Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 3 / 20 (50.000 ký tự/trang)
ས་པ་ནི་རྣམ་པར་དབེན་པའོ། །རྒྱལ་བའི་བདག་སྐྱེད་ཅེས་པ་ནི་རྒྱལ་བ་སྐྱེས་པའི་སའོ། །ཞི་བའི་གནས་ནི་ཉན་ཐོས་ཀྱི་གནས་སོ། །གནས་དེར་སྟེགས་བུ་གྲུ་བཞི་པ་ལ་ཆུའམ་བཤང་གཅི་ལ་སོགས་པ་བྱུགས་ཤིང་བྱི་དོར་

བྱས་ནས་རྒྱལ་བ་མཆོད་པར་བྱའོ་ཞེས་སོ། །ད་ནི་བར་མའི་འབྲས་བུ་བཞིས་དག་པའི་རིག་མ་རིགས་ལྔ་དང་ལྡན་པར་བྱ་བ་གསུངས་པ། ནུ་མའི་བར་ཞེས་པ་ལ་སོགས་པ་གསུངས་པའོ། །ནུ་མའི་བར་ཞེས་པ་ནི་སྙིང་ག་སྟེ། དེར་ཧཱུཾ་དང་རྡོ་རྗེ་ལས་གྱུར་པའི་མི་བསྐྱོད་པ་དགོད་པའོ། །ཀླད་པ་
རྒྱས་ཀྱི་བར་ཞེས་པ་ནི་མགོ་དབུས་ཏེ། ཨོཾ་དང་འཁོར་ལོ་ལས་གྱུར་པའི་རྟག་པ་དགོད་པའོ། །ཆོ་ག་ཤེས་པས་ཞེས་བྱ་བ་ནི་འབྲིང་པོའི་བསྙེན་སྒྲུབ་ཡན་ལག་བཞི་ཤེས་པའོ། །རྐང་པ་ཞེས་པ་ནི་བརླ་གཉིས་ཏེ། ཧ་དང་རལ་གྲི་ལས་གྲུབ་པའི་དོན་ཡོད་གྲུབ་པ་དགོད་པའོ། །ལྟེ་བ་
རྐེད་པ་ཞེས་པ་ལྟེ་བ་ནས་དཀྲིས་པ་སྟེ། དེར་སྭཱ་དང་རིན་པོ་ཆེ་ལས་བྱུང་བའི་དཀོན་མཆོག་དཔལ་དགོད་པའོ། །གསང་བ་ཞེས་པ་ནི་དེར་ཨཱཿདང་པདྨ་ལས་བྱུང་བའི་འོད་དཔག་མེད་དགོད་དོ། །རྒྱལ་བའི་སྲས་ཞེས་བྱ་བ་ནི་རྒྱལ་བ་དང་དེའི་སྲས་ནི་རྒྱལ་བའི་སྲས་ཏེ་ལྷག་པར་མོས་པས་
གཉིས་པ་ཡང་དགོད་པའོ། །དེ་བས་ན་བར་ཞེས་པས་མ་བཤད་པ་རྣམས་བསྡུས་པའོ། །རིགས་ལྔ་རྣམས་ནི་ཞེས་པ་ནི་རིགས་ལྔའམ་ཆ་ཤས་དགོད་པར་བྱའོ་ཞེས་སོ། །བར་མའི་ལྷ་མོ་ལ་ཡང་ཡེ་ཤེས་སེམས་མ་བསྒོམ་པར་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་
སོགས་པའོ། །ཡེ་ཤེས་རྒྱ་མཚོ་ཞེས་པ་ནི་བྱིན་གྱིས་བརླབས་པའི་ཤེས་རབ་པོ། །བདག་ཉིད་ཅེས་པ་ནི་བདག་ཉིད་དང་འདྲ་བས་སོ། །ཟླ་བའི་སྟེང་དུ་ཤེས་རབ་མའི་སྙིང་གར་བསྒོམ་པར་བྱའོ་ཞེས་སོ། །རང་གི་རིག་མ་དང་ཐ་མི་དད་པས་ན་དེ་སྐད་དེ། གཞན་རྣམས་ལ་དེ་ལྟར་མ་
ཡིན་པར་ཤེས་པར་བྱའོ། །ད་ནི་རྡོ་རྗེ་དང་པདྨ་དག་པར་བྱས་པའི་དེ་མ་ཐག་ཏུ་རང་གི་ལྷ་མོ་ལས་བསྡུ་བ་གསུངས་པ། ཞི་བ་ཞེས་པ་ལ་སོགས་པའོ། །ཞི་བ་རྡོ་རྗེ་འཛིན་པ་ནི་རྣལ་འབྱོར་པའོ། །དེ་འདོད་པ་ནི་སྦྱོར་བའོ། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་པ་ནི་ཕྱི་རོལ་དུ་གནས་
པ་བདེ་བའི་རྒྱུ་མ་ཡིན་པས་ན་རང་གི་རིག་མ་ལ་བསྡུ་བའོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། རིན་ཆེན་ཞེས་པ་ལ་སོགས་པའོ། །རིན་ཆེན་སྣ་བཞི་ཨིནྡྲ་ནཱི་ལ་དང་ལྔའོ། །མཆོད་རྟེན་ནི་དེ་ལས་གྲུབ་པའི་གཞལ་ཡས་ཁང་འོད་ཟེར་འཕྲོ་བས་བརྒྱན་པ་བསམས་ན་ཞེས་སོ། །ཇི་སྐད་

དུ། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་སོ། །དེར་ཡེ་ཤེས་རྒྱ་མཚོ་དུས་གསུམ་གྱི་སངས་རྒྱས་དང་སེམས་ཅན་གྱི་གནས་དེ་ཇི་སྐད་དུ་གསུངས་པའི་རིམ་པས་བསམ་པར་བྱའོ་ཞེས་སོ། །དེ་དག་ཐམས་
ཅད་ཀྱང་འདི་ཉིད་ལས་ཤེས་པར་བྱའོ། །ད་ནི་ཆེན་པོའི་འབྲས་བུ་བཞི་དག་པའི་དེ་མ་ཐག་ཏུ་གསང་བའི་མཆོད་པས་མཉེས་པར་བྱ་བ་གསུངས་པ། བདག་གི་ཞེས་པ་ལ་སོགས་པའོ། །བདག་ཅེས་པ་ནི་རང་གི་ལྷ་མོའོ། །དེའི་བ་སྤུའི་བུ་ག་ལས་སྤྲོ་ཞེས་སོ། །མཁས་པས་
ཞེས་བྱ་བ་ནི་ས་བོན་ལ་སོགས་པའི་རིམ་པ་ཤེས་པའོ། །ཨུཏྤ་ལ་དག་པ་ཞེས་པ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའོ། །པདྨ་ལྔ་ནི་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པ་ལྔ་སྟེ་དེའི་ཡོངས་སུ་རྫོགས་པ་གསུངས་སོ། །ཛཱ་ཏི་རྣམ་གསུམ་ནི་སྐྱེ་གནས་གསུམ་ལ་ཁྱབ་པའི་ཆོས་ཀྱི་རྡོ་རྗེ་
མའོ། ཀརྞི་ཀ་ནི་སྤྱན་མའོ། །མལླི་ཀ་ནི་མཱ་མ་ཀཱིའོ། །ཡཱུ་ཐི་ཀཾ་ནི་གོས་དཀར་མོའོ། །ཀ་ར་བཱི་ར་ནི་སྒྲོལ་མའོ། །དེའི་མཆོད་པའི་སྤྲིན་སྤྲོ་བར་བསམ་པ་ནི་ནང་དུ་ཚུད་པའི་ཤུགས་ཀྱིས་གསང་བའི་མཆོད་པ་ཀུན་གྱིས་རབ་ཏུ་མཆོད་ཅེས་སོ། །ཇི་ལྟ་བ་བཞིན་དུ་བཟུང་བ་མ་ཡིན་ཏེ།
ཇི་སྐད་དུ། འདི་ལ་མེ་ཏོག་ཅེས་བརྗོད་པ། བུད་མེད་གཞོན་ནུའི་ནམ་མཁའི་ཁམས། །ཞེས་སོ། །དེས་གང་ལ་མཆོད་ཅེ་ན། དཔག་ཚད་ཅེས་པ་ལ་སོགས་པས་རྟེན་དང་བརྟེན་ཅན་གྱི་འཁོར་ལོ་གསུངས་པ། ངོས་རེ་ཞིང་ཡང་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་འཁོར་ལོའི་དཀྱིལ་འཁོར་
ཞེས་པ་ནི་རྣམ་པར་སྣང་མཛད་ལས་བྱུང་བའོ། །རྣམ་པར་མཁས་པ་ནི་ས་བོན་ལ་སོགས་པའི་རིམ་པས་བརྟག་པར་བྱས་ལ། དེར་རིགས་རྣམས་ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་རབ་ཏུ་དགོད་པར་བྱའོ། །ལྷ་རྣམས་ཀྱང་ཇི་ལྟ་བུ་ཞེ་ན། པདྨ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱི་
མཚན་མ་བསྒོམ་པའོ། །འཁོར་ལོའི་དཀྱིལ་འཁོར་གྱི་ཁྱད་པར་ཡང་གསུངས་པ། དཔག་ཚད་ཅེས་པ་ལ་སོགས་པའོ། །བློའི་ཁྱད་པར་གྱིས་ཚད་དཔག་ཏུ་མེད་པར་བསྒོམ་པའི་ཕྱིར་ངོས་རེ་རེ་ལ་དཔག་ཚད་བྱེ་བ་ཙམ་ལ་དབྱིབས་གྲུ་བཞི་པ་སྒོ་བཞི་ལ་སོགས་པ་ནི་ཤིན་ཏུ་མཛེས་

པའི་མཆོད་རྟེན་རིན་པོ་ཆེ་སྣ་བཞི་དང་ཨིནྡྲ་ནཱི་ལ་ལ་སོགས་ལས་གྲུབ་པ་ཤེལ་སྒོང་ལྟ་བུར་གསལ་ཞིང་དྲི་མ་མེད་པ། རིགས་ལྔ་ལ་སོགས་པའི་ལྷ་རྣམས་མཆོད་པའི་གནས་སུ་བསྒོམ་པ་ལ་མཆོད་ཅེས་སོ། །ཕྱིའི་མཆོད་པས་ཀྱང་མཉེས་པར་བྱ་བ་གསུངས་པ། འདོད་པའི་
ཡོན་ཏན་ཅེས་པ་ལ་སོགས་པའོ། །འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི་ཕྱི་རོལ་གྱི་གཟུགས་སྡུག་པ་ལ་སོགས་པ་དང་། པི་ཝང་ལ་སོགས་པ་དཀྲོལ་བའི་རྫས་དང་། ཨ་ཀ་རུ་ལ་སོགས་པའི་སྤོས་དང་། ཚོད་མ་སྣ་ཚོགས་པའི་ཟས་དང་། དར་ལ་སོགས་པ་གོས་ཀྱི་ཁྱད་
པར་རྣམས་ཀྱིས་ཞེས་སོ། །དེ་ལ་ཞེས་པ་ནི་འཁོར་ལོ་དེ་ལའོ། །རེག་བྱའི་ཁྱད་པར་དང་གཟུགས་ཀྱི་ཁྱད་པར་ལ་སོགས་པ་ནི་རིན་ཆེན་ན་བཟའ་སྟེ་དར་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གོས་སམ། སོགས་ཀྱི་སྒྲས་བསྡུས་པ་གསེར་གྱི་གདུ་བུ་འཕྲ་ཅན་ནམ།
གསེར་གྱི་གདུ་བུ་མུ་ཏིག་གི་འབྲས་བུ་ཅན་ནམ། གསེར་གྱི་དབུ་རྒྱན་རྡོ་རྗེའི་རྩེ་བྲན་ཅན་ནམ། གདུགས་གསེར་གྱི་ཡུ་བ་ཅན་ལ་སོགས་པས་བྱང་ཆུབ་འདོད་པའི་རྣལ་འབྱོར་པས་རྟག་ཏུ་མཆོད་ཅེས་སོ། །མཆོད་པ་རྣམ་ལྔ་ཞེས་པ་ནི་མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། བདུག་
སྤོས་དང་། ལྷ་བཤོས་སོ། །དེ་ཉིད་ཡེ་ཤེས་སེམས་དཔའ་ལས་བྱུང་བའི་ཕྱིར་འཇིག་རྟེན་པ་དང་ཐུན་མོང་མ་ཡིན་པས་ན་མཆོག་གོ། །དེས་རྟག་ཏུ་ནི་དུས་བཞིར་རོ། །ལྷ་རྣམས་མཉེས་པར་བྱ་ཞེས་སོ། །ད་ནི་བུམ་པའི་དབང་ཐོབ་པའི་སློབ་མས་གསང་བའི་དབང་གི་རིག་མ་བླ་མ་ལ་དབུལ་
བ་གསུངས་པ། རིན་ཆེན་ཞེས་པ་ལ་སོགས་པའོ། །དེ་ལ་རིན་ཆེན་ཞེས་པ་ནི་ཐབས་ཀྱིས་སྟེར་བའི་མན་ངག་གོ། །དེའི་འབྱུང་གནས་ནི་ན་ཆུང་སྟེ་བུ་མོ་མཆོག་གོ། །དེ་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་ནས་གསང་བའི་དབང་བསྐུར་བསྒྲུབ་པའི་ཚེ་སྣང་བ་རབ་ཏུ་བསྒྲུབ་པའི་ཕྱིར་
བླ་མ་ལ་ཡོན་རིན་ཆེན་རྣམས་དང་བཅས་པ་ཕུལ་ལ་ཞེས་སོ། །རིན་ཆེན་རྣམས་ཀྱང་གང་ཞེ་ན་ཞིང་འདི་ཞེས་པ་ལ་སོགས་པའོ། །ཞིང་འདི་ཞེས་པ་ནི་ནམ་མཁའི་གཏོས་སོ། །རིན་ཆེན་སྣ་བདུན་གྱིས་ཞེས་བྱ་བ་ནི། འབྱུང་ཁུངས་ཀྱིའམ་འཁོར་ལོས་སྒྱུར་བའི་འོ། །

དེ་ལ་རྣལ་འབྱོར་ལ་མཁས་པ་དག་གིས་ཡོངས་སུ་བཀང་ལ་ཐུན་མོང་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས། སྦྱིན་པའི་ཕྱིར་ཞེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བའི་ཕྱིར། ཉིན་རེ་ཤེས་རབ་ཅན་ཞེས་པ་ནི་རྗེས་སུ་མཐུན་པའི་ཕྱག་རྒྱ་སྦྱོར་བ་ཤེས་པས་
ཅུང་ཟད་ལས་མཚོན་ཏེ་དབུལ་བའོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཀུན་དུ་རྟོག །དགེ་བའམ་གལ་ཏེ་མི་དགེ་བ། །གལ་ཏེ་སེམས་ཀྱི་དབང་གྱུར་པ། །དེ་ཡི་བཀྲ་ཤིས་སེམས་དེ་འགྱུར། །ཞེས་སོ། །ད་ནི་ཡན་ལག་གི་སྐབས་སུ་འདོད་པའི་སྦྱོར་བ་ཡང་མཆོད་པར་
གསུངས་པ། བདག་པོ་ཞེས་པ་ལ་སོགས་པའོ། །དེ་ཡང་འཁོར་ལོའི་བདག་པོ་ཕྱག་མཉམ་པར་གཞག་ལ་རྟག་པ་ལ་སོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་འདོད་ཆགས་བློ་ཅན་ཞེས་པ་ནི་འདོད་ཆགས་རྣམ་པར་དག་པའི་བློ་དང་ལྡན་པས་གོང་མའི་སངས་རྒྱས་ལ་
རེག་པའི་སྦྱོར་བ་ཞེས་པ་ནི་དབང་པོ་གཉིས་རེག་པས་སྦྱོར་བའི་བདེ་བ་དེས་སངས་རྒྱས་ཐམས་ཅད་དང་ཐུན་མོང་དུ་སྦྱར་ནས་དབུལ་བར་བྱའོ་ཞེས་སོ། །ད་ནི་བསྟོད་པའི་མཆོད་པ་དེ་མ་ཐག་ཏུ་བདུད་རྩི་མཆོད་པས་མཉེས་པར་བྱ་བ་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །
ཞེས་པ་ཆོས་འབྱུང་བའི་ནང་གཞལ་ཡས་ཁང་བརྩེགས་པའི་དབུས་ན་གནས་པ་ཞེས་སོ། །དཀྱིལ་འཁོར་བཀོད་པ་ཞེས་པ་ནི་རྟག་པ་ལ་སོགས་པ་བསྒོམ་པར་བྱ་བའོ། །དེའི་དབུས་སུ་དེ་བཞིན་གཤེགས་པ་བདག་གི་ལུས་ཞེས་ཏེ་བདག་རང་གི་ལྷའི་གཟུགས་སུ་བསྒོམས་པ། བླ་མ་དེ་
རྣམས་ལ་བཤང་དང་གཅི་བས་མཆོད་ཅེས་ཏེ། འོག་ནས་འབྱུང་བའི་རླུང་ལ་སོགས་པའི་རིམ་པས་དག་པའི་ཞེས་སོ། །གསང་བའི་དབང་བསྐུར་བའི་ཆོ་ག་གསུངས་པ། བཞིན་བཟངས་ཞེས་པ་ལ་སོགས་པའོ། །བཞིན་བཟངས་ནི་ཤིན་ཏུ་མཛེས་པ་གོང་གི་རིན་ཆེན་འབྱུང་གནས་སྣང་བ་
བསྐྱེད་པའི་རྐྱེན་ནོ། །ཇི་ལྟ་བུ་ཞེ་ན། སྐལ་བ་མཆོག་ལྡན་ལ་ཞེས་པ་ནི་སྐལ་བ་དང་ལྡན་པ་སྣོད་དུ་རུང་བར་བྱས་པའོ། །ཇི་སྐད་དུ། སྔགས་ལས་བྱུང་བའི་མིག་རིངས་མོ། །མེ་ཏོག་བཅས་ཤིང་ཁུ་བ་འབྱུང་། །ཞེས་སོ། །བྱིན་གྱིས་བརླབས་ཀྱི་གནས་བསམས་ཏེ། །ཞེས་པ་ནི་

