Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
འི་གདན་ལ་ཕྱལ་བ་ཆེ། །ཡེ་ཤེས་སེམས་དཔའ་ནམ་མཁའ་ལ། །མཐོང་བྱས་སྔགས་ཀྱི་བསྙེན་པ་བྱས། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དི་ཛ་སཏྭ་མ། གྲྀ་ཧི་ཏྭ་ཡུ་བྷཾ་མ་ཧཱ་རསྨི་ཨསྨིན་སནྣི་ཧི་ཏོ་བྷ་བ་ཞེས་བྱ། བསྙེན་པའི་སྔགས་སོ། །
བསྐུལ་བའི་སྔགས་བཟླས་འགུགས་པ་ལ། །འབར་བ་དེ་ཉིད་གསུམ་དག་གིས། །ཆོ་ག་བཞིན་དྲངས་ཧོམ་ཁུང་གི །ཉེ་བར་ཀུ་ཤའི་སྟེང་དུ་གཞག །བསང་གཏོར་ཉེ་རེག་ཨརྒྷ་དང་། །ཞབས་བསིལ་ཕུལ་ནས་རབ་ཏུ་མཆོད། །བསང་གཏོར་ཀུ་ཤའི་བམ་པོས་
ནི། །སྔགས་བཟླས་ཀུན་བྱེད་ཆུ་ཡིས་ནི། །མཛུབ་མོ་མཐེ་བོང་མནན་ནས་སུ། །གཡས་པའི་ཕྱག་ན་ཉེ་རེག་གཟུང་། །རྡོ་རྗེ་སྙིམ་པ་ཁ་ཕྱེ་བས། །ཨརྒྷའི་ཕྱག་རྒྱ་སྣོད་དུ་སྦྱིན། །ཨོཾ་ཨགྣ་ཡེ་དི་བྱཱ་དི་བྱཱ་བི་ཤཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། བསང་
གཏོར་གྱི་སྔགས་སོ། །ཨརྒྷའི་སྣོད་ནས་མེ་ཏོག་ཆུ། །འགྲེང་ཚུལ་གཡས་པའི་ཁུ་ཚུར་གྱི། །མཐེབ་མཛུབ་གཉིས་ཀྱིས་བཟུང་ནས་སུ། །སོར་མོ་ཐམས་ཅད་རིམ་པ་བཞིན། །བསྐོར་བ་ལྟ་བུའི་ཚུལ་དུ་ནི། །སྔགས་བརྗོད་པས་ནི་གཏང་བར་བྱ། །
ཨོཾ་ཨགྣེ་ཡེ་དི་བྱཱ་དི་བྱཱ་བི་ཤཱ་བི་ཤཱ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་པྲ་བ་ར་སཏྐ་ར་པྲ་ཏཱིཙྪ་སྭཱ་ཧཱ། །ཞབས་བསིལ་གྱི་སྔགས་སོ། །ཨོཾ་ཨགྣ་ཡེ་དི་བྱཱ་དི་བྱཱ་བི་ཤཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། །སྤོས་སོགས་དག་ཀྱང་དེ་བཞིན་ནོ། །
སྔགས་བརྗོད་པས་ནི་དབུལ་བར་བྱ། །བཀུག་ནས་བཅིངས་ཏེ་ཐིམ་ནས་སུ། །དབང་དུ་བྱས་ནས་གོ་རིམས་བཞིན། །ཨོཾ་ཨགྣ་ཡེ་དེ་བྱཱ་དི་བྱཱ་བི་ཤཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། །ཆོ་ག་ཁོ་ན་ཐིམ་པའི་སྔགས། །དེ་དག་བྱས་ཏེ་རྣམ་པར་
སྨིན། །དེ་ལ་སོགས་པ་མོས་པས་སོ། །བསང་གཏོར་སོགས་ཀྱིས་ཀྱང་མཆོད་ནས། །སྣོད་ཆེན་སོགས་ཁར་ཡི་དམ་ལྷ། །ས་བོན་འོད་ཟེར་དང་བཅས་དགོད། །ཡང་ན་ལྷུན་གྱིས་གྲུབ་པ་ཡི། །ལྷ་ཡི་དམ་པའི་ཞལ་དུའོ། །པུས་མོའི་བར་དུ་

ལག་པས་ནི། །སྦྱིན་སྲེག་ཞི་བ་ལ་སོགས་ཀྱི། །ཕྱི་ལག་གཉིས་ཀྱིས་དྲག་པོའི་ལས། །གཡོན་པའི་ལག་པས་བསྡིགས་པའི་ཚུལ། །རྒྱས་པ་ཞི་བ་དབང་དགུག་པ། །འཁོན་བྱེད་གར་བྱེད་མངོན་སྤྱོད་ལ། །ཨོཾ་སྭཱ་ཧཱ་ཧོ་ཛ་ཧཱུཾ་ཧཱུཾ་ཕཊ་ཐ་མར་ཁ་གདངས། བཀྲ་མི་ཤིས་དང་
དྲག་པོ་ལ། །རིམ་བཞིན་ཡང་དག་སྦྱིན་སྲེག་བྱ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ་མར་གྱིས་བཀང་བའི་སྲེག་པའི་སྔགས། ཨོཾ་ཨགྣི་ཡེ་སྭཱ་ཧཱ། དཔལ་བེའུ་རྔ་ཡབ་རྒྱལ་མཚན་དང་། །གདུགས་དང་པདྨ་དྲིལ་བུའི་དབྱིབས། །རྩེ་གསུམ་དང་ནི་
རལ་གྲི་ཉ། །ཨིནྡྲ་མགོ་བོ་བཀྲ་ཤིས་འདྲ། །རྡོ་རྗེ་དུང་སོགས་བཀྲ་ཤིས་པ། །མར་གྱིས་དགང་སྲེག་འཛག་པའི་དབྱིབས། །མེ་ལྕེ་དེ་འདྲ་བཀྲ་ཤིས་མེ། །དཀར་པོ་བརྒྱ་བྱིན་གཞུ་དང་མཉམ། །གཡས་སུ་བསྐོར་བ་ཤིན་ཏུ་སྣུམ། །གསེར་གྱི་དངས་མ་ལྟ་བུའི་
མདོག །པདྨ་རཱ་ག་བཻ་ཌཱུརྱ། །དངུལ་འདྲ་འོད་དང་ཉེ་བའི་འོད། །དྲི་མ་མེད་བཞིན་དུ་བ་མེད། །དྲི་ཞིམ་བྲོ་བ་དེ་བཞིན་དུ། །པི་ཝང་རྫ་རྔའི་སྒྲ་གྲག་མཆོག །ཞི་བ་ལ་སོགས་རང་རང་མདོག །རྩེ་གཅིག་མཆོག་ཏུ་གྱུར་པ་གསུངས། །རྩེ་གཉིས་འབྲིང་པོ་རྩེ་གསུམ་
པ། །ཐ་མ་ཡིན་ནོ་སྤྲིན་དཀར་འདྲ། །དུད་པ་མང་བ་བཀྲ་མི་ཤིས། །ལྕེ་ཆད་མེ་འབར་སྤྱོད་པ་དམན། །བ་ལང་འདྲ་བས་མི་སྣུམ་གནག །བ་ལང་མགོ་འདྲ་རྩེ་གསུམ་པ། །རྩུབ་མོ་སྒྲ་གྲག་མེ་སྟག་འབར། །རོ་ཤ་ཉམས་པའི་དྲི་བྲོ་ཅན། །བར་མི་
ཤིས་མཚན་བྱུང་གྱུར་ན། །གཏོར་ཏེ་བསྲུངས་ནས་འཁྱིལ་བས་བསལ། །ཡང་ནི་ལན་བདུན་གཏོར་ནས་སུ། །ལས་ཀུན་བྱེད་པའི་སྔགས་ཀྱིས་ནི། །ལན་གསུམ་བདུན་གཅིག་གང་བར་བསྲེག །ཡང་ནི་ཇི་ལྟར་རྙེད་པ་ལྟར། །ཕྱག་ཏུ་ཉེ་རེག་སྦྱིན་
པར་བྱ། །ཡམ་ཤིང་ལ་སོགས་འོད་ཟེར་ལ། །དབུ་ལ་མེ་ཏོག་མེ་ལྕེ་ཕྲེང་། །སྤོས་དང་ཞབས་བསིལ་ཞབས་སུ་ནི། །མེ་མར་མདུན་དུ་སྣོད་དུའམ། །ཐུགས་ཀར་ཨརྒྷ་དྲི་ཞིམ་མོ། །ཨོཾ་སརྦྦ་པཱ་པ་ཏ་པ་ཏྲོ་ཡ་སརྦྦ་པཱ་པ་ད་ཧ་ན་སྭཱཧཱ། ཏིལ་གྱིའོ། །ཨོཾ་བཛྲ་

ཨཱ་ཡུ་ཥེ་སྭཱཧཱ། རྩྭ་དཱུར་བའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་མ་ཉམས་པའི་འོ། །ཨོཾ་བཛྲ་སཾ་བ་དེ་སྭཱཧཱ། །ཞོ་དང་འབྲས་ཆན་གྱིའོ། །ཨོཾ་ཨ་པྲ་ཏི་བཛྲཱ་ཡ་སྭཱཧཱ། རྩྭ་ཀུ་ཤའིའོ། །བསང་གཏོར་ཉེ་རེག་བྱས་ནས་སུ། །འབར་བ་སྣང་
ངོ་གཉིས་དག་ཏུ། །མེ་ཡི་ཧོམ་ཁུང་གཅིག་གིས་ནི། །མེ་ལྷའི་སྔགས་ཀྱིས་ཁོ་ནའོ། །གཏོར་ནས་སྲེག་རྫས་ཐམས་ཅད་ལ། །ཕྲིན་ལས་རྗེས་སུ་མཐུན་པ་བཞིན། །དེ་དབུས་ལྷ་ནི་སྔ་མ་ལྟར། །དགུག་པ་དྲང་བ་ལ་སོགས་པ། །བསང་གཏོར་ཉེ་རེག་ཨརྒྷ་
སོགས། །མཆོད་བསྟོད་བཞུགས་སུ་གསོལ་བ་ལ། །དང་པོ་དགུག་སོགས་དབང་བསྐུར་མཐར། །ཨརྒྷ་ཉེ་རེག་བསང་གཏོར་དང་། །བྱས་ཏེ་ས་བོན་གྱིས་ལྗགས་མཚན། །སྔོན་བཞིན་ཚིམ་བྱས་སྔགས་སོགས་ཀྱིས། །ཏིལ་མ་ཉམས་ལས་ཞི་བ་རྒྱས། །སྣ་
ཚོགས་ལས་ནི་དཱུར་བ་ལས། །རྡོ་རྗེ་ཆོས་ཀྱིས་རྟག་ཏུ་བྱ། །ཐ་མར་སྭཱ་ཧཱས་ཚེ་རིང་བ། །དོན་ཡོད་གྲུབ་ལ་ཀུ་ཤས་བསྲུང་། །རྙེད་བཞིན་དེ་ནས་ཉི་ཤུ་གཅིག །དེ་དག་བར་གྱིས་འབར་བར་བྱེད། །རིགས་ནི་སྔགས་ཀྱིས་དེ་བཞིན་དུ། །དེ་བཞིན་གང་བར་
བསྲེག་པ་ལ། །ཨརྒྷ་བསང་གཏོར་ཉེ་རེག་བསྟོད། །མཆོད་ཅིང་གསོལ་བཏབ་བཟོད་པར་གསོལ། །གཤེགས་སུ་གསོལ་ནས་མེ་ལྷ་བསྙེན། །བསང་གཏོར་ཉེ་རེག་བྱས་ནས་སུ། །ལྷག་མ་རྫོགས་པར་བསྲེག་པར་བྱ། །ཉེ་རེག་བསང་གཏོར་མཆོད་རྣམས་ཀྱི། །
ཨརྒྷ་ཕུལ་ནས་ཕན་དོན་དུ། །གསོལ་བ་བཏབ་ནས་གཤེགས་སུ་གསོལ། །དེ་ལྟར་ཡང་ཆོ་ག་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ། །དེ་བས་ན་ཆོ་ག་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འདའ་བར་མི་བྱ་བས་ན། དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །
ཞེས་སོ། །སློབ་མ་གཟུང་བའི་ཆོ་ག་གསུངས་པ། རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་པ་ནི་ཕྱིས་འགྱུར་བའི་ཚུལ་དུ་བརྟེན་པས་དེ་སྐད་དོ། །རྡོ་རྗེ་གསུམ་ལས་བྱུང་ཞེས་པ་ནི་དེས་བྱིན་གྱིས་བརླབས་

པའོ། །དེ་ཉིད་གསུངས་པ། ཨཱཿནི་ལུས་ངག་སེམས་ལས་བསམ། །ཞེས་ཏེ་མགྲིན་པར་ཨཱཿལས་གྱུར་པའི་པདྨའི་ལྟེ་བ་ལ་དེ་བསམས་ལ་ངག་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །རྡོ་རྗེས་གཟུང་བར་བྱ་ཞེས་པ་ནི་དེ་བྱིན་གྱིས་བརླབས་པའོ། །སྒོ་གཉིས་
གང་གིས་བྱིན་གྱིས་བརླབ་ཅེ་ན། རྒྱལ་ཆེན་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་དེའི་ས་བོན་ཏེ་སྙིང་ལ་ཧཱུཾ་ལས་གྱུར་པའི་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་བསམ་པའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དག་ཅེས་པ་ནི་ཨོཾ་ལས་བྱུང་བའི་འཁོར་ལོའི་ལྟེ་བར་ཨོཾ་སྤྱི་བོར་བསམ་
པའོ། །དེ་རྣམས་ཀྱིས་སློབ་མ་སྐུ་ལ་སོགས་པས་བྱིན་གྱིས་བརླབ་པ་ནི་རབ་ཏུ་གསོལ་ཞེས་པས་སོ། །དེ་ཡང་བུམ་པ་སྟ་གོན་ལ་གནས་པའི་དེ་མ་ཐག་ཏུ། སློབ་མ་སྣོད་དུ་རུང་བས་བཟུང་ནས་འཁོར་ལོའི་ཁང་པར་གནས་པ་ལ། སྦྱང་བ་བྱས་པའི་སློབ་མས་
སྟོན་ཆེན་ཁྱེད་ལ་བདག་དགའོ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་སྟེ། བླ་མས་ཀྱང་བུ་ཚུར་ཤོག་ཅིག་ཅེས་པ་ལ་སོགས་པ་ལན་སྩལ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་པའི་
སློབ་མ་གོང་མ་ལྟར་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱི་བཟླས་པའི་དྲི་ཆུས་བསྐུ་བ་དང་། མེ་ཏོག་ལ་སོགས་པའི་རྫས་སྦྱིན་པ་དང་། སོ་ཤིང་སྦྱིན་པ་དང་། ཀུ་ཤ་སྦྱིན་པ་དང་། སྐུད་པས་སྲུང་བ་དང་། ཉེ་རེག་སྦྱིན་པ་བྱས་
ནས། ཕྱིར་མི་ལྡོག་དབང་དཀྱིལ་འཁོར་ལ། །ཞེས་པ་ལ་སོགས་པས་སློབ་མས་གསོལ་བ་བཏབ་པ་ལ། །བླ་མས་སངས་རྒྱས་ཞེས་པ་ལ་སོགས་པ་ཐུན་མོང་གི་སྡོམ་པ་བྱིན་ལ། དེས་ཀྱང་ཇི་ལྟར་ཐེག་པ་གསུམ་ཞེས་པ་ལ་སོགས་པས་སྡོམ་པ་བླང་བར་
བྱའོ། །དེ་ནས། ཀུན་མཁྱེན་གང་དུས་འཇིག་རྟེན་ན། །ཞེས་པ་ལ་སོགས་པས་སྤྲོ་བ་བསྐྱེད་ཅིང་བདེན་པའི་ཆོས་བཤད་ནས་ཉལ་དུ་བཅུག་ལ་བདག་ཉིད་འཁོར་ལོ་དབྱེ་བའི་ཆོ་ག་ལ་སོགས་པའི་དབྱེ་བ་ནི་མན་ངག་གོ། །ད་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་

པའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཆེན་པོ་ནི་རི་མོའི་དཀྱིལ་འཁོར་རོ། །དེ་ལྟར་འཇུག་པར་བྱ་བའི་རྡོ་རྗེའི་ཚིག་སྟེ་ཡི་གེ་ལྔའོ། །དམ་ཚིག་ཐམས་ཅད་ཀྱི་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པའི་
སྔགས་པ་འཇུག་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་ཞེས་སོ། །དེ་ཡང་འོག་ནས་འབྱུང་བའི་སྦྱོར་བ་དང་ལྡན་པའི་སློབ་མ་ལ་མོས་པ་དྲིས་ནས་དེས་ཀྱང་ལན་བཏབ་སྟེ། གདོང་གཡོགས་ནས་དཀྱིལ་འཁོར་དང་བླ་མ་མཆོད་ནས། །དེའི་སྙིང་གར་རྡོ་རྗེ་བསམས་
ནས། །བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འཁོར་ལོ་བསྐུལ་ལོ། །དེ་ནས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྔགས་དང་། ཡི་གེ་ལྔས་དཀྱིལ་འཁོར་དུ་བཅུག་སྟེ། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་བསྐྱེད་ལ་དམ་བསྒྲགས་པ་སྟེ། གོང་མ་ལྟར་དབབ་པའི་ཆོ་ག་བྱས་ལ། མེ་ཏོག་
གཏོར་བ་ལ་སོགས་པ་བྱའོ་ཞེས་སོ། །ད་ནི་སློབ་མ་རྣམས་ལ་དབང་བསྐུར་བའི་ཆོ་ག་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོ་ཕྱིར་མི་ལྡོག་པའོ། །དེ་དབང་བསྐུར་བའི་ཐབས་ཀྱི་ཡེ་ཤེས་ཏེ་ཐུན་མོང་མ་ཡིན་པས་ན་གསང་བའོ། །
དེའི་དོན་ནི་འདི་ལྟ་སྟེ་དཀྱིལ་འཁོར་བསྟན་པའི་སློབ་མས་དགོས་པ་གསུམ་དང་བཅས་པའི་ལུས་ཕུལ་ནས། དེ་ལ་བུམ་པ་རྣམས་ཀྱི་ཆུ་གཅིག་ཏུ་བྱས་པ་ལས་བྱུང་བ་མི་བསྐྱོད་པ་གནས་གྱུར་པའི་ཆུས་སྤྱི་བོར་བླུགས་པར་བྱས་པས་མེ་ལོང་ལྟ་བུར་རྒྱས་པའོ། །རིན་ཆེན་འབྱུང་ལྡན་
ལས་བྱུང་བའི་དབུ་རྒྱན་ཅོད་པན་གྱིས་མཚན་པས་དབང་བསྐུར་བས་མཉམ་པ་ཉིད་རྒྱས་པའོ། །སྣང་བ་མཐའ་ཡས་ལས་གྱུར་པའི་རྡོ་རྗེ་བྱིན་ཏེ་སྙིང་གར་བཟུང་བས་སོ་སོར་ཀུན་དུ་རྟོག་པ་རྒྱས་པའོ། །དོན་ཡོད་གྲུབ་པ་ལས་གྱུར་པའི་དྲིལ་བུ་གཡོན་དུ་བྱིན་པས་རྡོ་རྗེ་
འཁྱུད་པས་བྱ་བ་ནན་ཏན་རྒྱས་པའོ། །རྣམ་པར་སྣང་མཛད་བསྟིམས་ནས་སྤྱི་བོར་མིང་གི་དབང་བསྐུར་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱས་པའོ། །དེ་ནས་ཧཱུཾ་ལས་གྱུར་པའི་རྡོ་རྗེ་ལག་ཏུ་གཏད་པ་ལན་གསུམ་གསོར་ནས་དེ་ཉིད་སྦྱིན་ནོ། །དེ་བཞིན་དུ་ཨཱཿལས་

བྱུང་བའི་དྲིལ་བུ་གཡོན་དུ་བྱིན་པས་ཕྱོགས་བརྒྱད་དུ་དཀྲོལ་ནས་དེ་ཉིད་སྦྱིན་ནོ། །དེ་དབྱིངས་ཕྱུག་མས་འཁྱུད་པར་བསམས་ནས། དམ་ཚིག་དང་སྡོམ་པས་ཕྱག་རྒྱ་དེ་ཉིད་སྦྱིན་ནོ། །སློབ་མ་དེ་ཁོ་ན་གནས་པས་ཡོན་ཕུལ་ནས་ཕྱིར་མི་ལྡོག་པ་དབང་ལ་སོགས་པས་གསོལ་བ་
བཏབ་པ་ལ། །བླ་མས་ཀྱང་ཕས་ཕམ་འདི་ནི་ཞེས་པ་ལ་སོགས་པས་ཐུན་མོང་མ་ཡིན་པའི་སྡོམ་པ་བྱིན་ནས། འཇུག་པའི་སྒོར་ཁ་དོག་གཅིག་པའི་དཀྱིལ་འཁོར་ས་བོན་གྱིས་མཚན་པ་ལ། དབང་སྟེགས་ཀྱི་ཁྲི་སེང་གེས་མཚན་པ་ལ་བཞག་ནས་སྟེང་དུ་གདུགས་བཏེག་
པར་བྱས་ནས། དེའི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་དང་ལྡན་པར་བྱས་ནས། བླ་མའི་ལུས་ཀྱི་དཀྱིལ་འཁོར་ལས་སངས་རྒྱས་ཀུན་གྱིས་ཇི་སྐད་དུ་བཤད་པའི་བུམ་པ་གང་བ་བསྣམས་པས་
ནམ་མཁའི་ཁམས་ཡོངས་སུ་གང་བར་རབ་ཏུ་བསྒོམ་མོ། །དེ་རྣམས་ཀྱིས་གཞན་ཡང་། རྡོ་རྗེ་རིག་པ་འཛིན་པ་ཡིས། །ཞེས་ཏེ། གཞན་ལས་འོངས་པ་དེ་ལྟ་བུས་ཀྱང་སིལ་སྙན་དང་ཕེག་རྡོབ་པ་དང་། རྔ་བརྡུངས་པ་དང་དྲིལ་བུ་དཀྲོལ་བ་དང་། སྤོས་ལ་སོགས་
སྤྲིན་དག་གིས་གཏམས་པར་བསྒོམ་མོ། །དེ་རྣམས་ཉིད་རྡོ་རྗེ་སྐུ་གསུམ་སྟེ། རྡོ་རྗེ་གསུམ་གྱི་རང་བཞིན་ནོ། །དེ་ཉིད་བསྔགས་ཏེ། ཕྲ་ཞིང་མང་བས་ན་ཡུངས་ཀར་ཏེ། དེས་གདབ་པར་བྱ་བ་ནི་མཐར་འཇུག་པའོ། །གང་གིས་མཐར་འཇུག་ཅེ་ན། དེ་ལ་དེ་
ཡི་ཚེ་ན་ནི། །བདག་ཉིད་དབང་བསྐུར་རབ་ཏུ་གསོལ། །ཞེས་ཏེ། དེ་རྣམས་ཀྱིས་རིག་པའི་དབང་ལ་སོགས་པ་རབ་ཏུ་སྩོལ་བ་སྟེ་དེའི་དེ་མ་ཐག་ཏུའོ། །དེ་བཞིན་གཤེགས་པ་འབའ་ཞིག་མ་ཡིན་ཏེ། སྤྱན་ལ་སོགས་པས་ཀྱང་བསྐུར་བར་གསུངས་པ། རྡོ་རྗེ་
སེམས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན། །ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཅིའི་ཕྱིར་ཞེ་ན། ཡང་ན་སངས་རྒྱས་བསྒོམ་པར་བྱ། །ཞེས་ཏེ་གང་ཡང་རུང་བའི་ཏིང་ངེ་འཛིན་གྱིས་ཞེས་སོ། །བུམ་པའི་དམ་ཚིགས་ལ་སོགས་པས་

ཞེས་པ་ནི་སྤྱན་མ་ལ་སོགས་པ་སྒེག་པའི་ཉམས་དང་ལྡན་པའི་ལྷ་མོ་རྣལ་འབྱོར་པ་དག་ལ་མཁས་པ་དག་གིས་ཕྱག་ན་བུམ་པ་བཟུང་བས་བསྒོམས་ནས་ཀྱང་། གོང་མ་ལྟར་དཔལ་ལྡན་གསེར་གྱི་རི་བོ་ལ་སོགས་པའི་བཀྲ་ཤིས་བརྗོད་པ་ལྟར་དབང་བསྐུར་བྱའོ་ཞེས་
སོ། །ད་ནི་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཏིང་ངེ་འཛིན་གསུངས་པ། རྡོ་རྗེ་རྣམ་པར་ཞེས་པ་ལ་སོགས་པའོ། །དེ་ཡང་དེ་ཁོ་ན་ཉིད་དང་བདེན་པ་བརྗོད་པའི་བླ་མས་སྡོམ་པ་དང་ལྡན་པའི་སློབ་མ་རང་གི་ས་བོན་གྱིས་སྦྱངས་ནས། ཨོཾ་ལ་སོགས་པའི་རྣམ་པར་
སྣང་མཛད་དམ་ཡང་ན་མི་བསྐྱོད་པར་བསམས་ལ་ཞེས་སོ། །བློ་བརྟན་ལ་ཞེས་པ་ནི་སྡོམ་པས་འགྱུར་བ་མེད་པར་བྱས་པའོ། །དེ་ཉེ་བར་བསྒྲུབ་པས་ཀྱང་བྱིན་གྱིས་བརླབས་ལ། དེའི་ལུས་དང་ངག་དང་སེམས་རྣམས་སྔགས་ཨོཾ་ལ་སོགས་པ་ཤེས་པས་རྡོ་རྗེ་གསུམ་གནས་
གསུམ་དུ་དགོད་པར་བྱའོ་ཞེས་སོ། །དེ་ནས་གོང་དུ་གསུངས་པའི་ཆོ་ག་ཐམས་ཅད་བྱ་བའོ། །དེ་བཞིན་གཤེགས་པ་དང་ལྷ་མོས་དབང་བསྐུར་བ་སྦྱིན་པའི་དུས་སུ་བླ་མ་སྲུང་བ་ནི། དེ་ལ་འདི་ནི་ཞེས་པ་ལ་སོགས་པ་གསུངས་སོ། །སངས་རྒྱས་རྣམས་
ནི་ཞེས་པ་ནི་བརྟགས་པ་ལ་སོགས་པ་ཐམས་ཅད་ཀྱིའོ། །དེའི་རྡོ་རྗེ་གསང་བ་གསུམ་ལས་བྱུང་བ་ནི་འོག་ནས་བྱུང་བའོ། །ཇི་ལྟ་བུ་ཞེ་ན། ཁམས་གསུམ་གྱི་དབང་པོས་ཕྱག་བྱས་པ་ཞེས་པ་སྟེ། དེ་ཉིད་རྡོ་རྗེ་རྒྱལ་པོ་ཕྱིར་མི་ལྡོག་པའི་དབང་བསྐུར་སྦྱིན་ཞེས་
རིགས་ཀྱི་དབྱེ་བས་བརྗོད་པའོ། །དབང་སྟེགས་ཀྱི་ཁྲི་ལ་གདུགས་བཏེག་པའི་སློབ་མས་གསོལ་བ་འདེབས་པའི་ཚིགས་བཅད་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །བྱང་ཆུབ་རྡོ་རྗེ་ཞེས་པ་ནི་སྟོན་པ་སངས་རྒྱས་རྣམས་ལ་མཆོད་པ་ཆེན་པོ་བགྱིས་
ནས་བསྒྲལ་བ་ལྟར། བདག་ཀྱང་འདམ་རྫབ་རྒལ་དཀའ་བ་ལས་བསྒྲལ་བའི་ཕྱིར་རོ། །སྐྱོན་ཐམས་ཅད་དང་བྲལ་བས་ནམ་མཁའ་ལྟ་བུའི་རྡོ་རྗེ་སློབ་དཔོན་གྱི་དབང་བདག་ལ་སྩོལ་ཅིག་ཅེས་པའོ། །དེ་བཞིན་གཤེགས་པ་དང་ལྡན་པའི་ལྷ་མོ་ཞུགས་པའི་དེ་མ་

ཐག་ཏུ་ཇི་ལྟར་གྱུར་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་དེ་མ་ཐག་གོ། །དེ་ལ་དབང་བསྐུར་བ་ཞེས་པ་ནི་སྡོམ་པ་དང་ལྡན་པའི་སློབ་མ་དེ་ལ་ཐུགས་རབ་ཏུ་དགྱེས་པར་གྱུར་ནས་དབང་གི་འབྲས་བུ་སྩོལ་བར་མཛད་
པ་ཞེས་སོ། །ཇི་ལྟ་བུ་ཞེ་ན། ལྷའི་གཟུགས་ཞེས་སྦྱོར་བ་གནས་པའི་སློབ་མའི་སྙིང་གར་དེ་བཞིན་གཤེགས་པ་བཞུགས་པས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་འགྱུར་རོ། །དེ་བཞིན་དུ་སྤྱི་བོར་ལྷ་མོ་ལ་སོགས་པ་བཞུགས་པས་བདག་པོ་གཞག་པར་བྱ་ཞེས་
རིགས་ཀྱི་དབང་ཕྱུག་དབུ་རྒྱན་དུ་བསྒོམ་མོ། །རྡོ་རྗེ་སློབ་དཔོན་བློ་ལྡན་ཞེས་པ་ནི་ཆུ་ལ་སོགས་པས་དག་པར་བྱས་ཏེ་རྡོ་རྗེ་སློབ་དཔོན་དུ་གྱུར་པའི་རྣལ་འབྱོར་པའོ། །དཀྱིལ་འཁོར་དག་བསྟན་པར་བྱ་ཞེས་པ་ནི་འོག་ནས་འབྱུང་བའི་རིམ་པས་གོང་དུ་སྟེ། གཞན་དུ་ཡང་ཤེས་པར་
བྱའོ། །སྔགས་ཀྱི་ཡི་གེ་རྣམས་ཀྱང་སྦྱིན། །ཞེས་པ་ནི་དེའི་འདོད་པའི་ལྷའི་སྔགས་དང་ཡི་གེ་དང་སྦྱོར་བས། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་རྣམས་བསྟན་པར་བྱའོ་ཞེས་སོ། །དེ་ནས་མི་བསྐྱོད་པ་རིན་པོ་ཆེའི་དབུ་རྒྱན་དུ་གྱུར་པར་བསམ་མོ། །དེ་ནས་སྤྱི་བོར་
མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས་བསང་བ་དང་བསྟོད་པ་དང་། བདུད་རྩི་མྱང་བ་ཡང་བྱས་ནས་གདུགས་དང་བཅས་པ་བསྐོར་བར་བྱས་ལ་ཕྱག་བྱས་ཏེ་ཁྲི་ལ་བཞག་ནས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཞེས་པ་ལ་སོགས་པ་རྒྱུད་དང་སྔགས་འཛིན་པ་
པོར་གནས་པར་བྱས་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་བསྟན་པར་བྱའོ། །དེ་ནས་བདག་དེ་བཞིན་གཤེགས་པའི་ཚུལ་གྱིས་སྤྱི་བོ་ནས་ལུང་བསྟན་ཏོ། །ཡང་དམ་ཚིག་གསུམ་བྱིན་ནས་དམ་མཆོག་གསང་ཆེན་
ཞེས་པ་ལ་སོགས་པས་དབུགས་དབྱུང་ངོ་། །དེ་ནས་ཇི་ལྟ་ཞེས་པ་ལ་སོགས་པས་བཀའ་ལུང་གནང་བའི་དབང་སྦྱིན་པའོ། །སློབ་མ་རྣམས་ཀྱིས་ཀྱང་བླ་མའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཀའ་ལུང་གཡར་གྱིས་བླང་ངོ་། །དེ་རྣམས་ནི་བུམ་པའི་

དབང་གི་ཆོ་གའོ། །གསང་བའི་དབང་གསུངས་པ། །སངས་རྒྱས་ཞེས་པ་ལ་སོགས་པའོ། །འདས་པ་ལ་སོགས་པའི་སངས་རྒྱས་ཀུན་གྱིས་གསུངས་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་གསང་བར་བསྒྲག་པར་བྱའོ་ཞེས་སོ། །དེ་ཡང་
གོང་དུ་གསུངས་པའི་དབང་ཐོབ་པས་ཚོགས་ཀྱི་མཆོད་པ་ཆེན་པོས་བླ་མ་མཉེས་པར་བྱས་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ལ་སོགས་པ་གསོལ་བ་འདེབས་ཤིང་ཚོགས་ཀྱི་མཆོད་པའི་རང་བཞིན་ཕུལ་བས་དག་པའི་བླ་མས་བསྒྲག་པར་བྱའོ། །ཇི་ལྟར་
བསྒྲག་ཅེ་ན། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལ་སོགས་པའོ། །འདི་རྣམས་ནི་ལེའུ་དགུ་རིམ་པ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་ངོ་བོ་ཐོབ་པར་བྱེད་པའི་ལམ་ནི་དམ་ཚིག་བཞི་སྟེ། དེ་ལ་བདག་གནས་ཤིང་སེམས་ཅན་ཐམས་ཅད་ཀྱང་བསྐུལ་
བར་བྱའོ་ཞེས་སོ། །དེ་སྤྱད་ཅིང་བསྲུང་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་འདའ་བར་མི་བྱ་བས་ན་དམ་ཚིག་རབ་ཏུ་བརྟན་པར་བྱའོ་ཞེས་སོ། །སྔགས་ནི་ཡི་གེ་གསུམ་མོ། །དེའི་བསྐུལ་བ་ནི་འཇུག་པ་ལ་སོགས་པའོ། །དེ་ཡིད་ཀྱིས་སྨྲས་པ་སྟེ་གསང་བའི་དབང་
ཐོབ་པའི་སློབ་མ་དེ་ལ་རྡོ་རྗེ་བཟླས་པའི་ངོ་བོའི་སྔགས་སྦྱིན་པར་བྱ་སྟེ། དེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། སྔགས་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པའོ། །སྔགས་ནི་དེ་བཞིན་
གཤེགས་པའོ། །འདིས་མཛེས་པར་བྱེད་པས་ན་རྒྱལ་པོའོ། །འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ་ཤེས་རབ་ཡེ་ཤེས་སོ། །དེའི་ཡང་སྔོན་དུ་འགྲོ་བའི་རྒྱུ་ནི་གསང་བའི་དབང་སྟེ་དེ་བྱིན་པ་ལ་བསྟན་པར་བྱ་ཞེས་སོ། །གསང་བའི་དབང་དེ་ཡང་ཇི་
ལྟར་སྦྱིན་ཞེ་ན་ཁུ་བ་འམ་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་དུ་གསུངས་པའི་སྡོམ་པ་དང་ལྡན་པའི་སློབ་མས་རྡོ་རྗེ་སེམས་ཁྱོད་ཅེས་པ་ལ་སོགས་པས་གསོལ་བ་འདེབས་པ་ལ་གཏི་མུག་ལ་སོགས་པའི་གཞུང་གིས་དག་པར་བྱས་པའི་སློབ་མ་ལ་སྙོམས་པར་

