་བྱ་སྟེ། རྡོ་རྗེ་ནི་སྔགས་ཀྱི་སྐུ་ལ་སོགས་པ་རྣམ་པར་རྟོག་པའི་རླབས་མ་འཕྲོས་པ་ཇི་སྙེད་པ་རྣམས་སྐད་ཅིག་གིས་འཇོམས་པའོ། །ཇི་ལྟར་འཇོམས་
ཤེ་ན། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་བདག་ཉིད་ཆེན་པོ་ཞེས་པ་ནི་བདེ་བར་གཤེགས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི་སྤྱན་མ་ལ་སོགས་པའོ། །གྲགས་ཆེན་པོ་ཞེས་པ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་
དང་། གསུང་དང་། ཐུགས་ཀྱི་རྡོ་རྗེའི་ཕུར་བུས་གནོན་པར་བཤད་པ་ཡིན་ཞེས། གོང་མ་ལྟར་དེ་ཁོ་ན་རང་བཞིན་མངོན་དུ་བྱ་བའི་ཕྱིར་རོ། །འདི་ནི་སྔགས་རྣམས་ཐམས་ཅད་ཀྱི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །གནོན་པ་ཡང་དག་ལས་བྱུང་བ། །
ཞེས་པ་ནི་ཕུར་བུས་གནོན་པའི་ཐབས་ཡང་དག་པར་འབྱུང་བའོ། །དེ་གང་ཞེ་ན། སྐུ་གསུང་ཐུགས་ཉིད་ཕྱག་རྒྱ་ཆེན་པོ་བས་མཆོག་སྟེ། སྒྲུབ་པ་པོ་གང་ལ་དེ་སྦྱིན་པའོ། །དེ་བས་སྔགས་ཀྱི་དེ་ཉིད་བསྡུས་པའོ་ཞེས་པའོ། །སྐུ་གསུང་ཐུགས་ཉིད་སྔོན་མེད་
པ་མྱོང་བའི་ཕྱིར་རྨད་དུ་བྱུང་བ་སྟེ་དངོས་གྲུབ་ཆེན་པོའོ། །དེ་སྐུ་རྡོ་རྗེ་ལ་སོགས་པའི་སྔགས་ཀྱིས་སྒྲུབ་པ་པོ་གང་གི་རྒྱུད་ལ་དགུག་ཅིང་མི་གཡོ་བར་བྱས་པས་གར་མཁན་ལྟ་བུའི་རྣམ་པར་འབྱུང་བ་ཉིད་མཛེས་པར་བྱེད་པས་ནི་རྒྱལ་པོའོ། །དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་བཅུ་

བཞི་པའོ། །ལེའུ་བཅུ་བཞི་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་པ་ལ་སོགས་པ་ལ་ལེའུ་བཅོ་ལྔ་པ་གསུངས་པ། རྒྱལ་པོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་མཛེས་པའི་མི་བསྐྱོད་པ་སྟེ་རྡོ་རྗེ་འཛིན་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལས་
མི་གཡོ་ཞིང་ལས་ཐམས་ཅད་ལ་དངོས་གྲུབ་སྦྱིན་པའི་ཕྱིར་ཐམས་ཅད་ནམ་མཁའ་སྟེ་རྟག་པའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དུས་གསུམ་དུ་མི་འགྱུར་བ་སྟེ་འོད་དཔག་མེད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འགྲོ་བའི་རྒྱུད་ཀྱི་དྲི་མ་དག་པར་བྱེད་པས་ན། ཐམས་ཅད་དབང་
བསྐུར་ཏེ་རིན་ཆེན་དབང་ཕྱུག་གོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བྱ་བ་མཁྱེན་པས་ཀུན་མཁྱེན་ཏེ་དོན་ཡོད་གྲུབ་པའོ། །དེ་ལྟར་དེས་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་བསྡུས་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་བསྟན་པ་སྟེ། དེས་རྡོ་རྗེ་
གསུང་དུ་བཀའ་སྩལ་ཞེས་སོ། །ད་ནི་རིག་པའི་བརྟུལ་ཞུགས་ལེན་པའི་རྣལ་འབྱོར་པས་ཀུན་དུ་དྲི་མ་མེད་པར་བྱས་པས། རང་གི་རིགས་ཀྱི་བུ་མོ་དང་ལྷན་ཅིག་ཏུ་ཞི་བའི་སྦྱོར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཆོ་ག་གསུངས་པ། སྨེ་ཤ་ཅན་ཞེས་པ་ལ་སོགས་པའོ། །
སྨེ་ཤ་ཅན་ནི་གདོལ་པའི་རིགས་སོ། །ཁྱད་པར་དུ་ཉེ་བར་ལེན་པས་ན་མཐུ་ཆེན་ནོ། །ལོ་གྲངས་བཅུ་གཉིས་པ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། མྱ་ངན་ལས་སོག་ལེ་ལྟར་གཅོད་པ་ཡོད་ཀྱི་བར་དུ་གཟུང་བ་ལ་འགལ་བ་མེད་དོ། །བྲམ་ཟེ་དང་སྐྱེ་བོ་ལ་སོགས་པས་དབེན་
པའི་གནས་སུའོ། །ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་ཁྱད་པར་དུ། སྒྲུབ་པ་པོས་ནི་གཉིས་པས་རྟག་ཏུ་བསྒྲུབ། །ཅེས་ཏེ་ཟླ་བ་དྲུག་ལ་སོགས་པའི་རིམ་པས་ཇི་ལྟར་ཞེ་ན། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དཀྱིལ་འཁོར་ནི་མི་བསྐྱོད་པའོ། །དེའི་རྣལ་འབྱོར་གྱིས་རབ་
ཏུ་བསྒོམས་པ་ཡིས་ཞེས་སོ། །གང་དུ་ཞེ་ན། བཤང་གཅི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་གོང་གི་གནས་སུ་བཤང་གཅི་དམ་ཚིག་ལ་སོགས་པས་ཞེས་ཏེ། ས་སྟེགས་བདུད་རྩི་ལྔ་དང་ཤ་ལྔའི་མགོ་མ་ཡང་བཟང་པོས་བྱུག་ཅིང་དེས་ཆོ་ག་བཞིན་དུ་ཞེས་པ་ནི། རྟག་པ་ལས་

བྱུང་བའི་གཞལ་ཡས་ཁང་བརྩེགས་པ་བསྒོམ་ཞེས་པའོ། །དེ་བས་ན། དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །ཞེས་ཏེ་སྒོ་བཞི་དང་རྟ་བབས་བཞི་ལ་སོགས་པས་མཛེས་པར་བྱའོ་ཞེས་པའོ། །གོང་གི་བུ་མོའི་མཚན་ཉིད་གསུངས་པ། མཚན་ཉིད་ཅེས་པ་ལ་སོགས་པའོ། །
མཚན་ཉིད་ཐམས་ཅད་ཅེས་པ་ནི་འདོད་པའི་མཚན་མ་ཐམས་ཅད་ཡོངས་སུ་དག་པར་རྫོགས་པ། དེ་ཉིད་ཀྱིས་ན་རབ་ཏུ་བཟང་ལ་བཞིན་ཡང་མཛེས་པའོ། །དེ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་པ་སྟེ། གདུབ་བུ་ལ་སོགས་པ་དང་རིགས་ལྔ་ལ་སོགས་པས་སོ། །
པང་པར་བཞག་ནས་བསྒོམ་པར་བྱ། །ཞེས་ཏེ། དེའི་འདོད་པ་ལ་ལོངས་སྤྱོད་ཅིང་ཕྲིན་ལས་ལ་གནས་པའི་ཚེ་ཡིད་ལ་དམིགས་པ་ཐོབ་པའི་ཕྱིར་ན་པང་པར་གཞག་པའོ། །ཇི་ལྟར་ཞེ་ན། དཀྱིལ་འཁོར་ལྔ་ཡི་འཁོར་ལོ་ཡིས། །སངས་རྒྱས་གཟུགས་སུ་རྣམ་པར་
བསྒོམ། །ཞེས་ཏེ་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་ཡང་བསྒོམས་ནས་ཚོགས་རྫོགས་པར་བྱ་བའི་ཕྱིར། སྔགས་ཀྱི་འཁོར་ལོ་ཅན་གྱིས་གསང་། །ཞེས་པ་ནི་ཐུན་མོང་མ་ཡིན་པའི་ལྷ་མོ་བཅུའི་ངོ་བོའི་མཆོད་པ་ཉམས་དགའ་བ་སྟེ། ས་བཅུ་མཐར་ཕྱིན་པར་བྱ་
བའི་ཕྱིར་བསྒོམ་པར་བྱ་ཞེས་སོ། །དེས་ནི་ཇི་སྐད་དུ་གསུངས་པ་ཐོབ་པར་འགྱུར་རོ་ཞེས་སོ། །རྡོ་རྗེ་རིགས་ཀྱི་སྒྲུབ་པ་གསུངས་ནས། ད་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་སྒྲུབ་པ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །
སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ཞེས་པ་ནི་དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་སྟེ། ལོངས་སྤྱོད་གཞན་ཡང་ཤེས་པར་བྱའོ། །དེ་ཉིད་ཀྱང་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཞེས་ཏེ་དེའི་རྣལ་འབྱོར་གྱིས་སོ། །བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་བཟླས་པ་ནི་
འཇུག་པ་ལ་སོགས་པའི་བསམ་གཏན་གྱིས་གནས་པའོ། །སངས་རྒྱས་ཀྱི་ནི་འོད་འཕྲོར་འགྱུར། །ཞེས་པ་ནི་རིག་འཛིན་ལྟ་བུ་མ་ཡིན་ཏེ་དེ་དང་རང་བཞིན་གཅིག་ཏུ་གྱུར་པའོ་ཞེས་སོ། །བཅོམ་ལྡན་འདས་འདིས་དགོངས་པའི་ཚིག་དཀྲུགས་ཏེ་གོང་གི་སྨེ་ཤ་ཅན་གྱི་བུ་མོ་