བླ་མས་ཐ་མལ་པའི་ང་རྒྱལ་སྤངས་ནས་བྱིན་གྱིས་བརླབས་ལ་མཉེས་པར་བྱ་བའི་ཕྱིར་དེ་ཉིད་མཆོད་པ་རབ་ཏུ་བརྟག་ཅེས་སོ། །སློབ་མས་ཅི་བྱ་ཞེ་ན། མིག་བཟང་ཞེས་བྱ་བ་ནི་ཕྱོགས་མེད་པར་བལྟ་བའི་མིག་བཟང་སྟེ་སློབ་མའོ། །བརྟན་པའི་བློ་དང་ལྡན་པས་ཞེས་པ་ནི་ཐམས་ཅད་མཉམ་པ་ཉིད་ཀྱི་
བློ་དང་ལྡན་པའོ། །དེས་ཁུ་བ་བླངས་ནས་བཟའ་བར་བྱ་ཞེས་པ་ནི་རང་གི་ཞིང་དག་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཟླ་བར་ཞུ་བའི་དངོས་པོར་བརྟགས་ལ་བཟའ་བར་བྱའོ་ཞེས་སོ། །ད་ནི་དེ་རྣམས་ཀྱི་ཕན་ཡོན་གསུངས་པ་དེ་ནི་ཞེས་པ་ལ་སོགས་པའོ། །མཆོད་པའི་བདག་
པོ་གང་ཞེ་ན། སྔགས་རྣམས་ཐམས་ཅད་ཀྱི་ཞེས་ཏེ་དེ་བཞིན་གཤེགས་པ་རྣམས་སོ། །ཇི་ལྟ་བུའི་མཆོད་པ་ཞེ་ན། སྐུ་གསུང་ཐུགས་ཀྱི་མཆོད་པ་སྟེ། །ཞེས་ཏེ། དེ་རྣམས་དང་མི་ཕྱེད་པར་གནས་པ་གོང་དུ་གསུངས་པ་རྣམས་སོ། །དེས་གང་བྱེད་ཅེ་ན། ཡེ་ཤེས་རྡོ་རྗེ་
གསང་ཆེན་གྱི། །ཞེས་པ་ནི་དངོས་གྲུབ་ཀྱི་བདག་པོ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེའི་དངོས་གྲུབ་ནི། སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། །ཞེས་ཏེ་ཐུན་མོང་དང་ཕྱག་རྒྱ་ཆེན་པོའོ། །བཤང་གཅི་དམ་ཚིག་ནི་མཚོན་པ་ཙམ་སྟེ་གཞན་རྣམས་ཀྱང་སྟོན་པར་བྱེད་པའི་གཞུང་
གི་ལེའུ་སྟེ་བརྒྱད་པའོ། །ལེའུ་བརྒྱད་པའི་འགྲེལ་པའོ།། །།ད་ནི་ཁ་ཟས་སྦྱང་བའི་དེ་མ་ཐག་ཏུ་ལས་གཉིས་ཀྱི་དོན་བྱ་བ་བསྲུང་བའི་དམ་ཚིག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་ནི་
བཤད་ཟིན་ཏོ། །དམ་པ་ཀུན་གྱིས་བཤད་ཅེས་བྱ་བར་སྦྱོར་རོ། །ཇི་ལྟ་བུ་ཞིག་བཤད་ཅེ་ན། སྐུ་དང་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་ལོངས་སྤྱོད་པ་ཞེས་པ་ནི་དེ་རྣམས་དང་དབྱེར་མི་ཕྱེད་པར་ལོངས་སྤྱོད་པའོ། །དེ་གང་ཞེ་ན། དཀྱིལ་འཁོར་རྡོ་རྗེ་མི་ཕྱེད་གསུམ། །
ཞེས་ཏེ་ལས་ཀྱི་འཁོར་ལོའོ། །དེ་གང་ཞེ་ན། སངས་རྒྱས་ཡེ་ཤེས་ཅན་རྣམས་ཀྱི། །ཞེས་ཏེ་མི་བསྐྱོད་པ་ལ་སོགས་པའོ། །དེ་ཉིད་ཀྱང་རིག་པའི་ལྷ་ལས་བྱུང་བས་ན་གསང་ཆེན་ནོ། །ལས་ཀྱི་སྐྱོན་དག་པར་འགྱུར་བས་ན་ཉམས་དགའ་བ་སྟེ་དེ་བཤད་དོ་ཞེས་པའོ། །བསམ་གཏན་གྱི་ལས་ཀྱི་

རིམ་པ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པའོ། །ནམ་མཁའ་དབྱིངས་ནི་ཆོས་འབྱུང་བའི་དབུས་སུ། སངས་རྒྱས་དཀྱིལ་འཁོར་ཞེས་པ་ནི་རྟག་པ་ལས་བྱུང་བའི་གཞལ་ཡས་ཁང་བསྒོམ་པར་བྱའོ། །མི་བསྐྱོད་རྡོ་རྗེ་རབ་བསྒོམས་ནས། །ཞེས་
པ་ནི་དང་པོའི་མགོན་པོ་ལ་ཇི་སྐད་དུ་གསུངས་པའི་ཆོ་གས་མི་བསྐྱོད་པ་ཕྱག་ཏུ་རྡོ་རྗེ་དང་ལྡན་པ་དང་པོའི་སྦྱོར་བས་བསྒོམ་པར་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པའི་རྣལ་འབྱོར་པས་མ་རུངས་པའི་བསྒྲུབ་བྱ་དངོས་པོ་བཞི་ཡིས་བཟློག་པར་མ་རུངས་པ་རྣམས་ཁ་སྦྱར་དབྱེ་བའི་ཆོ་
གས་སྲུང་མ་དང་ཕྲལ་ནས་གནས་པ་ལས་རང་གི་བ་སྤུའི་བུ་ག་ལས་རྒྱུ་སྔོན་དུ་སོང་བ་ལས། འོད་འཕྲོ་མང་པོ་འབར་བ་དང་། །འོད་ཟེར་སྣ་ལྔས་རབ་ཏུ་དགང་། །ཞེས་སོ། །ཅི་འདྲ་བའི་འོད་ཟེར་ཞེ་ན། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །ཞེས་བྱ་བ་ནི་དེ་རྣམས་
ཤིན་ཏུ་ཁྲོ་ཞིང་གཏུམ་པའི་ཆ་བྱད་ཅན་དུ་བསྒོམས་ནས་དེས་བསྒྲུབ་བྱ་མེའི་དཀྱིལ་འཁོར་ལ་གནས་པ་ལ་ཕྱག་གི་རྡོ་རྗེས་ཕྱེ་མར་བརླག་ཅེས་སོ། །དེ་ལྟར་བསྒོམས་པའི་ཕན་ཡོན་གཉིས་པ་གསུངས་པ། སྐུ་གསུང་ཐུགས་ཞེས་པ་ལ་སོགས་པའོ། །དེ་ལྟ་བུ་སྐུ་གསུང་ཐུགས་ཀྱིས་
ལོངས་སྤྱོད་རྡོ་རྗེས་མེད་པར་བྱས་པའི་བསམ་གཏན་མཆོག་དེ་ལ་ཡང་དང་ཡང་དུ་གོམས་པར་བྱས་ན་སྒྲུབ་པ་པོ་དེ་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཞེས་པ་ནི་བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པར་འགྱུར་བའོ། །ཇི་སྐད་དུ། སྦྱོར་བ་གོམས་པར་བརྟན་བྱས་ན། །བདག་ཉིད་
ཞེ་སྡང་རྡོ་རྗེར་འགྱུར། །ཞེས་སོ། །བསྒྲུབ་བྱ་འདི་ཇི་ལྟར་དག་པར་འགྱུར་ཞེ་ན། རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གསང་བ་ཞེས་བྱ་བ་ནི་ལས་ཀྱི་ལམ་དག་པའི་གསང་བ་འདི་ལྟ་བུས་ཞེས་སོ། །སེམས་ཅན་ཐམས་ཅད་ཅེས་པ་ནི་སྡང་བ་རྣམས་སྦྱོར་བ་དེས་བསད་ན་ནི།
མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །ཞེས་པ་ནི་མངོན་དགར་རོ། །དེར་རྒྱལ་བའི་སྲས་རྣམས་སྐྱེ་བར་འགྱུར། །ཞེས་པ་ནི་དེར་སྐྱེ་བའི་སྦྱོར་བས་འཕངས་པའོ། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་དེ་ཁོ་ནའོ་ཞེས་པ་ནི་མི་བསྐྱོད་པའི་དམ་ཚིག་སྟེ་གཞན་རྣམས་ལ་ཡང་ཁྱབ་པ་ཁོ་

ན་ཡིན་ནོ། །མ་བྱིན་པར་ལེན་པའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །མ་བྱིན་པར་ལེན་པ་མྱ་ངན་ལས་འདས་པ་བསྒྲུབ་པ་ནི་ཡེ་ཤེས་ཐར་པ་རབ་ཏུ་སྒྲུབ་པའོ། །དེའི་སྐྱོན་གྱིས་མ་གོས་པ་ཉིད་ཀྱིས་ན་ངོ་བོ་ཉིད་གཙང་གོས་པ་མེད་པའོ། །དེ་ཉིད་བྱང་ཆུབ་
ཀྱི་སྤྱོད་པས་ཏེ། དེས་སངས་རྒྱས་དང་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་བས་ན་ཡང་དག་པའི་དམ་ཚིག་དེ་བཀའ་སྩལ་ཏོ་ཞེས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ། །ཞེས་པ་ནི་གོང་མ་བཞིན་དུའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་གང་གིས་ཀྱང་མི་ཕྱེད་པའི་
གཞལ་ཡས་ཁང་བསྒོམ་པར་བྱ་ཞེས་སོ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །ཞེས་པ་ནི་གོང་གི་སྦྱོར་བ་ལྟ་བུས་བསྒོམས་ནས་སྦྱོར་བ་གཉིས་པས། སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །ཞེས་སོ། །དེ་ནས་སེར་སྣའི་ཡོ་བྱད་མི་མཁོ་བ་རྣམས་ཀྱང་འཛིན་པ་ཡི་
དགས་ཀྱི་འགྲོ་བ་ལས་བཟློག་པའི་ཕྱིར་རིན་ཆེན་ཀུན་གྱི་སྟེ། པདྨ་རཱ་ག་ལ་སོགས་པའོ། །དེའི་སྦྱོར་བ་སྟེ་ཏིང་ངེ་འཛིན་གྱིས་སོ། །རྡོ་རྗེ་གཟུགས་ཞེས་པ་ནི་སངས་རྒྱས་ལ་སོགས་པའི་གཟུགས་སུ་རབ་ཏུ་བརྟགས་ལ། དེས་སེར་སྣ་ཅན་གྱི་ནོར་ཐམས་ཅད་ཕྲོག་པར་བསྒོམ་མོ། །
གང་གིས་ཤེ་ན། རྡོ་རྗེ་གསུམ་དུ་རྣམ་བསྒོམ་ན། །ཞེས་ཏེ་རང་གི་ས་བོན་ལས་འཕྲོས་པའི་རྡོ་རྗེ་གསུམ་གྱིས་ནོར་ཕྲོགས་ནས་སེམས་ཅན་ལ་སྦྱིན་ཞིང་བདེ་བར་གཤེགས་པ་རྣམས་ལ་དབུལ་བར་བསམས་པས་རང་དང་གཞན་དག་པར་འགྱུར་བའོ། །ནོར་གྱི་རྒྱ་མཚོ་ཞེས་པ་ལ་
སོགས་པ་ནི་དེའི་ཕན་ཡོན་གསུངས་སོ། །ནོར་གྱི་རྒྱ་མཚོས་གང་བ་ནི་ནོར་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་ཉིད་ཀྱིས་ན། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །ཞེས་ཏེ་སྦྱིན་པ་གཏོང་ཞིང་བདེ་བར་གཤེགས་པ་མཆོད་ཀྱང་ཟད་པ་མེད་པའོ། །རྒྱུ་དེས་ཕྱིས་སངས་རྒྱས་ཀུན་
གྱི་སྲས་ཏེ་བྱང་ཆུབ་སེམས་དཔའ་འམ། ཐུབ་པ་སྐྱེས་བུ་མཆོག་སྟེ་སངས་རྒྱས་རྣམས་སུ་འགྱུར་རོ་ཞེས་སོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཀུན་དུ་རྟོག །དགེའམ་གལ་ཏེ་མི་དགེ་བ། །གང་ཕྱིར་སེམས་ཀྱི་དབང་གྱུར་པས། །དེ་ཡི་བཀྲ་ཤིས་སེམས་དེ་འགྱུར། །

ཞེས་སོ། །འདི་ནི་རིགས་ཀྱི་རྒྱ་མཚོ་ཐམས་ཅད་ཅེས་པ་ནི་ཞེ་སྡང་ལ་སོགས་པའི་རིགས་ཀྱི་རྣལ་འབྱོར་པས་བྱ་བ་མི་འགལ་བར་ཤེས་པར་བྱའོ། །ཁྱད་པར་དུ་ཤེས་པ་ནི་གཏི་མུག་གི་རིགས་ཀྱི་དམ་ཚིག་ཡང་དག་པ་ཉིད་དུ་ཤེས་པར་བྱའོ་ཞེས་སོ། །ལོག་པར་གཡེམ་
པའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ཉིད་དག་ན་ལམ་དག་པར་འགྱུར་བས་ན་འདོད་ཆགས་ཐར་པར་བསྒྲུབ་པའོ། །ཐུན་མོང་དུ་མ་གྱུར་པས་ན་གསང་བ་དག་པའོ། །གཟུང་འཛིན་དང་བྲལ་བས་ན་དམིགས་པ་མེད་པ་སྟེ། དེ་ལྟ་བུའི་དཀྱིལ་
འཁོར་བཀའ་སྩལ་ཏོ་ཞེས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་ནི་གོང་མ་ལྟར་རོ། །དེར་དོན་ཐམས་ཅད་འབྱུང་བའི་ཕྱིར་ན་རིན་ཆེན་དཀྱིལ་འཁོར་ཏེ། གཞལ་ཡས་ཁང་བསྒོམ་པར་བྱ་བའོ། །དཔག་མེད་ཚེ་ནི་རབ་བསྒོམས་ཏེ། །ཞེས་པ་ནི་གོང་མའི་རིམ་པས་སོ། །
སངས་རྒྱས་རྣམས་ཀྱིས་ཀུན་དུ་སྦྱར། །ཞེས་པ་ནི་ཏིང་ངེ་འཛིན་གཉིས་པས་འཁོར་ལོ་བསྒོམ་པའོ། །དེ་ཡང་ཆགས་པ་ཅན་བསྔོས་པའམ་གཞན་ཡང་རུང་སྟེ། རང་གི་ལྷ་མོ་ལྟ་བུར་བསྒོམས་པ་ནི་བུད་མེད་ལྟ་བུར་སྦྱོར་བའོ། །དེ་ཡང་ཕྱག་རྒྱ་བཞི་འམ་བསྙེན་སྒྲུབ་བཞིར་
སྦྱོར་བས་ན་དམ་ཚིག་བཞིའི་སྦྱོར་བའོ། །དེ་བས་ན་ཁམས་གསུམ་ན་གནས་པ་ཐམས་ཅད་བུད་མེད་ཀྱི་རང་བཞིན་དམ་ཚིག་དེ་རུ་བསྒོམ་པ་དེ་ནི་རྡོ་རྗེའི་ཚུལ་མཆོག་སྟེ་རྡོ་རྗེ་བསྒྲུབ་པའི་རྒྱུའོ། །གང་གིས་ཤེ་ན། དབང་པོ་གཉིས་ནི་རབ་སྦྱར་བས། །ཞེས་བྱ་བ་ནི་སངས་རྒྱས་མཉེས་
པའི་བསམ་པ་དང་། དེ་ཉིད་བརྟགས་པ་ལ་སོགས་པའི་བུད་མེད་དེ་དག་ཉེ་བར་སྤྱད་ཅེས་པས་སོ། །དེ་བས་ན་འདི་ནི་རང་དང་གཞན་དག་པའི་རྒྱུ་ཡིན་པས་ན་ཚངས་པར་སྤྱོད་པ་དང་མི་འགལ་བ་སྟེ་དེའི་ཕྱིར། འདི་ནི་གསང་སྔགས་ཐམས་ཅད་ཀྱི། །མི་ཕྱེད་སྐུ་གསུམ་བསྒོམ་
པའོ། །ཞེས་སོ། །འདི་ནི་འདོད་ཆགས་ཀྱི་དམ་ཚིག་ཡང་དག་པ་སྟེ། སྔགས་པ་གཞན་གྱིས་ཀྱང་བསྒོམ་པར་བྱའོ། །བརྫུན་དུ་སྨྲ་བའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱིན་ཅི་ལོག་གི་བརྫུན་ལས་དགར་བའི་ལས་ཀྱིས་དག་པས་