ཞུགས་པའི་ཆོ་གས་ཕྱུང་བའི་བྱང་ཆུབ་སེམས་ཆོ་ག་བཞིན་དུ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཀྱི་སྔགས་པས། རྡོ་རྗེ་བློས་ནི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་དུ་ཤེས་པར་བྱས་ནས་
བཟའ་བར་བྱ་ཞེས་སོ། །འོན་ཀྱང་དངོས་གྲུབ་རྙེད་མི་དཀའ། །ཞེས་པ་ནི་ཞིང་དག་པའི་སློབ་མ་ནི་སྐྱེ་བ་གཅིག་ཐོགས་པའོ་ཞེས་སོ། །རྣམ་པ་འདི་བཞི་གསང་ཆེན་ཏེ། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་བཞི་པ་སྟེ་འོག་ནས་འཆད་དོ། །དེ་ཉིད་རྡོ་རྗེ་
ཅན་གྱི་གསང་བ་སྟེ། སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཞིང་དག་པའི་སློབ་མ་ལ་རང་རིག་ཆོས་ཀྱི་སྐུ་རྟོགས་པར་བྱ་བའི་ཕྱིར་ཀུན་མཁྱེན་ལ་སོགས་པས་གསོལ་བ་འདེབས་པ་ལ་རྣལ་འབྱོར་པ་སྙིང་པོའི་སྡོམ་པ་རྣམས་བྱིན་ནས། ཡང་མཆོག་སྦྱིན་རྡོ་རྗེ་
ལ་སོགས་པ་ལ་གསོལ་བ་འདེབས་པ་ལ། ཇི་སྐད་དུ་གསུངས་པའི་ཕྱག་རྒྱ་དང་དམ་ཚིག་དང་སྡོམ་པའི་མཆོག་སྨྲ་བ་དང་། བདེ་ཆེན་ཟ་མ་ཏོག་གི་སྔགས་བརྗོད་ནས་དེ་ལ་སྦྱིན་པའོ། །ཅིའི་ཕྱིར་ཞེ་ན། སྔགས་ཀྱི་འཁོར་ལོ་ཞེས་ཏེ་བདེ་བར་གཤེགས་པ་
རྣམས་སོ། །དེ་བུད་མེད་གཟུགས་སུ་བསྟན་པ་སྟེ། དགོས་པ་ནི་སེམས་ཅན་དོན་སྤྱད་ཕྱིར་གནས་པའོ་ཞེས་ཏེ། འདོད་པའི་ཁམས་ཀྱི་འདོད་ཆགས་དྲག་པོ་ལ་སྤྱོད་པའི་སེམས་ཅན་རྣམས་ངེས་པར་ཐར་པ་རབ་ཏུ་བསྒྲུབ་པའི་ཕྱིར་ཏེ། གཞན་དུ་མི་རྙེད་
པས་ན་གཟུགས་མཛེས་པའོ། །རྩ་བའི་རྒྱུད་ལས་ཀྱང་། ཨེ་མའོ་བྱང་ཆུབ་སེམས་ཉིད་ནི། །སེམས་ཅན་ཀུན་ལ་ཕན་དགོངས་པས། །འདུལ་བའི་དབང་གིས་གང་བའོ། །བུད་མེད་གཟུགས་ཀྱང་དེ་བཞིན་མཛད། །ཅེས་སོ། །དེ་བས་ན་དེའི་ཡིད་
འོང་ཞེས་པ་ལ་སོགས་པས་བྱིན་ལ་ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་དགའ་བ་དགག་པ་ལ་ཕྱོགས་ཤིང་བྲལ་བའི་དགའ་བའི་སྐྱེ་བ་ཕྱོགས་པའི་བར་དུ་བླ་མའི་མན་ངག་གིས་རྟོགས་པར་བྱའོ། །དེ་ནས་དེ་གཉིས་ཀྱི་རྗེས་སུ་འགྲོ་བ་ལ་སོགས་པ་ཡང་ཇི་ལྟ་བ་བཞིན་དུ་སྦྱིན་

པར་བྱའོ་ཞེས་སོ། །སློབ་མ་དབང་བསྐུར་བའི་ཆོ་ག་བསྡུས་པའོ། །ད་ནི་གོང་དུ་གསུངས་པའི་དངོས་གྲུབ་ཀྱི་ཤིས་པའི་ཟས་བསྟན་པའི་ཕྱིར། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་སྔགས་ནི་ལུས་ལ་སོགས་པ་
ལྷ་རྣམས་སོ། །དེ་མཉེས་པར་བྱེད་པའི་གསང་བ་སྟེ། གླང་པོའི་ཤ་ལ་སོགས་པའོ། །དེ་རྣམས་ཀྱང་རང་གིས་བཟའ་བར་བྱ་ཞིང་སྔགས་རྣམས་ལ་ཡང་དབུལ་བར་བྱ་ཞེས་སོ། །དེ་ཡང་སྔར་བསྙེན་པའི་ཆོ་ག་བསྟེན་པར་བྱས་པས་ནུས་པ་རྙེད་པས་ཉིན་རེ་རྡོ་རྗེ་སློབ་མ་
ཡིད་ཆེས་པར་བྱ་བའི་ཕྱིར། དེའི་སྦྱོར་བ་ལ་མཁས་པས་བདུད་རྩིའི་དཀྱིལ་འཁོར་ཟས་ཁྱད་པར་དུ་ཐར་པ་ལ་སོགས་པ་བྱས་ནས་བསྟེན་པར་བྱའོ་ཞེས་སོ། །དེའི་ཆོ་ག་ཡང་བཤང་གཅི་ནི་བདུད་རྩི་ལྔའོ། །ཤ་ནི་ཤ་ལྔའོ། །རྡོ་རྗེ་གསང་བའི་ཚིག་དག་གིས། །
ཞེས་པ་ནི་ཡི་གེ་གསུམ་གྱི་བཟླས་པའོ། །སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། །ཞེས་པ་ནི་རྡོ་རྗེ་ཁུ་བའི་དེ་མ་ཐག་ཏུ་ཨོཾ་བཀོད་ནས་བསིལ་ཕབ་སྟེ། དེས་འབར་བར་འགྱུར་ཞེས་སོ། །བདུད་རྩི་ལ་སོགས་པ་མ་རིག་པ་འཇོམས་ཤིང་ཡེ་ཤེས་ཀྱི་ངོ་བོ་བས་ན་རིག་པ་
སྐྱེས་བུ་ཆེན་པོ་ཞེས་སོ། །དེ་བསྟེན་པའི་ཡོན་ཏན་གསུངས་པ། དངོས་གྲུབ་ཐམས་ཅད་ཅེས་པ་ལ་སོགས་པའོ། །དམ་ཚིག་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཛིན་པའོ། །དེ་ཉིད་ཀྱི་ཁྱད་པར་ནི་སངས་རྒྱས་བྱང་ཆུབ་ཉིད་དོ། །དེ་ཡང་དེ་རྣམས་ཀྱིས་བཅུད་ལེན་དུ་
བྱས་ནས་བསྒྲུབ་པར་བྱ་ཞེས་སོ། །དངོས་གྲུབ་ཐམས་ཅད་བསྟན་པའི་ཕྱིར་མི་སྣང་ཞེས་པ་ལ་སོགས་པའོ། །བརྩོན་འགྲུས་ནི་སྦྱོར་བ་ལ་བྲོད་པའོ། །སྟོབས་ནི་སྐྱོ་བ་མེད་པའོ། །དཀྱིལ་འཁོར་དག་གི་ཞེས་པ་ནི་བདུད་རྩི་དང་ཤ་སྟེ། རིགས་ལྔའི་རང་བཞིན་གྱི་
ཕྱིར་རོ། །དེའི་སྦྱོར་བ་གསུངས་པ། བཤང་གཅི་ཞེས་པ་ལ་སོགས་པའོ། །ཆ་ནི་མཉམ་པར་བྱས་ནས་སུ། །ཞེས་པ་ནི་བདུད་རྩི་ལྔ་དང་ཤ་ལྔ་རིགས་རེ་རེར་སྦྱར་རོ། །ཁམ་ཕོར་སྦྱར་མར་གཞག་པ་ནི་ཨས་བསྐྱེད་པའི་བ་དན་ལ་རྣམ་པར་བཀོད་པའོ། །

སངས་རྒྱས་ཀུན་དང་ལྷན་ཅིག་འཁོད། །ཅེས་པ་ནི་དེའི་སྟེང་དུ་ཉི་མ་ཟླ་བའི་སྟེང་དུ་ཡི་གེ་ལྔ་བཀོད་ནས་དེའི་འོད་ཀྱིས་སངས་རྒྱས་ལྔ་བཀུག་པ་དེར་གཞུག་པའོ། །འདི་དག་ཀྱང་ལེའུ་བཅུ་གཉིས་པར་བཤད་ཟིན་ཏོ། །ད་ནི་རྡོ་རྗེ་བཟླས་པ་ལ་གནས་པའི་རྣལ་
འབྱོར་པས་བཞི་པ་ལ་གནས་པའི་ཆོ་གས་གྲུབ་པའི་མངག་གཞུག་བསྐུལ་བར་གསུངས་པ་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །གསང་བ་ཐམས་ཅད་ཅེས་པ་ནི་རྡོ་རྗེ་གསུམ་མོ། །རྡོ་རྗེ་མངག་གཞུག་པ་ནི་དེའི་རྣལ་འབྱོར་པའི་དགོས་པ་རྫོགས་པར་བྱེད་པ་སྟེ།
རིགས་ཀྱི་ཁྲོ་བོའོ། །དེ་རབ་ཏུ་སྒྲུབ་པའི་དམ་ཚིག་དམ་པའོ་ཞེས་སོ། །ཧྲཱི་ཞེས་པ་ནི་འོད་ཟེར་འབར་བ་དང་ལྡན་པ་མདུན་གྱི་ནམ་མཁའི་དབུས་སུ་བསམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བོའི་ཚོགས་ཀྱིས་ནམ་མཁའི་ཁམས་
གང་བར་བསྒོམས་ལ་དེ་རྣམས་སྐུ་གསུང་ཐུགས་ཀྱི་གནས་ནི་དང་པོའི་ས་བོན་དེར་ཨོཾ་ཨཱཿཧྲི་ཨ་མོ་གྷ་ཀོ་ཊི་ནན་བྷ་ཥ་ཨཱ་ཀཪྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་དབབ་པར་བྱའོ། །དེའི་བྱིན་རླབས་ལས་ཇི་ལྟར་འགྱུར་ཞེ་ན། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །སྐུ་གསུང་ཐུགས་
ཀྱི་སྔགས་ནི་མངག་གཞུག་པ་གསུམ་མོ། །དེ་བྱིན་གྱིས་བརླབ་པ་ནི་བསྐྱེད་པ་ཞེས་པའི་དོན་ཏོ། །ཨཱཿཁཾ་དྷཱིཿཞེས་པའི་ཡི་གེ་གསུམ་གང་ཡང་རུང་བར་གྱུར་པ་སྟེ་དང་པོའོ། །དེ་ལ་ཕྱག་ན་རྡོ་རྗེ་གཟུགས་ཆེན་དང་། །ཞེས་ཏེ་བདུད་རྩི་འཁྱིལ་པ་ལ་གཞན་
ཕྱག་བརྙན་དུ་ཆོ་ག་གཞན་པས་རྣམ་པར་བསམ་པ་སྟེ། གཉིས་པའོ། །དེ་བཞིན་དུ་ཕྱག་ན་པདྨོ་འོད་ཆེན་ནི་རྟ་མགྲིན་ནོ། །གཞན་གྱིས་མི་ཐུབ་གཟུགས་ཆེན་ནི་གཤིན་རྗེ་གཤེད་དོ། །དེ་རྣམས་ཡི་གེ་གསུམ་གནས་གསུམ་དུ་བཀོད་ནས་སྙིང་གར་གསང་
བའི་གནས་གཞག་པར་བྱའོ། །དེ་ཡང་གང་ཞེ་ན་དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །མི་བསྐྱོད་པ་དང་ཚེ་དཔག་མེད་ནི་ཉི་མ་ལ་བཞུགས་པའོ། །རྡོ་རྗེ་སྣང་མཛད་ནི་ཟླ་བ་ལ་བཞུགས་པར་བསམས་ནས་འོད་ཆེན་དང་ལྡན་པའི་མཚན་མ་ནི་དྲག་ཅིང་མི་བཟོད་པས་ནི་

སྡུག་བསྔལ་ཆེན་པོ་སྟེ་དེ་དང་སྙིང་པོས་གསང་བའི་གནས་བསྐུལ་བར་བྱའོ་ཞེས་སོ། །དེ་ཉིད་ཅེས་པ་ལ་སོགས་པའོ། །ཡི་གེ་ཨོཾ་དང་མདུང་རྩེ་ཆེ་ལ་སོགས་པའི་མཚན་མ་སྣ་ཚོགས་པས་ཆོ་ག་བཞིན་དུ་བསྐུལ་ནས་དེས་ཀྱང་རིམ་པས་སངས་
རྒྱས་ཉིད་རབ་ཏུ་འགྲུབ་ཅེས་སོ། །སྒྲུབ་པའི་གནས་གསུངས་པ། ཉམས་དགའ་ཞེས་པ་ལ་སོགས་པའོ། །ཟླ་བ་ཕྱེད་པ་ནི་སྒྲུབ་པའི་དུས་སུ། །སངས་རྒྱས་ཐོབ་པ་གདོན་མི་ཟ། །ཞེས་པ་ནི་རྒྱུ་ངེས་པ་ཐོབ་པའི་ཕྱིར་ན་ཕན་ཡོན་ནོ། །དེ་ཉིད་གསུངས་པ། རི་རབ་ཅེས་
པ་ལ་སོགས་པའོ། །སངས་རྒྱས་ཞིང་དུ་འགྲོ་བར་ཞེས་པ་ནི་དེས་ཁྲིད་ནས་འགྲོ་བའོ། །དེས་ཟབ་མོའི་ཆོས་ཀྱང་ཐོབ་པར་འགྱུར། །ཞེས་པ་ནི་རྫོགས་པའི་རིམ་པའི་ཆོས་མ་ཐོབ་པ་རྣམས་ཀྱང་ཐོབ་པ་སྟེ། དེ་ནས་སངས་རྒྱས་གྲུབ་པའི་མཚན་མ་བྱུང་བས་ན། སངས་རྒྱས་
ས་ཡང་ཐོབ་པར་འགྱུར། །ཞེས་སོ། །དམ་ཚིག་རྡོ་རྗེ་བཞད་པ་ནི་མངག་གཞུག་པས་དགའ་བ་རྙེད་པས་ན་དེ་སྐད་དོ། །སྦྱོར་བ་གང་གིས་དེ་བསྐུལ་བ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །གསུང་གི་རྡོ་རྗེ་
འཛིན་ཞེས་པ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་སྐུ་ཆེན་ཞེས་པ་ནི་རྣམ་པར་སྣང་མཛད་དེ། གང་ཡང་རུང་བ་མཉམ་པར་བཞག་ནས་རིགས་ཀྱི་རིམ་པའི་མངག་གཞུག་པ་དག་དུས་རྣམ་པ་བཞིར་བསྐུལ་ལོ་ཞེས་སོ། །དེའི་དོན་ནི་འདོད་པའི་ལྷའི་རྣལ་འབྱོར་པས་ས་བོན་
དང་པོ་ནམ་མཁའ་ལ་བསམས་པ་ལ་སངས་རྒྱས་ལ་སོགས་པ་ཕབ་པས་ཆོ་ག་དང་པོར་གྱུར་པའོ། །དེ་ཉིད་རིགས་ཀྱི་རིམ་པའི་མངག་གཞུག་པའི་གཟུགས་སུ་ཆོ་ག་གཉིས་པས་བསྐྱེད་ནས་ཡི་གེ་གསུམ་གནས་གསུམ་དུ་བསམས་ལ་གསང་བའི་གནས་སུ་ཡེ་
ཤེས་སེམས་དཔའ་བཞག་ལ་དབུ་རྒྱན་ལ་དོན་ཡོད་གྲུབ་པ་བསྒོམས་ཏེ། མདུང་རྩེ་ཆེ་ལ་སོགས་པས་གསང་བའི་གནས་བསྐུལ་ཞེས་པ་ཇི་སྐད་དུ་གསུངས་པའི་གནས་སུ་དུས་བཞིར་བསྒོམས་ན་ཟླ་བ་ཕྱེད་ན་འགྲུབ་པ་མངག་གཞུག་གིས་སངས་རྒྱས་ཞིང་དུ་ཁྲིད་ཅིང་