ནི་མི་བསྐྱོད་པ་དང་སྦྱོར་བའི་ཕྱིར། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །ཞེས་སོ། །བཙོ་བླག་མཁན་ཞེས་པ་ནི་ཁ་དོག་བསྒྱུར་བའི་བུ་མོ་སྟེ་གོང་མ་ལྟར་མཐུ་ཆེན་ཏེ། མདོག་དཀར་མོ་ནི་རྣམ་པར་སྣང་མཛད་ཀྱི་རིགས་དང་སྦྱར་ཞེས་སོ། །ཨུཏྤ་ལ་མཐིང་གའི་
མདོག་ཅེས་པ་ནི་སྨེ་ཤ་ཅན་གྱི་བུ་མོའི་མདོག་སྟེ་དེ་ལྟ་བུ་མི་བསྐྱོད་པ་དང་སྦྱར་བས་ན། འདྲ་བ་དག་ནི་རྟག་ཏུ་སྒྲུབ། །ཅེས་པའོ། །སྦྱོར་བའི་ཆོ་ག་དེ་ཉིད་ནི་བྱས་ནས་ཞེས་པ་ནི་དཔུང་པས་འཁྱུད་པ་ལ་སོགས་པ་རྩ་བསྐུལ་བའི་བྱ་བ་ཡན་ཆད་ཀྱི་བར་དུ་བྱས་ནས་དངོས་གྲུབ་བསྒྲུབ་
པའི་ལས་རྣམས་བརྩམ་པར་བྱའོ་ཞེས་སོ། །འདི་ནི་འཁོར་ལོའི་རིགས་ཀྱི་རྣལ་འབྱོར་པས་འདའ་བར་མི་བྱ་བས་ན་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ་ཞེས་སོ། །མི་བསྐྱོད་པའི་རྣལ་འབྱོར་པའི་འབྲས་བུ་གསུངས་པ། དེ་ནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་འོད་འདྲར་
འགྱུར། །ཞེས་པ་ནི་གོང་མ་ལྟར་དེ་དང་རང་བཞིན་གཅིག་ཏུ་གྱུར་པའོ་ཞེས་སོ། །སྣང་བ་མཐའ་ཡས་ཀྱི་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་གསུངས་པ། རྒྱལ་པོ་ཞེས་པ་ལ་སོགས་པའོ། །ཆོས་རྣམས་ཀུན་དང་མཚུངས་ཞེས་པ་ནི་ཆོས་ཐམས་ཅད་རྣམ་
པར་དག་ཅིང་འཛིན་པའོ། །འདོད་དང་ཐར་པ་རབ་གྲོལ་བྱེད། །ཅེས་པ་ནི་འདོད་པ་ཉིད་ཐར་པ་དང་གྲོལ་བའི་ལམ་དུ་བྱེད་པའི་གཙོ་བོའོ། །དེ་ཉིད་རྡོ་རྗེ་ཆོས་ཏེ་འོད་དཔག་མེད་དོ། །དེ་རྣམ་པར་བསྒོམས་པས་སོ། །གང་དང་ལྷན་ཅིག་ཏུ་ཞེ་ན། གར་མཁན་ཞེས་
པ་ལ་སོགས་པ་སྟེ་གོ་སླའོ། །དེ་དང་ཇི་སྐད་དུ་བཤད་པའི་ཆོ་གས་བསྒྲུབས་ན་དེའི་འབྲས་བུ་གསུངས་པ། དེ་ནི་རྡོ་རྗེ་ཆོས་ཀྱི་བདག་པོ་ཞེས་ཏེ་གོང་མ་ལྟར་འོད་དཔག་མེད་དང་རང་བཞིན་གཅིག་ཏུ་གྱུར་པ་ཞེས་སོ། །དེ་ཇི་ལྟ་བུ་ཞེ་ན། ས་བཅུ་ལ་ནི་གནས་པར་འགྱུར། །
ཞེས་ཏེ་གཟུགས་རྡོ་རྗེ་མ་ལ་སོགས་པ་སྒེག་པའི་རོས་བརྒྱན་པའི་ལྷ་མོ་བཅུ་ནི་འབྲས་བུར་གྱུར་པ། སྦྱིན་པ་ལ་སོགས་པའི་ངོ་བོ་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་རྣམ་པར་དག་པའི་ཚུལ་ནི་ས་བཅུ་ཞེས་བྱ་ལ། དེ་ལ་གནས་པ་ནི་འདོད་པའི་དབང་ཕྱུག་ཏུ་བསྟན་

པའོ། །གསུང་ཉིད་མི་འདའ་བས་ན་དམ་ཚིག་སྟེ་དེ་འཛིན་པའོ། །གསུང་གི་རིགས་ཀྱི་བདག་པོར་གྱུར་པས་ན། མངའ་དབང་དམ་པ་ཀུན་གྱི་མཆོག །ཅེས་སོ། །རང་གི་རིགས་ཀྱི་བུ་མོ་མེད་ཀྱང་གཞན་དང་གཟུང་བ་འགལ་བ་མེད་པར་གསུངས་པ་བྲམ་ཟེ་ཞེས་པ་ལ་སོགས་པའོ། །
རིགས་ལ་སོགས་པ་ནི་ཁྱད་པར་དུ་བཀྲ་ཤིས་པས་སྨོས་པ་སྟེ། དོན་དུ་ན་གཉིས་སུ་མེད་པའི་སྤྱོད་པ་ལ་ཕྱག་རྒྱ་ཆེན་པོ་འབྱུང་བས་ན་འགལ་བ་མེད་པའོ། །ཇི་སྐད་དུ། སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་བྱས་ཡིན། །ཐབས་ཤེས་ལས་འབྱུང་དངོས་
གྲུབ་ལ། །རིགས་སོགས་ངེས་པས་ཅི་ཞིག་ཡོད། །ཅེས་ཏེ་འཇིག་རྟེན་སྒྲོན་མ་ལས་བཤད་དོ། །རྡོ་རྗེ་ཆོས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། གཉིས་ཀྱིས་ཀྱང་བསྒྲུབས་ན་གསང་བ་ཐོབ་པར་བྱེད་ཅེས་སོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ནང་གི་དུས་བསྟན་པའི་ཕྱིར། རྡོ་རྗེ་ཉི་མ་ཞེས་
པ་ལ་སོགས་པའོ། །ཕྱིན་ཅི་ལོག་གི་མ་རིག་པའི་མུན་པ་འཇོམས་པའི་ཕྱིར་གསང་བའི་རྡོ་རྗེ་སྟེ་དེ་ཉིད་ཉི་མའོ། །ནུབ་ནས་ཞེས་པ་ནི་ཉེ་བར་གྲུབ་པར་གྱུར་པའོ། །སྒྲུབ་པ་ཀུན་དུ་བརྩམ་པར་བྱ། །ཞེས་པ་ནི་མི་བསྐྱོད་པའི་ངོ་བོ་བདེ་བ་ཆེན་པོ་སྒྲུབ་པར་བྱེད་པའི་ངོ་བོ་བརྩམས་ནས་
ཞེས་སོ། །སྐྱ་རེངས་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་འཆར་བ་ནི་གནས་རྣམས་ནས་རྩ་གཡོ་ཞིང་བདག་ཉིད་ཀྱི་ཆར་གནས་པའི་དུས་སུའོ། །བསྒྲུབ་པའི་མཆོག་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་འགྲུབ་པར་འགྱུར་རོ་ཞེས་པའོ། །དེ་རྣམས་ཀྱི་འབྲས་བུ་བྱ་བ་དང་བཅས་པར་གསུངས་པ།
རྒྱན་རྣམས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་མཆོག་བསྒོམས་ན། །ཞེས་པ་ནི་རང་གི་ལྷའི་ངོ་བོ་སྟེ་དེ་བསྒོམ་པའོ་ཞེས་སོ། །འབྲས་བུ་ཡང་འདི་ནི་ཞེས་པ་ལ་སོགས་པའོ། །སངས་རྒྱས་མཚན་གྱི་ཞེས་པ་ནི་ཇི་སྐད་དུ་གསུངས་པའི་མཚན་དང་དཔེ་བྱད་ཀྱིས་མཚན་
པར་འགྱུར་ཞེས་པའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །ཞེས་པ་ནི་མཚོན་པ་ཙམ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཚན་དང་དཔེ་བྱད་དེའི་འོད་ཀྱིས་སྣང་བར་བྱེད་ཅེས་པའོ། །བྱ་བ་གང་གིས་ཤེ་ན། དབང་པོ་གཉིས་ཞེས་པ་ལ་སོགས་པའོ། །སྦྱོར་བ་