ན། རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །བརྫུན་དེ་ཡང་དམིགས་པ་དང་བྲལ་བས་ན་བདག་མེད་ཡེ་ཤེས་ལས་བྱུང་བའོ། །དེས་གསུངས་འདི་སྐད་བཀའ་སྩལ་ཏོ། །ཞེས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ཡང་གོང་མ་བཞིན་ནོ། །དེར་སངས་རྒྱས་དཀྱིལ་
འཁོར་ནི་གཞལ་ཡས་ཁང་བསྒོམ་པའོ། །དོན་ཡོད་རྡོ་རྗེ་རབ་བསྒོམས་ཏེ། །ཞེས་པ་ནི་གོང་མ་ལྟར་དང་པོའི་མགོན་པོ་ལས་བསྐྱེད་པའོ། །སྦྱོར་བ་གཉིས་པས་སངས་རྒྱས་ཐམས་ཅད་བསྒོམ་པར་བྱ་ཞེས་པ་ནི་གོང་མ་བཞིན་ནོ། །དེས། བརྫུན་ཚིག་རྡོ་རྗེ་སྟབས་གནས་པས། །
ཞེས་པ་ནི་རྡོ་རྗེ་ཚིག་གིས་བརྫུན་སྨྲ་བའི་ལྷའི་འཁོར་ལོའི་གཟུགས་རྣམས་ཐམས་ཅད་བསྒོམ་པར་བྱ་ཞེས་སོ། །རྒྱལ་བ་ཐམས་ཅད་ཅེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་བརྫུན་ཚིག་སྒྱུ་མ་ལྟ་བུས་བསླུ་བར་བྱའོ་ཞེས་སོ། །གཞན་གྱི་ཚིག་དག་པར་བྱེད་པ་ལའོ། །དེ་ལྟར་
བསམས་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྟེ་སངས་རྒྱས་ཐམས་ཅད་དང་འབྲེལ་བའོ། །ནམ་མཁའི་གསུང་དྲི་མ་མེད་པ་ཞེས་པ་ནི་ཚིག་དེ་ཉིད་ཀྱང་དམིགས་པ་དང་བྲལ་བའི་ཕྱིར་རོ་ཞེས་སོ། །དེ་ཡེ་ཤེས་བློ་ཅན་ཏེ་སངས་རྒྱས་རྣམས་སོ། །དེའི་ཐུན་མོང་མ་ཡིན་པས་ན་གསང་བའོ། །
སྔགས་ཀྱི་དངོས་གྲུབ་གཉིས་ཐོབ་པར་བྱེད་པར་བཤད་ཅེས་སོ། །འདི་ནི་དམ་ཚིག་འགུགས་པ་ནི་དོན་ཡོད་གྲུབ་པའོ། །དེའི་རིགས་ཀྱི་དམ་ཚིག་ཡང་དག་པ་སྟེ་སྔགས་པ་གཞན་གྱིས་ཀྱང་བསྒོམ་པར་བྱའོ་ཞེས་སོ། །དོན་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱའོ་ཞེས་པ་ནི། བདག་གི་བླ་མ་ལ་
སོགས་པའི་དོན་དུ་འགྱུར་ན་སྤྲོ་བར་བྱའོ། །ཚིག་རྩུབ་མོ་ལ་སོགས་པའི་རྣམ་པར་དག་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་མི་ཕྱེད་གསུམ་རྒྱལ་ནི་རྡོ་རྗེ་གསུམ་གྱི་ངོ་བོའི་བདེ་བར་གཤེགས་པ་རྣམས་སོ། །དེའི་གཞི་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་ཚིག་རྩུབ་
མོ་ལ་སོགས་པ་ཡང་ལམ་དུ་སྟོན་པས་ན། རྡོ་རྗེ་དངོས་གྲུབ་རབ་སྟོན་པས། །ཞེས་སོ། །བཀའ་སྩལ་ཏོ་ཞེས་སྦྱར་རོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི་ཆོས་འབྱུང་བ་ལའོ། །དམ་ཚིག་དཀྱིལ་འཁོར་ཞེས་པ་ནི་མི་འདའ་བས་ན་གཞལ་ཡས་ཁང་པར་

བསྒོམ་པར་བྱའོ་ཞེས་སོ། །དཀོན་མཆོག་དཔལ་ནི་རབ་བསྒོམ་སྟེ། །ཞེས་པ་ནི་དཀོན་མཆོག་དཔལ་གཙོ་བོར་གྱུར་པའི་འཁོར་ལོ་བསྒོམས་ཏེ། དེའི་འཁོར་ལོའི་གཟུགས་ཀུན་གྱི་འོད་དག་འཕྲོ་བར་བྱའོ། །དེས་འདུལ་བའི་སྐྱེ་བོ་རྣམས་ལ་ཕན་པའི་དོན་དུ་རྩུབ་
པའི་ངག་ཅེས་བརྩེ་བ་མེད་པའི་ངག་གོ། །སོགས་ཀྱི་སྒྲས་བསྡུས་པ་ཕྲ་མ་དང་ངག་འཁྱལ་བས་ཀྱང་ཕན་བཏགས་པའི་བསམ་པས་བསྙེན་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས་སོ། །འདི་རྣམས་ཀྱང་སྔགས་པ་རེ་རེ་དང་ལྡན་པས་ལས་ཀྱི་རྒྱལ་མཆོག་ལ་སྦྱར་བར་བྱའོ། །རང་གི་ལྷའི་ཡན་
ལག་ཏུ་ཤེས་པར་བྱའོ། །རྡོ་རྗེ་བཀོད་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་བསྡུས་པས་ན་བཀོད་པ་སྟེ་རྡོ་རྗེ་འཆང་ངོ་། །དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་སོ། །སེམས་ནི་བདག་ཉིད་ཁོ་ནས་སོ། །ལུས་དང་ངག་ནི་སེམས་དག་པས་སོ། །དེ་ནི་དེ་དང་དེ་ལས་གསུངས་སོ། །ཕྱིན་
ཅི་ལོག་གིས་གཟུང་བའི་སེམས་ཅན་རྣམས་འབྲས་བུ་མི་འདོད་པ་འབྱུང་བའི་ཐད་ཀར་འདོད་པའི་འབྲས་བུ་སྐྱེད་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་བློ་དང་བས་རང་དང་གཞན་རྣམ་པའི་དབྱེ་བ་མེད་པའི་མོས་པ་ཅན་གྱི་རྣལ་འབྱོར་པས། རང་གི་དམ་བཅའ་བའི་ལམ་བསྒྲུབ་
པའི་ཕྱིར་རྣལ་འབྱོར་པ་སྟེ། བ་ལང་དང་ཞིང་ལ་སོགས་པའི་ཕྱིར་མ་ཡིན་པས་ནག་པོར་མི་འགྱུར་ཏེ། བདག་ཏུ་འཛིན་ན་གཞན་གྱི་འདུ་ཤེས་འབྱུང་། །བདག་དང་གཞན་གྱི་རྣམ་པའི་ཆ་གཉིས་ཀྱིས། །ཉེས་པ་ཐམས་ཅད་རབ་ཏུ་སྐྱེ་བར་འགྱུར། །ཞེས་པའོ། །སྒྱུ་མ་མཁན་གྱིས་
སེམས་ཅན་མང་པོ་ཀུན་བསད་པར་བྱས་ཀྱང་དེ་ཀུན་བསད་པ་མེད་ཅེས་པའི་ལུང་ལས་ཀྱང་རྟོགས་པར་བྱའོ། །དེ་བས་ན་དང་པོ་ནས་རྣམ་པར་སྤྱོད་པ་སྟེ། ཕྱིས་ནི་དེའི་འབྲས་བུའི་ཕན་ཡོན་ལ་སྤྱོད་པས་ན་དམ་ཚིག་ཅེས་པར་མིང་བཏགས་སོ། །དེ་བས་ན་ཁ་ན་མ་ཐོ་བ་ལས་གྲོལ་ན་བྱང་ཆུབ་སེམས་
དཔའི་སྤྱོད་པ་ལྟར་ཡང་མི་འགལ་བའོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སྤྱོད་པའི་རྒྱུད་ལས་ཀྱང་། འདི་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ནས་ཐམས་ཅད་དུ་སྲོག་གཅོད་པ་སྤང་བར་བྱའོ། །གཞན་དུ་ན་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་མཐོང་ཕན་ཅད་དོ་ཞེས་

པ་ལ་སོགས་པ་བསླབ་པའི་བྱེ་བྲག་མང་པོར་ཡང་གསུངས་སོ། །དེ་བས་ན་ཐབས་དང་བཅས་པའི་དེ་བཞིན་ཉིད་ཀྱི་ལས་བྱེད་པ་ནི་འགལ་བའི་ལས་སུ་འགྱུར་བ་མ་ཡིན་ནོ། །དེ་བས་ན་ཐབས་ཐམས་ཅད་མཁྱེན་པའི་བྱང་ཆུབ་སེམས་དཔའ་ལ་སྨད་པར་བྱ་བ་འགའ་ཡང་མེད་དོ་ཞེས་མདོ་
ལས་ཀྱང་གསུངས་སོ། །དེ་བས་ན་གཞན་ལས་ཀྱང་། གང་དང་གང་གིས་བཅིངས་གྱུར་པ། །དྲག་པོའི་ལས་ནི་དེ་དག་ཀུན། །ཐབས་དང་བཅས་པའི་དེ་ཉིད་ཀྱིས། །སྲིད་པའི་འཆིང་ལས་རྣམ་པར་གྲོལ། །ཞེས་སོ། །དེ་བས་ན་ལེའུ་འདིའི་བཤད་པ་ཡང་ཇི་སྐད་དུ། རྣམ་
བཅས་དང་ནི་རྣམ་པ་མེད། །ཡན་ལག་ཐམས་ཅད་ཡིད་གསུམ་བདག །བྱ་བ་དང་ནི་དབྲོག་པ་དང་། །ཉིད་ཀྱིས་བཟླས་ཤིང་སྤྲོ་བར་བྱ། །དེ་ལྟར་ཞེ་སྡང་གཏི་མུག་དག །ས་གསུམ་དུ་ནི་བསྐྱེད་བྱ་ཞིང་། །གསང་བ་དག་པས་རྒྱས་བཏབ་པའི། །རྡོ་རྗེ་ཅན་གྱིས་དོན་བྱེད་དོ། །
ཞེས་པ་ལ་སོགས་པའི་ཕན་ཡོན་དང་བཅས་པ་རྒྱས་པར་ལེའུ་བཅོ་བརྒྱད་པ་ལས་གསུངས་སོ། །ད་ནི་རྡོ་རྗེའི་ཚིག་རྣམས་མ་འོངས་པའི་སྐྱེ་བོས་ཤེས་པར་བྱ་བའི་ཕྱིར་གར་གྱི་ཚུལ་དུ་ངོ་མཚར་ཆེ་བ་ལ་སོགས་པའི་ཀླན་ཀ་སྤང་བ་ཡང་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་དམ་
ཚིག་རྡོ་རྗེ་ཞེས་པ་ནི་དོན་ཡོད་པར་གྲུབ་པའོ། །དེའི་དཔལ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་སོ། །ངོ་མཚར་དུ་གྱུར་པ་ནི་དམ་ཚིག་བཞི་ལའོ། །དེས་རྡོ་རྗེ་འཆང་བའི་གོ་འཕང་ཐོབ་པར་རྨད་དུ་གྱུར་ནས་
ཞེས་སོ། །རྡོ་རྗེས་སྨྲས་པའི་ཚིག་ནི་རྡོ་རྗེའི་ཚིག་སྟེ་སྨྲས་སོ་ཞེས་པའོ། །དེ་ཡང་གང་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་པ་ནི་ངོ་མཚར་གྱི་ཚིག་མི་གསུངས་ཞེས་པའོ། །ཅིའི་ཕྱིར་ཞེ་ན་ཁམས་གསུམ་ལས་
འདས་ཤིང་ཞེས་ཏེ་འདོད་པ་ལ་སོགས་པའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམ་པར་སྤངས་པ་ཞེས་སོ། །གོས་དམར་ཅན་ལྟ་བུའི་ལྟ་བ་མ་ཡིན་པར་བསྟན་པའི་ཕྱིར། འཇིག་རྟེན་ཐམས་ཅད་ལས་འདས་པ་ཞེས་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁམས་གསུམ་

གྱི་ཉོན་མོངས་པ་སྤངས་པའོ་ཞེས་ཚིག་དེ་ཉིད་འོག་ཏུ་ཡང་རྣམ་པར་བསྒྱུར་བ་སྟེ། གང་ལ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་ནང་ཞེས་ཏེ་དེ་རྣམས་དང་འགལ་བའི་ཚིག་གསུང་བའི་གནས་མ་
ཡིན་པར་བསྟན་ཏོ། །འདི་ལྟ་བུའི་ངོ་མཚར་གྱི་ཚིག་གི་ལམ་ཞེས་པ་ནི། སྲོག་གཅོད་པ་ལ་སོགས་པ་བདུན་གྱིས་རང་དང་གཞན་གྱི་རྒྱུད་རྣམ་པར་དག་པར་བྱེད་པ་ཞེས་སོ། །མི་ཕྱེད་པས་ན་རྡོ་རྗེའི་ཚིག་སྟེ། ཅིའི་སླད་དུ་གསུང་ཞེས་བཅོམ་ལྡན་འདས་ལ་བརྒལ་བའོ། །དམ་
ཚིག་ལ་འགལ་བར་མཐོང་བའི་གང་ཟག་དམྱལ་བར་འགྲོ་བར་མཐོང་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བརྒལ་བའི་ལན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རིགས་ཀྱི་བུ་ཞེས་པ་ནི་བོད་པའོ། །འདུ་ཤེས་ངན་པ་ཞེས་པ་ནི་དམ་ཚིག་ལས་སོམ་ཉི་ཟ་བར་འདུ་ཤེས་
ངན་པའོ། །དེ་ཉིད་ཆོས་མ་ཡིན་པར་རྟོགས་པ་ནི་དམན་པའི་འདུ་ཤེས་ཏེ་དེ་མ་སྐྱེད་ཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་སླར་བརྒལ་བ་དང་། ལན་གསུངས་པ་སྔགས་ཀྱི་སྤྱོད་པ་ལ་སོགས་པའོ། །དེ་ལ་ཤེས་པ་དང་སྐྱོབ་པར་ལྡན་པའི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེ་ཇི་ལྟ་བུ་ཞེ་ན་སྤྱོད་པ་
མཆོག་གོ་ཞེས་ཏེ་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལ་ལྟོས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མཆོག་སྟེ། དེ་ལ་གང་གི་དོན་དུ་འགྱུར་ན་འགལ་ཡང་རུང་སྟེ་སྤྱོད་པའོ། །དེ་བས་ཀྱང་མཆོག་ཏུ་གྱུར་པ་ནི་སྔགས་ཀྱི་སྤྱོད་པ་སྟེ་འགལ་བར་མི་མཐོང་བའི་ཕྱིར་རོ་ཞེས་སོ། །འོ་ན་དེ་
གང་གི་སྤྱོད་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་སྨྲས་སོ། །འགལ་བར་མི་མཐོང་བའི་རྒྱུ་གསུངས་པ། རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །དཔེར་ན་ཞེས་པ་ནི་དོན་ཉིད་དཔེར་བྱས་པའོ། །ནམ་མཁའ་ནི་ཐམས་ཅད་རྗེས་སུ་སོང་བ་སྟེ་ཞེས་པ་ནི་དེ་བཞིན་ཉིད་ཀྱི་
ཆོས་ཐམས་ཅད་ལ་ཁྱབ་པར་བསྟན་ཏོ། །ནམ་མཁའི་ཁོངས་སུ་གཏོགས་སོ་ཞེས་པ་ནི། ཕུང་པོ་ལ་སོགས་པ་ཡང་ཆོས་ཉིད་ལས་གཞན་མ་ཡིན་པར་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་