ཟབ་ཅིང་རྒྱ་ཆེ་བའི་ཆོས་ཐོས་པར་བྱས་ནས། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་གཉིད་འོངས་པས་སངས་རྒྱས་ཉིད་འགྲུབ་པའི་མཚན་མ་འབྱུང་བར་འགྱུར་རོ་ཞེས་སོ། །ད་ནི་ཐུན་མོང་གི་དམ་ཚིག་གི་གཞི་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །
ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ་ནི་དེས་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་བསྙེན་པ་དང་སྒྲུབ་པའི་དུས་སུ་འདའ་བར་མི་བྱ་བས་ན་སྔགས་ཀྱི་དམ་ཚིག་གོ། །དམ་ཚིག་བསྐུལ་བ་དང་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པའི་གསོལ་བ་གདབ་པའོ། །དམ་
ཚིག་གཏོང་བ་དང་ཞེས་པ་ནི་དེ་རྣམས་སྤྱན་དྲང་བར་བྱ་བའི་ཕྱིར་ལྷ་མོའམ། གསལ་ཤིང་ཐོགས་པ་ལ་སོགས་པའི་ཁྲོ་བོ་སྤྲོ་བའོ། །དམ་ཚིག་སྨྲ་བ་དང་ཞེས་པ་ནི་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་དེ་རྣམས་ལ་སྙན་པར་སྨྲ་བ་སྟེ། དེ་གཉིས་ནི་དང་པོ་བསྐུལ་བའི་
གོང་དུ་ཤེས་པར་བྱའོ། །དམ་ཚིག་འཆིང་བ་པོའི་ཞེས་པ་ནི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བསྡུས་ནས་ས་བོན་དེར་གཞུག་པའོ། །དེ་བས་ན་འདི་བསྒྲུབ་པ་དང་ཞི་བ་བསྐུལ་བའི་སྟ་གོན་ལ་གནས་པ་ལས་སྦྱར་བར་བྱའོ། །ཇི་སྐད་དུ། སྐུ་གསུང་ཐུགས་ཀྱི་
དེ་ཉིད་ནི། །སད་པར་བྱེད་པར་བསྐུལ་བར་གསུངས། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །འོད་ཟེར་འགྱེད་པ་གཏོང་བ་ཡིན། །རྡོ་རྗེ་ཅན་ཀུན་སྙན་མནན་པ། །རྡོ་རྗེ་ཅན་ཀུན་སྤྱན་དྲང་བའོ། །རྡོ་རྗེ་ཅན་གྱི་གནས་དེ་ཡི། །འོད་ཟེར་གྱིས་ནི་རྡོ་རྗེ་ཀུན། །
བསྡུས་ནས་གོང་བུའི་ཚུལ་གྱིས་སུ། །བཅིངས་པས་བཅིང་བ་ཞེས་བྱའོ། །ད་ནི་མངག་གཞུག་པ་དེའི་མཐུ་གསུངས་པ། ནམ་མཁའི་ཞེས་པ་ལ་སོགས་པའོ། །ནམ་མཁའ་ནི་གཟུགས་ཅན་གྱི་ཆོས་ཐམས་ཅད་རྣམ་པར་སྤངས་པ་ཡང་རྟ་དང་གླང་པོ་ལ་སོགས་པ་
བཞིན་དུ་གོང་བུའི་ཚུལ་དུ་གཞུག་པ་དེ་དག་གིས་རྨད་དུ་བྱུང་བའི་གཟུགས་སུ་བྱེད་ན་གཞན་ལྟ་ཅི་སྨོས་ཞེས་པའོ། །ཐམས་ཅད་ཅེས་པ་ནི་སངས་རྒྱས་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་མཚན་མ་ལས་བྱུང་བའི་ཕྱིར་ན་བུ་གཅིག་པ་ཞེས་བྱའོ། །ད་ནི་འཇམ་པའི་

རྡོ་རྗེའི་མདའ་ལྔའི་སྦྱོར་བས་དབང་དུ་བྱ་བ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་ཡང་སངས་རྒྱས་ལ་སོགས་པ་དབང་དུ་བྱེད་པར་འདོད་ན་རྡོ་རྗེ་གསུམ་གྱི་ངོ་བོ་འཇམ་པའི་རྡོ་རྗེའི་སྦྱོར་བ་གསང་བ་ཆེན་པོ་འདི་བསམ་མོ་ཞེས་སོ། །
ཇི་ལྟར་བསམ་ཞེ་ན་རྡོ་རྗེ་འཇམ་པ་ཞེས་པ་ལ་སོགས་པའོ། །དེ་བསྲུང་བའི་ནང་དུ་ནམ་མཁའ་རྡོ་རྗེའི་དབུས་སུ་ཇི་སྐད་གསུངས་པའི་གཞལ་ཡས་ཁང་བསྐྱེད་ནས། དེར་ཆོ་ག་ཉི་ཤུས་རྡོ་རྗེ་འཇམ་པ་སྟོབས་པོ་ཆེ་བསམས་ལ་མདའ་ལྔའི་སྦྱོར་བ་ཞེས་པ་ནི་སྡོང་བུ་དང་བཅས་
པའི་ཨུཏྤ་ལ་དམར་པོ་ཁ་ཕྱེ་བ་ལྟ་བུ་འདོད་བྱེད་དང་། རྨོངས་བྱེད་དང་། སྡང་བྱེད་དང་། བརྒྱལ་བྱེད་དང་། ངལ་བྱེད་དང་། དབང་གི་རང་བཞིན་གྱིས་སམ་མདའ་དམར་པོ་རྣམས་མཾ་ལས་བསྐྱེད་ཅིང་ལྟོང་ཨོཾ་གྱིས་བྱིན་གྱིས་བརླབས་ལ་སྨྱུག་མ་ཨཱཿམདེའུ་ཧཱུཾ་གིས་བྱིན་གྱིས་
བརླབས་པ་རྣམས་དབུ་རྒྱན་རྩེ་མོར་བརྒྱན་པར་བྱ་སྟེ་རྣ་དྲུང་དུ་བཀང་བའི་མདས་དབུ་རྒྱན་གྱི་རྩེ་མོར་བརྒྱན་ཏེ། བསྒྲུབ་བྱའི་གནས་ལྔ་དག་ནི་ཐམས་ཅད་དུ་ཞེས་ཏེ་མགོ་དང་། དཔྲལ་བ་དང་། ཁ་དང་སྙིང་ག་དང་ལྟེ་བ་རྣམས་སུ་འཇམ་པའི་རྡོ་རྗེའི་ཁྲོ་བོའི་སྔགས་ཀྱི་
ཚིག་ཨོཾ་ཨཱཿམཾ་མཉྫུ་ཤྲཱི་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧཱུཾ་ཧོ་ཞེས་པས་གདབ་བོ། །དེ་སེམས་ཟླ་བ་སྦྱང་ལྡན་ལྟ་བུར་བཟློག་སྟེ། རིམ་པ་གཉིས་པར་ཆུད་པར་བྱས་ནས་བསྒྲུབ་བྱ་ཡང་སྙིང་རྨོངས་པའི་ངོ་བོར་གྱུར་ནས་སྔངས་ཤིང་བརྒྱལ་ཏེ་སྡོང་པོ་བཅད་པ་བཞིན་དུ་རྐང་པ་གཉིས་
ཀྱི་འོག་ཏུ་ཆུད་པར་བསྒོམ་མོ། །བྱིས་པའི་བློ་ཞེས་པ་ནི་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱིས་སོ། །འདི་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཟླ་བ་ཕྱེད་དུ་གསང་བ་བསྐུལ་བ་འདི་བསྒོམ་ཞེས་སོ། །དེས་རྡོ་རྗེ་ཀུན་གྱི་རབ་ཏུ་གསང་བ་སྟེ་དབང་དུ་བྱ་བའི་ཆོ་གའོ། །
ཆུད་པར་གསུངས་པ་ནི་སྦྱོར་བ་མངོན་དུ་གྱུར་ཞེས་པའི་ཐ་ཚིག་གོ། །དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་གདོང་གཡོགས་དགྲོལ་བའི་ཆོ་ག་གསུངས་པ། ནམ་མཁའི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །དེ་ཡང་ནམ་མཁའི་རྡོ་རྗེའི་དབུས་སུ་སངས་རྒྱས་ལས་གྱུར་པའི་

དཀྱིལ་འཁོར་གྱི་ནང་དུ་ཆུད་པའི་སློབ་མ་གོང་མ་ལྟར་རྡོ་རྗེའི་མཚན་མ་ལ་སོགས་པ་དང་ཧཱུཾ་ལ་སོགས་པ་རྡོ་རྗེ་གསུམ་དང་། སོགས་ཀྱི་སྒྲས་བསྡུས་པའི་ཡེ་ཤེས་སེམས་དཔའ་དང་ལྡན་པར་བྱས་ནས་གོང་དུ་གསུངས་པའི་བྱ་བ་ཐམས་ཅད་བྱས་པས་མེ་ཏོག་དོར་རོ། །ཨོཾ་ནི་
མིག་ཏུ་བསམ་ནས་ནི། །ཞེས་པ་ནི་མིག་གཉིས་ལ་དེ་ཁོ་ནས་མཚན་ཏེ་གདོང་གཡོགས་དཀྲོལ་ཏེ། ཨོཾ་བཛྲ་སཏྭ་ས་མནྟེ་ཞེས་པ་ལ་སོགས་པ་བརྗོད་ནས་འདི་དག་ཆོ་ག་བཞིན་དུ་བསྟན་ཞེས་སོ། །དེ་ནས་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་པ་དང་། མཚན་མ་ཀུན་གྱི་
གཟུགས་དག་ཅེས་པ་ནི་ལྷའི་མཚན་མ་བཀོད་པའོ། །དེ་ཡང་། ཚུལ་གསུམ་རྡོ་རྗེ་ཅན་དུ་མཐོང་། །ཞེས་ཏེ་སྐུ་དང་ཡི་གེ་དང་ཕྱག་རྒྱའི་གཟུགས་སུ་མཐོང་བ་སྟེ་དེའི་དངོས་གྲུབ་ཉེ་བའོ། །གཞན་ཡང་ཁ་དོག་ལ་སོགས་པའི་དབྱིབས་ལས། ལས་རྣམས་ཀྱི་དངོས་
གྲུབ་ཤེས་པར་བྱའོ། །བཀྲེས་སྐོམ་གཞོམ་པའི་སྦྱོར་བ་གསུངས་པ། བཀྲེས་སྐོམ་ཞེས་པ་ལ་སོགས་པའོ། །རྣམ་པར་སྣང་མཛད་གཟུགས་ཆེན་པོ། །ཞེས་པ་ནི་དེའི་སྦྱོར་བས་གནས་ཞེས་ཏེ་མཚོན་པ་ཙམ་མོ། །དེས་བསམས་ན་ཐམས་ཅད་དོན་ཐམས་
ཅད་སྦྱོར་ཞེས་སོ། །ཇི་ལྟར་ཞེ་ན། བཾ་ནི་ཁ་ཡི་ནང་དུ་བསྒོམ། །ཞེས་པ་ནི་དེ་ལ་རྐན་གྱི་དབུས་སུ་དེ་ལས་སྐྱེས་པའི་བུམ་བཟང་སེར་པོ་ཟླ་གམ་ཕྱེད་པས་ཁ་བཅད་པ་ཐིགས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་ཁ་ཟས་ཀྱི་རང་བཞིན་བསམས་ལ། རང་གི་ལྕེ་རྩེ་ལ་འདུག་
པའི་ཨོཾ་གྱིས་བདུད་རྩི་ལྔ་ལ་སོགས་པའི་རང་བཞིན་གྱི་བཟའ་བར་བྱ་བ་ཀུན་གྱི་གནས་ལས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཐིགས་པས་བརྒྱན་པ་ལས་དྲངས་ནས་ཚིམ་པར་བྱེད་པས་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་ཞིང་སེལ་ལོ། །དེ་ཉིད་ཡེ་ཤེས་རྡོ་རྗེ་ལྟ་བུའི་ནུས་པ་ཅན་
ལས་བྱུང་བ་སྟེ། གཞན་ལ་མ་ཡིན་ནོ། །བཟའ་བར་བྱ་བ་ཟད་མི་ཤེས་པས་ན་ཡིད་བཞིན་ནོར་བུའོ། །ད་ནི་བཞི་པ་ལ་གནས་པའི་ཆོ་ག་སྔགས་ཀྱི་ཁྱད་པར་རྣམས་ཀྱི་སྒྲུབ་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཕྱག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རྩེ་ལྔ་པ་

འཛིན་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དཔའ་བོ་ཆེན་པོ་ཞེས་པ་ནི་དེ་བསྐྱེད་པའི་རྒྱུ་སྟེ་མི་བསྐྱོད་པའོ། །དཔལ་རྡོ་རྗེ་སྒོམ་པའི་ཚིག་འདི་ཕྱུང་ངོ་ཞེས་སོ། །སངས་རྒྱས་དཀྱིལ་འཁོར་འོད་བཟང་ཞེས་པ་ནི་གཞལ་ཡས་ཁང་པའོ། །དེ་ནམ་མཁའ་རྡོ་རྗེ་དབུས་
བསམ་ཞེས་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པར་བྱས་ལ། དེར་རྒྱུའི་ཆོ་ག་བཞི་རྫོགས་པས་ཆོ་ག་དང་པོ་ལས་བི་ལས་གྱུར་པའི་རྡོ་རྗེ་སེར་པོ་བི་ཡིས་མཚན་པ་བསམས་ཏེ། དེའི་འོད་ཀྱིས་རྡོ་རྗེ་སྐུ་གསུམ་དེའི་གཟུགས་སུ་བྱས་ནས་དེ་ལ་ཐིམ་པས་དཔའ་བོ་རྡོ་རྗེར་གྱུར་ནས་ཅི་
བསྒོ་བ་ཉན་པར་བསམ་མོ། །ཇི་ལྟར་ཞེ་ན། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཞེས་པ་ནི་གདུ་བུ་དཔུང་རྒྱན་ལ་སོགས་པས་བརྒྱན་པའོ། །མདོག་ཅུང་ཟད་སེར་བ། གཡས་གནག་པ། གཡོན་དཀར་བ། ཕྱག་དང་པོས་རང་སྣང་བའི་རིག་མ་ལ་འཁྱུད་པ་
གཡས་ན་རྡོ་རྗེ་སེར་པོ་དང་རལ་གྲི། གཡོན་པ་ན་པདྨ་དང་ནོར་བུ་བསྣམས་པ། འགྱིང་ཞིང་ཞི་བ་མཁྱེན་པ་དང་ཕྱག་རྒྱས་བཏབ་པ་ཐོར་ཚུགས་དབུ་རྒྱན་ལ་མི་བསྐྱོད་པས་བརྒྱན་པ་བསམས་ནས་ཇི་ལྟར་འདོད་པའི་ལས་ཐམས་ཅད་བསམ་པར་བྱའོ་ཞེས་སོ། །རྡོ་རྗེ་དཔའ་
བོ་ཞེས་པ་ནི་མི་བསྐྱོད་པའོ། །དེའི་རླབས་ཀྱི་ཕྲེང་བ་སྟེ་རིགས་ཀྱི་སེམས་དཔའོ། །དེའི་ཏིང་ངེ་འཛིན་ཏོ། །སྐུལ་བྱེད་མའི་སྒྲུབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱི་དབྱིངས་ཞེས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་སྒྲ་
སྒྲོགས་པས་རྡོ་རྗེ་སྟེ་མི་བསྐྱོད་པའི་ཚུལ་གྱིས་སྙོམས་པར་ཞུགས་ནས་ཞེས་སོ། །རྡོ་རྗེ་ཆེན་པོ་བསྒོམ་པ་ནི་དེའི་རིགས་ལས་སྐྱེས་པའི་སེམས་མ་འདི་ཕྱུང་ངོ་ཞེས་སྦྱར་རོ། དེ་ཡང་གོང་མ་ལྟར་ན་ནམ་མཁའ་རྡོ་རྗེའི་དབུས་སུ་རྟེན་གྱི་དཀྱིལ་འཁོར་བསམས་ལ།
དང་པོའི་ཆོ་ག་བཞི་རྫོགས་པས་གཉིས་པའི་དང་པོ་ལས་ཙུཾ་ལས་བྱུང་བའི་པདྨ་དཀར་པོ་དེས་མཚན་པའི་འོད་ཀྱིས་སངས་རྒྱས་ཀྱི་སྤྲིན་ལ་ཕོག་པ། ས་རྡོ་རྗེ་བུད་མེད་གྲགས་ཆེན་ཏེ། ཙུནྡའི་གཟུགས་སུ་བྱས་ནས་ལུས་དང་ངག་དང་སེམས་ལ་དབབ་པ་ཞེས་ཏེ། དེའི་