ཐམས་ཅད་ཅེས་པ་ནི་དེར་གཏོགས་པའི་སྦྱོར་བ་མངོན་དུ་བྱ་བའི་ཕྱིར་ཞེས་སོ། །དེའི་བཟའ་བའི་དམ་ཚིག་ཀྱང་རྡོ་རྗེ་ཅན་ཞེས་པ་ལ་སོགས་པའོ། །དོན་གྱིས་འཇུག་བསྡུ་བ། བཤང་གཅི་ཞེས་པ་ལ་སོགས་པའོ། །དེའི་དོན་བཤང་གཅི་ལ་སོགས་པའི་བདུད་
རྩིས་ཚིམ་པར་བྱེད་ཅིང་ཁམས་རྒྱས་པར་བྱས་ནས་དབང་པོ་གཉིས་སྦྱོར་བའི་བདེ་བ་ཆེན་པོ་ལ་རོལ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ཞི་བ་ནི་ཆོས་ཀྱི་སྐུ་སྟེ། དེ་ལ་དེ་ཉིད་བླ་ན་མེད་པ་ཞེས་བྱ་སྟེ་བླ་ན་མེད་པའི་སངས་རྒྱས་འགྲུབ་པར་འགྱུར་རོ་ཞེས་པའོ། །འདོད་པ་
ནི་གཟུགས་ལ་སོགས་པའོ། །དེ་ཉིད་ཐར་པའི་ལམ་ལས་མི་འདའ་བའི་ཕྱིར་ཐར་པའི་དམ་ཚིག་རྡོ་རྗེ་སྟེ་རྡོ་རྗེ་འཛིན་པའོ། །ཇི་སྐད་དུ་བཤད་པའི་བུ་མོ་བདག་གིར་བྱ་བའི་ཕྱིར་དགུག་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དམ་ཚིག་ཆེན་པོ་ཞེས་པ་ནི་མེ་ལོང་ལྟ་
བུའོ། །དེ་ཉིད་ནི་རྡོ་རྗེ་ཁྲོ་བོ་སྟེ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོ། །ཀུན་དུ་སྐྲག་པར་བྱེད་པའི་རྡོ་རྗེ་ཁྲོ་བོ་ནི་དེའི་རིགས་ཀྱི་ཁྲོ་བོ་ནི་རྡོ་རྗེ་གཤིན་རྗེ་གཤེད་ཀྱི་སྔགས་ཕྱུང་ངོ་ཞེས་པའོ། །དེ་གང་ཞེ་ན། ཨོཾ་ཞེས་པ་ལ་སོགས་པའོ། །སྔགས་
དེ་ལ་སརྦ་ཤ་ཏྲཱུྃ་ནཱ་ཤ་ཡ་ཞེས་པ་བསལ་ནས། བུ་མོ་ཆེ་གེ་མོ་སྟྭཾ་བྷ་ཡ་ཞེས་སྦྱར་རོ། །སྦྱོར་བ་གསུངས་པ། དུག་ནི་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ་ཇི་ལྟ་བ་བཞིན་དུ་བྱས་པའི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དུག་དང་ཁྲག་སྦྱར་ནས་ཡང་ལན་ཚྭ་དང་སྐེ་ཚེ་ཡང་སྦྱར་
བའི་རྫས་ཀྱིས་ལུས་ལ་སོགས་པ་ཁྲོ་ཞིང་པོ་སོན་འཆའ་ལ་སོགས་པ་ཚེར་མའི་མེ་བུས་ལ་ཡི་གེ་ཧཱུཾ་གི་ལྕེ་དང་ལྡན་པའི་གཤིན་རྗེ་གཤེད་ཀྱི་ཞལ་དུ་བསམས་ནས་གོང་གི་སྔགས་དང་། བུ་མོའི་མིང་དང་ཚིག་ཏུ་བཅས་པ་བརྗོད་ཅིང་། ཉི་མ་གུང་ངམ་ནམ་ཕྱེད་ན་ཤིས་པར་སྦྱོར་བ་དང་ལྡན་
པའི་ཤེས་རབ་ཅན་གྱིས་མངོན་སྤྱོད་ཀྱི་ཧོམ་ཁུང་གྲུ་གསུམ་དུ་སྦྱིན་སྲེག་སྟོང་རྩ་བརྒྱད་བུ་མོ་དགུག་པའི་ཕྱིར་ཉི་མ་གསུམ་དུ་བྱའོ་ཞེས་སོ། །དེས་བསྐལ་པ་གྲངས་མེད་གསུམ་དུ་ཡང་ཞེས་ཏེ། དེའི་ཚེས་ཐུབ་ན་དེ་ཙམ་གྱི་བར་དུ་ཡང་འདུལ་བར་འགྱུར་རོ་ཞེས་སོ། །སངས་རྒྱས་ནི་སྐུ་

རྡོ་རྗེའོ། །ཆོས་འཛིན་པ་ནི་གསུང་རྡོ་རྗེའོ། །རྡོ་རྗེ་སེམས་དཔའ་ནི་ཐུགས་རྡོ་རྗེའོ། །གཞན་ནི་གོང་མ་ལྟར་རོ། །སྔགས་དེ་ཁོ་ནས་གཞན་དག་གིས་དགུག་ཏུ་གཞུག་པ་གསུངས་པ། བཅུ་བཞི་པ་འམ་ཞེས་པ་ལ་སོགས་པའོ། །དེ་ཡང་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་
མར་ངོའི་ཚེས་གཉིས་ལ་དུར་ཁྲོད་ཀྱི་སོལ་བ་བླངས་ལ། དེ་གོང་གི་སྔགས་བུ་མོ་ཆེ་གེ་མོ་བདག་ལ་བྱིན་ཅིག་ཅེས་ཆོ་ག་བཞིན་དུ་སྔགས་སྟོང་རྩ་བརྒྱད་བཏབ་ནས། དེས་སྲིན་པོ་ལ་སོགས་པ་གང་གི་མིང་ཤིང་ལེབ་ལ་སོགས་པ་ལ་བྲིས་པས་དེས་ཁྲིད་ནས་འོངས་ནས་རྟག་ཏུ་བརྟེན་པར་འགྱུར་
ཞེས་པའོ། །ད་ནི་ལས་ཕྲན་ཚེགས་ཀྱིས་གསད་པ་བཞི་གསུངས་པ། སྔགས་ཞེས་པ་ལ་སོགས་པའོ། །བཤད་མ་ཐག་པའི་སྔགས་ཀྱིས་བཏབ་པའི་དུར་ཁྲོད་ཀྱི་སོལ་བས་དུར་ཁྲོད་ཀྱི་ས་ལས་དགྲའི་གཟུགས་བརྙན་བྱས་ལ་བཀུག་སྟེ་བཅུག་ལ། མགོ་བཅད་དོའི་བསམ་
པས་གང་ཡང་རུང་བའི་རི་མོ་བྲིས་ཞེས་ཏེ། སྤུ་གྲི་ལྟ་བུར་བསམས་ལ་མགུལ་པ་ལ་རི་མོ་བྲིས་པས་མགོ་ཆད་པར་འགྱུར་རོ། །ཐོ་བ་ཞེས་པ་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་གཤིན་རྗེ་གཤེད་ལས་གྱུར་པའི་ཐོ་བ་བསམ་གཏན་གྱི་སྦྱོར་བས་བསྒོམས་ལ། མདུན་དུ་
བསྒྲུབ་བྱའི་ལུས་བསམས་ལ་ཐོ་བ་དེས་བསྣུན་ཅིང་ཕབ་ན་གཡས་ལ་སོགས་པར་ལྷུང་བར་འགྱུར་རོ། །ཧཱུཾ་ཞེས་པ་ནི་ལྷ་ཁྲོ་བོའི་རྣལ་འབྱོར་པས་རང་གི་ལག་པ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ་དེ་ལག་ན་རྡོ་རྗེ་སྟེ་དེ་འཛིན་པའོ། །དེས་མདུན་དུ་བསྒྲུབ་བྱའི་ལུས་ལ་བསྣུན་ན་
གདུག་པའི་ལུས་སྲིན་པོ་ལ་སོགས་པས་འཇིག་པར་འགྱུར་ཞེས་སོ། །རྡོ་རྒྱུས་ཞེས་པ་ནི་སྔར་བཤད་པའི་སྦྱོར་བས་བཟླས་པའི་རྡོ་རྒྱུས་དང་། སོལ་བས་བསྒྲུབ་པར་བྱ་བ་སྐྱེས་པའམ་བུད་མེད་ཀྱི་གཟུགས་དུར་ཁྲོད་ཀྱི་ས་ལ་བྲིས་ལ་བདག་གི་ལག་པར་ཧཱུཾ་ལས་བྱུང་བའི་སྟ་རེ་བསམས་
ནས་མགུལ་པར་བརྒྱབ་པས་མིད་པ་བཅད་པ་སྟེ་ཁ་ཟས་མི་ཐར་པའི་ནད་ཀྱིས་འཛིན་ཏོ། །དེ་རྣམས་ཀྱི་སྦྱོར་བའི་མཐུ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ཀྱི་བཙུན་མོ་སྤྱན་མ་ལ་སོགས་པ་ཡང་འཆི་ན་གཞན་ལྟ་ཅི་སྨོས་པའོ། །ད་ནི་ཀླུ་བསྐུལ་