གཟུགས་གཞན་མ་ཡིན་ནོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །ཆོས་ཉིད་ཀྱིས་དག་པའི་ཆོས་དེ་གང་ན་ཡང་མི་གནས་པས་མཉམ་པ་ཉིད་དུ་གསུངས་པ། ཆོས་དེ་དག་ཀྱང་ཞེས་པ་ལ་སོགས་པའོ། །ཁམས་གསུམ་མ་ལུས་མི་གནས་པས་ན་བཅུད་ལ་མི་གནས་པར་
བསྟན་ཏོ། །འབྱུང་བ་ཆེན་པོ་བཞི་ལ་མི་གནས་སོ་ཞེས་པ་ནི་རྟེན་འབྲེལ་གྱི་སྟོབས་ཀྱིས་རླུང་སྐྱེ་བ་ལ་སོགས་པས་སྣོད་ཀྱི་འཇིག་རྟེན་གྲུབ་སྟེ། དེ་ལ་ཡང་མི་གནས་པའོ། །ཅིའི་ཕྱིར་ན་དེ་བཞིན་ཉིད་ནི་ཉི་ཚེ་བ་མ་ཡིན་པས་སོ། །ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་
པ་ནི། རང་བཞིན་མེད་པར་རིག་པར་བྱའོ་ཞེས་པའི་དོན་ཏོ། །དོན་གྱི་དབང་དེ་ལྟ་བུ་མཁྱེན་ཅིང་ཞེས་པ་ནི་མཉམ་པ་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ལ་ནི་འགལ་བ་དང་མི་འགལ་བ་གཉིས་སུ་སྣང་བ་མི་རིགས་ཏེ། མཉམ་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
དེ་ལྟ་བུ་ལ་དགོངས་པ་དང་། དེ་རྣམས་ལ་དགའ་བའི་སེམས་ཅན་གྱི་བསམ་པ་ཡང་མཁྱེན་ནས་གདོད་ཆོས་འཆད་དོ་ཞེས་སོ། །དེ་བཞིན་ཉིད་ཀྱིས་དག་པར་བརྗོད་པས་ན་ནམ་མཁའི་ཚིག་ངེས་པར་བརྗོད་པའོ། །དེ་བས་ན་དམ་ཚིག་དེ་དག་ཀྱང་ནམ་མཁའི་རྗེས་སུ་རིག་པར་བྱའོ་
ཞེས་ཏེ། ནམ་མཁའ་ལྟར་རྣམ་པར་དག་པར་མོས་པར་བྱའོ་ཞེས་སོ། །དེ་ལྟར་དེ་བཞིན་ཉིད་ཀྱིས་དག་པར་བསྟན་ནས། ད་ནི་སོ་སོར་མི་དམིགས་ཀྱང་རྟེན་འབྲེལ་ལས་འབྱུང་བར་གསུངས་པ་རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །གཙུབ་ཤིང་དང་ཞེས་པ་ནི་སྨྱིག་མ་ལ་སོགས་
པའོ། །གཙུབ་སྟན་ནི་འོག་གི་ཤིང་ངོ་། །མིའི་ལག་པ་ནི་གཙུབ་པར་བྱེད་པའོ། །དེ་སྐྱེད་པའི་རྐྱེན་གྱིས་དང་པོར་དྲོད་ལས་དུ་བ་འབྱུང་ཞིང་། དེའི་རྗེས་ལ་མེ་ཆུང་ངུ་ལས་མེ་ལྕེ་ཆེན་པོ་འབྱུང་བར་འགྱུར་མོད་ཀྱི་ཞེས་པ་ནི་ཚོགས་པ་ལས་ཞེས་པའི་དོན་ཏོ། །མེ་དེ་གསུམ་ཆར་
ལ་མི་གནས་པ་ནི་སོ་སོར་མི་དམིགས་པ་སྟེ། རང་བཞིན་གྱིས་རྣམ་པར་གནས་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོབས་ཀྱིས་སྐྱེའོ། །ཉེ་བར་འགྲོ་བ་གསུངས་པ། རིགས་ཀྱི་བུ་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་

པ་ནི་རྣམ་པ་བཞིའོ། །དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་པ་ནི་ཉམ་ང་བའི་ལས་ཀྱིས་མི་བཟད་པར་ལྟུང་བའི་ལས་ཅན་གྱི་བསྒྲུབ་བྱ་དེ་ལས་བཟློག་པར་འདོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཟིན་པའི་ཆོ་གའི་ཐབས་ཀྱི་བྱེ་བྲག་
ཇི་ལྟར་གསུངས་པས་རྒྱས་བཏབ་པས་རྗེས་སུ་རིག་པ་སྟེ། རང་དང་གཞན་རྣམ་པར་དག་པར་འགྱུར་བའོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་ཏེ། གཞན་དུ་ན་དེ་རྣམས་ཀྱང་རྣམ་པར་བཅིངས་པའི་ཕྱིར་རོ། །ད་ནི་འགལ་བས་ལས་དག་པའི་དོན་རིག་པ་ལས་ངོ་མཚར་
བའི་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ངོ་མཚར་དུ་གྱུར་པ་ནི་དེ་བཞིན་ཉིད་ཀྱིས་དག་པ་ལའོ། །རྨད་དུ་གྱུར་པ་ནི་རྟེན་ཅིང་འབྲེལ་བ་ལས་འབྱུང་བའོ། །ཐབས་ཆེ་ཞིང་སྐྱོན་མེད་པར་ཤེས་པས་དགའ་བའི་རྟགས་སུ་ངམ་ཞིང་མིག་སྔོན་ལེགས་པར་དཔྱད་པའི་ས་པདྨའི་
འདབ་མ་རངས་པ་ལྟ་བུ་གདངས་ཏེ་འདི་སྐད་ཅེས་སྨྲས་སོ་ཞེས་སོ། །ངོ་མཚར་རྨད་དུ་གྱུར་པའི་ཆོས་ཞེས་པ་ནི་བཤད་ཟིན་ཏོ། །དེ་ཉིད་ཀྱང་དམིགས་པ་མེད་པའི་ཡེ་ཤེས་ཙམ་དུ་གནས་པ་ན་ནམ་མཁའ་དང་ནི་མཚུངས་པའོ། །རྣམ་པར་མི་རྟོག་དག་པ་ཞེས་པ་ནི་རྟོག་གེ་བ་རྣམས་
ཀྱིས་བརྟག་པར་མི་ནུས་ཤིང་མཚན་མ་ཐམས་ཅད་དང་བྲལ་བས་ན་དོན་དམ་པའི་བདེན་པའོ། །ལས་ཤེས་པ་ནི་ལྔ་པའི་དོན་དུ་བལྟ་བར་བྱའོ། །དོན་དམ་པའི་བདེན་པ་དེ་ལ་སྒྲིབ་པའི་ཕྱིར་ཀུན་རྫོབ་སྟེ་དམ་ཚིག་བཞིའོ། །དེ་ཡང་མཚན་མ་མེད་པའི་ལས་སོ་སོའི་རྩལ་སྒྱུ་མ་ཙམ་དུ་འབྱུང་
བའི་ཀུན་རྫོབ་ཀྱིས་སྦྱོང་བའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཡང་གཟུང་བ་ལ་སོགས་པས་སྤྲོས་པ་ནི་འཁྲུལ་པའོ། །ཇི་སྐད་དུ། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་འབྱུང་བ། །དེ་ནི་རྣམ་པར་ཤེས་པར་འགྱུར། །ཞེས་པ་བཞིན་ནོ། །དོན་དམ་
པའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པའོ། །དེས་དག་པའི་དམ་ཚིག་ནི་སྲོག་གཅོད་པ་ལ་སོགས་པ་དག་པའོ། །དེ་སྟོན་པར་བྱེད་པའི་གཞུང་ནི་ལེའུ་སྟེ་དགུ་པའོ། །ལེའུ་དགུ་པའི་འགྲེལ་པའོ།། །།རིམ་པ་གཉིས་ལ་གཞོལ་ཞིང་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པའི་རྣལ་

འབྱོར་པས། དབྱེ་བའི་སྒོ་ནས་ཉམས་འོག་ཏུ་མ་ཆུད་པ་དང་རང་གི་ལྷའི་སྙིང་པོ་བསྐུལ་བའི་ཕྱིར་དེའི་ཐབས་ཞུས་པ། དེ་རྣམས་བྱ་བ་ལ་སོགས་པའོ། །ཡང་འདུས་ཏེ་ཞེས་པ་ནི་ལེའུ་དང་པོ་ལ་སོགས་པའི་རིམ་པས་སོ། །གཞན་ནི་བཤད་ཟིན་ཏོ། །སྔགས་ཀྱི་སྙིང་པོས་ཀུན་དུ་འདུས་པ་ཞེས་པ་
ནི། དེ་བཞིན་གཤེགས་པ་རྣམས་ནི་སྔགས་ཏེ། དེའི་སྙིང་པོ་ནི་འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་ཡི་གེ་གསུམ་མོ། །དེ་ཉིད་དུ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེ་གང་ཞེ་ན་སྐུ་དང་གསུང་དང་ཐུགས་གསང་བ་བསྒྲགས་ཞེས་སོ། །དེ་གང་ལ་དགོས་ཤེ་ན། དངོས་གྲུབ་ཆེན་པོ་ཞེས་ཏེ་
ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པ་ནི་ཕྱག་རྒྱ་ལས་སྐྱེས་པའི་དངོས་གྲུབ་པས་ན་ཆེན་པོའོ། །དེའི་ཚུལ་ནི་ཐབས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའོ། །གཞན་ལས་ཁྱད་པར་དུ་འགྲུབ་པའི་ཕྱིར་ན་མཆོག་གོ། །མི་འགྱུར་བའི་དེ་ཉིད་རྙེད་པ་ལས་མི་གཡོ་བས་ན་དེ་
ཉིད་དེ་བཤད་དུ་གསོལ་ཞེས་པའོ། །དེའི་ལན་བསྟན་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པའོ། །ཉོན་མོངས་ཀུན་གྱི་རྒྱ་མཚོ་ཞེས་པ་ནི་རང་བཞིན་གྱིས་ཉོན་མོངས་པ་སྟེ། སྲིད་པ་གསུམ་མོ། །དེ་ཉིད་འདོད་ཆགས་ལ་སོགས་པའི་ཆུ་སྲིན་དང་། ལས་ལ་སོགས་པའི་རྦ་རླབས་དང་། སྐྱེ་བ་
ལ་སོགས་པའི་ཀློང་འཁྱིལ་བ་དང་ལྡན་པས་ན་རྒྱ་མཚོའོ། །དེར་བྱིང་བའི་འགྲོ་བ་ལ་ཆོས་སྟོན་པའི་ཕྱག་བརྐྱང་ནས་འདོན་པས་ན་གཙོ་བོའོ། །ཉི་མ་བྱེ་བ་ཕྲག་བརྒྱའི་འོད་དང་ལྡན་པའི་ལྕགས་ཀྱུ་འཕྲོ་བས་འབར་བའོ། །ཁྲོ་བོའི་ཆ་ལུགས་འཆང་བས་སྤྱན་རྣམ་པར་བགྲད་པའི་ཕྱིར་དྲག་པོ་རྒྱས་
པའི་སྤྱན་ཞེས་བྱ་སྟེ། དྲག་ཤུལ་གྱི་གནས་སྐབས་སུ་ཐམས་ཅད་ཁྲོ་བོར་བསྟན་པའི་ཕྱིར་རོ། །ལུས་དང་ངག་དང་སེམས་རྣམས་ནི། །ཞེས་པ་ནི་ཅུང་ཟད་དག་པའི་སྐུ་ཅན་གྱི་རྣལ་འབྱོར་པའི་འོ། །དེ་ཅི་ཞེ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྒོམ་ཞེས་སོ། །ཇི་ལྟར་ཞེ་ན། རྣམ་པར་མི་
རྟོག་ཅེས་ཏེ་ཐ་མལ་པའི་གཟུགས་ལ་སོགས་པར་རོ། །དེ་ལ་དམིགས་པ་ལ་སོགས་པའི་རྣམ་པར་ཤེས་པས་མི་དམིགས་པ་སྟེ་གཟུང་འཛིན་དང་བྲལ་བའོ། །དེ་བས་ན། གང་ལ་མི་གནས་མཉམ་པ་ཉིད། །ཅེས་ཏེ། མཉམ་པ་ཉིད་ནི་ཉི་ཚེ་བ་མ་ཡིན་ཏེ། རྟེན་དང་བརྟེན་པ་པོ་

ལ་མཉམ་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་སྐུ་གསུང་ཐུགས་བསྒོམ་པ་དང་ལྡན་པས་སྙིང་པོ་བསྐུལ་བར་བསྟན་ནས། ད་ནི་སྙིང་པོ་བསྐུལ་བའི་རྒྱུ་སྟོན་པས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རང་བཞིན་གྱིས་དག་པ་ཞེས་པ་ནི་གདོད་ནས་མ་སྐྱེས་པ་སྟེ་
གཉེན་པོ་སྐྱེས་ནས་མ་ཡིན་པའོ། །དེ་ཉིད་ཕ་རོལ་ཏུ་ཕྱིན་པ་སྟེ། རང་བཞིན་གྱི་ཤེས་རབ་པོ། །དེ་ཉིད་སྔགས་ཀྱི་ཚུལ་ཏེ་མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །དེ་ལ་རྡོ་རྗེ་འཛིན་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོད་
པའོ། །མི་བསྐྱོད་པ་ལ་སོགས་པ་ཞེས་པ་ནི་རང་རང་གི་ཁམས་རྣམ་པར་གནས་པ་རྣམས་སོ། །དེ་ཉིད་ཀྱང་རིག་པ་ཞེས་ཏེ་ཞི་བ་ལ་སོགས་པའི་སྒོ་ནས་བསྐུལ་བས་དེ་དང་དེའི་བྱེད་པའི་ཕྱིར་ན་རིག་པའོ། །དེ་བས་ན་དེ་བསྐུལ་བར་བྱེད་པ་ལ་དེ་སྐད་ཅེས་བྱའོ། །ཇི་སྐད་དུ། སོ་སོ་
ཞི་བ་སོགས་བསྐུལ་བས། །ལས་བྱེད་པ་ནི་རིགས་པར་གསུངས། །ཞེས་འཇིག་རྟེན་སྒྲོན་མ་ལས་བཤད་དོ། །དེ་ལྟ་བུའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཞེས་སོ། །ཅི་བྱེད་ཅེ་ན་སེམས་ཅན་གྱི་དོན་བྱེད་པའི་རོལ་པ་རབ་ཏུ་སྟོན་པ་ཡོད་དེ་ཞེས་ཏེ། སེམས་ཅན་རྣམས་སྨིན་པ་དང་
གྲོལ་བ་ལ་བརྩོན་འགྲུས་དང་ལྡན་པ་ཡོད་ཀྱང་ཞེས་སོ། །ཕྱོགས་བཅུའི་འཇིག་རྟེན་ན་གང་ཟག་འདི་ལྟ་བུ་ལ་མི་གཟིགས་ཞེས་པའོ། །ཇི་ལྟ་བུ་ཞེ་ན། འདོད་པའི་ཡོན་ཏན་ལྔ་དག་གིས་རོལ་དགྱེས་པ་ཡོངས་སུ་སྤྱོད་པ་ཡོད་ཀྱང་ཞེས་ཏེ། སྐྱེ་བ་གཅིག་གིས་ཐོགས་པའི་རྣལ་འབྱོར་
པ་ལྷ་མོའི་གཟུགས་ལ་སོགས་པ་ལ་ཟླ་བ་དྲུག་ལ་སོགས་པའི་རིམ་པ་དང་རབ་ཏུ་སྤྱོད་པ་ཡོད་པའོ། །དེ་ལ་མི་གཟིགས་པའི་རྒྱུ་གསུངས་པ། ཀྱེ་མ་ཞེས་པ་ལ་སོགས་པའོ། །ཀྱེ་མ་ཞེས་པ་ནི་མ་མགུ་བའོ། །འདི་དག་ནི་ཞེས་པ་ནི་སྒྲུབ་པ་པོ་དེའོ། །དེ་བཞིན་གཤེགས་པ་ཐམས་
ཅད་ཉིད་སྔགས་ཏེ། དེའི་སྤྱོད་པ་ནི་དཀྱིལ་འཁོར་ལ་སོགས་པ་བདུན་ལ་འཇུག་པའོ། །དེ་ཉིད་ལ་ཚུལ་ཞེས་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་འཛིན་པའི་ཕྱིར་ན་ཆོས་སོ། །དེ་རྫོགས་པར་གྱུར་ཏོ་སྙམ་པ་ནི་དགོངས་པ་སྟེ། གང་གི་ཚེ་རྣམ་པར་རྟོག་པ་ལ་སྤྱོད་པའོ། །དེའི་