ངོ་བོའི་ཡི་གེ་ཙུཾ་ལ་བཅུག་པས་སངས་རྒྱས་རྡོ་རྗེ་མའི་གཟུགས་སུ་བསྒོམ་མོ། །ཇི་ལྟ་བུ་ཞེ་ན། གོང་མ་ལྟར། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་པ། །ཁ་དོག་དཀར་མོ། གཡས་གནག་གཡོན་དམར་བ་ཕྱག་དང་པོས་རང་གི་ཐབས་ལ་འཁྱུད་པ། གཡས་
གཉིས་པདྨ་དང་རལ་གྲི། གཡོན་གཉིས་ན་ནོར་བུ་དང་འཁོར་ལོ་བསྣམས་པའོ། །བར་མས་བྱིན་གྱིས་བརླབ་པའི་དབུ་ལ་རྡོ་རྗེ་རྒྱལ་པོ་ཆེ་སྟེ། མི་བསྐྱོད་རིན་པོ་ཆེའི་ཅོད་པན་ལ་བསམས་ལ་ལས་ཀྱི་ཁྱད་པར་གྱི་དོན་དུ་སྔགས་ཀྱི་དམ་ཚིག་དགོད་དོ་ཞེས་སོ། །
བཅོམ་ལྡན་འདས་མ་འདི་ནི་བྱང་ཆུབ་སེམས་དཔའི་གཟུགས་འཛིན་པས་ན་རྒྱུད་ལས་གང་ཉི་མའི་དཀྱིལ་འཁོར་དམ་པ་ནི་ཞེས་པ་དེ་ལ་འཛེམ་པར་མི་བྱ་སྟེ་ཟླ་བར་ཤེས་པར་བྱའོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པའོ། །དེའི་ཡེ་ཤེས་ཀྱི་འོད་ཟེར་ནི་སྐུལ་བྱེད་མའོ། །ཆུའི་
དབང་པོ་སྒྲུབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཆོས་ཀྱི་དབྱིངས་སོ། །དེས་ནོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་སོ། །ཏིང་ངེ་
འཛིན་ཞེས་པ་ནི་རང་གི་ལྷ་གསལ་བའོ། །འཁོར་ལོའི་ཚུལ་ཞེས་པ་ནི་རྣམ་པར་གསལ་བ་དེ་དང་འབྲེལ་པ་ལ་དམིགས་པ་སྟེ་དེ་ཕྱུང་ངོ་ཞེས་སོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནི་དེའི་རིགས་ལས་བྱུང་བའོ། །དེ་ནམ་མཁའ་རྡོ་རྗེའི་དབུས་སུ་བསམ་ཞེས་པ་
ནི་ཇི་སྐད་དུ་གསུངས་པའི་རྒྱུའི་ཆོ་ག་རྫོགས་པས་ཆོ་ག་དང་པོ་ལས་ཛཾ་ལས་བྱུང་བའི་བི་ཛ་པཱུ་ར་རྡོ་རྗེས་མཚན་པའི་འོད་ཀྱིས་སངས་རྒྱས་ཀུན་ལ་ཕོག་པས་རྡོ་རྗེ་གནོད་མཛེས་ཀྱི་གཟུགས་སུ་བསྒོམས་པ་དབབ་པར་བྱས་ཏེ་དེ་ལ་ཐིམ་པར་བྱ་བའོ། །དེས་ཇི་ལྟར་འགྱུར་
ཞེ་ན། ཛཾ་བྷ་ལ་ནོར་བུ་གྲུབ་པ་ཞེས་ཏེ། ནོར་གྱི་དངོས་གྲུབ་སྩོལ་བར་བྱེད་པའི་གནོད་སྦྱིན་ཆེན་པོའི་གཟུགས་སུ་བདག་ཉིད་རྫོགས་པར་བྱའོ་ཞེས་སོ། །དེ་ཡང་། ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཞེས་ཏེ་རྐང་པ་ཐུང་ཞིང་གསུས་པོ་ཆེ། །ཞལ་གསུམ་

ཕྱག་ནི་གསེར་བཙོས་འདྲ། །གཡས་གནག་གཡོན་ནི་དཀར་པོ་སྟེ། །ཞབས་ནི་བུམ་བཟང་ལ་གཞག་པ། །དང་པོས་འཕགས་མ་ནོར་རྒྱུན་འཁྱུད། །བི་ཛ་པཱུ་ར་རལ་གྲི་གཡས། །རིན་ཆེན་སྐྱུག་བྱེད་ཏིལ་འབྲུས་མཚན། །དེ་འོག་པདྨ་
འཛིན་པའོ། །པདྨ་ཟླ་བའི་སྟེང་དུ་ནི། །སྐྱིལ་ཀྲུང་ཕྱེད་པས་མནན་ནས་ནི། །གཅིག་གིས་གོང་མ་ཁ་སྦུབས་གཏོང་། །ནོར་རྒྱུན་དམར་པོ་དང་པོ་གཉིས། །གནོད་སྦྱིན་འབྲས་ཀྱི་སྙེ་ལྡན་པ། །གཞན་མ་བདག་བཞིན་ཤེས་པར་བྱ། །ཞེས་སོ། །དེ་ནས་ཡན་
ལག་གཉིས་དང་ལྡན་པས་ཐོར་ཚུགས་དབུ་རྒྱན་ལ་རྡོ་རྗེ་ཅན་ཏེ་མི་བསྐྱོད་པ་བསམས་ལ། དེའི་གནས་ལྔ་སྟེ། མགོ་དང་། དཔྲལ་བ་དང་། ཁ་དང་། སྙིང་ག་དང་། ལྟེ་བ་རྣམས་སུ། སངས་རྒྱས་ལྔ་ཡི་ཆོ་ག་ཡིས། །ཞེས་ཏེ་མི་བསྐྱོད་པ་དང་། རིན་ཆེན་དཔལ་
དང་། འོད་དཔག་མེད་དང་། རྣམ་པར་སྣང་མཛད་དང་། དོན་ཡོད་གྲུབ་པ་རྣམས་གོ་རིམས་བཞིན་དུ་བསྒོམ་པར་བྱ་སྟེ། བསྒྲུབས་ན་ཇི་སྐད་གསུངས་པ་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་པ་ལ་སོགས་པའོ། །དེའི་
མན་ངག་ནི་འདི་ལྟ་སྟེ། འདོད་པའི་ལྷའི་རྣལ་འབྱོར་པས་ཆོ་ག་བཅུ་གཉིས་རྫོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པའི་ཟླ་བར་ཞུ་བའི་ཆོ་ག་དང་པོ་དང་། དེ་ཉིད་ཛཾ་དུ་གྱུར་པའི་ཆོ་ག་གཉིས་པ་དང་། དེ་ཉིད་ལ་གནོད་གནས་དང་འབྲེལ་པའི་
དཀྱིལ་འཁོར་བསམས་པ་སྟེ། ཆོ་ག་གསུམ་པའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པའི་སྔོན་དུ་འགྲོ་བའི་རྡོ་རྗེ་བདུད་རྩིའི་ཆུ་སྣོད་གནས་དེའི་བསམ་གཏན་གྱིས་གནས་ལ་འཇུག་པས་དེའི་ལྕེ་ལ་ཇི་བསམས་ལ་ཨོཾ་ཨཱ་ཛ་དྷ་ནཾ་དྷེ་ཧཱུཾ་
ཞེས་བརྗོད་པས་ཞལ་དུ་དབུལ་བར་བྱའོ། །དེ་ནས་དེའི་དབུ་ལ་རྡོ་རྗེ་སེམས་དཔའ་སྟེ། མི་བསྐྱོད་པ་བསམས་ནས་གནོད་སྦྱིན་དབང་པོ་མཉེས་ནས་མངོན་པར་འདོད་པའི་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་སོ། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་མི་བསྐྱོད་པའོ། །དེ་

ལས་མི་འདའ་བས་ན་རྡོ་རྗེ་དམ་ཚིག་སྟེ། དེ་ཉིད་ཀྱིས་ནོར་བསྒྲུབ་པས་མཛེས་པས་ན་རྒྱལ་མཚན་ཏེ། སྒྲུབ་པ་པོའི་རྒྱུད་ལ་འཇུག་པས་ན་ཤིང་རྟའི་དཔལ་ཞེས་བྱའོ། །གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འདོད་
པ་ནི་འདོད་ཆགས་ཆེན་མོའོ། །དེ་མཉེས་པར་བྱེད་པའི་དཔལ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ལ་སྙོམས་པར་ཞུགས་ནས་ཞེས་སོ། །གནོད་སྦྱིན་མོ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བས་ན་རྡོ་རྗེ་དམ་ཚིག་སྟེ། དེའི་ཚིག་འདི་ཕྱུང་ངོ་ཞེས་སྦྱར་རོ། །ནམ་མཁའ་
རྡོ་རྗེ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སུ་རྟག་པ་ལས་བྱུང་བའི་གཞལ་ཡས་ཁང་པ་གྲུ་བཞི་ལྷམ་པ་རབ་ཏུ་བཟང་བ་ངོས་བཞི་ཤེལ་ལ་སོགས་པའི་རིན་ཆེན་བཞི་ལས་བྱས་པ་མེ་ཏོག་ལ་སོགས་པ་ཀུན་དུ་འཁྲིགས་པ་རྣམ་པར་བསམས་ལ་འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་པས་
མདུན་དུ་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཟླ་གམ་ཐིག་ལེའི་ཐོག་ཅན་གྱི་ཁྱིམ་བསམ་པ་སྟེ་ཆོ་ག་དང་པོའོ། །དེ་ནས་གནོད་སྦྱིན་མོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་གང་བར་བསམས་ལ་གཟུགས་ཀྱི་སྤྲིན་ཡི་གེ་གསུམ་གྱི་བར་དུ་བཅུག་པའི་རྡོ་རྗེ་སྦྱོར་བས་ས་བོན་དེ་
ལས་དབབ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། གསེར་མདོག་མཛེས་པའི་ཆ་ལུགས་ཅན། །བུད་མེད་གཞོན་ནུ་འཇོ་སྒེག་ལྡན། །དར་གྱི་ན་བཟའ་མདོག་ལྡན་གྱིས། །སྟོད་སྨད་དཀྲིས་ཤིང་རྒྱན་གྱིས་བརྒྱན། །ཅུང་ཟད་འཛུམ་ལྡན་ཞལ་མཛེས་པ། །མེ་
ཏོག་ཁ་དོག་ལྔ་པ་ཡི། །ཕྱེད་ཀྲུང་པ་ཡི་ཟུར་ཕུད་ཅན། །མེ་ཏོག་ཕྲེང་སོགས་སེ་རལ་མཛེས། །གཡས་ན་གདུགས་དཀར་བསྣམས་ཤིང་གཡོན། །དཔག་བསམ་ཤིང་རྟེན་སྒེག་ཚུལ་ལྡན། །པདྨའི་སྟེང་ན་ཟླ་བ་སེར། །སྟེགས་འདུག་རིན་པོ་ཆེ་ཡི་ནི། །
ཕུག་ན་གནས་པ་བསམ་ཡས་ཏེ། །ཞེས་གཉིས་པའོ། །དེ་ཡང་ཡན་ལག་དང་ལྡན་པའི་གཤིན་རྗེ་གཤེད་ཀྱིས་དབུ་བརྒྱན་པ་བསམས་ལ། དེའི་ཡེ་ཤེས་སེམས་དཔའ་བཀུག་ལ་གནས་གསུམ་རྡོ་རྗེའི་བྱེ་བྲག་གིས་ཞེས་པ་ནི་དྲངས་ཏེ་བསྒོ་བ་དང་། དབྱེ་བ་དང་

གཏོར་མ་སྦྱིན་པ་ལ་སོགས་པའི་ལས་ཀྱི་ཆོ་ག་བཞིན་དུ་བསྒོམས་ན་ཇི་སྐད་དུ་བཤད་པའི་ཡོན་ཏན་ཐོབ་པར་འགྱུར་བ་སྟེ། ཞི་བའི་སྦྱོར་བའོ། །དེ་མ་གྲུབ་ན་དྲག་ཤུལ་གསུངས་པ། སྙིང་གའི་ཞེས་པ་ལ་སོགས་པའོ། །དེའི་སྔགས་ཀྱི་ཚིག་
གོང་གི་ཡི་གེ་བསྒོམས་ལ་དེ་འཁྱུད་ནས་རྡོ་རྗེ་སྦྱོར་བ་པདྨར་གསལ་ཏེ་དེའི་ལམ་ནས་བྱུང་བའི་འོད་སྟུག་པོས་ཡི་གེ་བསྐུལ་བ་མེ་ལྟར་འབར་བ་ཚ་སྟེ། སྐྲག་ནས་དངོས་གྲུབ་སྟེར་བར་འགྱུར་བས་ན་བརྩམ་པར་བྱ་ཞེས་སོ། །གནོད་སྦྱིན་མོ་ཐམས་ཅད་སྒྲུབ་པ་པོ་
མཉམ་ཉིད་དུ་སྦྱོར་བ་སྟེ། དེས་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ་ཞེས་སོ། །ད་ནི་ཐ་མལ་པའི་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་མར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྔགས་ཐམས་ཅད་
ཀྱི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་འབྱུང་བ་ནི་དངོས་གྲུབ་ཕྲ་མོ་སྟེ། མི་ཕྱེད་པས་ན་རྡོ་རྗེ་ལྟ་བུ་ལ་སྙོམས་པར་ཞུགས་ནས་ཞེས་སོ། །ལུས་དང་ངག་དང་སེམས་ཀུན་གྲུབ་པ་ཞེས་པ་ནི་རྨོངས་པའི་ལུས་ལ་སོགས་པ་ལས་འདས་ཤིང་སངས་རྒྱས་ཀྱི་གཟུགས་
འཛིན་པ། མཚན་དང་དཔེ་བྱད་ཀྱི་འོད་བཟང་པོ་དང་ལྡན་པ། འཛམ་བུ་གསེར་གྱི་མདོག་འདྲ་བ་གྲུབ་ཡང་། དངོས་གྲུབ་ཕྲ་མོ་དག་ལ་གནས་ཞེས་ཏེ། གང་དག་དངོས་གྲུབ་ཕྲ་མོ་ཐོབ་པ་རྣམས་དེ་ཁོ་ན་ཡོངས་སུ་སྨིན་པ་ལས་གྱུར་པའོ། །དེ་ཉིད་གསུངས་པ་མི་
སྣང་བ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །གོང་དུ་གསུངས་པའི་གནོད་སྦྱིན་གྱི་རྒྱལ་པོ་གྲུབ་ན་ནོར་ལ་དབང་བའི་རིག་པ་འཛིན་པའི་དབང་པོར་འགྱུར་རོ་ཞེས་སོ། །དེ་རྣམས་ཀྱི་ཕན་ཡོན་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་
ནི་རྡོ་རྗེ་གསུམ་གྱི་དངོས་གྲུབ་པོ། །དེའི་གཟུགས་ཉིད་གསང་བ་སྟེ་རྡོ་རྗེའོ། །དེ་འཛིན་པའི་མཆོག་སྔགས་ཀྱི་དངོས་གྲུབ་རྣམས་ཞེས་སོ། །དེ་ཉིད་གསུངས་པ། སྔགས་ཀྱི་དངོས་གྲུབ་ནི་ཤེས་པ་དང་སྐྱོབ་པར་ལྡན་པའི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོའོ། །དེ་ཐོབ་ན་