བས་ཆར་དབབ་པའི་ཆོ་ག་གསུངས་པ། ལས་ཀྱི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ཡང་མདོག་སེར་པོ་རྡོ་རྗེ་འཛིན་པའི་སྦྱོར་བ་དང་ལྡན་པས། ཆར་དབབ་པའི་ཕྱོགས་གཅིག་པའམ་ཐམས་ཅད་ཀྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལས་ཀྱི་རྡོ་རྗེ་མདོག་སེར་པོ་འོད་རབ་ཏུ་
འབར་བ་མེ་སྟག་མང་པོ་འཁྲིགས་པས་མངོན་པར་འདོད་པའི་ཕྱོགས་ཁེབས་པར་བསམས་ལ། དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་འགྲེང་བུ་མེ་ལྟ་བུ་བསམས་ལ། དེའི་བུམ་པ་ལ་སྦྱོར་བ་དེ་ཉིད་ཀྱིས་འདུག་སྟེ། བ་སྤུའི་བུ་ག་ལས་བྱུང་བའི་འོད་ཟེར་སེར་པོས་ཕྱོགས་
ཐམས་ཅད་ཁྱབ་པར་བསམས་ནས་དེ་ལྟ་བུས་ནི་མངོན་པར་འདོད་པའམ། ཐམས་ཅད་ལས་ཕྱི་རོལ་དུ་འབབ་པར་འགྱུར་རོ། །ས་གཞི་ཉིད་འོད་ཟེར་འབར་བ་བསམས་ཏེ་ཀླུ་ཐམས་ཅད་བསྐམ་པར་བྱ་བ་ནི་མན་ངག་གོ། །རྩེ་གཅིག་པ་ཉམས་སུ་མྱོང་བ་དང་བཅས་པ་ནི་བསྒོམ་
པར་མི་ནུས་པ་དག་ལ་ཆོ་ག་འདི་ལྟ་སྟེ་གོང་དུ་བཤད་པའི་བྲི་བའི་རྫས་ཀྱིས་དུར་ཁྲོད་ཀྱི་རས་ལ་པདྨ་འདབ་མ་བརྒྱད་ལ་ཀླུ་བརྒྱད་ཀྱི་རང་རང་གི་ས་བོན་བྲིས་ལ། དེའི་སྙིང་པོ་ལ་ཕཊ་གཉིས་ཀྱི་བར་དུ་བཾ་བྲིས་ཏེ་བཀུག་ལ། ཡང་རས་མ་གཉིས་པ་ལ་འབར་བ་དང་བཅས་པའི་རྡོ་རྗེ་
རྒྱ་གྲམ་སེར་པོའི་ལྟེ་བ་ལ་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་བྱིན་གྱིས་བརླབས་པ་བྲིས་ལ། དང་པོའི་རས་བཀན་ཏེ་བཏིང་བའི་སྟེང་དུ། གཉིས་པ་ཁ་སྦུབས་ཏེ་རྡོ་ལེབ་ལ་སོགས་པས་མནན་ལ་བཞག་ན་ཆར་པ་འགོག་པའི་ཆོ་ག་ཡིན་ནོ་ཞེས་པའོ། །ཚོན་འགྱེད་པ་ལ་སོགས་པའི་
སྐབས་སུ་བགེགས་ཞི་བར་བྱ་བའི་ཆོ་ག་གསུངས་པ། དཀྱིལ་འཁོར་དག་ནི་ཞེས་པ་ལ་སོགས་པའོ། །སོགས་པའི་སྒྲས་བསྡུས་པ་ཆུ་དང་སྦྲུལ་ལ་སོགས་པའོ། །མཆེ་བའི་ཕྱག་རྒྱས་ཞེས་པ་ནི་བདུད་རྩི་འཁྱིལ་པའི་ཕྱག་རྒྱ་ཆེན་པོ་སྟེ། བཅིང་བ་ནི་ཆོ་ག་ཇི་ལྟ་བ་
བཞིན་དུ་བསྒོམས་ནས་ཞེས་སོ། །གདུག་པའི་དགྲ་ནི་ཞེས་པ་ནི་བགེགས་རྣམས་ཀྱི་གདུག་པའི་དགྲ་སྟེ། སྔགས་ཀྱི་རྒྱལ་པོ་གོང་དུ་གསུངས་པ་ལ་མ་ཧཱ་པ་ཏི་ཛཱི་བི་ཧ་ན་ཏ་ཀ་ར་ཞེས་པ་བསལ་ནས་ཆེ་གེ་མོ་གནོད་བྱེད་ཅེས་པ་དྲན་པར་བྱའོ། །དེའི་མཐུ་གསུངས་པ།

སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲུལ་པ་ཡང་འཇིག་པར་འགྱུར་ན་ཞེས་པའོ། །གཞན་དག་ནི་གོ་སླའོ། །སྔགས་དེ་ཁོ་ནའམ། གཞན་གྱི་ཡི་གེ་སྭཱ་ཧཱ་བོར་ལ་ལས་དང་མཐུན་པར་ཕཊ་གཞུག་པ་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ཡེ་ཤེས་སེམས་
དཔའ་ཞེས་པ་ནི་གཟུགས་རྣམ་པར་གཞིག་པ་སྟེ། དེའི་སྦྱོར་བ་ཡིས་ཞེས་པ་ནི་བར་གྱི་སྲིད་པའི་སེམས་སྔོན་དུ་འགྲོ་བའི་ཟླ་བར་ཞུ་བའི་གཟུགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ་ཞེས་སོ། །སྔགས་ཤེས་པ་ཡིས་ཞེས་པ་ནི་སྦྱོར་བ་ཤེས་པས་ཚད་མེད་པ་བཞི་ལྷ་མོ་
བཞིའི་གཟུགས་སུ་ཕྱུང་སྟེ། བདེན་བྲལ་ལ་སོགས་པའི་གནས་བཞིར་མཱ་མ་ཀཱི་ལ་སོགས་པའི་བུད་མེད་གོ་རིམས་བཞིན་དུ་བཞག་ནས་བསྐུལ་བར་བསམ་མོ་ཞེས་སོ། །བུད་མེད་དེ་དག་ཀྱང་རྒྱན་དང་མཚན་ཐམས་ཅད་རྫོགས་པའོ་ཞེས་སྦྱར་རོ། །རིགས་ལྔ་དང་ལྡན་པའི་ལྷ་མོ་དང་
བདག་གི་ཡན་ལག་གཉིས་དག་པར་བྱ་བ་གསུངས་པ། པདྨོ་ཞེས་པ་ལ་སོགས་པའོ། །དེ་ཡང་རང་གི་རིགས་ཀྱི་བུ་མོའི་པདྨ་ལ་རྡོ་རྗེ་བཞག་པས་རྒྱས་པར་བྱས་ནས་ཞེས་སོ། །བསྐུལ་བའི་ལས་ལ་གནས་པའི་པདྨོ་དེ་ཡང་སྔགས་འདིས་བསྒོམ་པར་བྱའོ། །ཧཱུཾ་ཞེས་སོ། །
དེས་པདྨ་དམར་པོ་འདབ་མ་བརྒྱད་པ་གེ་སར་སེར་པོས་མཚན་པ་གཅིག་ཏུ་བསམ་མོ། །གཞན་ཡང་སྔགས་དེས་འོད་ཟེར་ལྔ་རབ་ཏུ་འབར་བའི་རྡོ་རྗེ་རྩེ་ལྔ་ནོར་བུ་དམར་སྐྱ་བར་བསྒོམས་ནས། གཟོད་སྦྱོར་བ་བསྒོམ་ཞེས་ཏེ་གོང་མ་ལྟར་རོ། །ད་ནི་སྐྱ་རེངས་འཆར་བའི་དུས་སུ་
ཕན་ཡོན་གསུངས་པ། རང་ལུས་ཞེས་པ་ལ་སོགས་པའོ། །རང་ལུས་ནི་རང་གི་ཕུང་པོ་ལ་སོགས་པའོ། །ངག་སེམས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་གྲུ་གསུམ་དང་ལྡན་པའི་པདྨར་ཟླ་བ་ལྟ་བུར་ཕབ་ན་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་སོ། །ཇི་ལྟ་བུའི་བྱང་
ཆུབ་ཅེ་ན། དེ་ནས་ཞེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་འོད་འདྲ་ཞིང་། །ཞེས་པ་ནི་སྐུ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་ཐོབ་ནས་དེའི་རིགས་ཅན་རྣམས་ལ་སྣང་བའི་བྱང་ཆུབ་བོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་ནི་ཐུགས་རྡོ་རྗེའོ། །སངས་རྒྱས་རྡོ་རྗེ་