ཚེ་རྣལ་འབྱོར་པ་དག་པར་མི་འགྱུར་ཏེ་རྣམ་པར་རྟོག་པའི་རྦ་རླབས་མ་འཕྲོས་པས་གཞན་ལ་ཐུགས་ཡེངས་པ་ལྟར་མི་དགོངས་ན་སྤྱན་རས་ཀྱིས་མི་འཚོ་སྟེ་ཞེས་པའོ། །དེ་ལ་རྡོ་རྗེ་འཆང་ཆེན་པོ་སྤྱན་རས་ཀྱིས་འཚོ་བའི་ཐབས་ཀྱི་སྙིང་པོ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །
སྔགས་ཐམས་ཅད་ཅེས་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་ཐུགས་ཏེ་དེ་སྒྲུབ་པ་པོ་ལ་དགོངས་པར་བྱ་བའི་ཕྱིར་ཀུན་དུ་སྐུལ་བར་བྱེད་པ་ནི་སྙིང་པོའོ། །ཇི་ལྟ་བུ་ཞེ་ན། དེ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་
པས་ནི་སྐུའི་སྒོ་ནས་དག་པའི་ཨོཾ་གསུངས་ཏེ། སྐུ་དང་མི་འབྲལ་བ་ཉིད་ཀྱི་ཕྱིར་ན་གཉིས་ཀྱང་གསུངས་པའོ། །དེ་བཞིན་དུ་རྡོ་རྗེ་འཛིན་པ་ཞེས་པ་ལ་སོགས་པས་ནི་ཐུགས་ཀྱི་སྒོ་ནས་དག་པའི་ཧཱུཾ་གསུངས་སོ། །ཆོས་འཛིན་པ་ཞེས་པ་ལ་སོགས་པ་ནི་གསུང་གི་སྒོ་ནས་དག་པའི་ཨཱཿགསུངས་
སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་པ་ནི་རྡོ་རྗེ་འཆང་བ་ལས་རྣམ་པར་བསྒྱུར་བའི་དབྱེ་བས་གོ་རིམས་བཞིན་དུ་ཕྱུང་བའོ། །ཚིག་གི་ལམ་ངེས་པར་བརྗོད་པས་ཞེས་པ་ནི་ཚིག་གི་བརྗོད་པ་མེད་པའི་ངོ་བོ་ལ་རྣམ་པར་འགྱུར་བའི་དབྱེ་བས་བཅོམ་ལྡན་འདས་མ་གནས་སུ་ཞུགས་
པས་སྔགས་བསྡུས་པ་སྟེ། ཡི་གེ་ལྔའི་ངོ་བོ་གསུངས་སོ་ཞེས་པའོ། །དེའི་མཐུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ནི་མི་བསྐྱོད་པ་ལ་སོགས་པའོ། །སྲས་ནི་དེའི་རིགས་ལས་སྐྱེས་པ་སྟེ། རབ་ཏུ་འདར་ཞིང་བརྒྱལ་བར་འགྱུར། །ཞེས་པ་ནི་སྒྲུབ་པ་པོ་ལ་
མི་གཟིགས་པ་སྔགས་དེས་དམ་ཚིག་ལས་བསྙེངས་པའི་འཇིགས་པ་ཡོད་པས་ན་དེ་ལྟར་འགྱུར་བའོ། །དེ་ནས་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་ནས་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་སྦྱར་རོ། །དེ་བས་ན་གོང་གི་སྔགས་དེའི་ལྷའི་རྣལ་འབྱོར་དུ་གནས་པས་དེ་འདྲ་བའི་མཐུ་དང་ལྡན་པའི་
བར་དུ་འགྱུར་རོ་ཞེས་ཇི་སྙེད་པའོ། །དེ་ནས་ཟླ་བ་གཉིས་གཅིག་ཏུ་གྱུར་པའི་དེ་མ་ཐག་ཏུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་དང་ལྡན་པས་ཆོ་ག་གཉིས་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་ལས་གྱུར་ཅིང་དེ་ཕྱག་ན་གནས་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །མི་འདའ་བས་ན་དམ་

ཚིག་གོ། །ནམ་མཁའི་དབྱིངས་ཞེས་པ་ནི་ཆོས་འབྱུང་བའོ། །དེའི་དབུས་ལ་གནས་པར་ཞེས་སོ། །བཀོད་པའི་དཀྱིལ་འཁོར་ཞེས་པ་ནི་སངས་རྒྱས་ཐམས་ཅད་བཀོད་པའི་ངོ་བོ་རྟག་པ་ལས་བྱུང་བའི་གཞལ་ཡས་ཁང་པ་བསྒོམ་པར་བྱ་ཞེས་སོ། །དེའི་དབུས་ན་གནས་པའི་
ཡི་གེ་ཧཱུཾ་ཞེས་པ་ནི་དེའི་དབུས་ཀྱི་གདན་ལ་ཟླ་བ་གཅིག་པ་འོད་ཟེར་འཕྲོ་ཞིང་འདུ་བའི་སྦྱོར་བ་ལས་ཧཱུཾ་དཀར་པོར་གྱུར་པ་སྟེ་ཆོ་ག་གཉིས་པའོ། །རང་གི་གཟུགས་སུ་རབ་ཏུ་བརྟག །ཅེས་པ་ནི་དེ་ཉིད་འོད་ཟེར་འཕྲོ་ཞིང་འདུ་བས་རང་ལས་འབྱུང་བའི་གཟུགས་སུ་བརྟག་པའོ། །དེ་གང་ཞེ་ན། རྡོ་རྗེ་
འོད་ཟེར་རབ་ཏུ་འབར། །ཞེས་ཏེ་མེ་ཤེལ་ལྟ་བུ་བུམ་པ་དམར་སྐྱ་བ་གཟུགས་ལ་སོགས་པ་དང་། རྟག་པ་ལ་སོགས་པའི་རྣམ་པར་དག་པའི་ཕྱིར་འོག་དང་གོང་གི་ཚུལ་རྩེ་ལྔ་དང་ལྡན་པ། བུམ་པ་ལ་ཡང་ཧཱུཾ་དང་ལྡན་པ། ཕྱོགས་ཀུན་ནས་ཐུབ་པའི་དབང་པོའི་སྐུའི་འོད་ཟེར་འཕྲོ་བ་
རྣམ་པར་བསམ་པ་ནི་ཆོ་ག་གསུང་བའོ། །དེས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱང་བསྟན་པའོ། །ལེའུ་བཅུ་གསུམ་པའི་ང་རྒྱལ་བྱ་བའི་དེ་མ་ཐག་ཏུ། ལེའུ་དང་པོ་གསང་བ་ལས་བྱུང་བ་བསྟན་པའི་ཕྱིར་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་ལ། སངས་རྒྱས་ཀུན་
གྱི་སྐུ་གསུང་ཐུགས། །ཞེས་པ་ནི། ས་བོན་གྱི་འོད་ཀྱིས་རེག་པའི་སངས་རྒྱས་རྡོ་རྗེ་འཛིན་པའི་སྐུར་བྱས་པ་ནི་རྡོ་རྗེ་གསུམ་ལས་མི་འདའ་བའི་ཕྱིར་ན་དེ་སྐད་དེ་རྡོ་རྗེ་སེམས་དཔའ་ལས་བྱུང་བའོ། །ཇི་ལྟར་བྱུང་ཞེ་ན། བསྡུས་ཏེ་དེ་ཡིས་རྣམ་བསྒོམས་ན། །ཞེས་ཏེ་འོད་ཟེར་གྱི་ལྕགས་ཀྱུས་དེ་
རྣམས་བཀུག་སྟེ། ས་བོན་ལ་བཅུག་པ་ནི་བསྒོམ་པའོ། །དེ་མ་ཐག་ཏུ་ཞེས་པ་ནི་ཞུགས་མ་ཐག་ཏུའོ། །དེ་གྱུར་པ་ཞེས་པ་ནི་ཧཱུཾ་དང་ལྡན་པའི་རྡོ་རྗེ་གནས་གྱུར་པ་ཞེས་སོ། །དེ་ཅིར་འགྱུར་ཞེ་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་པ་ལྟ་བུ་རྡོ་རྗེ་སེམས་དཔའ་ཞེས་ཏེ་རྡོ་རྗེའི་ངོ་བོ་དང་
ལྡན་པ་མཛེས་པར་བྱེད་པས་ན་རྒྱལ་པོ་ཆེའོ། །ལྷ་ཐམས་ཅད་ཀྱི་སྣང་བར་བྱེད་པའི་རྐྱེན་དུ་གྱུར་པས་ན་ཀུན་གྱི་གཙོ་བོའོ། །ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དབང་ཕྱུག་མཆོག་སྟེ་ལེའུ་དང་པོ་ལས་གསུངས་པ་ལྟར་བསྒོམ་པར་བྱའོ་ཞེས་སོ། །ད་ནི་ཟླ་བར་ཞུ་བའི་ཆོ་ག་རྫོགས་

པའི་དེ་མ་ཐག་ཏུ་རང་གི་ས་བོན་ལས་རང་གི་འཁོར་ལོ་བསྐྱེད་པ་ཆོ་ག་གཉིས་པ་གསུངས་པ། རང་གི་ཞེས་པ་ལ་སོགས་པའོ། །རང་གི་འཁོར་ཞེས་པ་ནི་རང་གི་ལྷའི་འཁོར་ལོའོ། །རང་སྔགས་ཀྱི་ཞེས་པ་ནི་གཙོ་བོའི་སྙིང་པོ་ཁོ་ན་བསྐྱེད་པ་སྟེ་རང་རང་གི་ས་བོན་གྱིས་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ལས་
མི་འབྱུང་བའི་ཕྱིར་དང་། སྔགས་གཅིག་བཟླས་པས་ཐམས་ཅད་མ་བཟླས་པའི་སྐྱོན་ཡིན་པས་ན་དབྱེ་བ་ཉེ་བར་བླངས་པའོ། །སྔགས་རྣམས་ནི་ལྷ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིན་ཞེས་ཏེ། གཙོ་བོ་ལས་བྱུང་བ་བསྟན་པའི་ཕྱིར་རོ། །ད་ནི་གོང་དུ་གསུངས་པའི་བསྐུལ་བའི་སྔགས་དང་
འབྲེལ་བ་དེ་བཞིན་གཤེགས་པའི་སྙིང་པོ་བསྐུལ་བའི་ཐབས་གསུངས་པ། རང་སྔགས་ཞེས་པ་ལ་སོགས་པའོ། །རང་གི་སྔགས་ལས་སྐྱེས་པའི་སྐྱེས་བུ་ནི་ལྷ་རྣམས་ཏེ། ཇི་བཞིན་པའི་ཆོ་གས་བསྒོམས་ནས་སུ་ཞེས་སོ། །དེ་རྣམས་ཀྱི་གནས་བཞི་རྣམས་སུ་ཞེས་ཏེ།
མགོ་དང་མགྲིན་པ་དང་ནུ་མའི་བར་དང་ཐུགས་ཀ་རྣམས་སུའོ། །ཇི་ལྟ་བུ་ཞེ་ན། གཟུགས་ཀྱི་ཚུལ་ཏེ་འདོད་ཆགས་ལ་སོགས་པའི་གཟུགས་ཏེ་དེ་ཡང་། ཞལ་གསུམ་ཚུལ་དུ་སྦྱོར་བ་ཡིས། །ཞེས་ཏེ་རིག་མ་དང་ལྡན་པར་དཀར་པོ་ལ་སོགས་པའི་ཁ་དོག་གསུམ་དུ་བསྒོམ་མོ་ཞེས་སོ། །
དེ་རྣམས་ཀྱིས་ནི་ལྷ་རྣམས་ཀྱི་ཕྱག་རྒྱ་བཞི་གསུངས་སོ། །རྡོ་རྗེ་གསུམ་དང་ཡེ་ཤེས་སེམས་དཔའ་ནི་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེའི་དམ་ཚིག་གོ། །མདོར་བསྡུས་པ་དེ་རྟོགས་པར་བྱ་བའི་ཕྱིར། དེ་ལ་འདི་ནི་ཞེས་པ་རྒྱས་པར་གསུངས་པ། རྡོ་རྗེ་མཆོག་ནི་རྡོ་རྗེ་གསུམ་མོ། །
དེའི་གསང་བ་ནི་དེ་བསྐྱེད་པའི་ཆོ་གའོ། །ཇི་ལྟར་ཞེ་ན། སྙིང་གའི་ཞེས་པ་ལ་སོགས་པའོ། །དེ་ལ་སྙིང་གའི་ཞེས་པ་ནི་མཚོན་པ་ཙམ་སྟེ་གཞན་ཡང་བསྡུའོ། །དེ་རྣམས་སུ་ས་བོན་ལས་བྱུང་བའི་མཚན་མའི་དབུས་སུ་ཞེས་སོ། །ཕྲ་མོའི་དཀྱིལ་འཁོར་ཞེས་པ་ནི་ཕྱག་རྒྱ་བཞི་
སྟེ། ས་བོན་དང་མཚན་མ་ཕྲ་མོ་ལས་བསྐྱེད་པའི་ཕྱིར་རོ། །དེ་བསམས་ལ་ཡི་གེ་མཆོག་ཏུ་གྱུར་པའི་ཚིག་ནི་རང་རང་གི་ས་བོན་ནོ། །དེའི་དབུས་སུ་ཞེས་པ་ནི་དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དབུས་སུ་རང་གི་ས་བོན་བསམ་པར་བྱ་ཞེས་སོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོ་རྩེ་ལྔ་

པ་ཞེས་ཏེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཐ་མལ་པ་མ་ཡིན་པས་རྡོ་རྗེ་ཆེན་པོ་རྩེ་ལྔ་པར་བསམས་ལ། དེའི་དབུས་སུ་ཡང་ཧཱུཾ་གིས་མཚན་པའོ། །དེ་ནི་ཞེས་པ་ནི་ཉིན་མཚན་དུའོ། །སྦྱོར་བ་ནི་ཏིང་ངེ་འཛིན་གསུམ་གྱིས་སྦྱོར་བས་བསྒོམ་པར་བྱའོ་ཞེས་སོ། །དེ་ལྟར་སྐུལ་བྱེད་ཀྱི་གཞི་
རྣམ་པར་བཀོད་ནས་སྐུལ་བྱེད་ཀྱི་ཁྱད་པར་བསྟན་པའི་ཕྱིར། རྡོ་རྗེ་ཀྱོ་བའི་ཞེས་པ་ལ་སོགས་པའོ། །དེ་ལ་ཧཱུཾ་ལས་འཕྲོས་པའི་ཐུགས་ཀྱི་རྡོ་རྗེ་རླུང་གི་ཤིང་རྟ་ལ་གནས་པའི་ལྕགས་ཀྱུ་ཐོགས་པ་ནི་རྡོ་རྗེ་ཀྱོ་བའོ། །དེ་ལ་གཞན་ཡང་འཕྲོ་བའི་ཕྱིར་ན། རྡོ་རྗེ་གསུམ་རྣམས་བསམ་པར་བྱ། །
ཞེས་སོ། །དེས་ཅི་བྱེད་ཅེ་ན། དེ་ཡི་སྙིང་གར་བཏབ་བྱས་ཏེ། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ན་བཞུགས་པའི་བདེ་བར་གཤེགས་པ་སྒྲུབ་པ་པོ་ལ་བཏང་སྙོམས་སུ་གནས་པ་རྣམས་ཀྱི་ཐུགས་ལ་བརྡེག་པ་སྟེ། དེས་ཡོངས་སུ་དག་པའི་ལྷ་རྣམས་གོང་
མ་ལྟར་གྱུར་ནས་རབ་ཏུ་བསྐུལ་བར་བྱའོ་ཞེས་སོ། །འདི་ལས་གང་ལ་དགོངས་ཤེ་ན། འདི་ནི་རྡོ་རྗེ་ཐམས་ཅད་ཀྱི། །སངས་རྒྱས་བྱང་ཆུབ་སྒྲུབ་པའོ། །ཞེས་སོ། །ཐུགས་ཀྱི་རྡོ་རྗེ་བསྟན་ནས་སྐུ་དང་གསུང་གི་རྡོ་རྗེ་ཡང་གསུངས་པ། འཁོར་ལོ་ཞེས་པ་ལ་སོགས་པའོ། །
གོང་ལྟར་རང་རང་གི་ས་བོན་ལས་སྐྱེས་པའི་མཚན་མ་ས་བོན་གྱིས་མཚན་པ་ལས་འཕྲོས་པའི་རླུང་གི་ཤིང་རྟ་ལ་གནས་པའི་སྐུའི་རྡོ་རྗེ་ལྕགས་ཀྱུས་མཚན་པ་ནི་འཁོར་ལོ་ཀྱོ་བའོ། །གསུང་གི་རྡོ་རྗེ་ནི་པདྨའི་རིགས་ཀྱི་ཀྱོ་བའོ། །རང་གི་ལྷའི་རྣམ་པ་ལྟ་བུ་ནི་སོགས་ཀྱི་སྒྲས་བསྡུས་པའོ། །དེ་བས་ན་
རྡོ་རྗེ་གསུམ་གྱི་ཀྱོ་བ་རྣམ་པར་བསྒོམ་ཞིང་ལྷ་རྣམས་ཀྱི་སྙིང་ལ་དགུག་པའི་དོན་དུ་བསྐུལ་བར་བྱའོ་ཞེས་སོ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས་གར་མཁན་བཟང་པོ་ལྟར་འགྲོ་བའི་དོན་བྱེད་པ་ནི་རོལ་མོ་སྟེ་ཐབས་དེ་ལས་བྱུང་བའི་ཕྱིར་ན་འབྱུང་བའོ། །རྡོ་རྗེ་ནི་ཞེས་པ་ལ་སོགས་
པས་ཐབས་ཀྱི་ཆེ་བ་བསྟན་པའོ། །དེ་ལས་རྡོ་རྗེ་ཐོབ་པར་བྱེད་པའི་ཐབས་ཀྱི་གཙོ་བོ་རྡོ་རྗེ་ནི་ཚུལ་མཆོག་གོ། །དུས་ནི་ཞག་བདུན་བར་དུ་ཞེས་སོ། །ཐ་མལ་པའི་འབྲས་བུ་ནི་ཡེ་ཤེས་རྡོ་རྗེ་ཅན་ནི་དེ་བཞིན་གཤེགས་པའོ། །དེའི་གསང་བ་ནི་སྐུ་དང་གསུང་དང་ཐུགས་ཏེ་སྐུ་གསུམ་མོ། །དེ་སྦྱོར་བ་