མཛེས་པའི་གཟུགས་སེམས་ཅན་མཐོང་བ་ཐམས་ཅད་དགའ་བར་འགྱུར་ཞེས་སོ། །དེ་བཞིན་དུ་འཁོར་ལོས་སྒྱུར་བའི་གཙུག་ཏོར་བརྒྱད་གྲུབ་ན། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟར་ཐམས་ཅད་ཀྱི་དགོས་པ་འགྲུབ་པར་འགྱུར་རོ་ཞེས་སོ། །གཞན་ཡང་དེ་ཉིད་སངས་
རྒྱས་དང་བྱང་ཆུབ་སེམས་དཔའི་མཆོག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་ལས་བྱུང་བའི་ཕྱིར་རོ་ཞེས་པའོ། །དངོས་གྲུབ་ཕྲ་མོས་རང་གི་བསམ་པ་ཡོངས་སུ་རྫོགས་པ་ཉིད་རྡོ་རྗེ་ཞེས་བྱའོ། །ད་ནི་གསང་བའི་བརྟུལ་ཞུགས་ཀྱི་ལྷ་མོའི་ལུས་ཐོབ་
པའི་དེ་མ་ཐག་ཏུ་ཕྱིའི་རིག་པའི་བརྟུལ་ཞུགས་གསུངས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་གསུམ་མོ། །དེ་རིག་པའི་བརྟུལ་ཞུགས་ཏེ་རིག་མ་དང་ལྡན་པར་བརྟུལ་ཞུགས་སྤྱོད་པ་སྟེ། ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱས་ཡང་དག་པའི་ལེགས་པའི་
སྤྱོད་པ་སྟེ་དེ་ཕྱུང་ངོ་ཞེས་སོ། །ཇི་སྐད་དུ། ཐམས་ཅད་ཆོས་ནི་གཉིས་མེད་དེ། །དངོས་པོ་གཉིས་ཀྱིས་མཚོན་པ་ཡིན། །དེ་བས་འཁོར་བ་རྣམ་བྲལ་བ། །ཁྱོད་ཀྱིས་བརྟག་པར་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་
ཞུགས་བླ་ན་མེད། །ཅེས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་པ་ནི་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་མི་བསྐྱོད་པའོ། །དེ་དག་གི་ལུས་དང་ངག་དང་སེམས་ཀྱིས་བསྒོམ་པ་ནི་རང་གི་རིག་པའི་གཟུགས་དངོས་ཏེ་བསམ་གཏན་མ་ཡིན་ཏེ། མངོན་
སུམ་ཁོ་ནར་ལྷན་ཅིག་ཏུ་དེའི་སྐུ་ཉིད་འགྲུབ་པར་འགྱུར་ཞེས་མདོར་བསྡུས་པའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་བརྟུལ་ཞུགས་སྤྱོད་པ་གསུངས་པ། དེ་ལ་འདི་ནི་ཞེས་པ་ལ་སོགས་པའོ། །ཐོར་ཚུགས་དང་རྒྱན་དུ་ལྡན་པ། རྣམ་པར་སྣང་མཛད་
ཆེན་པོ་ཁ་དོག་སྟོན་ཀའི་ཟླ་བ་བཟང་པོ་འདྲ་བ་མངོན་དུ་མཉམ་པར་བཞག་ནས་ཇི་སྐད་དུ་གསུངས་པའི་སྔགས་ཀྱི་སྡོམ་པ་དང་ལྡན་པར། ཆོ་ག་བཞིན་དུ་ཐམས་ཅད་བྱ། །ཞེས་ཏེ་དེའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་དང་། ཐོར་ཚུགས་ལ་སོགས་པ་ཡང་

བརྡུངས་མ་ལ་སོགས་པ་བྱ་བའི་དོན་ཏོ། །གང་དང་ལྷན་ཅིག་བྱ་ཞེ་ན། ལོ་གྲངས་བཅུ་དྲུག་ཅེས་པ་ལ་སོགས་པའོ། །དེ་ཡང་བཙོ་བླག་མཁན་གྱི་བུ་མོ་བཅུ་དྲུག་ལོན་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བཀླུབས་པ། རང་གི་མཚན་མ་དང་ལྡན་ཞིང་
བཞིན་སྡུག་ཅིང་མིག་དཀྱུས་རིང་བ། ཐབས་གཉིས་ཀྱིས་རྙེད་ནས་དེ་དང་ལྷན་ཅིག་ཏུ་རྣམ་པ་བཅུ་གཉིས་སུ་སྤྱོད་ཅེས་སོ། །ཇི་ལྟར་སྤྱོད་ཅེ་ན། །སྤྱན་གྱིས་ཞེས་ཏེ་དེ་ཉིད་དེ་ལྟར་འགྱུར་བའོ། །དེའི་གོ་འཕང་ནི་གསང་བའི་པདྨ་སྟེ། དེ་དང་ལྷན་ཅིག་ཏུ་རྡོ་རྗེ་མཚན་མས་ཇི་
སྐད་དུ་བཤད་པའི་དོན་བསྒོམ་པར་བྱ་ཞེས་སོ། །དེ་གསང་བའི་བརྟུལ་ཞུགས་ཀྱི་དུས་སུ་མངོན་པར་འདུ་བྱ་བའི་ཆོ་ག་གསུངས་པ། ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །དེ་ཡང་རིམ་པ་ནས་སྦྱངས་ནས་ཕྱག་རྒྱའི་ཆོ་ག་དང་། སྔགས་ཀྱི་ཆོ་ག་དང་སྔགས་ཀྱི་རྒྱུད་
ལ་སོགས་པ་ལེགས་པར་བསླབས་པ། མདོ་ལ་སྐལ་བ་དང་ལྡན་པར་གྱུར་པ་ལ་སོམ་ཉི་མི་བྱའོ། །གཞན་ལ་ཡང་ཇི་སྐད་དུ། ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དོ། །
དེའི་བཙུན་མོ་ནི་སྤྱན་མའོ། །དག་ལ་ཞེས་པ་ནི་ལུས་ལ་གནས་པའི་ལྷ་མང་བས་ན་དམ་ཚིག་མང་ངོ་། །དེ་ཉིད་སངས་རྒྱས་བྱང་ཆུབ་ཀྱི་གནས་སོ། །དེ་ལ་བརྟུལ་ཞུགས་ཆེན་པོ་ལ་འཇུག་པ་ལ་སོགས་པའི། དུས་བཞིར་གསང་བའི་མཆོད་པ་བྱ། །ཞེས་
ཏེ་ཐོ་རངས་ལ་སོགས་པ་ནི་མ་ཡིན་ནོ། །སྡོང་བུ་རྩ་བ་འབྲས་བུ་ཡི། །བཟའ་དང་བཅའ་བ་སྤྱད་པར་བྱ། །ཞེས་པ་ནི་ལས་ཆུང་བ་སྟེ། རེ་བ་དང་ལྡན་པའི་ཉོན་མོངས་པའི་ཕྱིར་ན་སྒོམ་པ་ལ་ནན་ཏན་དུ་གསུངས་སོ། །གཞན་དུ་རང་གི་རྒྱུ་མཐུན་པ་འབའ་ཞིག་
བརྡས་བྱ་བ་སྟེ། དེ་རྣམས་ནི་དེའི་བརྡར་ཤེས་པར་བྱའོ་དེའི་འབྲས་བུ་གསུངས་པ། འོན་ཀྱང་ཞེས་པ་ལ་སོགས་པའོ། །ཟླ་བ་དྲུག་གིས་ནི་ཞེས་པ་ལ་སོགས་པ་ཞེས་བར་གྱི་ཚིག་གོ། །དེའི་བསྲུང་བའི་དམ་ཚིག་གཞན་དུ་གསུངས་པ། རྟག་ཏུ་ཞེས་པ་ལ་

སོགས་པའོ། །གཞན་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་ནོར་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་ཏེ། དེ་རྣལ་འབྱོར་གྱིས་བསྐུལ་བར་བྱ་ཞེས་སོ། །རྨད་དུ་བྱུང་བའི་རྣམ་པར་རྟོག་པ་དང་ལྡན་པའི་ཆོས་ཇི་སྙེད་པའོ། །དེ་ཉིད་གཞིགས་པ་ནི་བསད་པའོ། །འདོད་
ཆགས་རྡོ་རྗེ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེའི་གནས་ཆོས་ཉིད་མི་གཏོང་བས་ན་སྤྱད་པའོ། །དེ་ལྟ་བུའི་སྡོམ་པར་བསྡམས་པའོ། །འོད་དཔག་མེད་དང་མི་བསྐྱོད་པའི་རྣལ་འབྱོར་པ་དག་གིས་གསུངས་པ། འདོད་ཆགས་ཞེས་པ་ལ་སོགས་པའོ། །འདོད་
ཆགས་རྡོ་རྗེ་ནི་སྣང་བ་མཐའ་ཡས་ཏེ་དེའི་ཡོན་ཏན་ནི་འགུགས་པར་བྱེད་པས་ན་ཀྱོ་བ་མ་སྟེ་གོས་དཀར་མོའོ། །ཡོན་ཏན་མི་བསྐྱོད་པས་ཏེ། ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །དེ་དང་འབྲེལ་བས་ལུ་གུ་རྒྱུད་དེ། །ལྷ་མོ་མཱ་མ་ཀཱིའོ། །ངག་གི་རྡོ་རྗེ་སྣང་བ་
མཐའ་ཡས་ཉིད་མཆོག་སྟེ་དེ་སེམས་དཔའ་ལ་གོས་དཀར་མོ་འདི་ནི་རྣམ་པ་ཀུན་རིག་མ་ཞེས་སོ། །མི་བསྐྱོད་པ་ལ་ཡང་དེ་ལྟར་སྦྱར་བར་བྱའོ། །ཇི་ལྟར་མོས་པས་འཇམ་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པས་ཀྱང་རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ་ཞེས་
གསུངས་པ། རྡོ་རྗེ་ཅན་གྱི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ཅན་གྱི་ཡི་གེ་གསུམ་གྱིས་ཞེས་པ་ནི་འཇམ་པའི་རྡོ་རྗེ་སྐུ་ལ་སོགས་པས་བྱིན་གྱིས་བརླབས་པ་དང་ལྡན་པར་བྱའོ་ཞེས་སོ། །རང་གི་ཕྱག་རྒྱ་ནི་བདག་པོའི་ཕྱག་རྒྱ་འམ་ཡང་ན་གཞན་རྣམས་ལ་ཡང་དེ་ལྟར་
སེམས་ཀྱིས་བསམ་པ་དེ་རྟེན་འབྲེལ་གྱི་མཐུའོ། །གཞན་གོང་མ་བཞིན་དུ་དཔག་སྟེ་ཤེས་པར་བྱའོ། །ད་ནི་བརྟུལ་ཞུགས་ལ་གནས་པས་རང་གི་མཐུ་མཐོང་བར་བྱ་བའི་ཕྱིར་གསུངས་པ། སྒྲུབ་པ་པོ་ཞེས་པ་ལ་སོགས་པའོ། །དེ་ཡང་སྒྲུབ་པ་པོ་ནགས་
ཚལ་དུ་སོང་སྟེ། བསོད་སྙོམས་བླངས་པ་ཙམ་གྱིས་ཁ་ཟས་བཟང་པོ་སྟེར་བ་དག་ཅེས་པ་ནི་མི་དང་ཐུན་མོང་མ་ཡིན་པའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་སྦྱར་ནས། ཤིང་ལ་གནས་པའི་ལྷ་དེ་དག་སྒྲུབ་དབང་དེའི་གཟི་བརྗིད་ཀྱིས་སྐྲག་ནས་སྟེར་བར་འགྱུར་རོ། །ད་ནི་མ་སྟེར་

ཞིང་འདས་ན་རྡོ་རྗེ་དམ་ཚིག་ཀྱང་ཞེས་ཏེ། རྡོ་རྗེ་གསུམ་འདའ་བར་མི་བྱ་བ་ཡང་རྡོ་རྗེ་ཡི་གེ་སྟེ། མི་འགྱུར་བས་ན་ཡི་གེ་སྟེ། དེ་འགྱུར་བས་ན་མ་རུངས་ཞེས་ཏེ་འགས་ཞེས་པའི་དོན་ཏོ། །ད་ནི་ལྷའི་ལུང་གིས་གཞན་དང་བརྟུལ་ཞུགས་སྤྱོད་པ་
གསུངས་པ། ལྷ་མོ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་རང་གི་ནུས་པས་རྙེད་ནས་རིག་པའི་བརྟུལ་ཞུགས་བྱ་ཞེས་སོ། །ཅིའི་ཕྱིར་ན་རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟན་པའི་ཕྱིར་རོ་ཞེས་སོ། །རྡོ་རྗེ་གསུམ་ཐོབ་པར་བྱེད་པའི་ཐབས་དམ་པས་ན་གསང་བའི་ཚུལ་
ཆེན་ནོ། །དེ་ཉིད་ཀྱི་སྦྱོར་བ་ཡང་དཀྱིལ་འཁོར་རྡོ་རྗེ་གསུམ་གོམས་པ་ལས་བྱུང་བ་སྟེ། དེ་དང་ལྡན་པའི་སྒྲུབ་པ་པོ་གཉིས་པའི་རྒྱུད་ལས། སངས་རྒྱས་བྱང་ཆུབ་རབ་ཏུ་འཇུག་པའོ་ཞེས་ཏེ། དེ་ཐོབ་པའི་ཞེས་པའི་དོན་ཏོ། །རིག་པ་བརྟུལ་ཞུགས་བཤད་
ཟིན་ཏོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ། །དེ་ལས་བྱུང་བའི་དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དངོས་གྲུབ་ཐམས་ཅད་ནི་ཕྲ་མོ་དང་ཕྱག་རྒྱ་ཆེན་པོའོ། །དེའི་དཀྱིལ་འཁོར་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་ཏེ་མངོན་དུ་སོང་བའི་རྒྱུ་དང་བཅས་
པའོ། །རྡོ་རྗེ་མངོན་པར་བྱང་ཆུབ་པ་ནི་ཕྱག་ལས་བསྐྱེད་པའི་ཡེ་ཤེས་ལྔའི་མངོན་པར་བྱང་ཆུབ་པ་སྟེ། དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་སྟེ་བཅུ་དྲུག་པའོ། །ལེའུ་བཅུ་དྲུག་པའི་འགྲེལ་པའོ།། །།ད་ནི་གསང་བའི་མཆོད་པས་མཉེས་པར་བྱས་པའི་དེ་མ་ཐག་ཏུ་
རྡོ་རྗེ་དྲིལ་བུའི་སྡེབ་དབྱངས་ཀྱི་བསྟོད་པའི་མཆོད་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པས་ཏེ་བཤད་ཟིན་ཏོ། །མི་བསྐྱོད་ཅེས་པ་ནི་དངོས་པོ་འདི་རྣམས་མ་སྐྱེས་པ་ན་ཉོན་མོངས་པའི་བདུད་ལ་སོགས་པས་མི་གཡོ་བའོ། །མི་ཕྱེད་པས་ན་རྡོ་རྗེ་སྟེ་ཆོས་ཀྱི་དབྱིངས་
ཀྱི་ཡེ་ཤེས་སོ། །ཡེ་ཤེས་ཆེ་ཞེས་པ་ནི་ཐོག་མ་དང་ཐ་མ་ལ་སོགས་པ་དང་བྲལ་བས་མ་གྲུབ་པ་སྟེ། མེ་ལོང་ལྟ་བུའོ། །རྡོ་རྗེ་དབྱིངས་ཞེས་པ་ནི་མཐའ་རྣམས་དང་བྲལ་བ་སྐུ་ལ་སོགས་པ་སྐྱེ་བའི་རྒྱུའི་ཕྱིར་རོ། །དེ་ཉིད་མཁས་པ་ཆེན་པོ་སྟེ་ཆོས་ཐམས་ཅད་