གསུང་འཛིན་ནི་གསུང་རྡོ་རྗེའོ། །དེ་བས་ན་དེ་ལ་སེམས་དཔའ་ཐམས་ཅད་བསྐྱེད་པ་རྡོ་རྗེ་ཞེས་བྱའོ། །ད་ནི་གསང་བའི་དབང་བསྐུར་བའི་དམ་ཚིག་ཕན་ཡོན་དང་བཅས་པ་གསུངས་པ། བཞིན་བཟངས་ཞེས་པ་ལ་སོགས་པའོ། །བཞིན་བཟངས་ཞེས་པ་ནི་གཙོ་བོའི་
རིག་མའོ། །མ་ལྟ་བུའི་སེམས་དང་ལྡན་པས་ན་ཕན་པར་འདོད་པའི་བུད་མེད་རྙེད་ནས་ཞེས་སོ། །ཅི་བྱ་ཞེ་ན། ཆོ་ག་བཞིན་ཞེས་ཏེ་བར་མའི་བསྙེན་སྒྲུབ་བཞི་ལ་སོགས་པས་དག་པར་བྱས་ནས། གནས་དབེན་པར་ཚོགས་ཀྱི་མཆོད་པ་བརྩམས་ལ། དེ་དང་སྙོམས་པར་ཞུགས་པའི་
གསང་བ་ནི་ཟླ་བར་ཞུ་བ་སྟེ། བློ་བརྟན་པའི་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་དུ་བསམས་ལ་བཟའ་བར་བྱ་ཞེས་སོ། །དེའི་ཡོན་ཏན་ཡང་དེ་ནི་ཞེས་པ་ལ་སོགས་པའོ། །འཇམ་དཔལ་དང་གཟི་བརྗིད་མཉམ་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་
སྟེ་དེས་དག་པར་བྱས་ནས་ཞེས་སོ། །མི་སྣང་བདག་པོས་ཞེས་པ་རྟོག་པའི་ལུས་ངག་གིས་མི་སྣང་བར་བྱས་ན། འཛམ་བུ་གསེར་གྱི་མདངས་འདྲར་འགྱུར། །ཞེས་པའོ། །ད་ནི་བདུད་རྩི་ལྔ་ལ་སོགས་པ་ཟོས་པ་ལས་མི་སྣང་བར་སྒྲུབ་པ་གསུངས་པ། བཤང་བའམ་ཞེས་
པ་ལ་སོགས་པའོ། །དེ་ཡང་གོང་མ་ལྟར་བྱས་པའི་རྣལ་འབྱོར་པས་དང་པོའི་ཆོ་ག་ལ་གནས་པའི་རི་མོའི་དཀྱིལ་འཁོར་གྱི་དབུས་སུ་བཤང་བ་སྟེ་དྲི་ཆེན་ནམ་འབྲས་ཆན་ལ་སོགས་པའི་བཟའ་བ་ཇི་སྙེད་པ་འམ། ཤ་ལྔ་ལ་སོགས་པ་བྷནྡྷའི་ནང་དུ་བཅུག་ལ། ཆོ་ག་བཞིན་དུ་
སྔགས་ནས་ནི། །ཞེས་པ་ནི་རླུང་ལ་སོགས་པའི་རིམ་པས་རྣམ་པར་སྦྱངས་ལ། རང་གི་སྔགས་བཟླས་པས་འབར་བ་ལ་སོགས་པ་མཐོང་ནས་ཟོས་ན་སངས་རྒྱས་ཀྱིས་ཀྱང་མི་མཐོང་ཞེས་སོ། །བཤང་བ་ཆོ་ག་བཞིན་བླངས་ནས། །ཞེས་པ་ནི། དྲི་ཆེན་བླངས་ནས་འཁར་བའི་སྣོད་དུ་
ར་དཀར་མོའི་འོ་མས་བསྣུར་ཏེ་བསྐམས་ནས་ཁམ་ཕོར་བུག་པ་ཅན་གྱི་སྟེང་དུ་སྦྱར། དེའང་ས་དང་རླུང་ལ་གནས་པའི་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་མེ་བཅུག་སྟེ་བསྐོལ་བ་བུག་པ་མེད་པ་ལ་འཛག་པ་བླངས་ནས། བརྒྱ་རྩ་བརྒྱད་བསྐུལ་ནས་རིལ་བུ་བྱས་ཏེ་ཟོས་ན་སངས་

རྒྱས་ཉིད་སྡིག་པའི་འདམ་རྫབ་སྐེམས་པས་ན་ཉི་མ་སྟེ། དེས་ཀྱང་མི་མཐོང་ངོ་ཞེས་སོ། །ཁྱིམ་ལ་སོགས་པའི་ཆོ་ག་ཡང་ཟངས་ཀྱི་སྣོད་དུ་བ་དམར་མོའི་འོ་མར་བསྐམས་ལ། ཁམ་ཕོར་གྱི་ཆོ་ག་གོང་མ་བཞིན་དུ་སྦྱོར་རོ། །ད་ནི་གོང་དུ་གསུངས་པའི་རིལ་བུའི་དངོས་གྲུབ་ཀྱི་སྦྱོར་
བ་ལ་ལྕགས་གསུམ་གྱིས་དཀྲི་བར་བྱ་བའི་རྫས་རྣམས་གསུངས་པ། བཤང་བ་གླང་པོ་ཞེས་པ་ལ་སོགས་པའོ། །དེ་ལ། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི། བདག་གི་དབང་པོ་དང་རང་གི་ལྷའི་དབང་པོ་གཉིས་སུ་མེད་པར་བྱས་པ་ལ་བྱ་སྟེ། སྐབས་འདིར་རྡོ་རྗེ་དང་པདྨ་ལ་
མི་བྱ་སྟེ། དངོས་གྲུབ་ཐུན་མོང་རྣམས་ནི་ཕྱག་རྒྱ་ལས་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །གཞན་ནི་གོ་སླ་བས་མ་བཤད་དོ། །དེ་རྣམས་ཇི་ལྟ་བུའི་རྣལ་འབྱོར་གྱིས་བྱ་ཞེ་ན། དེ་ཡང་རྡོ་རྗེ་འཛིན་པ་སྟེ། རང་གི་ལྷ་གང་ཡང་རུང་བའི་སྦྱོར་བས་ཇི་སྐད་དུ་བཤད་པ་བཞིན་དུ་ཕྱག་རྒྱ་ཆེན་པོ་
བསྐྱེད་ནས་མཐའ་གཉིས་དགག་པའི་ཕྱིར་བྱིན་གྱིས་བརླབས་ནས། ཚོགས་པ་དང་ལྡན་པའི་རིལ་བུ་ཁར་བཅུག་ནས་བསྒོམས་ན་ཇི་སྐད་དུ་གསུངས་པའི་ཡོན་ཏན་དུ་འགྱུར་རོ། །དེ་ཉིད་གསུངས་པ། ཡེ་ཤེས་ཞེས་པ་ལ་སོགས་པའོ། །དཔག་ཚད་བྱེ་བ་ཙམ་གྱི་སྟེང་དུ་འགྲོ་བར་
འགྱུར་ཞེས་རང་གིའོ། །སྟོང་གསུམ་བདག་པོ་ཡང་རང་གིའོ། །འདོད་ཁམས་གནས་པ་ལྷའི་བུ་མོ་ལྷའི་ལོངས་སྤྱོད་དང་ལྡན་པ་བརྟུལ་ཞུགས་ཆེ་བ་ལ་འདོད་པ་སྤྱོད་ཅེས་སོ། །ཡང་ན་གཟུགས་ཁམས་ཞེས་པ་ནི་གལ་ཏེ་དེ་ན་ཡོད་ན་ཡང་ཞེས་མཐུ་ཕུལ་དུ་བྱུང་བར་བསྟན་པའོ། །
མི་སྣང་བའི་ངོ་བོ་ལས་མི་འདའ་བས་ན་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །ད་ནི་དེའི་དོན་ལ་ངོ་མཚར་ཆེ་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཡིད་ལ་དབང་བ་ཞེས་པ་ནི་དེ་རྣམས་ནི་ཐུགས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པས་གང་དུ་བལྟས་པ་ལྟར་འབྱུང་བའི་ཕྱིར་རོ། །
སྐྱེ་བོས་ཤེས་པར་བྱ་བའི་ཕྱིར་ཐུགས་དམ་པ་ལྟར་སྣང་ངོ་། །ངོ་མཚར་དུ་གྱུར་པ་ནི་མཐར་སྐྱེས་དང་སྔགས་དང་བདུད་རྩི་རིལ་བུ་ལ་སོགས་པའོ། །རབ་ཏུ་ངོ་མཚར་ཆེ་ཞེས་པ་ནི་སྔགས་ཀྱི་ལས་སྣ་ཚོགས་སྒྲུབ་པར་བྱེད་པའོ། །མཆོག་ཏུ་མི་འགྱུར་གསང་བ་ཞེས་པ་ནི་མཐར་