འདིས་འགྲུབ་པར་འགྱུར་ཞེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་རས་ཀྱིས་དེའི་གོང་དུ་འཚོ་བའི་ཕྱིར་ན། མཆོག་སྩོལ་བས་ནི་རྣམ་པར་གཟིགས། །ཞེས་སོ། །རང་གི་བྱ་བ་ཆད་པས་བཤིག་པར་དོགས་པའི་ཕྱིར། ཡིད་ནི་འཇིགས་ཤིང་སྐྲག་གྱུར་ནས། །ཞེས་བྱའོ། །
དམ་པའི་ལུང་དང་མཐུན་པར་སྒྲུབ་པ་ལ་དགྱེས་པས་ན། ཡིད་ལ་མགུ་ཞིང་དགའ་འགྱུར་བའི། །ཞེས་སོ། །དེ་ནས་གོང་མ་ལྟར་དངོས་གྲུབ་རྒྱ་ཆེན་ཏེ་ཕྱག་རྒྱ་ཆེན་པོ་སྟེར་བར་འགྱུར་བ་ནི་བྱིན་གྱིས་བརླབས་པའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཞེས་པ་ནི་བསྐུལ་
བར་བྱ་བའི་བདེ་བར་གཤེགས་པ་སྲས་དང་བཅས་པའོ། །སྔགས་ཀྱིས་སྤྱོད་པའི་དོན་འགྲུབ་པ། །ཞེས་པ་ནི་གོང་མ་ལྟ་བུའི་སྒྲུབ་པ་པོའོ། །རྨོངས་པས་འགལ་བར་བྱས་ན་ནི། །ཞེས་པ་ནི་བསྐུལ་བའི་ས་ལས་བཞེངས་པ་རྣམས་གལ་ཏེ་སྒྲུབ་པ་པོས་རྣམ་པར་མ་བསྐུལ་ན་
རྨོངས་པ་སྟེ་འགལ་བར་བྱས་པའོ། །གལ་ཏེ་བསྐུལ་བས་དངོས་གྲུབ་ཆེན་པོ་མ་སྟེར་ན་རྨོངས་པ་སྟེ་འགལ་བར་བྱས་པའོ། །དེ་ཡི་སྲོག་ནི་དེར་ཟད་འགྱུར། །ཞེས་པ་ནི་དེའི་སྲོག་གི་དབང་པོ་འགགས་པ་སྟེ་བར་མ་དོར་འགྲོ་བའོ། །སྙིང་པོ་བསྐུལ་བ་དང་བྲལ་བའི་ཕྱིར་རོ། །ཐེག་
པའི་ཆེ་བ་བསྟན་པའི་ཕྱིར་གཞན་ལ་ཡང་དེ་སྐད་དུའོ། །དེ་ཁོ་ན་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ་སྦྱར་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པའོ། །སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ། །ཞེས་པ་ནི་གོང་མ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་གནས་
རྣམས་སུ་རྡོ་རྗེ་གསུམ་ནི་སྐུ་གསུམ་ཐུགས་གསུམ་མོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའོ། །དེས་གང་བ་ཞེས་སོ། །དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །ཞེས་པ་ནི་རྡོ་རྗེ་དང་པདྨ་སྦྱོར་བ་ཐམས་ཅད་ཀྱི་གཙོ་བོ་སྟེ། ས་ལ་སོགས་པའི་རིམ་པ་ཇི་སྙེད་པ་དེས་སྦྱོར་བར་བྱེད་པས་
ན་དེར་ཐམས་ཅད་བརྟག་པར་བྱ་ཞེས་སོ། །སྔགས་པ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན། སྔགས་ཀྱི་དམ་ཚིག་བསྒོམ་པའོ། །ཞེས་སོ། །དབང་པོ་གཉིས་གང་དང་སྦྱར་ཞེ་ན་མ་རིག་པ་ཞེས་པ་ལ་སོགས་པའོ། །རིག་མ་ནི་རང་གི་རིག་མའོ། །བདག་པོ་དང་འདྲ་བའི་ཕྱིར་

དབང་ཕྱུག་གོ། །དེའི་གཟུགས་བརྙན་ནི་ལེགས་པར་སློབ་པའི་ཕྱག་རྒྱའོ། །ལ་ཞེས་པ་ནི་ཆོ་ག་མང་བའི་ཕྱིར་ན་ཚིག་མང་བའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །དེ་དང་སྦྱོར་བ་ནི་གསང་བའི་པདྨའོ། །ཆགས་ལ་ཆགས་པས་བལྟ་བར་བྱ། །ཞེས་པ་ནི་ཤེས་རབ་ལ་ཐབས་
ཀྱིས་བལྟ་བའོ། །གཞན་དུ་རང་བཞིན་གྱི་འདོད་ཆགས་ཆེན་པོ་ལ་མི་སླུ་བའི་འདོད་ཆགས་ཀྱིས་རྣམ་པར་བལྟས་ཏེ། དེས་ཇི་ལྟ་བ་བཞིན་དུ་རྟོག་པ་ལས་མི་འདའ་བས་ན་དམ་ཚིག་དཀྱིལ་འཁོར་རོ་ཞེས་སོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ནི་ཕྱག་རྒྱ་ལས་སྐྱེ་བས་ན། འཛེམ་པ་མེད་
པའི་རྣལ་འབྱོར་པས་དེ་དང་ལྷན་ཅིག་ཏུ་སྒྲུབ་པ་པོ་ཞེས་ཐུན་མོང་དུ་གསུངས་སོ། །དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྡུས་པ་ལས་སྐྱེས་པས་ན་དེ་བཞིན་གཤེགས་པ་ཀུན་གྱི་སྲས་སོ། །སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་དབང་ཕྱུག་
ཏུ་གནས་པར་བྱ་བའི་ཕྱིར་ན་ཐམས་ཅད་དབང་བསྐུར་རོ། །དེ་ཉིད་ཀྱིས་ན་སངས་རྒྱས་གཙོ། །ཞེས་སོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ནི། །ཞེས་པ་ནི་ཐུན་མོང་གི་ལུང་ངོ་། །ཁྱད་པར་གྱི་ལུང་ནི། བུད་མེད་ཇི་སྙེད་ཡོད་པ་ཀུན། །ཞེས་ཏེ་གང་ན་དེ་ཡོད་པའི་འཇིག་རྟེན་གྱི་ཁམས་ན་
དེ་གནས་པ་རྣམས་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷ་མོའི་སྐུར་བསྐྱེད་པའོ། །སོགས་ཀྱི་སྒྲས་བསྡུས་པ་ཉེ་བར་སྒྲུབ་པ་ལ་སོགས་པ་ཇི་སྲིད་ཡན་ལག་གཉིས་དག་པར་བྱ་བ་ལ་ཐུག་པའི་བར་དུ་སྦྱར་ནས། དེ་དག་ཐམས་ཅད་ཉེ་བར་སྤྱོད། །ཅེས་སོ། །དེའི་དེ་མ་ཐག་ཏུ་རང་གི་ས་བོན་
གྱི་འོད་ཀྱིས་བཀུག་པའི་བདེ་བར་གཤེགས་པ་ཞལ་དུ་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་སྤྲོ་བར་གསུངས་པ། དབྱེ་བ་ཞེས་པ་ལ་སོགས་པའོ། །དེར་སྤྲོ་བྱ་ཞེས་པ་ནི་གསང་བའི་གནས་སུ་བྱང་ཆུབ་ཀྱི་སེམས་སུ་སྤྲོས་ནས་ལེའུ་བདུན་པ་ལྟར་སྣང་བ་ནི་ཆོ་ག་དང་པོའི་དེ་ཉིད་
བྱང་ཆུབ་ལས་མི་འདའ་བས་ན་བྱང་ཆུབ་ཀྱི་དམ་ཚིག་གོ། །དེའི་ཡོན་ཏན་གསུངས་པ། རྡོ་རྗེ་གསུམ་པོ་ནི་སྤྱིའི་མཚན་ཉིད་ཡིན་པས་ན་ནམ་མཁའ་འདྲ་བའོ། །དེ་ལྟ་བུའི་བྱང་ཆུབ་འཐོབ་པར་འགྱུར་བའོ། །བྱང་ཆུབ་སེམས་ནི་རྒྱ་མཚོ་ཞེས་པ་ནི་དེ་བཞིན་ཉིད་དོ། །དེ་རྟོགས་

པ་ལས་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའི་རྡོ་རྗེ་སེམས་དཔའི་ཚེ་དེས་ཐོབ་ཅེས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཀུན་དུ་སྐུལ་བར་བྱེད་པ་ནི་བཤད་ཟིན་ཏོ། །དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་སྟེ་བཅུ་པའོ། །ལེའུ་བཅུ་པའི་འགྲེལ་པའོ།། །།ད་ནི་དེ་ནས་ཞེས་པ་ལ་
སོགས་པས་ལེའུ་བཅུ་གཅིག་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས་པ་ནི་ཡི་གེ་གསུམ་མོ། །དེ་ལས་སྐྱེས་པའི་རང་གི་ལྷ་ནི་སྐྱེས་བུ་མཆོག་ཅེས་བྱ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་རྡོ་རྗེ་འཛིན་པའི་རྣམ་པར་སྙོམས་པར་ཞུགས་ཏེ་ཞེས་སོ། །དེ་བཞིན་
དུ་རྡོ་རྗེ་ནི་རྡོ་རྗེ་གསུམ་མོ། །དེའི་སྔགས་ནི་ཨོཾ་ཨཱཿཧཱུཾ་ངོ་། །རིག་མ་དང་ལྡན་པའི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ། དེ་གྲུབ་པར་བྱེད་པའི་གཞུང་ནི་ལེའུ་བཅུ་གཅིག་པ་འདི་གསུངས་སོ་ཞེས་བྱའོ། །དེ་ཉིད་གསུངས་པ་རྡོ་རྗེ་གསུམ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་གསུམ་ཞེས་པ་
ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ཡིན་པས་ན་མཆོག་གོ། །མི་འགྱུར་བས་ན་ཡི་གེའོ། །ཤེས་པ་དང་སྐྱོབ་པར་ལྡན་པས་ན་སྔགས་ཏེ་ནམ་མཁའི་ཡི་གེའོ། །དེ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་མངོན་པར་འདོད་པའི་ལྷའོ། །དེ་རྣམ་པར་བསྒོམ་པ་ནི་ཞལ་དུ་ཞུགས་པ་ལ་
སོགས་པས་སོ། །བྱང་ཆུབ་ཐམས་ཅད་ཅེས་པ་ནི་བེམས་པོ་དང་རྟག་ཆད་སེལ་བ་དང་ལྡན་པའི་སྐུའོ། །དེ་ཐོབ་པའི་ཕྱིར་ཞེས་སོ། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཞེས་པ་ནི་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་སོ། །དེ་ཡང་ཟླ་བར་ཞུ་བ་དང་གླུ་ཡིས་བསྐུལ་བ་ལ་སོགས་པ་གཞན་དུ།
རྒྱས་པར་གསུངས་པ་ཀུན་འདི་སྦྱར་བར་བྱའོ་ཞེས་སྤྱིར་བསྟན་པའོ། །སྔགས་ཀྱིས་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་རང་དང་གཞན་གྱི་ལུས་ངག་ཡིད་གསུམ་ཀུན་རྫོབ་ཀྱི་ཚུལ་གསུངས་པ། ཨོཾ་ནི་ཞེས་པ་ལ་སོགས་པའོ། །ཨོཾ་ནི་ཞེས་པ་ནི་ལུས་མ་གྲུབ་པའི་མཚན་མའོ། །
དེའི་ཡེ་ཤེས་ལྔའི་ངོ་བོ་ཡིན་པས་ན་ཡེ་ཤེས་སྙིང་པོའོ། །ཕྱིས་ཀྱི་འབྲས་བུ་མཆོག་ཏུ་གྱུར་པ་ལས་མི་སླུ་བས་ན། རྡོ་རྗེ་སྐུ་ནི་ཐོབ་བྱེད་པའོ། །ཞེས་སོ། །ཨཱཿནི་ཞེས་པ་ནི་ངག་མ་གྲུབ་པའི་མཚན་མའོ། །དེ་སྐྱེ་བ་མེད་པར་སྟོན་པའི་གཙོ་བོ་བས་ན་བྱང་ཆུབ་བདག་མེད་པའོ་ཞེས་

སོ། །ཧཱུཾ་ནི་ཞེས་པ་ནི་ཡིད་མ་གྲུབ་པའི་མཚན་མའོ། །ཐུགས་ཀྱི་རྡོ་རྗེ་ནི་སྤྱིའི་མཚན་ཉིད་ཡིན་པས་ན་སྐུ་དང་གསུང་ཐུགས་ཡིན་ཏེ་ཞེས་སོ། །སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ན་ཐམས་ཅད་ཅིག་ཅར་དུ་དག་པར་བྱེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །
ཞེས་སོ། །གཞན་ནི་གོང་ལྟར་བཤད་པར་བྱའོ། །ད་ནི་སྣ་ཚོགས་རྡོ་རྗེའི་བུམ་པར་གཞལ་ཡས་ཁང་གི་ས་བོན་གསུངས་པ། རྡོ་རྗེ་དཀྱིལ་འཁོར་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཞེས་པ་ནི་གཞལ་ཡས་ཁང་པའོ། །རྡོ་རྗེ་ཀུན་ལས་སྐྱེས་ཞེས་པ་ནི་རྩེ་གསུམ་པ་ཁ་བཞི་
པ། ཁ་དོག་སྣ་ཚོགས་པའི་རྡོ་རྗེ་རྒྱ་གྲམ་སྣ་ཚོགས་པདྨ་ལ་གནས་པ་ལས་སྐྱེས་པའོ། །དེ་གང་དུ་བསམ་ཞེ་ན། ནམ་མཁའི་རྡོ་རྗེའི་དབུས་སུ་བསམ། །ཞེས་ཏེ་ཆོས་ཀྱི་འབྱུང་བར་རོ། །རྡོ་རྗེ་སྤྲིན་ནི་ཀུན་སྐྱེས་པ། །ཞེས་པ་ནི་རྡོ་རྗེ་ལྟ་བུའི་འོད་ཟེར་སྣ་ཚོགས་པ་དེ་ལས་བྱུང་བའོ། །
དེ་རུ་ཞེས་པ་ནི་དེའི་བུམ་པར་ཟླ་བ་ལ་ཞེས་སོ། །བྷྲཱུཾ་བསམ་མོ་ཞེས་པ་ནི་དཀར་པོའོ། །དེ་ཉིད་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ད་ནི་བཟླས་བརྗོད་ཀྱི་ཆོ་ག་དང་འབྲེལ་པ་ཡི་གེ་གསུམ་གྱི་རྟེན་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དཀྱིལ་
འཁོར་ཞེས་པ་ནི་སྐུའི་དཀྱིལ་འཁོར་ཏེ་དེ་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེའི་དབུས་གནས་པ་ནི་ཐུགས་ཀར་མཚན་མ་ལ་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་ནི་རབ་ཏུ་བསྒོམས་ལ་བཟླས་བརྗོད་བྱའོ་ཞེས་སོ། །དེ་བཞིན་དུ་གསུང་གི་རྡོ་རྗེ་ཡང་བེམས་པོ་མ་ཡིན་པས་ན་གསལ་བའི་དཀྱིལ་འཁོར་རོ། །
ཐུགས་ཀྱི་རྡོ་རྗེ་ཡང་ཆོས་བདག་མེད་པའི་རང་བཞིན་ཡིན་པས་ན་ཆོས་ཀྱི་དཀྱིལ་འཁོར་རོ། །དེ་རྣམས་ཀྱི་ཐུགས་ཀར་གོང་མ་ལྟར་ཡི་གེ་བཀོད་ནས་ལེའུ་བཅུ་གསུམ་པར་གསུངས་པ་ལྟར་བཟླས་བརྗོད་བྱའོ་ཞེས་ཏེ་ངག་གི་བཟླས་པའོ། །གཞན་དུ་ན་རྡོ་རྗེ་དཀྱིལ་འཁོར་ཞེས་
པ་ནི་རླུང་གི་དཀྱིལ་འཁོར་ཏེ་སྲེད་མེད་ཀྱི་བུས་ཀྱང་མི་ཤིགས་པའི་ཕྱིར་རོ། །དེའི་དབུས་གནས་པར་ཞེས་ཏེ་སྐུའི་རྡོ་རྗེའི་ཐུགས་ཀར་མཚན་མ་ལ་གནས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་ལ་ཨོཾ་ཞེས་བྱ་བ་རབ་ཏུ་བསྒོམས་ནས་འཇུག་པ་ལ་སོགས་པའི་རིམ་པས་ཉིས་བརྒྱ་ཉི་ཤུ་རྩ་ལྔར་