དྲི་མ་མེད་པར་ཤེས་པའི་ཕྱིར་ན་མཉམ་པ་ཉིད་དོ། །རྡོ་རྗེ་གསུམ་ཞེས་པ་ནི་བདག་མེད་པའི་ཆོས་དང་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ཀྱི་སྐུ་དབྱེར་མི་ཕྱེད་པ་སྟེ། ཐམས་ཅད་དེའི་ངོ་བོར་འདུས་པས་ན་མཆོག་གོ། །དེའི་ངོ་བོ་བས་ན་དཀྱིལ་འཁོར་གསུམ་ཞེས་ཏེ་སོ་
སོར་རྟོག་པའོ། །བྱིང་བའི་ངོ་བོ་བས་མི་བསྐྱོད་པས་ན་རྡོ་རྗེའོ། །དེ་ཉིད་དབྱིངས་ཞེས་ཏེ་བླ་ན་མེད་པའི་ཆོས་གསུང་གི་ཕྱིར་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་ཏེ། དེ་ལྟ་བུའི་མི་བསྐྱོད་པའི་ཚིག་སོ་སོའི་སྒོ་ནས་བསྐུལ་ནས་ཕྱག་འཚལ་བསྟོད་ཅེས་པ་སྟེ་ཆོས་ཀྱི་ཚིག་བརྗོད་པའི་སྒོ་
ནས་སོ། །ལུས་དང་སེམས་ཀྱི་ཤུགས་ཀྱིས་རྟོགས་པར་བྱའོ། །དེ་བཞིན་དུ་ཕྱི་མ་ལ་ཡང་སྦྱར་རོ། །རྣམ་པར་སྣང་མཛད་ཅེས་པ་ནི་ཕུང་པོ་ལ་སོགས་པ་བདག་མེད་ཀྱི་རང་བཞིན་དུ་འབར་ཞིང་སྣང་བ་དེ་ཆོས་ཀྱི་དབྱིངས་སོ། །དག་ཆེན་པོ་ཞེས་པ་ནི་ཀུན་གཞི་གནས་གྱུར་
པའི་ངོ་བོ་གཟུང་བ་ལ་སོགས་པ་དང་བྲལ་བ་ནི་མེ་ལོང་ལྟ་བུའོ། །རྡོ་རྗེ་ཞི་བ་ཞེས་པ་ནི་རྒྱུ་འབྲས་མཉམ་པ་ཉིད་དུ་གནས་པས་སྤྲོས་པ་དང་བྲལ་བ་སྟེ་མཉམ་པ་ཉིད་དོ། །དགའ་བ་ཆེན་པོ་ཞེས་པ་ནི་དང་པོ་མ་སྐྱེས་པའི་སྒྱུ་མའི་རྣམ་པར་དག་པའི་ཆོས་ལ་མངའ་མཉེས་པས་ཏེ་
སོ་སོར་རྟོག་པའོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །ཅེས་ཏེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་དང་པོ་ནས་འོད་གསལ་བ་སྟེ་ད་ལྟར་མ་ཡིན་པས་ན་མཆོག་གོ། །དེ་ཉིད་ལས་སྐུའི་ཁྱད་པར་སྟོན་ཏེ་དེ་ལ་ཕྱག་འཚལ་བསྟོད་ཅེས་གོང་དུ་བསྟན་པའོ། །རིན་ཆེན་
ཞེས་པ་ནི་དངོས་པོ་མེད་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་བྲོད་པའི་རྒྱུ་ཡིན་པས་ནའོ། །དེ་ཉིད་མཛེས་པར་བྱེད་པས་ན་རྒྱལ་པོ་སྟེ་ཆོས་ཀྱི་དབྱིངས་སོ། །ཤིན་ཏུ་ཟབ་ཅེས་པ་ནི་གཟུགས་བརྙན་དང་འདྲ་བའི་ཆོས་ཀྱིས་ཀུན་དུ་ཁྱབ་ཀྱང་མཚན་ཉིད་དང་བྲལ་བའི་ཕྱིར་
མེ་ལོང་ལྟ་བུའོ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །ཅེས་པ་ནི་ནམ་མཁའ་ལྟར་མཉམ་པ་ཉིད་དུ་གནས་པས་འཛིན་པ་ལ་སོགས་པ་དང་བྲལ་བའི་ཕྱིར་མཉམ་པ་ཉིད་དོ། །རང་བཞིན་དག་པས་གོས་པ་མེད། །ཅེས་པ་ནི་ཉོན་མོངས་པ་རང་བཞིན་གྱི་དང་པོ་ནས་དག་པས་

དེའི་སྐྱོན་གྱིས་གོས་པ་མེད་པ་སྟེ་སོ་སོར་རྟོག་པའོ། །དེ་ཉིད་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་སྐུའི་རང་བཞིན་པས་རྡོ་རྗེ་སྐུ་སྟེ་བྱ་བ་ནན་ཏན་ནོ། །དེ་ལ་གོང་མ་ལྟར་ཕྱག་འཚལ་བསྟོད་ཅེས་སོ། །རྡོ་རྗེ་དཔག་མེད་ཅེས་པ་ནི་སེམས་ཀྱི་
ངོ་བོ་མ་སྐྱེས་པས་ཚད་མར་བྱེད་པའི་ཡུལ་མ་ཡིན་པས་ཆོས་ཀྱི་དབྱིངས་སོ། །དེ་ཉིད་འདོད་ཆགས་ཆེ་སྟེ་དེ་བཞིན་ཉིད་མི་གཏོང་བས་ན་མེ་ལོང་ལྟ་བུའོ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །ཞེས་པ་ནི་གཟུགས་ལ་སོགས་པའི་ངོ་བོ་དང་བྲལ་བས་མི་རྟོག་པ་སྟེ། རྡོ་རྗེ་ལྟ་
བུ་འཛིན་པས་ན་མཉམ་པ་ཉིད་དོ། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །ཞེས་པ་ནི་ཕྱིན་ཅི་ལོག་གི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་འདོད་ཆགས་བརྙེས་པས་ཏེ་སོ་སོར་རྟོག་པའོ། །རྡོ་རྗེ་གསུང་ཞེས་པ་ནི་དབྱེར་མེད་པའི་དོན་གསུངས་པ་སྟེ་བྱ་
བ་ལ་ནན་ཏན་ཏོ། །དེ་ལ་གོང་མ་ལྟར་ཕྱག་འཚལ་བསྟོད་ཅེས་སོ། །དོན་ཡོད་རྡོ་རྗེ་ཞེས་པ་ནི་རང་བཞིན་དག་པའི་སྐུ་ལ་སོགས་པ་སེམས་ཅན་གྱི་དོན་འབྲས་བུ་དང་བཅས་པར་མི་འབྱུང་བ་མ་ཡིན་པས་ན་ཆོས་ཀྱི་དབྱིངས་སོ། །དེ་ཉིད་ཕྱིན་ཅི་མ་ལོག་པར་རྫོགས་པར་
སངས་རྒྱས་པས་མེ་ལོང་ལྟ་བུའོ། །བསམ་པ་ཐམས་ཅད་ཅེས་པ་ནི་མ་སྐྱེས་པའི་སྤྲུལ་པས་དོན་རྫོགས་པར་མཛད་པ་སྟེ་མཉམ་པ་ཉིད་དོ། །རང་བཞིན་དག་པ་ཉིད་ལས་བྱུང་། །ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་ལས་བྱུང་བ་སྟེ་སྒྱུ་མ་ལྟ་བུའི་སྐུ་སྟེ་སོ་སོར་རྟོག་
པའོ། །རྡོ་རྗེ་སེམས་དཔའ་ལས་ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ལ་བརྟན་པ་གཞན་པ་གནས་པ་སྟེ་བྱ་བ་ལ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལ་ཕྱག་འཚལ་བསྟོད་ཅེས་པ་ནི་གོང་མ་ལྟར་སྦྱར་བར་བྱའོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ནི་བསྟོད་པ་པོས་སྤྲོས་པའི་
གནས་སྐབས་སུ་གསུངས་པ་ཡིན་ནོ། །དེའི་ཕན་ཡོན་གསུངས་པ། སངས་རྒྱས་ཀུན་གྱིས་ཞེས་པ་ལ་སོགས་པའོ། །བསྟོད་ཚིག་ཞི་བ་ཞེས་པ་ནི་དོན་རབ་ཏུ་ཞི་བ་སྟོན་པའི་ཕྱིར་རོ། །རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་ལོངས་སྤྱོད་ནི་མི་བསྐྱོད་པ་ལ་སོགས་

པ་བསྟོད་པ་ནི་སྒྲུབ་པ་པོ་དེ་ཡང་སངས་རྒྱས་འདྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་སོ། །ད་ནི་དམ་ཚིག་མ་བརྩམས་པར་གྱུར་ན་མངོན་པར་འདོད་པའི་དོན་གྲུབ་པར་མི་འགྱུར་བས་ན་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སངས་རྒྱས་
ཀུན་གྱི་ཐུགས་རྗེས་གནང་བས་ན་བརྩེ་བ་སྟེ་དེ་གསུང་ནི་དམིགས་པ་མེད་པས་དག་པའོ། །དེས་གསུངས་པ་ཞེས་སོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་བའོ། །གང་ཞེ་ན་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་སྟེ་དེ་རྣམས་འབྲེལ་པའོ། །དེ་ཉིད་བསྟན་པ། ཆོས་ཀྱི་དབྱིངས་ཀྱི་
ཡི་གེ་ཆེ། །ཞེས་པ་ནི་ཟབ་པ་དང་རྒྱ་ཆེ་བ་བསྲེས་པ་ནི་ཆོས་ཀྱི་དབྱིངས་ཏེ་མི་འགྱུར་བས་ཡི་གེ་ཆེའོ། །ཇི་ལྟ་བུ་ཞེ་ན། རང་བཞིན་འོད་གསལ་ཡོངས་སུ་དག །ཅེས་ཏེ་གདོད་མ་ནས་མ་སྐྱེས་པའི་ངོ་བོ་ཉིད་ཡོངས་སུ་དག་པ་སྟེ་དེའི་དཔེ་ཡང་ནམ་མཁའི་དབྱིངས་བཞིན་དུ་དྲི་མ་
མེད་པའོ་ཞེས་སོ། །དེ་ཉིད་སྐུ་ལ་སོགས་པའི་རྡོ་རྗེ་ཡང་དག་པར་འཕགས་པའི་དམ་ཚིག་ཏུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེའི་རྣལ་འབྱོར་པས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ་དེ་ཕྱུང་ངོ་ཞེས་སྦྱར་རོ། །
སངས་རྒྱས་ཡེ་ཤེས་རྒྱ་མཚོ་ཡིས། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་རྒྱ་མཚོ་སྟེ་དེ་དང་ལྡན་པའི་རྣལ་འབྱོར་པས་ཞེས་སོ། །དམ་ཚིག་བཞི་པོ་བསྲུང་བར་བྱ། །ཞེས་པ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་དང་ངག་གི་
གཞི་དེ་བསྲུང་བར་བྱ་བའི་དམ་ཚིག་གོ། །ཤ་ཆེན་རྟག་ཏུ་བཟའ་བར་བྱ། །ཞེས་པ་ནི་ཉེ་བའི་མཚན་ཉིད་ཀྱི་ཚིག་སྟེ་ཤ་ལྔ་ལ་སོགས་པ་ནི་བཟའ་བའི་དམ་ཚིག་གོ། །དེ་ནི་ཞིང་དག་པར་བྱེད་པའི་སྔོན་དུ་འགྲོ་བ་སྟེ་དེ་བས་ན་དམ་ཚིག་འདི་ནི་མཆོག་ཡིན་ནོ་ཞེས་སོ། །གཞན་
གཉིས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ཀྱི་མཇུག་བསྡུ་བ་གསུངས་པ། སྐུ་གསུང་ཐུགས་ཀྱི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཛིན་གྱིས་བསྲུང་བར་བྱ། །ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དོན་འཛིན་པས་ན་བསྲུང་བར་བྱའོ། །དེའི་ཕན་ཡོན་

གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །རྡོ་རྗེ་སེམས་དཔའ་ནི་ལྔའི་སྤྱི་གཙུག་གོ། །དེ་ཉིད་དཀྱིལ་འཁོར་གསུམ་ལ་སོགས་པས་སྤྲོས་པས་ན་འོད་པོ་ཆེའོ། །དེའི་སྐུ་གསུང་ཐུགས་ཉིད་སངས་རྒྱས་ཏེ་དེ་ཉིད་དམ་ཚིག་དེ་དག་བསྟེན་པས་
འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །འཕགས་པའི་དམ་ཚིག་གཉིས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་དག་ལུས་ཀྱིས་སྟོན་པ་ནི། །ཞེས་ཏེ་རང་སངས་རྒྱས་དེ་དག་གི་ལུས་ཀྱིས་ཡ་མ་ཟུང་ལ་སོགས་པ་སྟོན་པས་འདུལ་གྱི་ངག་གིས་ནི་མ་ཡིན་ནོ། །
ལུས་ཉིད་སྐུ་རྡོ་རྗེའི་རང་བཞིན་པས་ན་སྐུ་རྡོ་རྗེ་ལ་རབ་ཏུ་གནས་ཞེས་སོ། །གནས་པ་དེ་ཡང་སེམས་ཅན་གཟུང་བའི་ངང་ཚུལ་དུ་ཞེས་ཏེ་དེས་འདུལ་བའི་འགྲོ་བ་ལ་ལུས་འབའ་ཞིག་གིས་འཛུད་པའོ། །ཇི་སྐད་དུ། གང་གི་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །
དེ་ལ་དེ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་འཕགས་པ་བྱམས་པས་གསུངས་སོ། །ཉན་ཐོས་ཀྱི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དགེ་བ་བཅུ་ཡི་ལས་ཀྱི་ལམ། །ཞེས་པ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ནི་བྱེད་པ་ཞེས་བྱའོ། །
ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྤངས་པ་རྣམས་ཞེས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་དང་བྲལ་བའི་ཕྱིར་རོ། །དེ་དང་ལྡན་པ་ནི་དགེ་བཅུ་ཞེས་ལྷག་པར་དང་དུ་མི་ལེན་ཏེ། གཞན་ལས་ཀྱང་དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ། ལྷག་པར་བསྟེན་པར་མི་བྱ་སྟེ། མཉམ་
ཉིད་རིག་པའི་རླུང་ཞུགས་ནས། །ཅི་ལ་འང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །དེ་བས་ན་མོས་པ་ཆུང་ངུ་ཞེས་ཏེ་རང་ཉིད་ཙམ་གྲོལ་བར་འདོད་པའོ། །འཇིག་རྟེན་པའི་བདག་པོ་གསུམ་གྱི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གཏི་མུག་
ལམ་གྱིས་ཞེས་པ་གཉིས་ཀྱི་ཆའི་རྣམ་པར་རྟོག་པ་དང་བྲལ་བ་དེའི་ལམ་གྱིས་ལས་གང་རྣམས་བྱེད་པ་དེས་ཉན་ཐོས་ལ་སོགས་པ་འཇིག་པ་རབ་ཏུ་བསྐྱེད་པས་ན་འཇིགས་ཤིང་མི་སྡུག་པ་ཞེས་བྱའོ། །དེས་ཀྱང་སངས་རྒྱས་བྱང་ཆུབ་རབ་ཏུ་སྟོན་པ་སྟེ། དེས་འདུལ་བ་བཙུད་

ནས་མོས་མ་ཐག་ཏུ་སྐུའི་རྡོ་རྗེ་ཉིད་དུ་གྱུར་ཏེ་དེའི་སྒྲུབ་པ་གཞུང་ཚུགས་པ་མ་ཡིན་པའི་ཕྱིར་རོ། །དེའི་དོན་ནི་འདི་ལྟ་སྟེ། བར་མའི་རིགས་པ་འཛིན་པ་ལ་སོགས་པའི་སྨིན་པ་ལས་སྤྱོད་པའི་དུས་སུ་འདིས་འདུལ་བའི་འགྲོ་བ་ལ་ཨོཾ་ལས་སྐྱེས་པའི་ཚངས་པ་སེར་པོ་ཞལ་བཞི་རྒྱན་ཐམས་
ཅད་ཀྱིས་བརྒྱན་པ། ཕྱག་བཞི་པ་དང་པོས་རང་གི་ལྷ་མོ་ཞི་བའི་ཀུ་ཙ་འཛིན་པ། འོག་རྩེ་གསུམ་འཛིན་པ་གཡོན་དང་གཡས་པའི་འོག་མ་བཟླས་པའི་ཕྲེང་བ་དང་གུནྡྷེ་འཛིན་པ། ཚངས་པའི་སྐུད་པ་ཅན་རལ་པའི་དབུ་རྒྱན་ལ་རྡོ་རྗེ་སེམས་དཔས་མཚན་པ། ངང་པའི་
སྟེང་ན་པདྨ་དང་ཟླ་བའི་སྟེང་དུ་རྒྱབ་རྟེན་དུ་ལྡན་པ་བསམས་པ་ཙམ་གྱིས་དེར་འགྱུར་ཏེ། ཇི་ཙམ་གྱི་བར་དུ་རྣམ་པར་གནས་ནས་ཕྱིས་མོས་མ་ཐག་ཏུ་རང་གི་ལྷའི་རང་བཞིན་དུ་འགྱུར་བའོ། །དེ་བཞིན་དུ་འཕགས་པའི་དམ་ཚིག་དང་འོག་ནས་འབྱུང་བ་གཞན་རྣམས་ལ་ཡང་
སྦྱར་བར་བྱའོ། །དྲག་པོའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དྲག་པོ་ཞེས་པ་ནི། གང་དེ་གདུང་བ་ཚ་བྱེད་དང་། །གཞན་གྱི་ཤ་ཚིལ་ཁྲག་ཟ་བ། །གང་དེ་དྲག་པོ་ཞེས་སུ་བཤད། །ཅེས་སོ། །དེའི་དམ་ཚིག་གོ། །ཁམས་གསུམ་ནི་ས་
འོག་ལ་སོགས་པའོ། །དེ་ན་གནས་པའི་བུད་མེད་ཇི་སྙེད་པ་རྣམས་རྡོ་རྗེ་ལས་བྱུང་བ་སྟེ་དེ། དངོས་པོ་གསུམ་གྱིས་སྤྱད་པར་བྱ། །ཞེས་པ་ནི། སེམས་ཅན་གྱི་དོན་ཡོངས་སུ་འབྲེལ་བའི་དངོས་པོ་དང་། བདེ་བ་ཐམས་ཅད་ཀྱི་ངོ་བོའི་དངོས་པོ་དང་། སོ་སོར་རྟོགས་པ་
ལས་དཔྱད་པ་དང་བྲལ་བའི་ཆོ་ག་ནི་དངོས་པོའོ། །དེ་ཡང་ཨཱཿལས་བྱུང་བའི་དྲག་པོ་སྐུ་མདོག་དཀར་པོ་ཅན་དང་དྲིལ་བུར་བཅས་ཁ་ཊྭཱཾ་ག་གཡོན་པའི་དཔུང་མགོ་ལ་བཞག་པ། བདུད་རྩིས་བཀང་བའི་ཀ་པཱ་ལ་དང་ལྡན་པ། ཨུ་མ་སེར་མོ་གཡོན་པའི་ཕྱག་གིས་འཛིན་
པའི་ཕྱག་རྒྱ། གཡས་པའི་ཕྱག་ན་རྡོ་རྗེ་རྩེ་གསུམ་པ་འཛིན་པ་རང་ལ་འཁྱུད་པ་རང་གི་གཡོན་པའི་ཕྱག་གིས་དེ་ལ་འཁྱུད་པ་གཡས་པའི་ཕྱག་གིས་རྩེ་གསུམ་འཛིན་པ་སྟག་གི་པགས་པ་བསྣམས་པ། རལ་པའི་དབུ་རྒྱན་ལ་གོང་མ་དང་ཟླ་བ་ཕྱེད་པས་མཚན་མ་