སྐྱེས་ཀྱིས་ཕུལ་དུ་བྱུང་བའི་ཡེ་ཤེས་བརྙེས་པའོ། །ངོ་བོ་ཉིད་ཀྱིས་དག་ཅེས་པ་ནི་དྲི་ཆེན་ལ་སོགས་པའི་རྫས་ཀྱིས་མི་སྣང་བར་བྱེད་པའོ། །ཤིན་ཏུ་དྲི་མེད་ཆོས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས་རིལ་བུ་ལས་ཡོན་ཏན་ཐོབ་པའོ། །ད་ནི་དབང་
བསྐུར་བའི་རིགས་ཀྱི་བདག་པོའི་ངེས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ་བཤད་ཟིན་ཏོ། །སངས་རྒྱས་རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཐམས་ཅད་ཀྱི་ངོ་བོ་བས་ན་ཅན་རྣམས་སོ། །རྡོ་རྗེའི་སྦྱོར་བ་ནི་མི་བསྐྱོད་པའི་སྟེ། བསྙེངས་པར་གྱུར་པ་ནི་དེ་ཉིད་གཅིག་ལ་
གཅིག་དབང་བསྐུར་བའོ། །ཇི་སྐད་དུ། རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །ཅེས་སོ། །སངས་རྒྱས་རྡོ་རྗེ་རབ་བྱེད་པ། །ཞེས་པ་ནི་མི་བསྐྱོད་པའོ། །དེས་རྡོ་རྗེ་འཛིན་རྣམས་ཏེ་རྣམ་པར་སྣང་མཛད་ལ་སོགས་པ་བཞིའི་དབང་བསྐུར་བས་
མཉེས་པར་འགྱུར་བའོ། །རྡོ་རྗེ་སྤྱན་གྱི་གཟུགས་ལ་སོགས། །ཞེས་པ་ནི་སྤྱན་ལ་སོགས་པའི་ལྷ་མོ་བཅུའོ། །གཙུག་ཏོར་ཞེས་པ་ནི་བདེ་བར་གཤེགས་པ་ལྔ་དང་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྟེ་དབུ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ། འཁོར་ལོས་སྒྱུར་བའི་རྒྱལ་པོ་
དྲུག །གཙུག་ཏོར་ཞེས་ནི་རྣམ་པར་འབྱུང་། །ཞེས་སོ། །དེ་ལ་གཙུག་ཏོར་ལྔས་རང་རང་གི་རིགས་མཉེས་པར་བྱེད་པ་ཡིན་ཞེས་སོ། །ཁྲོ་བོའི་ནང་ནས་དེ་མཆོག་སྟེ། །ཞེས་པ་ནི་ཁྲོ་བོ་བཅུ་ལ་གཙུག་ཏོར་མཆོག་སྟེ་གང་ཡིན་ཞེ་ན། སངས་རྒྱས་ཞེས་པ་ནི་རྣམ་པར་སྣང་
མཛད་དོ། །དེས་གཤིན་རྗེ་གཤེད་མཉེས་པར་བྱེད་པའོ། །རྡོ་རྗེ་ཞེས་པ་ནི་མི་བསྐྱོད་པ་སྟེ་ཁྲོ་བོ་བརྒྱད་མཉེས་པར་བྱེད་པའོ། །རབ་ཏུ་བསྒོམས་པ་ནི་སྣང་བ་མཐའ་ཡས་ཀྱིས་རྟ་མགྲིན་མཉེས་པར་བྱེད་པའོ་ཞེས་སོ། །རིག་པའི་རྒྱལ་པོ་ཆོས་མཆོག་སྟེ་རྣམ་པར་སྣང་མཛད་ལ་
སོགས་པའི་རིག་འཛིན་གྲུབ་པ་རྣམས་ལ་དཀོན་མཆོག་དཔལ་དབུ་རྒྱན་དུ་བསྒོམ་མོ། །རིག་འཛིན་རྒྱལ་མོ་ནི་སྤྱན་མ་ལ་སོགས་པའི་རིག་འཛིན་གྲུབ་པ་ལ་ཚེ་དཔག་ཏུ་མེད་པ་དབུ་རྒྱན་དུ་བསྒོམ་ཞེས་སོ། ཐམས་ཅད་ལས་བྱེད་སྔགས་རྣམས་ནི་མངག་གཞུག་པ་སྟེ། གདོན་མི་

ཟ་བས་དབུ་རྒྱན་དུ་བསྒོམ་མོ། །སྔགས་རྣམས་ཐམས་ཅད་ནི་ཚངས་པ་དང་དྲག་པོ་དང་དབང་ཕྱུག་དང་དཔའ་བོ་རྡོ་རྗེ་ལ་སོགས་པའོ། །དེའི་དབུ་རྒྱན་དུ་རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པ་རྣམ་པར་བསྒོམ་ཞེས་སོ། །གནོད་སྦྱིན་མོ་རྣམས་ལ་གཤིན་རྗེ་གཤེད་དབུ་རྒྱན་དུ་བརྟག་པར་བྱ་ཞེས་སོ། །
སྔགས་རྣམས་ཐམས་ཅད་ཅེས་པ་ནི་ལྷར་སྦྱོར་བ་ཐམས་ཅད་ཀྱི་སྤྱི་བོ་ནས་ལྷ་རེ་རེ་ཞིང་རིག་མ་དང་ལྡན་པར་བསྐུལ་བའི་ལས་ཀྱིས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ་པས་ན་ཤིས་པའོ། །དེ་བས་ན་རིག་ལྔ་མ་ཡིན་པར་མངོན་ནོ། །དེ་རྣམས་ནི་དཔྲལ་བ་ལ་སོགས་པར་དགོད་པའི་ཕྱིར་རོ། །
བསམ་གཏན་འཁོར་ལོ་འདི་ཞེས་པ་ནི་དབང་བསྐུར་བ་འདི་ནི་བསམ་གཏན་གྱི་དབང་བསྐུར་བའོ། །ཇི་སྐད་དུ། བསམ་གཏན་འཁོར་ལོ་ཐམས་ཅད་ཀྱིས་དབང་བསྐུར་བ་ནི་བརྟག་པ་སྟེ་ཞེས་སོ། །དེ་སྔགས་དེ་བཞིན་གཤེགས་པ་རྣམས་དང་དཀྱིལ་འཁོར་དག་མཉེས་པར་བྱེད་པ་སྟེ། ལོངས་སྤྱོད་
བཞི་ལས་སྒྲུབ་པ་ཆེན་པོར་གསུངས་ཏེ་ཞེས་སོ། །འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་ཆེན་པོར་སྟོན་པའོ་ཞེས་སོ། །ད་ནི་དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་ལ་ལྷ་དབབ་པ་དང་། དེ་མ་ཐག་པའི་སྦྱོར་བས་རྣལ་འབྱོར་པའི་མཐུ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་པ་ལ་
སོགས་པའོ། །ལུང་གི་གཞིར་གྱུར་པའི་ཕྱིར་གཙོ་བོའོ། །ཕུང་པོ་ལ་སོགས་པ་ཐམས་ཅད་དག་པའི་བདག་པོར་གྱུར་པས་ན་ཆོས་རྣམས་ཀུན་གྱིས་ཕྱུག་པའོ། །སྐུ་གསུམ་གྱི་རང་བཞིན་པས་ན་སྐུ་དང་གསུང་ཐུགས་ཡོངས་སུ་དག་པ་སྟེ་ཐ་མ་ནས་སོ། །ཅུང་ཟད་ཡེ་ཤེས་དབང་དུ་
གྱུར་པས་དབབ་པའི་གནས་གསུངས་པ། རི་རྩེ་ཞེས་པ་ལ་སོགས་པའོ། །བསམ་གཏན་རྡོ་རྗེ་ནི་འོག་ནས་འབྱུང་བའི་རིམ་པས་རབ་ཏུ་བྱ་ཞེས་སོ། །གསང་སྔགས་བཟླས་པའི་སྦྱོར་བ་ཡང་འོག་ནས་འབྱུང་བའི་ཧཱུཾ་ལ་སོགས་པ་བཟླས་པ་དང་དེའི་རྣལ་འབྱོར་གྱིས་དབབ་ཅེས་
པའོ། །དེ་ལྟར་ཕབ་ན་དེའི་ལྷས་ཐམས་ཅད་བྱེད་པ་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་སོགས་ཀྱི་སྒྲས་བསྡུས་པ་རྟག་པ་དང་། འོད་དཔག་མེད་དང་། སྐུལ་བྱེད་མ་ལ་སོགས་པའོ། །སྔགས་དང་བསམ་གཏན་གྱིས་བསྐུལ་

བ་ཡང་འོག་ནས་སྟོན་ཏོ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ཞེས་པ་ནི་དཀྱིལ་འཁོར་བྲི་བ་དང་མེ་ཏོག་དོར་བ་ལ་སོགས་པའི་དགོངས་པ་སྒྲུབ་པར་བྱེད་དོ་ཞེས་པའོ། །ད་ནི་དབབ་པའི་ཐབས་ཀྱི་ཆོ་ག་གསུངས་པ། རྡོ་རྗེ་ཆོས་ཞེས་པ་ལ་སོགས་པའོ། །
དེ་ཡང་ཇི་སྐད་དུ་གསུངས་པའི་སྣོད་ཨ་ལས་རྡོ་རྗེ་ཆོས་འོད་དཔག་མེད་ཀྱི་གཟུགས་པདྨ་རཱ་གའི་མདོག་འདྲ་བ་ལྷག་པར་མོས་པས་བསམས་ཏེ། དེ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། གནས་གསུམ་དུ་རིགས་ཀྱི་བརྟག་པ་བྱའོ་ཞེས་སོ། །དེ་ཡང་སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་
སེར་པོ་གྲྭ་བཞིར་རྡོ་རྗེས་མཚན་པའི་དབུས་སུ་ཧཱུཾ་སྔོན་པོ་བསམ་མོ། །མགྲིན་པར་པཾ་ལས་གྱུར་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པའི་ཨཱཿདམར་པོ་བསམ། སྤྱི་བོར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པའི་དབུས་སུ་ཧཱཿདཀར་
པོ་བསམས་པས་བྱིན་གྱིས་བརླབས་པའོ། །དེ་ནས་དེའི་རྐང་པའི་འོག་ཏུ་རླུང་གི་སྟེང་དུ་མེའི་དཀྱིལ་འཁོར་ལ་གནས་པའི་ཛྷཻཾ་འབར་བ་བསམས་ནས། རླུང་ལ་སོགས་པའི་རིམ་པས་ཛྷཻཾ་བསྐུལ་བའི་འོད་ཟེར་གྱི་ཚོགས་འཁྲུག་ཅིང་རྐང་པའི་མཐིལ་ནས་རྐང་པའི་བར་དུ་འབར་བར་གྱུར་
པར་བསམ་མོ། །དེ་ནས་རིགས་གསུམ་གྱི་བདག་ཉིད་ཅན་དང་བསྐུལ་བར་བྱ་སྟེ། རྡོ་རྗེ་དྲིལ་བུ་དང་ལྡན་པར་འཇིགས་སུ་རུང་བའི་གར་གྱིས་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙ་ལ་ཙ་ལ་ཧཱུཾ་ཧཱཿཛྷཻཾ་ཞེས་བརྗོད་པས་དབབ་པའི་ཆོ་ག་ཐམས་ཅད་ནི་བྱས་ན་གདོན་མི་ཟ་བར་འགྲུབ་
ཅེས་པའོ། །རྟགས་མཐོང་བ་དེའི་ལྕེ་ལ་ཐིག་ལེ་ལ་ཨཱཿདམར་པོ་བསམས་ནས་བྷུ་ཧི་བཛྲ་ཞེས་བརྗོད་པས་དགེ་མི་དགེ་ཐམས་ཅད་དེས་སྟོན་པར་འགྱུར་རོ་ཞེས་སོ། །དེ་ནས་ཀྱེ་རྡོ་རྗེ་སྡོད་ཅིག་ཅེས་བརྗོད་པས་བརྟན་པོར་བྱས་ལ་མེ་ཏོག་ལ་སོགས་པ་དོར་དུ་གཞུག་གོ། །ས་བླ་
བའི་ཞེས་པ་ནི་ཛྲེ་སྟེ་ས་ལས་སྟེང་དུ་འཕར་བའི་རྒྱུ་ཡིན་ནོ། །རིགས་ཆེན་ནི་སྐུའི་རིགས་ལ་སོགས་པ་གསུམ་མོ། །དེ་རྣམས་ནི་འཕགས་པ་བཞི་པོ་དེ་བསྐུལ་བའོ། །རྡོ་རྗེ་གྲུབ་པ་དག་གིས་བྱ། །ཞེས་པ་ནི་བརྟན་པ་རྫོགས་པའི་སེམས་ཀྱིས་སོ། །བརྟག་པ་ནི་བདེ་