རྣམ་པར་བཟླས་པའོ། །དེ་བཞིན་དུ་དང་བའི་རང་བཞིན་གྱི་ཕྱིར་ན་ཆུའི་དཀྱིལ་འཁོར་ལ་གསལ་བའི་དཀྱིལ་འཁོར་ཞེས་བྱའོ། །ཁྱད་པར་གྱི་ཆོས་དང་མཐུན་པ་ཡོད་པའི་ཕྱིར་ན་མེའི་དཀྱིལ་འཁོར་ལ་ཆོས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །དེ་བས་ན་དབང་ཆེན་གྱི་དཀྱིལ་འཁོར་ནི་ཡེ་ཤེས་སེམས་དཔའ་
ཡིན་པར་མངོན་ནོ། །ཇི་སྐད་དུ། རྡོ་རྗེ་གསལ་བ་ཆོས་འཁོར་ལོ། །སྐུ་གསུང་ཐུགས་དང་དེ་ནང་ཆུད། །གནས་དེ་ལ་ནི་བརྟན་བྱས་ནས། །ཡེ་ཤེས་སྐུ་འཕྲོས་བཟླས་བརྗོད་བྱ། །ཞེས་ཏེ་རྡོ་རྗེ་བཟླས་པའོ། །རྟེན་གྱི་དཀྱིལ་འཁོར་དང་ཆོ་ག་དང་པོའི་མཚམས་སྦྱར་བ་གསུངས་པ།
ཡི་གེ་ཞེས་པ་ལ་སོགས་པའོ། །ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་པ་ནི་འཁོར་ལོ་ལ་སོགས་པའི་རིམ་པས་གདན་དང་ལྡན་པར་བསྒོམས་ཏེ་ཞེས་སོ། །དེ་ནས་ཅི་བྱ་ཞེ་ན། རྡོ་རྗེ་གསུམ་འབྱུང་བསྒོམ་པར་བྱ། །ཞེས་ཏེ་བར་གྱི་སྲིད་པའི་སེམས་གོང་དུ་གསུངས་པ་ནི་རྡོ་རྗེ་
གསུམ་སྟེ། དེ་ལས་བྱུང་བ་ནི་དེ་ལ་གནས་པའི་སེམས་གསུམ་སྟེ། །དེ་དབུས་ཀྱི་གདན་ལ་བབས་པར་བསྒོམས་ལ་བདེ་བར་གཤེགས་པ་ལ་སོགས་པ་གཟིགས་པ་ལ་སོགས་པ་ནི་གོང་མ་ལྟར་ཤེས་པར་བྱའོ། །དམ་ཚིག་གསུམ་ཉིད་གསང་བ་སྟེ་ཡི་གེ་གསུམ་མོ། །དེ་ལས་
བྱུང་བའི་ཕྱིར་དེ་སྐད་དོ། །ད་ནི་གོང་དུ་གསུངས་པའི་ཡི་གེ་གསུམ་པོ་ཧོ་གཉིས་ཀྱི་བར་དུ་གནས་པ་གསུངས་པ། སྙིང་པོ་ཞེས་པ་ལ་སོགས་པའོ། །སྙིང་པོ་ཞེས་པ་ནི་ཧོ་དམར་པོ་གཉིས་ཏེ་འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་རོ། །དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཞེས་
པ་ནི་དེའི་མཚན་མ་སྟེ་ཡི་གེ་གསུམ་མོ། །དེ་མཉེས་པར་བྱེད་པ་ནི་དེ་སྟེ། ཟབ་པ་དང་རྒྱ་ཆེ་བས་གཟུང་བ་སྟེ། ཡན་ལག་གཉིས་ཀྱིས་འདོད་ཆགས་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ། །ད་ནི་ལེའུ་དྲུག་པ་ལས་ཐབས་ཀྱིས་ཞེས་པ་དོན་ཡི་གེ་གསུམ་ལས་རྡོ་རྗེ་གསུམ་བསྐྱེད་པ་གསུངས་པ།
ཨོཾ་ནི་ཞེས་པ་ལ་སོགས་པའོ། །ཨོཾ་ནི་ཞེས་པ་ནི་སྤྱི་བོར་ཨོཾ་ལས་བསྐྱེད་པའི་འཁོར་ལོའི་སྟེ་བར་ཟླ་བ་ལ་གནས་པའི་ཨོཾ་མོ། །དེ་ནི་ཕྱག་མཚན་ལ་སོགས་པའི་རིམ་པས་སྐུའི་རྡོ་རྗེ་མཆོག་བསྐྱེད་པའི་ས་བོན་བས་ན་སངས་རྒྱས་སྐུའི་མཆོག་ཅེས་བྱའོ། །གཉིས་པས་ནི་རྣམ་པར་མཚན་པ་

བསྟན་པའོ། །ཨཱཿཞེས་པ་ཡང་གོང་མ་ལྟར་རོ། །སངས་རྒྱས་གསུང་གི་ལམ་ཞེས་པ་ནི་གསུང་ཉིད་ལམ་སྟེ་དེས་འགྲོ་བར་བྱེད་པའི་ཕྱིར་རོ། །དེའི་རང་བཞིན་གསུང་གི་རྡོ་རྗེ་སྟེ་དེའི་ས་བོན་ཞེས་སོ། །ཧཱུཾ་ཞེས་པ་ཡང་གོང་མ་ལྟར་རོ། །ཐུགས་ཀྱི་ཡེ་ཤེས་འཇིངས་
ཞེས་པ་ནི་ཐུགས་ཉིད་ཡེ་ཤེས་ཏེ་མང་པོ་ཚོགས་པས་འཇིངས་སོ། །དེའི་རང་བཞིན་ཐུགས་ཀྱི་རྡོ་རྗེ་བསྐྱེད་པའི་ས་བོན་ཞེས་སོ། །བྱང་ཆུབ་སྒྲུབ་པའི་ཐབས་ཀྱི་མཆོག་ཡིན་པས་ན་བྱང་ཆུབ་མཆོག་གོ། །ཡེ་ཤེས་རྡོ་རྗེ་སྤྲུལ་པ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་རྣལ་
འབྱོར་གྱིས་སྤྲུལ་པའོ། །སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་མི་བསྐྱོད་པ་ལ་སོགས་པ་འབྱུང་བའོ། །སངས་རྒྱས་ཐམས་ཅད་ལས་འབྱུང་བས་ན་སངས་རྒྱས་སྐྱེས་བུ་སྟེ། རྡོ་རྗེ་གསུམ་དང་གནས་ལ་མཚན་མའི་བྱང་ཆུབ་སེམས་དཔའ་
དང་། ཡེ་ཤེས་སེམས་དཔའ་ཞེས་སོ། །དེ་རྣམས་ལ་སྔགས་ཀྱི་རིག་པ་ཞེས་ཀྱང་བསྒྲགས་ཏེ། འདིས་མ་རིག་པ་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་བས་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ། །དམ་ཚིག་དག་གིས་
ཞེས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབས་པའོ། །ཡེ་ཤེས་སེམས་དཔའ་ནི་རྫོགས་པར་འགྱུར་བའོ། །སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ཅེས་པ་ནི་དེས་མཚན་པའོ། །དེ་ཁོ་ན་ཉིད་ཅེས་པ་ནི་མིག་ལ་སོགས་པ་ལས་མི་འདའ་བའི་ཕྱིར་རོ། །ཡེ་ཤེས་རྡོ་རྗེ་ནི་ཡེ་ཤེས་
སེམས་དཔའ་སྟེ་དེ་བྱིན་གྱིས་རློབ་པའོ། །དེ་རྣམས་མཛེས་པར་བྱས་པས་རྒྱལ་མཚན་དང་འདྲ་བའི་ཕྱིར་དཀོན་མཆོག་དཔལ་ཏེ་རང་གི་ལྷའོ། །རྩེ་གཅིག་པས་ན་ཏིང་ངེ་འཛིན་ཏོ་ཞེས་ཏེ་བསྙེན་པའོ། །ད་ནི་གྲུབ་པའི་མཚན་མ་ཐོབ་པའི་རྣལ་འབྱོར་པས་རིག་འཛིན་ལ་སོགས་པའི་དངོས་
གྲུབ་སྒྲུབ་པའི་ཆོ་གའི་སྤྱིའི་ཚིག་གསུངས་པ། དབེན་ཞིང་ཞེས་པ་ལ་སོགས་པའོ། །དབེན་ཞིང་རབ་ཏུ་ཉམས་དགའ་བ། །ཞེས་པ་ནི་གནས་སྟོན་ཏོ། །སྦྱོར་བ་འདི་ནི་ཀུན་བརྩམས་ན། །ཞེས་པ་ནི་ལམ་གྱི་རིམ་པའོ། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །ཞེས་པ་ནི་འདྲ་བ་ཞེས་ཐ་མའི་

ཚིག་སྟེ་འབྲས་བུའོ། །ཟླ་བ་ཕྱེད་ཀྱིས་ངེས་པར་འགྲུབ། །ཅེས་པ་ནི་ཆུང་ངུ་ལ་གནས་ནས་ནི་སྔོན་གྱི་ཚིག་སྟེ་དུས་སོ། །དེ་ལ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ནི་བརྒྱད་དེ། དེ་ཡང་གང་ཞེ་ན། རིག་འཛིན་དང་། མི་སྣང་བ་ཤེས་པ་དང་། མངོན་པར་ཤེས་པ་དང་། རྒྱ་མཚོ་
རྐང་པས་བཅག་པ་དང་། མིག་སྨན་དང་། སྔགས་ཀྱི་ཁྱད་པར་གྱི་སྒྲུབ་པ་དང་། མངག་གཞུག་སྒྲུབ་པ་དང་། ལས་ཀྱི་རབ་ཏུ་དབྱེ་བའོ། །དེ་རྣམས་ཀྱང་ཆུང་ངུའི་བསྙེན་སྒྲུབ་བཞི་ལ་གནས་ཏེ་སྒྲུབ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ལ་གནས་ཏེ་སྒྲུབ་པའོ། །དེ་ལ་དང་པོ་འདིར་རིག་
འཛིན་འགའ་ཞིག་ལ་མིག་འབྲུའི་སྒོ་ནས་སྒྲུབ་པའི་ཐབས་གསུངས་པ། གསལ་བའི་ཞེས་པ་ལ་སོགས་པའོ། །གསལ་བའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་ཏེ། ཡེ་ཤེས་ལས་གྲུབ་པའི་ཕྱིར་ན་དམ་པའོ། །ནམ་མཁའི་རྡོ་རྗེ་དབུས་སུ་བསམ། །ཞེས་པ་ནི་
ཆོས་ཀྱི་འབྱུང་གནས་ཀྱི་ནང་གཞལ་ཡས་ཁང་བརྩེགས་པའི་དབུས་སུ་ཞེས་སོ། །རང་གི་སྔགས་ཀྱིས་ཞེས་པ་ནི་དང་པོའི་ཆོ་ག་བཞི་རྫོགས་པའི་འོག་ཏུ་ཡི་གེ་ཨོཾ་དུ་གྱུར་པའོ། །དེ་ལ་དམ་ཚིག་བསྐྱེད་ཅེས་པ་ནི་དམ་ཚིག་སེམས་དཔའ་སྟེ། རྣམ་པར་སྣང་མཛད་འཁོར་ལོ་ལ་སོགས་
པའི་རིམ་པས་བསྐྱེད་ནས་བྱིན་གྱིས་བརླབས་ནས་ཞེས་སོ། །ཡི་གེ་ཨོཾ་ནི་སྙིང་གར་གཞག །ཅེས་པ་ནི་ཟླ་བ་ལ་གནས་པའི་མཚན་མ་དབུས་སུ་བསམ་པའོ། །འོད་ཟེར་ལྔ་ཡི་སྤྲིན་ཆེན་པོ། །ཞེས་པ་ནི་དེ་ལས་ཁ་དོག་ལྔའི་འོད་ཟེར་འཕྲོ་བས་ཇི་སྙེད་པའི་བདེ་བར་གཤེགས་པ་ཐམས་
ཅད་ལ་ཕོག་པས། རྣམ་པར་སྣང་མཛད་མཆོག་ཏུ་བསྒོམ། །ཞེས་ཏེ་ཐམས་ཅད་དེའི་སྐུར་བྱས་ནས་སླར་བསྡུས་ཏེ་བ་སྤུའི་བུ་གར་གཞུག་ཅིང་ཡི་གེ་གསུམ་གྱི་བར་དུ་ཆུད་པས་བཟླས་པས་ཇི་སྐད་དུ་གསུངས་པའི་ཡོན་ཏན་དུ་འགྱུར་རོ་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ། ཇི་སྐད་བཤད་
པའི་སྒྲུབ་པ་པོ་བྱ་བར་འོས་པ་ཚོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གསུམ་ཡན་ལག་དང་བཅས་པ་ལ་གཞོལ་ཞིང་བརྟན་པར་གྱུར་པའི་མཚན་མ་རྙེད་ནས་དེའི་སྦྱོར་བ་ལས་གོང་དུ་གྱུར་པའི་རྣལ་འབྱོར་པ་གང་ཡང་རུང་བས་རྨི་ལམ་ལ་སོགས་པ་སྤྱིའི་མཚན་མ་རྙེད་པས། ཇི་སྐད་དུ་བཤད་