གླང་གི་སྟེང་ན་པདྨ་དང་ཟླ་བ་ལ་གནས་པའོ། །གཞན་ནི་གོང་མ་ལྟར་རོ། །ཁྱབ་འཇུག་གི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སེམས་ཅན་ལས་བྱུང་ཞེས་པ་ནི་སེམས་ཅན་རྣམས་ཀྱི་ནང་ནས་ཁྱད་པར་དུ་སྡིག་ཆེ་བ་སྟེ།
དཀོན་མཆོག་གཞོམ་པ་ལ་སོགས་པ་ཇི་སྙེད་རྣམས་ཞེས་པའོ། །དེ་རྣམས་དམ་ཚིག་འདིས་ནི་བསད་པའོ། །ཞེས་སྦྱར་རོ། །ཕུལ་དུ་བྱུང་བའི་ཚིག་གསུངས་པ། དབྱེར་མེད་སྐུ་གསུམ་ལ་གནས་པའི། །རྡོ་རྗེ་མཁའ་དབྱིངས་བདག་ཉིད་ཀྱང་། །གསོད་པར་
བྱེད་པ་གཞན་ཅི་སྨོས། །ཞེས་པའོ། །དེ་ཡང་ཧཱུཾ་ལས་བྱུང་བའི་ཁྱབ་འཇུག་ནག་པོ་རིན་པོ་ཆེའི་དབུ་རྒྱན་ལ་གོང་མས་མཚན་པ། རྩེ་གསུམ་རྡོ་རྗེ་དང་ལྡན་པའི་ཕྱག་གིས་རྡོ་རྗེ་གསེར་སྐུ་མ་ལ་འཁྱུད་པ། གཞན་གཉིས་ནི་འཁོར་ལོ་དང་བེ་ཅོན་དང་གཎྜཱི་འཛིན་པའོ། །
ནམ་མཁའ་ལྡིང་གི་སྟེང་ན་པདྨ་དང་ཉི་མའི་སྟེང་ན་གནས་པའོ། །གཞན་གོང་མ་ལྟར་ཤེས་པར་བྱའོ། །འདི་རྣམས་ཀྱི་མཇུག་བསྡུ་བའི་ཕྱིར་དབྱེ་བ་གསུངས་པ། སྐུའི་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །སངས་རྒྱས་རྡོ་རྗེའི་སྐུར་འགྱུར་བའོ། །ཞེས་པ་ནི་རྡོ་རྗེ་
གསུམ་གྱི་སྐུར་འགྱུར་བ་སྟེ། དེ་རྣམས་ལས་དང་ལྡན་པའི་ཕྱིར་རོ། །ད་ནི་འཇིག་རྟེན་པ་ཕྲ་མོ་རྣམས་ཀྱི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཤ་དང་ཁྲག་ཟ་ཞིང་གཞན་གྱི་བུད་མེད་སྤྱོད་པ་སྟེ་གནོད་སྦྱིན་མོ་རྣམས་དམ་ཚིག་དེ་དགའ་བས་ན། དེས་
མཉེས་པར་བྱས་ནས་གོང་མ་ལྟར་བསྒྲུབ་པར་བྱའོ་ཞེས་སོ། །ཀླུའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཀླུ་རྣམས་ནི་འོ་མ་འཐུང་ཞིང་ལྕེ་གཉིས་དང་ལྡན་པས་ན་ཕ་མ་ཅན་ནོ། །དེ་བཞིན་དུ་འདོད་པ་ལྔ་དང་མེ་ཏོག་དང་དྲི་དང་འབྲས་བུ་ལ་དགའ་
བས་ན་དམ་ཚིག་བསྒྲུབ་པར་བྱ་བ་སྟེ། གཞན་ཁྲག་ལ་སོགས་པས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །ལྷ་མ་ཡིན་གྱི་བུ་མོའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལྷ་མ་ཡིན་རྣམས་ནི་ལུས་ངག་ཁྲོ་ཞིང་ང་རྒྱལ་ཆེ་སྟེ་གསོད་པ་ལ་ཞེན་པ་ཕ་

རོལ་གནོན་ཏེ། ཡང་སྤོས་དང་མེ་ཏོག་སྤྱོད་པ་ལ་དགའ་སྟེ་དམ་ཚིག་དེས་བསྒྲུབ་པའོ། །རྡོ་རྗེ་ས་འོག་གི་དམ་ཚིག་ཅེས་པ་ནི་གནོད་མཛེས་ཀྱི་རྣལ་འབྱོར་ཞེས་པའོ། །དེས་གདུལ་དཀའ་བའི་ལྷ་མ་ཡིན་གྱི་བུ་མོ་འཛིན་པའོ། །སྲིན་མོའི་དམ་ཚིག་གསུངས་པ། དེ་ནས་
ཞེས་པ་ལ་སོགས་པའོ། །སྲིན་མོ་རྣམས་ནི་ཐོད་པའི་རུས་པ་དང་རྐང་ཆེན་པོའི་བདུག་པ་དང་འབྲུ་མར་གྱི་དམ་ཚིག་ལ་དགའ་བས་ན་དེས་མཉེས་པར་བྱེད་པའོ། །དེ་སྲིན་མོ་འབའ་ཞིག་ཏུ་མ་ཟད་ཀྱི། འབྱུང་པོ་ཀུན་གྱི་ཡང་དམ་ཚིག་གོ། །དེས་ཀྱང་རང་བཞིན་གྱིས་འོད་
གསལ་ལ་འགྲིབ་པར་མི་བྱེད་པས་ན། གཙང་བའི་རྡོ་རྗེ་དོན་ཆེན་བྱེད། །ཅེས་སོ། །མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ཡང་མཁའ་འགྲོ་མ་རྣམས་ནི་བཤང་གཅི་ལ་སོགས་པའི་བདུད་རྩི་ལྔ་ལ་སོགས་པ་དང་། ཆང་ལ་
སོགས་པ་ལ་དགའ་བས་དེས་བསྒྲུབ་ཅེས་སོ། །རྡོ་རྗེ་མཁའ་འགྲོ་སྦྱོར་བ་ཡིས། །ཞེས་པ་ནི་སྡོམ་པ་བླ་མའི་ལུང་ལས་ཉེ་བར་ཐོབ་པའི་ཧྲཱིཿལ་སོགས་པའི་ས་བོན་ལས། ཀེའུ་རི་ལ་སོགས་ལ་རྡོ་རྗེ་མཁའ་འགྲོའི་གཟུགས་སུ་བདག་ཉིད་བསྐྱེད་པར་བྱའོ། །ཇི་ལྟ་བུ་ཞེ་ན།
སྣ་ཚོགས་པདྨ་ཉི་མ་ལ། །གཡོན་བརྐྱང་ཐབས་ཀྱིས་རབ་གནས་པ། །དཀར་སེར་ཞལ་གཅིག་ཕྱག་གཉིས་ཀྱིས། །རྣ་དྲུང་བཀང་བའི་མདའ་རྣམ་བཞི། །ཚངས་པའི་ཞལ་བཞི་འབིགས་ཚུལ་འགེངས། །མེ་ཏོག་སྣ་ཚོགས་ཐོད་དཀྲིས་པ། །མཚན་དང་རྒྱན་གྱིས་
རབ་བརྒྱན་པ། །ཧེ་རུ་ཀ་ཡི་སྦྱོར་བས་བསྒོམ། །ཞེས་པས་རྟོགས་པར་བྱ་ལ་གོང་མ་ལྟར་གནོད་བྱེད་རྣམས་གསད་བྱ་ཞེས་སོ། །དེ་རྣམས་ཀྱི་མཇུག་བསྡུ་བ་གསུངས་པ། ངོ་བོ་ཉིད་ཅེས་པ་ལ་སོགས་པའོ། །ངོ་བོ་ཉིད་ཀུན་འབྱུང་བ་ཞེས་པ་ནི་དམ་ཚིག་དེ་
དག་ནི་བཅོས་མ་མ་ཡིན་པས་དང་པོ་མེད་པའི་དུས་ཅན་ཏེ། དེ་ཁམས་གསུམ་དག་ན་གནས་པ་སྤྱོད་པའོ། །དེ་བས་སེམས་ཅན་ཀུན་ལ་ཕན་པར་འདོད་པའི་བསམ་པ་དང་ལྡན་པས། དམ་ཚིག་མ་ལུས་སྤྱད་པར་བྱ། །ཞེས་ཏེ་ནུས་པ་དང་ལྡན་པས་གོང་མ་ལྟར་སེམས་

ཅན་གྱི་དོན་བྱ་བའོ། །གལ་ཏེ་ལུང་ཐོབ་ཅིང་མོས་པ་ཆུང་ངུ་དང་ལྡན་པ་ཞིག་ན་ཡང་དེ་རྣམས་རྣམ་པར་བསྒྲུབ་པ་སྟེ། འདི་ཐེག་པ་ཆེན་པོ་ཡིན་པས་སོ། །དེ་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། ཚོགས་བདག་ལ་སོགས་པ་འདིར་མ་སྨོས་པ་རྣམས་ཀྱང་ཤེས་པར་བྱ་
སྟེ་ཇི་སྐད་དུ། བསམ་པ་གང་དང་གང་དག་གིས། །གདུལ་བའི་གཟུགས་ཅན་དེ་དང་དེ། །སྙིང་རྗེ་ལྡན་པའི་རྣལ་འབྱོར་པས། །ཐུགས་རྗེ་དེ་དང་དེ་དག་བསྟན། །ཞེས་པ་དང་། མཚན་མས་ཕྱེ་བའི་རྒོལ་བ་ཀུན། །དེ་འདིར་རྣམ་པར་བརྙས་མི་བྱ། །དཔལ་
ལྡན་རྡོ་རྗེ་སེམས་དཔའ་ཡི། །རྣམ་པར་འཕྲུལ་པས་འབྱུང་བ་ཡིན། །ཞེས་སོ། །དེ་བས་ན་ཁམས་གསུམ་ཐམས་ཅད་ཀྱི་དམ་ཚིག་རྗེས་སུ་འབྲང་བ་ཞེས་བྱའོ། །ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས་ཤིན་ཏུ་འཕགས་པའི་བཟའ་བ་དང་བསྲུང་བའི་
དམ་ཚིག་གསུམ་སྤྱོད་དོ་ཞེས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལུས་ཀྱི་རྣམ་གསུམ་ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པའོ། །དེ་ཡང་དབྱེར་མེད་པའི་བློས་ཟིན་པས་ན། རྡོ་རྗེ་འདྲ་བ་རབ་ཏུ་བྱ། །ཞེས་སོ། །དེས་ནི་སེམས་ཅན་གྱི་དོན་ཁམས་རྣམས་
སངས་རྒྱས་ཀྱི་སྐུར་བྱེད་དོ་ཞེས་ཕན་ཡོན་སྟོན་ཏོ། །ཚིག་གི་ལམ་གནས་ཞེས་པ་ནི་བརྫུན་ལ་སོགས་པ་རྣམ་པ་བཞིའོ། །གསུང་གི་རང་བཞིན་དམིགས་པ་མེད་པས་ན་ཁམས་གསུམ་གྱི་དམ་ཚིག་ནི་དྲི་མེད་བརྒྱན་པ་སྟེ་ཞེས་སོ། །དེ་བས་ན་དམ་ཚིག་དངོས་གྲུབ་ཐོབ་
པའི་ཐབས་གསང་བ་འདི་ནི་འདའ་བར་བྱ་བ་མ་ཡིན་པའོ། །ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན་ཞེས་པ་ནི་མནར་སེམས་ལ་སོགས་པ་གསུམ་སྟེ། གལ་ཏེ་བྱུང་ན། རྡོ་རྗེ་བསྟན་པ་འཛིན་པས་བསྒོམ། །ཞེས་ཏེ་རྡོ་རྗེ་འཆང་བའི་ངོ་བོ་ཉིད་དུ་ཤེས་པ་སྟེ། ཕྱི་མས་སྔ་མ་སུན་མི་
འབྱུང་བའི་ཕྱིར་རོ། །དེ་བས་ན་ཡིད་ཀྱིས་ནི་དམ་ཚིག་གསུམ་ཆར་འཛིན་པས་ན་རྡོ་རྗེ་མི་ཕྱེད་གསུམ་ལྡན་གྱི། དམ་ཚིག་བཤད་པ་འདི་ཡིན་ནོ། །ཞེས་སོ། །དེ་དག་བརྟེན་པས་འགྲུབ་པར་འགྱུར་གྱི་སྤངས་པ་ནི་མ་ཡིན་ནོ། །དེ་བས་ན་ཀུན་ནས་སྤྱོད་པ་ལ་སྐྱོན་མེད་པས་ན་

ཀུན་དུ་བཟང་པོ་ཕྱོགས་མེད་པར་འཇུག་པའོ། །ད་ནི་རྣལ་འབྱོར་པ་སྙིང་པོའི་མཐུ་དང་ལྡན་པའི་དམ་ཚིག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་སམ། ཉན་ཐོས་དང་རང་རྒྱལ་བའི་གཟུགས་ལ་སོགས་
པ་ལ་སྙིང་པོའི་རྣལ་འབྱོར་པ་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལ་བརྩོན་པས་དབྱེ་བའི་བློས་ཕྱག་འཚལ་ན་སྒྲུབ་པ་པོ་དེ་མ་རུངས་པར་འགྱུར་ཞེས་སོ། །འོ་ན་ཇི་ལྟར་བྱ་ཞེ་ན། དེ་ནས་ཞེས་པ་ལ་སོགས་པའོ། །ཀུན་དུ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་གལ་ཏེ་འཕྱ་བ་གཞོམ་པའི་ཕྱིར་ཐམས་
ཅད་རྡོ་རྗེ་འཆང་ཆེན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྦྱར་ལ། བདག་ཉིད་ཀྱང་བསམ་གཏན་རྡོ་རྗེས་དེ་དང་སྒོ་གསུམ་མཉམ་པར་སྦྱར་ལ་ཚིག་ལ་སོགས་པའི་བསམ་གཏན་བྱ་སྟེ་དབྱེར་མེད་པའི་བློས་འཛིན་པའོ། །དེའི་དོན་བསྟན་པའི་ཕྱིར། དེ་ནས་ཞེས་
པ་ལ་སོགས་པའོ། །མདོར་ན་སེམས་ཅན་ཁམས་རྣམས་ནི། །ཞེས་པ་ནི་ཁྱིམ་པ་འམ་གསར་བུ་ལ་སོགས་པའི་བྱ་བ་བྱེད་ན་རྡོ་རྗེ་གསུམ་གྱི་ངོ་བོ་ཉིད་ཀྱི་བསམ་གཏན་རྡོ་རྗེས་བྱས་པའི་གནས་སུ་བསྐུལ་ལ་བདག་ཉིད་ཀྱང་རྡོ་རྗེ་གསུམ་གྱི་ངོ་བོ་སྟེ་ཆུ་ལ་སོགས་པ་ལྟ་
བུར་ཤེས་པ་ནི་ཕྱག་འཚལ་ཕྱོགས་ཏེ་སྒྲུབ་པ་པོ་དེའི་དམ་ཚིག་གོ། །ད་ནི་ཆེན་པོའི་བསྙེན་སྒྲུབ་བཞི་རྫོགས་པས་བདུད་རྩི་མྱང་བའི་ཏིང་ངེ་འཛིན་བྱའོ་ཞེས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བཤང་གཅི་ཞེས་པ་ནི་རྡོ་རྗེའི་ར