བ་ཆེན་པོ་སྟེ་དེ་འགྲུབ་པའོ། །ད་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་སྣོད་རྣམ་པ་གཉིས་ལ་ཡེ་ཤེས་ཀྱི་ལྷ་ཕབ་ནས་དཀྱིལ་འཁོར་རྣམ་པ་གཉིས་བྲི་བ་གསུངས་པ། བུ་མོ་ཞེས་པ་ལ་སོགས་པའོ། །ལོ་བཅུ་གཉིས་པ་ནི་ཉོན་མོངས་པ་རགས་པའི་སྐྱོན་མེད་པའོ། །
མཚན་ཉིད་ཡོངས་སུ་རྫོགས་པ་ནི་རིགས་བཙུན་པ་ལ་སོགས་པ་པདྨའི་ཞལ་སྔ་ནས་ཀྱིས་མཛེས་པའི་ཆོ་ག་ལས་བྱུང་བ་ལྟ་བུའོ། །ཆོ་ག་ཐམས་ཅད་བྱས་ནས་ནི། །ཞེས་པ་ནི་གོང་མ་ལྟར་དབབ་པའི་ཆོ་ག་ཐམས་ཅད་བྱས་ནས་དེས་ཐིག་དང་ཚོན་དགྱེ་བ་ལ་སོགས་པའི་ལས་རྣམས་རབ་
ཏུ་བསྐུལ་བར་བྱ་ཞེས་སོ། །ལས་ཀྱི་མཐུ་ཡོད་པས་རྣམ་པ་གཞན་ཏེ་སློབ་དཔོན་སློབ་མ་ལ་སོགས་པས་ལས་བྱས་ན་ལུས་ངག་ཡིད་གསུམ་དང་ལྡན་པའི་ཁམས་གསུམ་གྱི་སྐྱེ་བོ་སྟེ། དེས་ནུས་པར་མེད་དོ་ཞེས་དཔྱད་པར་འགྱུར་རོ། །དེའི་དོན་ནི་འདི་ལྟ་སྟེ། བྱ་བ་ཐམས་
ཅད་རྫོགས་པའི་རྣལ་འབྱོར་པས་ཁྱེའུ་བུ་མོ་འཁོར་ལོའི་ཁང་པར་བཅུག་སྟེ་ཇི་སྐད་དུ་བཤད་པའི་ཚོགས་དབབ་པ་བྱས་ལ། དེས་ཐིག་གདབ་པ་དང་རྡུལ་ཚོན་དགྱེ་བ་བྱས་ནས་བཀའ་ནོད་པར་འགྱུར་རོ། །དེའི་ལྷ་གཤེགས་སུ་གསོལ་ནས་དེ་གནས་སུ་བཏང་སྟེ། ལྷག་པར་གནས་
པའི་ཆོ་ག་ལ་སོགས་པ་བྱའོ་ཞེས་སོ། །གོང་དུ་བཤད་པའི་དབབ་པའི་སྙིང་པོ་གསུངས་པ། དེ་ལ་སྙིང་པོའི་ཞེས་པ་ལ་སོགས་པའོ། །དེའི་ནུས་པ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །ནམ་མཁའ་ནི་གཟུགས་ཅན་མ་ཡིན་པ་སྟེ། དེ་ཡང་འབབ་
ན་སེམས་དང་བཅས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །རྟོག་པ་ཐམས་ཅད་སྤངས་པ་ཡི། །རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱང་། །ཆོ་ག་བཞིན་དུ་བྱས་ན་འབབ། །ཅེས་པའོ། །སྙིང་པོ་དེ་རྣམས་ཉིད་ལྷའི་ངོ་བོ་ཉིད་ཡིན་པར་གསུངས་པ། ཧཱུཾ་ནི་ཞེས་པ་ལ་སོགས་
པའོ། །འདི་ནི་གསང་ཚིག་བསྟན་པའོ། །ཞེས་པ་ནི་རྡོ་རྗེ་གསུམ་ནི་གསང་བ་སྟེ་དེའི་དམ་ཚིག་ཅེས་པའོ། །སྐུལ་བར་བྱེད་པར་བཤད་ཅེས་པ་ནི་སྐུལ་བྱེད་མའི་ངོ་བོ་ཡིན་ནོ། །ཇི་ལྟར་ཡིན་ན། སྐུལ་བ་དང་ནི་གཡོ་བ་ཡིན། །ཞེས་པ་ལ་སོགས་པས་བསྟན་ཏོ། །ད་ནི་

བབས་པའི་རྟགས་ལ་སྐུའི་རྡོ་རྗེ་བབས་པའི་རྟགས་གསུངས་པ། རྡོ་རྗེ་ཚིག་གིས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཚིག་ནི་གོང་མ་ལྟར་བརྗོད་པས་སྐུ་རྡོ་རྗེ་བབས་པའི་རྟགས་ཁྲུ་གང་ལ་སོགས་པ་ནམ་མཁའ་ལ་འཕར་བར་འགྱུར་ཞེས་སོ། །དེ་བཞིན་དུ་གསུང་
རྡོ་རྗེ་བབས་པའི་རྟགས་ཕྲེང་བའི་སྔགས་ལ་སོགས་པ་རྗོད་པར་བྱེད་དོ། །ཐུགས་རྡོ་རྗེ་བབས་པའི་རྟགས་འདས་པ་དང་མ་འོངས་པའི་དགེ་མི་དགེ་ཐམས་ཅད་ཤེས་པར་འགྱུར་རོ། །ཇི་སྐད་དུ། ཐུགས་བབས་པས་ནི་ཀུན་དུ་ཤེས། །གསུང་བབས་པས་ནི་སྔགས་བརྗོད་དོ། །སྐུ་བབས་
པས་ནི་ནམ་མཁར་གནས། །ཞེས་འཇིག་རྟེན་སྒྲོན་མ་ལས་བཤད་དོ། །སྔ་མ་བཞིན་དུ་ཐམས་ཅད་འགྱུར། །ཞེས་པ་ནི་ཐིག་དང་རྡུལ་ཚོན་གྱི་ཆོ་ག་ལས་མ་གཏོགས་པ་ཐམས་ཅད་ལས་དང་པོ་པའི་རྣལ་འབྱོར་བཞིན་དུ་བྱའོ་ཞེས་སོ། །དེ་བས་ན་འདི་ནི་ཆོ་ག་གཞན་དང་ཐུན་མོང་
མ་ཡིན་པས་ན་གསང་བ་འདུས་པའོ་ཞེས་སོ། །ད་ནི་བདུད་རྩི་འཁྱིལ་པའི་སྦྱོར་བས་སྡང་བ་ཚར་གཅད་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་སྣང་བར་བྱེད་པའི་རྐྱེན་པས་ན་བདག་པོའོ། །སྐུ་གསུམ་གྱི་གནས་ཡོངས་སུ་དག་
པས་ན་རྡོ་རྗེ་གསུམ་དུ་སྣང་བའོ། །རྩེ་གཅིག་མ་གྱུར་པ་ཡིས་ཀྱང་། །ཞེས་པ་ནི་བྱ་བ་མང་པོས་ཡེངས་པ་བརྟན་པར་མ་གྱུར་ཅིང་མཚན་མ་མ་ཐོབ་པས་ཀྱང་བསྲུང་བའི་དམ་ཚིག་མི་ཉམས་པར་བྱ་བའི་ཕྱིར་བརྟུལ་ཞུགས་བརྟན་པ་སྟེ་ཉིན་མཚན་དུ་བཟླས་པ་ལ་སོགས་པ་ལ་བརྩོན་
པས་འདི་དག་བྱ་ཞེས་སོ། །གདུག་པ་ཐམས་ཅད་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པ་སྟེ། དེ་གཞིག་པ་ལ་བདུད་རྩི་འཁྱིལ་པའི་སྦྱོར་བ་ལས་གཞན་དུ་མི་བྱ་སྟེ། ལྷ་ཐམས་ཅད་ལས་ལ་དེ་ཁོ་ན་སྦྱོར་བས་མྱུར་བའི་ཕྱིར་རོ། །ཇི་ལྟར་བྱ་ཞེ་ན། དགྲའི་ཞེས་
པ་ལ་སོགས་པའོ། །དེ་ཡང་དེའི་སྦྱོར་བ་ལ་གནས་པས་གོང་མ་ལྟར་དུར་ཁྲོད་ཀྱི་ཐལ་བ་ལ་སོགས་པའི་རྫས་ལ་དགྲ་བོའི་གཟུགས་བརྙན་བྱས་ནས་བཀུག་སྟེ་དུར་ཁྲོད་ལ་སོགས་པའི་གནས་སུ་སྐྲ་བཤིག་ཅིང་གཅེར་བུར་བྱུང་ལ་མཚན་མ་མནན་ནས་སྔགས་བཟླས་ན་ཁམས་གསུམ་