པའི་གནས་སུ་འཛབ་བཟླས་པ་སྔོན་དུ་འགྲོ་བའི་ས་གཞི་སྦྱང་བ་ལ་སོགས་པ་བྱས་ཏེ། འོག་ནས་འབྱུང་བའི་ཆོ་གས་སྣོད་ལ་ཕབ་པའི་ལྷས་རི་མོའི་དཀྱིལ་འཁོར་འབྲིར་བཅུག་ནས་སྣོད་རང་གི་གནས་སུ་བཏང་སྟེ་བྱིན་གྱིས་བརླབ་པ་དང་། དེ་མཉེས་པར་བྱ་བ་དང་། སློབ་
མ་གཞུག་པའི་རིམ་པས་ཞུགས་ནས་ལྷ་རྣམས་ཀྱིས་བདག་ལ་བླ་མས་ཇི་ལྟར་གནང་བ་ལྟར་དབང་བསྐུར་བར་བསམ་མོ། །དེ་ནས་བསྲུང་བའི་འཁོར་ལོས་བགེགས་བསྐྲད་ནས། ཆོས་ཀྱི་འབྱུང་གནས་སུ་རྣམ་པར་སྣང་མཛད་ལས་གྱུར་པའི་གཞལ་ཡས་ཁང་པའི་དབུས་ཀྱི་ཟླ་བའི་གདན་ལ་
ཡེ་ཤེས་ལྔའི་ཆོ་གས་དང་པོའི་མགོན་པོ་བསྐྱེད་ལ། བར་གྱི་སེམས་འཇུག་པ་སྔོན་དུ་འགྲོ་བས་དེ་གནས་སུ་ཞུ་བ་ལས་ལྷ་མོའི་གླུས་བསྐུལ་བས་ས་བོན་དང་ཕྱག་མཚན་དང་སྤྲོ་བསྡུ་ལས་རྣམ་པར་སྣང་མཛད་དུ་བསྒོམས་ནས་ཉེ་བར་སྒྲུབ་པ་ལ་སོགས་པའི་ཆོ་ག་མ་གཏོགས་པ་ཆོས་ཀྱི་དབྱིངས་
སུ་བྱིན་གྱིས་བརླབས་ཏེ། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་འཁོར་ལོའི་ལྟེ་བར་ཨོཾ་བསམས་ནས་དེའི་ཡི་གེ་གསུམ་གྱི་བར་དུ་ཆུད་པར་བཟླས་པས། ཁ་དོག་སྣ་ཚོགས་པའི་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་སྐུར་བྱས་པས་བཀུག་ནས་རང་གི་བ་
སྤུའི་བུ་གར་བཙུད། དེ་བཞིན་བརྟན་པའི་ངོ་བོར་ཆགས་པར་བྱས་ཤིང་དུས་རྣམ་པ་བཞིར་བསྒོམ་པར་བྱའོ། །དེ་ནས་ཉེ་བའི་མཚན་མ་མཐོང་བས་དཀྱིལ་འཁོར་མཆོད་པ་དང་འབྱུང་པོ་མཉེས་པར་བྱ་བ་ལ་སོགས་པ་བྱས་ཏེ། རང་གི་སྦྱོར་བ་ལ་ལྷག་པར་གནས་པར་བྱས་པས་ཇི་
སྐད་དུ་གསུངས་པ་ཐོབ་པར་འགྱུར་རོ། །གཉིས་པས་ཀྱང་ཆོ་གའི་རིམ་པ་འདི་ལྟར་བྱ་སྟེ། གཉིས་ཀྱི་མཐའ་ལྟ་བུར་ཤེས་པ་ནི་ཁྱད་པར་རོ། །ཕྱི་མ་རྣམས་ལ་ཡང་དེ་ཁོ་ན་བཞིན་དུ་སྦྱར་བར་བྱ་སྟེ། ཁྱད་པར་གང་ཡིན་པ་ནི་འོག་ནས་བཤད་པར་བྱའོ། །འདི་ཡིས་ཞེས་པ་ནི་སྦྱོར་བ་དེས་སོ། །
སངས་རྒྱས་རྣམ་སྣང་མཛད་ཅེས་པ་ནི་ཡོངས་སུ་རྫོགས་པའི་སྐུའི་རྡོ་རྗེ་སྟེ་དེའི། རྡོ་རྗེའི་སྐུ་ནི་རྒྱ་མཚོ་དག །ཅེས་པ་ནི་དེ་དང་འདྲ་བའི་སྐུ་གྲུབ་ཅེས་སོ། །ངེས་པར་གྲུབ་ཅེས་པ་ནི་ཆེ་བ་ལྟ་བུ་མ་ཡིན་ཏེ་སྦྱོར་བ་དེས་ཞག་བཅོ་ལྔ་ན་རྫོགས་པར་འགྱུར་བའོ། །ཡེ་ཤེས་ལྔ་ལྡན་བསྟེན་ན་ནི། །ཞེས་པ་ནི།

དང་པོའི་མགོན་པོ་ནི་ཡེ་ཤེས་ལྔ་ལྡན་ཏེ་དེས་རང་གི་ལྷར་གྱུར་པའོ། །སངས་རྒྱས་སྐུ་ནི་འདྲ་བའི་མདོག །ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་རྣམ་པར་སྣང་མཛད་མ་ཡིན་པའོ། །དེ་གྲུབ་པའི་ཚེའི་ཚད་ཀྱང་། རྡོ་རྗེ་བསྐལ་པ་གསུམ་དུ་གནས། །ཞེས་སོ། །དེ་བཀའ་སྩལ་བའི་སྐབས་སུ་སྐུ་རྡོ་རྗེ་གསང་
བ་སྟེ་སྟོན་པ་པོའོ། །སྐུ་རྡོ་རྗེ་ནི་རྟག་པའི་སྐུ་མང་པོ་རྣམས་སོ། །དེ་རྣམས་བསྡུས་པ་ལས་བྱུང་བའི་རིག་པ་འཛིན་པ་ན་བཀོད་པ་ཞེས་བྱའོ། །ཕྱི་མ་ཡང་དེ་བཞིན་དུ་སྦྱར་རོ། །ཡི་གེ་ཨཱས་གསུང་རྡོ་རྗེ་དང་མཉམ་པའི་སྒྲུབ་པ་གསུངས་པ་ཆོས་ཀྱི་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་
འཁོར་ལོ་ཞེས་པ་ནི་ཆོས་བདག་མེད་པར་སྟོན་པ་སྟེ། སྣང་བ་མཐའ་ཡས་སོ། །རང་གི་སྔགས་ཀྱིས་སྐྱེས་བུ་བསྐྱེད། །ཅེས་པ་ནི་ཡི་གེ་ཨཱས་དེ་བསྐྱེད་པའི་ཆོ་གས་རྫོགས་པར་བྱས་ནས་ཡི་གེ་ཨཱཿངག་གི་ལམ་སྟེ། མགྲིན་པར་ཟླ་བ་ལ་མཚན་མའི་དབུས་སུ་བཞག་སྟེ་ཞེས་སོ། །
འོད་ཟེར་ལྔ་པ་ཞེས་པ་ནི་དེ་ལས་འཕྲོས་པའི་འོད་ཟེར་སྣ་ལྔས་སོ། །རྡོ་རྗེ་མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་འཇིག་རྟེན་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་འཇིག་རྟེན་དབང་མཆོག་གོ། །དེ་བསྒོམས་པ་ནི་ས་བོན་གྱི་འོད་ཟེར་གྱིས་སྤྲུལ་པ་བསྡུ་ཞིང་གནས་བརྟན་པའི་
ངོ་བོར་ཆགས་པར་བྱའོ། །དེ་ཉིད་གསུངས་པ། དམ་ཚིག་ཡེ་ཤེས་རྫོགས་བྱ་སྟེ། །ཞེས་པ་ནི་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་ཡེ་ཤེས་ཀྱི་རང་བཞིན་སྣང་བ་མཐའ་ཡས་བསྐྱེད་ནས་ཚིག་གི་དམ་ཚིག་ཅེས་པ་ནི་མི་འདའ་བས་ན་ཨཱའོ། །འོད་ཟེར་སྣ་ལྔ་དང་ལྡན་པས་ན་ལྔའི་
མཆོག་གོ། །ཆོས་ཀྱི་ཚིག་གི་ལམ་ནི་ཁ་སྟེ་མགྲིན་པར་གནས་པའོ། །དེས་ནི་གོང་ལྟར་རྡོ་རྗེ་ཆོས་ནི་བསྒྲུབ་པར་བྱས་པས་ཇི་སྐད་དུ་གསུངས་པའི་ཡོན་ཏན་དུ་འགྱུར་རོ། །གསུང་རྡོ་རྗེ་ནི་སྣང་བ་མཐའ་ཡས་སོ། །མི་འདའ་བས་ན་དམ་ཚིག་གོ། །དེ་འདི་ལས་བྱུང་བའི་ཕྱིར་ན་དེ་སྐད་དོ། །ཡི་
གེ་ཧཱུཾ་གིས་ཐུགས་རྡོ་རྗེ་དང་མཉམ་པའི་སྒྲུབ་པ་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་པ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་མི་བསྐྱོད་པའོ། །རང་སྔགས་སྐྱེས་བུ་རྫོགས་བྱས་ལ། །ཞེས་པ་ནི་ཡི་གེ་ཧཱུཾ་གིས་དེ་བསྐྱེད་པའི་ཆོ་ག་རྫོགས་པར་བྱས་ནས་སེམས་ལ་

ཞེས་ཏེ་ཐུགས་ཀར་ཟླ་བ་ལ་མཚན་མའི་དབུས་སུ་ཧཱུཾ་གནས་པར་བསམ་མོ། །དམ་ཚིག་ཆེན་པོ་ནི་མི་བསྐྱོད་པའོ། །དེ་སེམས་པ་ནི་སྐུ་སྟེ་ཁ་དོག་ལྔ་དང་ལྡན་པ་བསྒོམ་པར་བྱའོ། །དེས་རྡོ་རྗེ་ཀུན་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་སོ། །རྒྱལ་བའི་གནས་ནི་ཆོས་ཀྱི་དབྱིངས་
ཏེ་མི་བསྐྱོད་པའོ། །དེ་རྣམས་དེར་བྱས་པ་བསྡུ་ཞིང་གནས་བརྟན་པའི་ངོ་བོར་ཆགས་པར་བྱས་པས་ཇི་སྐད་གསུངས་པའི་ཡོན་ཏན་དུ་འགྱུར་རོ། །ཡེ་ཤེས་ནི་ཡེ་ཤེས་ལྔའོ། །ཡོན་ཏན་ནི་སྟོབས་ལ་སོགས་པའོ། །དེའི་རྟེན་རྒྱ་མཚོ་ལྟ་བུར་འགྱུར་རོ། །ཐུགས་ཉིད་མི་འདའ་བས་ན་དམ་ཚིག་སྟེ་
རྡོ་རྗེའོ། །དེ་དང་འདྲ་བ་འགྲུབ་པ་དེ་ལ་དེ་སྐད་དོ། །མི་སྣང་བའི་སྒྲུབ་པ་ལ་ནམ་མཁའི་སྙིང་པོའི་ཁཾ་གིས་སྒྲུབ་པ་གསུངས་པ། ཡེ་ཤེས་ཞེས་པ་ནི་མེ་ལོང་ལྟ་བུ་སྟེ། དེ་ལས་གྲུབ་པའི་དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །དེའི་དབུས་སུ་མཉམ་པར་གཞག་གོ་ཞེས་སོ། །རྡོ་རྗེ་ཆེན་
པོ་བསམ་པར་བྱ། །ཞེས་པ་ནི་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བསྐྱེད་པའི་ཆོ་ག་བརྒྱད་རྫོགས་པས་ལུས་རྣམས་ཀུན་ལ་ཁཾ་དམིགས་ནས་ཞེས་པ་ནི་རང་བཞིན་གྱིས་གནས་ཏེ། གནས་བཞིའི་ལྷ་མ་གཏོགས་པ་ལུས་ཐམས་ཅད་ཡི་གེ་ཁཾ་སེར་པོས་གཏམས་ལ། དེའི་འོད་ཟེར་གྱིས་
བདེ་བར་གཤེགས་པ་ཐམས་ཅད་ནམ་མཁའི་སྙིང་པོའི་གཟུགས་སུ་བྱས་པ་བཀུག་ནས། ལུས་ཀུན་ལ་ཞུགས་པ་དང་གཞི་བརྟན་པའི་ངོ་བོར་ཆགས་པར་བྱས་པས་ཡེ་ཤེས་རྡོ་རྗེ་སྟེ། ནམ་མཁའི་སྙིང་པོ་དང་འདྲ་བར་འགྱུར་ཞེས་སོ། །དེའི་ཡོན་ཏན་ཡང་སངས་རྒྱས་ཞེས་པ་ལ་སོགས་པ་
སྟེ་གོ་སླའོ། །ནམ་མཁའ་བཞིན་དུ་མི་སྣང་བས་ན་རྡོ་རྗེ་སྟེ། དམ་ཚིག་གི་དེ་ཉིད་དེ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་ཉིད་ནམ་མཁའི་སྙིང་པོའི་གཟུགས་སུ་བྱས་པ་ནི་སྣང་བའོ། །དེ་ཉིད་རྒྱན་ཏེ་མང་པོ་འདུས་པས་ན་བཀོད་པའོ། །
མཛེས་པར་བྱེད་པས་ན་ཕྲེང་བ་ཞེས་བྱ་བའོ། །འཇམ་དཔལ་གྱི་ཏིང་ངེ་འཛིན་གྱིས་བྱང་ཆུབ་སེམས་དཔའི་རིག་འཛིན་སྒྲུབ་པ་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་དག་པའི་འཇམ་དཔལ་གྱི་དཀྱིལ་འཁོར་ནི་དེ་སྐད་དོ། །རང་

སྔགས་སྐྱེས་བུ་རབ་བསམས་ལ། །ཞེས་པ་ནི་ཡི་གེ་ཧཾ་ལས་འཇམ་དཔལ་བསྐྱེད་པའི་ཆོ་ག་རྫོགས་པར་བྱས་ནས། དེའི་སྙིང་གར་ཟླ་བ་ལ་མཚན་མའི་དབུས་སུ་ཧཱུཾ་ཞེས་པ་བཞག་སྟེ། དེ་ལ་ཁ་དོག་ལྔ་པའི་འོད་ཟེར་རྣམ་པར་སྤྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་འཇམ་དཔལ་གྱི་
གཟུགས་སུ་བྱས་ནས་སླར་བསྡུས་ཏེ་རང་ལ་ཞུགས་ནས་གཞི་བརྟན་པའི་ངོ་བོར་ཆགས་པར་བྱས་པས་ཇི་སྐད་དུ་གསུངས་པའི་ཡོན་ཏན་དུ་འགྱུར་རོ། །ཞེས་སོ། །དེ་ཡང་གང་ཞེ་ན། འཇམ་དཔལ་དམ་ཚིག་ལོངས་སྤྱོད་པ། །ཞེས་པ་ནི་འདིས་འཇམ་དཔལ་གྱི་གོ་འཕང་ཐོབ་པ་ལས་མི་འདའ་
བས་སོ། །ས་བཅུ་ལ་གནས་ཞེས་པ་ནི་འབྲས་བུའི་འཇམ་དཔལ་མ་ཡིན་པའོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ཉིད་མི་འདའ་བས་ནི་དམ་ཚིག་གོ། །དེས་གསལ་བར་བྱེད་པས་ན་ཟླ་བ་ཞེས་བྱའོ། །ཆོ་ག་དེ་ཁོ་ནས་ཐླིཾ་གྱི་སྒྲུབ་པ་ཡང་གསུངས་པ། འོད་ཟེར་འབར་བའི་ཞེས་
པ་ལ་སོགས་པའོ། །རྡུལ་ཕྲན་རྡོ་རྗེ་ལུས་ངག་གིས། །ཞེས་པ་ནི་དེའི་འོད་ཟེར་གྱིས་བདེ་བར་གཤེགས་པ་རྡུལ་ཕྲ་རབ་འཇམ་དཔལ་དུ་བྱས་པ་ལས་བསྐྱེད་ཅེས་སོ། །དེས་འཇམ་དཔལ་རྡོ་རྗེའི་སྐུ་དང་འདྲ་བར་འགྱུར་ཞེས་ཏེ་ས་བཅུ་ལ་གནས་པའོ། །ནམ་མཁའ་རྡོ་རྗེ་ཞེས་པ་ནི་ཆོས་
ཀྱི་དབྱིངས་སོ། །འཇམ་དཔལ་ཉིད་དེ་ལས་མི་འདའ་བས་ན་དམ་ཚིག་གོ། །མཛེས་པར་བྱེད་པས་ན་རྒྱན་གྱིས་གནས་པའོ། །མང་པོ་འདུས་པས་ན་བཀོད་པ་ཞེས་བྱའོ། །ད་ནི་མངོན་པར་ཤེས་པ་ལྔའི་སྒྲུབ་པ་བསྡུས་པ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་
མངོན་ཤེས་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པའོ། །དེའི་སྔོན་དུ་འགྲོ་ཞིང་མི་འདའ་བས་ན་དམ་ཚིག་མཆོག་ཅེས་སོ། །དེ་ཉིད་ཀྱི་ཕྱིར་ན། མངོན་ཤེས་ལྔ་དང་འདྲ་བར་འགྱུར། །ཞེས་ཏེ་དངོས་ནི་མ་ཡིན་པའོ། །དེ་བས་ན་འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་ཤེས་པ་རབ་
ཏུ་སྒྲུབ་པའི་རྒྱུ་ཡིན་ནོ་ཞེས་སྤྱིར་བསྟན་པའོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་ས་བོན་གྱིས་བསྒྲུབ་པ་བསྟན་ནས་ད་ནི་ཡེ་ཤེས་ལྔའི་ཨོཾ་ལྔས་སྒྲུབ་པ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུའོ། །

སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་དེ་ལས་གྱུར་པའི་གཞལ་ཡས་ཁང་ནི་དཀྱིལ་འཁོར་དམ་པའོ། །རྡོ་རྗེ་སེམས་དཔའ་རབ་བསྒོམས་ལ། །ཞེས་པ་ནི་རྡོ་རྗེ་སེམས་དཔའའམ་མི་བསྐྱོད་པ་བསྐྱེད་པའི་ཆོ་ག་རྫོགས་པར་བྱས་ནས་ཞེས་སོ། །ཡེ་ཤེས་ཨོཾ་ནི་
བསྒོམ་པར་བྱ། །ཞེས་པ་ནི་དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་མཚན་མའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཨོཾ་བསམས་ནས། དེའི་འོད་ཟེར་སྟུག་པོས་བདེ་བར་གཤེགས་པ་ཐམས་ཅད་རྒྱུ་དང་འབྲས་བུའི་གཟུགས་སུ་བྱས་པ་བསྡུ