ཡང་འཇིག་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །སྦྱོར་བ་གཞན་གསུངས་པ། བསྲེགས་པས་ཞེས་པ་ལ་སོགས་པའོ། །རོ་བསྲེགས་པའི་ཐལ་བ་འབའ་ཞིག་ལ་གཟུགས་བརྙན་བྱས་ནས་དུར་ཁྲོད་དུ་གོང་མ་ལྟར་སྟོང་རྩ་བརྒྱད་བཟླས་ན་བསྒྲུབ་བྱ་འཆིའོ་ཞེས་སོ། །དེའི་རྣལ་འབྱོར་
གྱིས་སྦྱིན་སྲེག་དང་ལྡན་པར་བསྒྲུབ་པ་གསུངས་པ། དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དེ་ཡང་རོ་བསྲེགས་པའི་ཐལ་བ་ལ་སོགས་པས་མེའི་དཀྱིལ་འཁོར་གྲུ་གསུམ་བྱས་ལ། དུ་བ་ལ་སོགས་པས་ཁ་དོག་ནག་པོར་བྱས་ལ་ཁ་བྱེ་བའི་རྩེ་གསུམ་པས་མཚན་པ་པོ་སོན་
འཆའ་ལ་སོགས་པའི་མེ་སྦར་ལ། ཇི་སྐད་དུ་བཤད་པའི་ཆོ་གས་མེ་ལྷ་བསྐྱེད་ནས་དེའི་ཞལ་དུ་གོང་དུ་གསུངས་པའི་རྫས་ལས་བྱས་པའི་གཟུགས་བརྙན་གཏུབ་ཅིང་ལན་གསུམ་དུ་སྦྱིན་སྲེག་བྱས་ནས་དེའི་འབྲས་བུ་བདུད་རྩི་འཁྱིལ་པའི་ཞལ་གདངས་པ་མཆེ་བ་རྣོན་པོ་ཧཱུཾ་གི་ལྕེ་དང་ལྡན་
པར་བསམས་ནས་བ་ལང་ཤ་ལ་སོགས་པ་སྣ་ཚོགས་དེའི་ཡན་ལག་ཏུ་བསམས་ནས་སྦྱིན་སྲེག་བྱས་ན་རྡོ་རྗེ་སེམས་དཔའ་ཡང་གདོན་མི་ཟ་བར་འཇིག་ཅེས་སོ། །དེ་བཞིན་དུ་ཤ་ཆེན་ལས་གཟུགས་བརྙན་བྱས་ལ་གོང་མ་ལྟར་སྦྱིན་སྲེག་བྱས་ན་རྡོ་རྗེ་ལས་བྱུང་བ་ཡང་འཇིག་ཅེས་པའོ། །
དེ་བཞིན་དུ་གོང་མ་ལྟར་དགྲའི་གཟུགས་བརྙན་བྱས་ནས་བཤང་ཅི་དག་གིས་ལུས་བྱུགས་ནས་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་པའི་ཚིག་དང་ལྡན་པར་གོང་གི་ཐབ་ཁུང་དུ་ཚེར་མའི་མེ་ལ་ཐུགས་ལ་སོགས་པ་ཁྲོས་ནས་བསྲེགས་ན་སངས་རྒྱས་དག་ཀྱང་ངེས་པར་འཇིག་ཅེས་སོ། །སྦྱོར་
བ་གཞན་གསུངས་པ་ཆུ་བོ་ཞེས་པ་ལ་སོགས་པའོ། །དེ་ཡང་ཆུ་བོ་འབབ་པའི་འགྲམ་གཉིས་ཀྱི་ས་ལ་སོགས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ལ་མགོ་བྱང་དུ་བསྟན་ལ་གན་རྐྱལ་དུ་བཞག་ལ་ཏིལ་གྱི་འབྲས་བུ་ཙམ་དུ་བར་མཚམས་མེད་པར་དུག་ལས་བྱུང་བའི་ཚེར་མ་སྟེ་སྲང་
ཀོ་ཙ་དང་། འབྱི་ཚེ་ཁ་ལ་སོགས་པའམ་བཅོས་པས་བཙུགས་ལ་བསྐུལ་བའི་ཚིག་དང་བཅས་པར་སྔགས་བཟླ་ཞིང་དགང་ངོ་། །སྐེ་ཚེ་དང་ལན་ཚྭ་དང་འབྲུ་མར་དང་། དུག་དང་། དྷ་དུ་ར་ནི་སྣག་ཚར་བྱས་ལ་དུར་ཁྲོད་ཀྱི་རས་ལ་མིང་བྲིས་ནས་གཟུགས་བརྙན་དེའི་སྙིང་གར་

གཞུག་པའོ། །དེས་སངས་རྒྱས་ཐམས་ཅད་ཀྱང་གསོད་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །སྦྱོར་བ་གཞན་གསུངས་པ། སོལ་ཁུས་ཞེས་པ་ལ་སོགས་པའོ། །དེའི་སྦྱོར་བ་ཁོ་ནས་སོལ་ཁུས་གཤེར་བའི་གོས་གྱོན་ནས་སེམས་ཁྲོས་ནས་རུས་ཕྱེ་དང་དུག་དང་
ཁྲག་རྣམས་ཀྱིས་དགྲའི་གཟུགས་བརྙན་བྱས་ནས་བདུད་རྩི་འཁྱིལ་པའི་རྐང་པས་ལིངྒ་དེ་མནན་ལ་ཆེ་གེ་མོ་རཀྵ་སེ་ཀྲ་ཧ་ཡ་ཞེས་བསྐུལ་བའི་ཚིག་དང་ལྡན་པར་བརྗོད་ན་རྡོ་རྗེ་སེམས་དཔའ་ཡང་སྲིན་པོས་ཁྱེར་བར་བྱེད་ན་གཞན་ལྟ་ཅི་སྨོས་ཞེས་སོ། །སྦྱོར་བ་གཞན་གསུངས་པ། སྐྱེ་ཚེ་
ཞེས་པ་ལ་སོགས་པའོ། །དེའི་སྦྱོར་བས་སྐྱེ་ཚེའི་མར་དང་བཤང་གཅི་སྦྱར་ལ་གོང་དུ་གསུངས་པའི་ལིངྒ་གཡོགས་པར་བླུགས་ལ་མེའི་འཁོར་ལོས་བྱིན་གྱིས་བརླབས་པའི་རྐང་པས་མནན་ནས་བསྐུལ་བ་མ་བཏང་བའི་དབང་གིས་རབ་ཏུ་ཚ་བས་གདུངས་པར་འགྱུར་ཞེས་སོ། །ད་ནི་ལས་
ཀྱི་ཚོགས་གསུངས་པའི་འཁྱིལ་པའི་སྔགས་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །ཁྲོ་བོ་ཐམས་ཅད་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །དམ་ཚིག་ཆེན་པོའི་ཁྲོ་བོ་ནི་དེ་རྣམས་ལས་མི་འདའ་བ་སྟེ། བདུད་རྩི་འཁྱིལ་བའོ། །དེ་ལས་ལ་སྦྱོར་བའི་སྙིང་པོའོ། །
སྦྱིན་སྲེག་གམ་ཡང་ན་བསམ་གཏན་པ་ཞེས་པ་ནི་སྦྱིན་སྲེག་གི་གོང་དུ་གསུངས་པའོ། །བསམ་གཏན་ནི་འོག་ནས་འབྱུང་བའོ། །རྫས་དང་ལྡན་པ་ཡང་ལྟག་འོག་གཉིས་སུ་ཤེས་པར་བྱའོ། །དེ་བས་ན་ལས་འདི་ནི་ཆོ་ག་གསུམ་གྱིས་འགྲུབ་སྟེ། ཇི་སྐད་དུ། མཚན་མ་
མནན་ནས་བཟླས་པའམ། །སྦྱིན་ས