Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 39
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
ད་དུ་ གསོལ་ཞེས་པ་དང་འབྲེལ་ཏོ། །གང་ཡིན་ཞེ་ན་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རྣམས་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་བཟླས་པར་བྱའོ། །ཡེ་ཤེས་ཆེན་པོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །སྐུ་གསུམ་མི་ཕྱེད་ དཀྱིལ་འཁོར་དང་། །ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པའི་སྐུའི་རང་བཞིན་སྐུ་རྡོ་རྗེ་ལ་སོགས་པ་དང་། མི་ཕྱེད་པའི་དཀྱིལ་འཁོར་ནི་ལུས་ཏེ་གོང་དུ་བཟླས་པ་དེ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །ཞེས་བྱ་བའི་ཚིག་ལས་སོ། །འབྲས་བུ་གསུངས་པ་ཐོབ་ པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་གསུངས་པ་ཡིན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་རང་གི་བདག་པོའི་རྣལ་འབྱོར་གྱིས་གཉིས་སུ་མེད་པའི་མོས་པ་འཆད་པར་འགྱུར་བའི་ཚུལ་གྱིས་བཟླས་པར་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་འབྱུང་བས་ཞེས་སྤྱིར་གསོལ་ བ་བཏབ་པའོ། །བྱེ་བྲག་གསུངས་པ། རིགས་དང་ཞེས་བྱ་བ་ལ་སོགས་པ་ལ། རིགས་ནི་སྣང་བ་མཐའ་ཡས་ལ་སོགས་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཡིད་བཞིན་དམ་ཚིག་ནོར་བུ་སྟེ། །རིགས་ནི་རྣམ་པ་ལྔ་རུ་བཤད། །ཅེས་གསུངས་པས་སོ། །སྔགས་ ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་མཛེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན། །ཞེས་བྱ་བ་ནི་དོན་དམ་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །ཇི་སྐད་དུ་ལེའུ་དྲུག་པ་ལས། སྐུ་དང་གསུང་དང་ ཐུགས་དམིགས་ནས། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཅེས་གསུངས་སོ། །ཡེ་ཤེས་རྒྱ་ཆེ་བས་ཡེ་ཤེས་རྒྱ་མཚོ་སྟེ་སངས་རྒྱས་ལ་སོགས་པ་རྣམས་སོ། །རྡོ་རྗེ་སྔགས་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཉིད་ཀྱི་རྒྱུ་གཞན་མ་ཡིན་པར་གྱུར་པ་སྟེ། རྡོ་རྗེ་སྔགས་ནི་རབ་བསྒོམས་ པ། །ཞེས་གསུངས་པས་སོ། །འདིས་སྒོམ་པ་དང་བྲལ་བས་དེ་ཁོ་ན་ཉིད་ཡོད་ཀྱང་སངས་རྒྱས་ཉིད་དུ་གསུངས་སོ། །བཟླས་པ་རྒྱས་པར་བསྟན་པ་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཐམས་ཅད་དོན་དམ་པར་བཟླས་པ་རྣམས་ལའོ། །རྡོ་རྗེ་གསུམ་རྣམས་ ཀྱི་མི་ཕྱེད་པ་གཉིས་སུ་མེད་པའི་ངོ་བོ་ཉིད་དཔྱོད་པར་བྱེད་པ་ཉིད་བཟླས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ་རྡོ་རྗེ་སྙིང་པོའི་རྒྱན་ལས། སྙིང་ག་མགྲིན་པ་མཆུ་དང་ལྕེ། །རྐན་དང་མགོ་བོ་ཡང་མ་ཡིན། །ནང་དང་ཕྱི་ལས་མ་ཡིན་ཏེ། །གཉིས་ཀ་དབུས་ཀྱང་མ་ཡིན་ནོ། ། ཆོས་ཀྱང་འབའ་ཞིག་ཡིན་པ་སྟེ། །བཟླས་པའི་སྒྲ་ལ་མི་བརྟེན་ཏོ། །ཞེས་སོ། །འདིས་ནི་རྣལ་འབྱོར་གྱི་བཟླས་པ་བཤད་པའོ། །གཟུགས་ཀྱི་བཟླས་པའི་དབང་དུ་བྱས་ནས་གསུངས་པ། རྡོ་རྗེ་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ལ། དབྱེ་བ་གསུམ་གྱིས་རྡོ་རྗེའི་མཐར་ཐུག་པ་ གང་དུ་བཀོད་པ་དེ་ནི་རྡོ་རྗེ་གསུམ་དུ་བརྗོད་དོ། །འདི་ནི་གསལ་བར་བཤད་དོ། །གསུམ་པོ་རྣམས་ཀྱིས་རིམ་པ་དང་། །རིམ་པ་མ་ཡིན་པའི་བྱེ་བྲག་གིས་གང་སྤྲོ་བ་སྔོན་དུ་སོང་བའི་བསྡུ་བ་དེ་རྡོ་རྗེའི་མཐའོ། །རང་གི་གནས་སུ་དགོད་པར་བྱ་བའི་ཕྱིར་འདིར་བཀོད་པའོ། །སྐུ་ལ་སོགས་པ་ བདག་མེད་པའི་སྒོ་ནས་རྡོ་རྗེ་གསུམ་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་མོ། །འདིས་སྤྲོ་བ་ལ་སོགས་པ་བཞི་བསྟན་ཏོ་ཞེས་ལ་ལ་དག་འདོད་དོ། །རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ཀྱི་བཟླས་པ་ལ་རིམ་གྱིས་རེ་ཞིག་སྤྲོ་བ་གསུངས་པ། སྐུ་གསུང་ ཐུགས་དང་ཉེ་བ་རུ། །ཞེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཐུགས་ཀའི་མཚན་མའི་ས་བོན་གྱི་ཡི་གེ་ལས། གོ་རིམས་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་ལ་སོགས་པ་སྤྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་སུ་བསྒོམས་པས་གཟུགས་ རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་སྤྲོ་བའི་གཟུགས་ཀྱིས་མཆོད་པ་རབ་ཏུ་བརྟག་སྟེ་དེ་རྣམས་ལ་བྱའོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་དམིགས་པ་མེད་པའི་ཡེ་ཤེས་ཀྱིས་སོ། །ཕྱོགས་གཞན་ཅིག་ཅར་སྤྲོ་བ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་སྐུ་དང་གསུང་དང་ ཐུགས་རྣམས་ལས་ཅིག་ཅར་ཉིད་དུ་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སྤྲོ་བར་བྱ་སྟེ་དེ་རྣམས་ལས་གཞན་ཡིན་ལ་དེ་ལས་ཀྱང་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་དང་དེའི་དཀྱིལ་འཁོར་ཐམས་ཅད་སྤྲོ་བར་བྱའོ། །ཡེ་ཤེས་སེམས་དཔའ་གསུངས་པ། སྐུ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རང་གི་ཡེ་ཤེས་སེམས་དཔའི་ས་བོན་ཡོངས་སུ་བརྟགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་འོད་ཟེར་སྤྲོས་པའི་ངོ་བོ་ཉིད་ཀྱི་བཟླས་པ་བྱའོ། །ཇི་སྐད་དུ། ཡང་ན་བཟླས་ན་རྩེ་གཅིག་སེམས་ཉིད་ནི། །དངོས་ཀུན་བདག་ཉིད་ རང་གི་སེམས་དབང་ངོ་། །རང་གི་སྔགས་ནི་སྣ་ཚོགས་འོད་ལྡན་པར། །བྱས་པ་བློ་དང་ལྡན་པར་བསྒོམ་པར་བྱ། །ཞེས་གསུངས་སོ། །སྐུ་ལ་སོགས་པའི་རྡོ་རྗེ་རྣམས་རང་གི་མོས་པས་རང་བཞིན་སྤྱད་པ་སྔོན་དུ་སོང་བའི་རྣལ་འབྱོར་གྱིས་བཟླས་པ་གསུངས་པ། སྐུའི་རྡོ་རྗེ་མཆོག་ཅེས་ བྱ་བ་ལ་སོགས་པ་ལ། རྫོགས་བྱང་ཆུབ་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །དངོས་དང་དངོས་མེད་རྣམ་དཔྱད་པ། །ཞེས་བྱ་བ་ནི། གཅིག་དང་། དུ་མ་དང་། གཉིས་ཀའི་བྱེ་བྲག་གིས་སྟོང་པའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དངོས་པོ་མི་ དམིགས་པའི་ཕྱིར་རོ། །དེའི་ཕྱིར་དགག་བྱ་ཡོད་པ་མ་ཡིན་པའི་ཕྱིར་དང་། ཚད་མ་དག་གིས་མི་འཐད་པའི་ཕྱིར་དངོས་པོ་མེད་པ་ཡང་མ་འགྲུབ་པའོ། །གཉི་གའི་བདག་ཉིད་དང་ཡོད་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ནི། ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ཡང་ གསུངས་པ། དངོས་ལས་འཇུག་པ་དོན་གཞན་མིན། །དོན་གཞན་མིན་པའང་མིན་པར་འདོད། །དོན་གཞན་ཡིན་ན་རྟག་པར་འགྱུར། །དོན་གཞན་མིན་པའང་དངོས་པོ་མིན། །ཞེས་སོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་དཔྱད་པ་ནི། དངོས་པོ་ཐམས་ ཅད་མ་སྐྱེས་པ་ཞེས་ངེས་པའོ། །འདི་ཡང་ཆོས་ཉིད་ཀྱི་སོ་སོར་རིག་པའི་ངོ་བོ་ཉིད་སྐུའི་བཟླས་པ་སྟེ། སངས་རྒྱས་ཀྱི་སྐུར་བརྗོད་པའོ། །དེ་སྐད་དུ་ཡང་། སངས་རྒྱས་ཆོས་ཉིད་ཀྱི་བལྟ་སྟེ། ཆོས་ཀྱི་སྐུ་ནི་གཙོ་བོ་ཡིན། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ ནུས། །ཞེས་གསུངས་སོ། །གསུང་གིས་བཟླས་པ་གསུངས་པ། གསུང་ཞེས་བྱ་བ་ལ་སོགས་པ། སྒྲ་རྣམས་ནི་རྡུལ་ཕྲ་རབ་ལ་སོགས་པ་དང་བྲལ་བས་ཤེས་པའི་སྣང་བའི་བདག་ཉིད་དེ་སྒྲ་དང་དོན་དག་གཅིག་ཡིན་ན། མེ་ཡིས་ཁ་ནི་ཚིག་པར་འགྱུར། །གཞན་ཉིད་ཡིན་ན་རྟོགས་ མ་ཡིན། །ཞེས་པའི་རིག་པས་སོ། །སྒྲ་མ་ཡིན་པ་སྟེ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་དཔྱད་པའོ། །ཐུགས་ཀྱིས་བཟླས་པ་གསུངས་པ། ཐུགས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱི་རོལ་གྱི་དངོས་པོས་སྟོང་པའི་ཕྱིར། འགྲོ་བ་རྣམས་སེམས་ཙམ་ཞེས་པ་ནི་གནས་པའོ། ། དེ་ཉིད་རྡོ་རྗེ་སྟེ། དེའི་རྣམ་པར་དཔྱད་པ་ནི་རིགས་པ་དང་ལུང་དག་གིས་སྐྱེ་བ་མེད་པའི་སྒོ་ནས་ཡང་དག་པར་གྱུར་པ་སོ་སོར་རྟོགས་པའོ། །ཇི་ལྟར་ཡང་གསུངས་པ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། གསང་བའི་བདག་པོ་སེམས་ནི་ནང་ན་ཡང་མ་ཡིན། ཕྱི་ན་ཡང་ མ་ཡིན། གཉི་གའི་དབུས་ན་ཡང་མི་དམིགས་པའོ། །ཞེས་སོ། །འདི་སྐད་གསུངས་པ་ཡིན་ཏེ། བརྟགས་པ་ཐམས་ཅད་ཀྱི་ཉེས་པས་སྟོང་པ་ནི་ཇི་ལྟར་ཡང་རང་རིག་པ་ཙམ་དུ་རྟོགས་པའི་ཕྱིར། རྡོ་རྗེའི་བཟླས་པའོ། །རིན་ཆེན་གྱིས་བཟླས་པ་གསུངས་པ། དོན་ཞེས་བྱ་ བ་ལ་སོགས་པ་ལ། དངོས་པོ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པ་ཉིད་ཀྱི་དོན་རྣམས་རྟོགས་པ་སྟེ། སྣ་ཚོགས་མ་ཡིན་པ་ཉིད་ཀྱིས་རྟོགས་པའོ། །འདི་ཉིད་གསུངས་པ་ངོ་བོ་ཉིད་མེད་པ་ཞེས་སོ། །བཟང་པོ་ཡིན་ཞེས་བྱ་བ་ནི་དོན་དམ་པར་རེ་ཞིག་དེ་བཞིན་དུ་སྟེ། ཀུན་ རྫོབ་ཏུ་སྒྱུ་མ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །དུས་གསུམ་སངས་རྒྱས་རྣམས་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་རྣམས་སོ། །འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟར་དངོས་པོ་འདི་རྣམས་དེ་ཁོ་ན་ཉིད་ཀྱིས་དེ་བཞིན་ཉིད་ཀྱི་བདག་ཉིད་དེ། དེ་ལྟར་དུས་གསུམ་དུ་འཇུག་པའི་སངས་རྒྱས་སུ་ངེས་པ་ནི། རིན་པོ་ཆེ་སྦྱོར་བའི་བཟླས་པའོ། །དོན་ཡོད་གྲུབ་པའི་བཟླས་པ་གསུངས་པ། སྤྲོ་བ་ཞེས་བྱ་བ་ལ་སོགས་པ་ལ། སྐུའི་སྤྲིན་ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་ཚོགས་ཀྱིས་སོ། །བཞུད་དང་བྱོན་པ་རྡོ་རྗེའི་དོན། །ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བ་དག་ཇི་ལྟ་བའི་དོན་སོ་སོར་བརྟགས་པ་སྟེ། ཆོས་ ཐམས་ཅད་དོན་དམ་པར་འོང་བ་དང་འགྲོ་བ་དང་། གནས་པས་སྟོང་པའི་ཕྱིར། དེ་བཞིན་གཤེགས་པ་བཞུད་པ་དང་བྱོན་པ་དང་། བཞུད་པ་མ་ཡིན་པར་མོས་པ་སྟེ། དེས་ནི་ཐོགས་མེད་ཀྱི་བཟླས་པའོ། །ཁྲོ་བོའི་བཟླས་པ་གསུངས་པ། ཐོས་པ་ཞེས་བྱ་བ་ལ་སོགས་པ་ནི། སྔགས་ཀྱི་ཡི་གེ་རྣམས་ཀྱི་ཚིག་ནི་སྒྲའི་གཟུགས་ཏེ། རང་གི་རྡོ་རྗེ་རབ་གྲགས་པ་སྟེ། རང་གི་བདག་པོས་ཁྲོ་བོའི་ཚིག་ཏུ་བརྗོད་པའོ། །གང་དུ་རང་གིས་སྤྲུལ་པའི་དཀྱིལ་འཁོར་པས་ཐོབ་པ་སྟེ། ཁྲོ་བོའི་བཟླས་པར་ཤེད་ཅེས་བྱ་བ་དང་འབྲེལ་ཏེ། ཁྲོ་བོའི་དམ་ཚིག་ཡེ་ཤེས་ཀྱི་བྱ་བ་ནི། ཁྲོ་བོ་རྣམས་ཀྱི་དམ་ཚིག་ནི་རང་གི་བདག་པོའོ། །དེའི་ཡེ་ཤེས་ཀྱིས་ཏེ་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །སྒྱུ་མ་ལྟ་བུ་ཐམས་ཅད་ནི། །ཁམས་གསུམ་ཐམས་ཅད་མ་ལུས་པ། །ཞེས་ སྨོས་པས། གདུག་པ་ཐམས་ཅད་བཅོམ་པ་ནི། །ཁྲོ་བོ་རྣམས་ཀྱི་དམ་ཚིག་སྟེ། །དེའི་བདག་ཉིད་ཀྱི་ཡེ་ཤེས་འདིས། །ཞེས་བྱ་བའི་དོན་ཏོ། །སྤྲོ་བ་ལ་སོགས་པ་སྔོན་དུ་སོང་བས་བཟླས་པ་བྱ་བ་སྟེ། དེའི་ཕྱིར་སྤྲོ་བ་ལ་སོགས་པའི་ཆོ་ག་གསུངས་པ། འདོད་པའི་དོན་གྱིས་ཞེས་བྱ་བ་ ལ་སོགས་པ་ལ། འདོད་པར་བྱ་བས་ན་འདོད་པ་སྟེ། རང་བདེ་བའི་རྒྱུ་རྣམས་ཀྱིས་སོ། །དེའི་རྒྱུ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཡོངས་སུ་མི་ཤེས་པའི་ཕྱིར་མྱོས་པར་གྱུར་པས་བླང་བར་བྱ་བ་དང་དོར་བར་བྱ་བའི་ཤེས་པས་སྟོང་པ་ཞེས་བྱ་བ་འདིའི་དོན་ཏོ། །ཀུན་དུ་སྐྱོབ་ཅིང་ཕན་པར་ དགའ། །ཞེས་བྱ་བ་ནི་ཐམས་ཅད་དུ་མངོན་པར་འདོད་པའི་དོན་བཙལ་བ་ལྷུར་བྱེད་པའོ། །བཟུང་བ་ལ་སོགས་པའི་དེ་ཁོ་ན་ཉིད་མི་དམིགས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཏི་མུག་གོ། །དེའི་ངོ་བོ་ཉིད་ཀྱིས་གཏིང་ཚུགས་པ་མེད་པ་ཟབ་པའི་ཕྱིར་གཏི་མུག་ནི་རྣམ་པར་ སྣང་མཛད་དོ། །དེའི་གནས་ནི་དེའི་ངོ་བོ་ཉིད་དུའོ། །གཞག་པ་ནི་བརྟན་པོར་བྱས་ནས་ཏེ། བསྡུ་བར་བྱའོ་ཞེས་བལྟ་བར་བྱའོ། །འདོད་ཆགས་རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་སྦྱོར་བ་དང་བཅས་པའོ། །ཚིག་ཅེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་དོ། །ལུས་དང་ངག་ སེམས་ལ་གནས་པ། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་བདག་ཉིད་ཀྱི་ལྷའི་གཟུགས་དང་བཅས་པ་སྤྲོ་བ་ཞེས་ཤེས་པར་བྱའོ། །ཞེ་སྡང་རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་ཞེ་སྡང་རྡོ་རྗེའི་གཟུགས་ཀྱིས་བྱུང་བའི་ཕྱིར་ཞེ་སྡང་རྡོ་རྗེ་ལས་བྱུང་བའོ། །སེམས་ཞེས་བྱ་བ་ནི་སྔགས་ཀྱི་བདག་ཉིད་དོ། །ཞེ་སྡང་ གི་གནས་ཞེས་བྱ་བ་ནི་མི་བསྐྱོད་པ་ཉིད་ལའོ། །རྡོ་རྗེ་གསུམ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་འཛིན་པའོ། །དེའི་དེ་ཁོ་ན་ཉིད་ནི་ཤིན་ཏུ་རྣམ་པར་དག་པའི་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྟག་པ་དང་ཆད་པའི་ཕྱིར་དབུ་མའོ། །དམ་ཚིག་ལ་སོགས་པས་ཐམས་ཅད་ཐུན་ མོང་དུ་འདིའི་བཟླས་པ་གསུངས་ཏེ། འདི་ཡང་གསལ་བར་མ་བཤད་དོ། །རྡོ་རྗེ་བདག་པོ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་དྲུག་གོ། །འདོད་ཆགས་དེ་ཉིད་ཅེས་བྱ་བ་ནི་འདོད་ཆགས་ཀྱང་ཡིན་ལ་དེ་ཉིད་ཀྱང་ཡིན་ཏེ། སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཡེ་ཤེས་སོ། །དེ་ཉིད་ དོན་ཏེ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེའི་སྒོམ་པ་པོ་ཞེས་བྱ་བ་ནི་རྫོགས་པར་བྱེད་པའོ། །དེའི་ཕྱིར་འདི་རྣམས་ཀྱིས་ཀྱང་མཛད་པ་ནི་འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་བོ། །སྙིང་རྗེའི་ས་བོན་ལས་བྱུང་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་དོན་ ཏོ། །རྟག་ཏུ་འདོད་པའི་དོན་བརྩོན་པ། །ཞེས་བྱ་བ་ནི་གཏི་མུག་ལ་སོགས་པ་རྣམ་པར་དག་པའི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐར་ཕྱིན་པའོ། །འདོད་པའི་ལོངས་སྤྱོད་དག་གིས་འགྲུབ། །ཅེས་བྱ་བ་ནི་རྣམ་པར་དག་པའི་འདོད་ཆགས་དང་བཅས་པའི་སེམས་ཀྱིས་བརྟེན་པ་དང་ ལྡན་པ་རྣམས་ལ་མངོན་པར་བྱང་ཆུབ་པའི་འབྲས་བུ་སྟེར་བར་འགྱུར་རོ། །འདོད་པ་སེམས་སུ་བཤད་པ་དང་། །འདོད་ཆགས་ཞེ་སྡང་རྨོངས་ལྡན་པ། །ཞེས་བྱ་བའི་ཚིག་ལས་སོ། །གཏི་མུག་དམ་ཚིག་ལས་བྱུང་བ། །ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ནང་གི་སྐྱེ་ མཆེད་ཉིད་ཀྱིས་འབྱུང་བ་རྣམས་སོ། །རྡོ་རྗེ་རིག་པའི་རྒྱལ་པོ་ཅན། །ཞེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །མ་ནིང་དག་ནི་གནས་གྲུབ་པ། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྒོམས་པས་རྫོགས་པ་རྣམས་ཡོད་པའོ། །དངོས་གྲུབ་དམ་པ་རབ་ཏུ་སྟེར། ། ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སངས་རྒྱས་ཉིད་གྲུབ་སངས་རྒྱས་ཉིད། །དངོས་གྲུབ་མཆོག་ཏུ་གསུངས་པ་ཡིན། །ཞེས་བྱ་བའི་ཚིག་ལས་སོ། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་བྱ་བ་ནི་གདུག་པ་འདུལ་བའི་དོན་དུ་སྐྱེས་པའོ། །གསོད་ལ་རབ་ཏུ་ བརྩོན་པ་དག །ཅེས་བྱ་བ་ནི་གདུག་པ་གསོད་པའི་ལས་དོན་དུ་གཉེར་བའོ། །དེའི་ཕྱིར་དེ་རྣམས་ཀྱི་བཟླས་པ་ཡང་དེ་བཞིན་དུ་འགྱུར་བའི་ལས་བྱེད་པར་བསྒོམ་པར་བྱའོ་ཞེས་གསུངས་པ། སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་གི་ཆོས་ཅན་ཞེས་བྱ་བ་ནི་ཐབས་དང་ ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པའོ། །སྐུའི་བཟླས་པ་ལ་སོགས་པ་རང་གི་སྔགས་གསང་བ་སྔོན་དུ་སོང་བས་བྱ་བར་གསུངས་པ། སྙིང་ག་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། ། འཁོར་ལོའི་དོན་བསྒོམ་ཞེས་བྱ་བ་ནི་འདི་སྐད་བརྗོད་པ་ཡིན་ཏེ། རང་གི་དཀྱིལ་འཁོར་ལ་གནས་པ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས། རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་འཁོར་ལོའི་ལྟེ་བ་ལ་བཀོད་ནས་མ་སྐྱེས་པ་དང་། རྟོག་པ་དང་བྲལ་བ་དང་། སྒྱུ་མ་ལྟ་བུ་ཉིད་ཀྱིས་ཆོས་ ཐམས་ཅད་བརྟགས་པས་སྐུའི་བཟླས་པ་བྱའོ། །དེ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་ཀྱང་ཡེ་ཤེས་སེམས་དཔའི་སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་རྡོ་རྗེ་བལྟས་ནས་རྡོ་རྗེ་བཟླས་པ་བྱ་བར་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་དཀྱིལ་འཁོར་ ནི་ཉི་མའི་དཀྱིལ་འཁོར་རོ། །རྡོ་རྗེ་སྔགས་དོན་བསྒོམ་པར་བྱ། །ཞེས་བྱ་བ་ནི་རྒྱུ་དང་རྟོག་པ་དང་། འཆི་བ་དང་བྲལ་བ་ཆོས་ཐམས་ཅད་ཅེས་བྱ་བའི་དོན་གསལ་བ་བྱེད་པ་ནི་རྡོ་རྗེ་ལ་ཡི་གེ་ཧཱུཾ་བསྒོམས་ནས་རྡོ་རྗེའི་བཟླས་པ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རིན་ཆེན་ འབྱུང་ལྡན་ལ་སོགས་པ་ཡང་རང་གི་ཡེ་ཤེས་སེམས་དཔའི་སྙིང་གའི་མཚན་མ་ལ་རང་གི་ཡི་གེ་བཀོད་ནས་རང་གི་རྣམ་པར་མོས་པར་རང་གི་བཟླས་པ་བྱ་ཞེས་པ་ནི་སྙིང་གའི་དབུས་སུ་སོང་བ་རིན་ཆེན་ཞེས་བྱ་བས་རྟོག་པར་བྱའོ། །དེ་ཡང་གསུངས་པའི་ཆོ་གས་ཤེས་པར་བྱ་སྟེ་མ་བཤད་དོ། །ལ་ལ་དག་ ཐིག་ལེའི་སྦྱོར་བ་འདིས་བཤད་དོ་ཞེས་འདོད་དོ། །དེ་ནི་མ་ཡིན་ཏེ། སྙིང་གར་ཡི་གེ་ཨོཾ་བསམས་ནས། །སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ། །ཞེས་བྱ་བ་ལ་སོགས་པ་དེ་ལེའུ་བཅུ་གཅིག་པར་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་ཀུན་གྱི་ངོས་རྣམས་སུ། །ཞེས་བྱ་བ་ནི་རྣམ་ པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་རྣམས་ཀྱི་ལོགས་བཞི་རྣམས་སུའོ། །སངས་རྒྱས་ལྔ་རྣམས་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པ་བཞག་པ་སྟེ། འདིས་ནི་བདག་པོ་ངེས་པ་མེད་པར་བསྟན་ཏོ། །འོད་ཟེར་ལྔ་ཡི་བྱེ་བྲག་གིས། །ཞེས་བྱ་བ་ནི་མེ་ལོང་ལྟ་ བུའི་ཡེ་ཤེས་ལ་སོགས་པ་རྣམས་ཀྱི་བྱེ་བྲག་གིས་སོ། །དེའི་ཕྱོགས་གཅིག་ཏུ་གྱུར་པ་སྤྱན་ལ་སོགས་པ་དཀྱིལ་འཁོར་པའི་ལྷའི་ཚོགས་རྣམས་དགོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྤྲོས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཇི་ལྟ་ བ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་གནས་ཏེ། ཇི་ལྟ་བར་གསུངས་པའི་ཆོ་གས་བཟླས་པས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའོ། །བྱེ་བྲག་རྣམ་པ་གཉིས་སུ་གྲགས། །ཞེས་བྱ་བ་ནི་རིམ་དང་ཅིག་ཅར་གྱི་བྱེ་བྲག་གིས་སོ། །སྐུ་གསུམ་རྡོ་རྗེའི་བྱེ་བྲག་གིས། ། ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་སྙིང་གར་རང་རང་གི་ཡི་གེ་བཀོད་པ་དེ་ལས་སྐུ་གསུམ་གྱི་བདག་ཉིད་ཀྱི་ལྷའི་སྐུའི་ངོ་བོ་སྤྲོས་ནས་རང་རང་གི་གནས་སུ་གཞུག་པར་བྱའོ། །འདི་ཉིད་སྐུ་ལ་སོགས་པ་ཞེས་པས་གསུངས་པ། སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེའི་ས་བོན་དུ་བཤད་དེ་ལྷ་དང་ ས་བོན་དག་བྱེ་བྲག་མེད་པའི་ཕྱིར་རོ། །འདི་སྐད་དུ་ལེའུ་བཅུ་གཅིག་པར། ཨོཾ་ནི་སངས་རྒྱས་སྐུ་ཡི་མཆོག །ཨཱཿནི་སངས་རྒྱས་གསུང་གི་ལམ། །ཧཱུཾ་ནི་ཐུགས་ཀྱི་ཡེ་ཤེས་མཆོག །ཅེས་གསུངས་སོ། །སྐུའི་ངོ་བོ་ཞེས་བྱ་བ་ནི་ཡི་གེ་ཨོཾ་སྐུ་རྡོ་རྗེའི་རྣམ་པས་སྤྲོ་བ་དང་བསྡུ་བར་ ཤེས་པར་བྱའོ། །ཕྱོགས་འདིས་སེམས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླ་བའི་ཕྱིར་མ་བཤད་དོ། །མཆོད་ན་མཆོད་པའི་གནས་སུ་འགྱུར། །ཞེས་བྱ་བ་ནི་སྤྲོས་ནས་སྐུ་རྡོ་རྗེ་ལ་སོགས་པ་རྣམས་མཆོད་པར་བྱས་ནས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཡེ་ ཤེས་མངོན་སུམ་དུ་བྱ་ཞེས་པའི་དོན་ཏོ། །ལ་ལ་དག་སྐུ་ལ་སོགས་པ་བདག་མེད་པ་བསྒོམས་པས་སྤྲོ་བ་ལ་སོགས་བྱའོ་ཞེས། སྐུ་ཞེས་བྱ་བ་ལ་སོགས་པས་བཤད་པར་འདོད་དོ། །མཆོད་པ་ཡང་རང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་མཆོད་པར་བྱེད་པ་ཞེས་སྐུ་ལ་སོགས་པ་ཞེས་ གསུངས་པ་ལ་ལ་དག་འདོད་དོ། །དེ་ལྟར་མཐོང་བའི་ཆོས་ཀྱི་འབྲས་བུས་གདུལ་བྱ་རྣམས་བསྡུ་བར་བྱ་བའི་ཕྱིར་དུ་ནད་ལ་སོགས་པའི་ཉེ་བར་འཚེ་བ་སྤངས་པའི་རྒྱུ་ཉིད་དང་། སྤྱི་དང་ཅིག་ཤོས་ཀྱི་དངོས་གྲུབ་བསྒྲུབ་པའི་རྒྱུར་གྱུར་པ་དང་། ཞི་བ་ལ་སོགས་པ་ལས་ཀྱི་ཆོ་ག་བཤད་ པར་འདོད་པས། ཞི་དང་རྒྱས་ལ་སོགས་གང་དང་། །དེའམ་གཞན་པ་ཅི་འདོད་པ། །འཁོར་ལོ་རྗེས་མཉེས་སྦྱོར་བ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དགོངས་པས་གསུངས་པས་རེ་ཞིག་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྔ་ རྣམས་བསྒོམ་པར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ལྔ་རྣམས་བསྒོམ་པར་བྱ། །ཞེས་བྱ་བའི་དོན་ཏོ། །དབུས་སུ་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། རྡོ་རྗེ་འཛིན་པ་ཆེན་པོའམ། ལྷག་པའི་ལྷས་ཆོ་ག་བཞིན་དུ་བཀའི་འཁོར་ལོའི་བདག་པོ་ བསྒོམས་ནས་ལས་འདི་བྱའོ། །དཀྱིལ་འཁོར་རྣམ་པ་བཞི་དག་ཏུ། །ཞེས་བྱ་བ་ནི་ལས་ཀྱི་རྗེས་སུ་མཐུན་པར་ཆུ་ལ་སོགས་པའི་དཀྱིལ་འཁོར་ལའོ། །ཁ་དོག་བཞི་ཞེས་པ་ལ་ཅི་རིགས་པར་ཁ་དོག་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པར་ཡོངས་སུ་བརྟག་པར་བྱའོ། ། རྡོ་རྗེ་བདུད་རྩི་ལས་གསུངས་པ། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་ནི། །ཁ་དོག་དཀར་པོ་ཞི་བ་ལའོ། །ས་ནི་གྲུ་བཞིར་གྱུར་པ་སྟེ། །སེར་པོ་དེ་བཞིན་རྒྱས་པའི་ལས། །མེ་ནི་གྲུ་གསུམ་དུ་ནི་འགྱུར། །ནག་པོ་དེ་ནི་གདུག་པའི་ལས། །རླུང་ནི་གཞུ་ ཡི་དབྱིབས་ལྟ་བུ། །ཤིན་ཏུ་དམར་པོ་དབང་ལའོ། །ཞེས་སོ། །སྙིང་གར་སྔགས་ཀྱི་དོན་བསྒོམས་ནས། །ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ཉམས་སྔོན་དུ་བྱས་པ་སྔོན་དུ་སོང་བས་བསྒོམ་པ་ཉིད་དེ། བྲི་བ་ལ་སོགས་པ་སྦྱོར་བ་གཞན་ལ་མ་ལྟོས་པའོ། །རྡོ་རྗེ་རྣམ་པ་བཞི་ཡི་ ལས། །ཞེས་བྱ་བ་ནི་རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་ཏེ། ཞི་བ་ལ་སོགས་པ་རྣམ་པ་བཞིའི་ལས་བྱེད་པའོ། །གང་གིས་ཤེ་ན་གསུངས་པ། བསམ་གཏན་རྡོ་རྗེ་ཅན་དག་བྱེད། །ཅེས་བྱ་བ་ནི་གུས་པ་དང་བཅས་པས་རྒྱུན་མི་ཆད་པར་དུས་རིང་པོར་གོམས་པས་ལེགས་པར་བརྟན་པའི་ སེམས་རྩེ་གཅིག་པར་བྱས་པའི་རྣལ་འབྱོར་པས་སོ། །གང་གི་སྦྱོར་བ་ལས་གང་བྱ་བ་དེ་གསུངས་པ། ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་པ་ནི་རྣམ་པར་སྣང་མཛད་དཀར་པོའོ། །རྒྱས་ལ་རྡོ་རྗེ་པདྨོ་ཅན། །ཞེས་བྱ་བ་ནི་སྣང་བ་མཐའ་ཡས་སེར་པོའོ། །རྣམ་པར་སྣང་མཛད་ཅེས་ བྱ་བ་ནི་འཇུག་པའི་རྒྱུས་རིན་ཆེན་འབྱུང་ལྡན་དམར་པོའོ། །ལ་ལ་དག་དོན་ཡོད་གྲུབ་པར་འདོད་དོ། །དེ་ཡང་ལས་སྣ་ཚོགས་པ་བྱེད་པར་ཤེས་པ་ཉིད་ཀྱིས་མ་བརྗོད་དོ་ཞེས་པ་འདི་ནི་གཞན་ནོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི་མི་བསྐྱོད་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ལྷ་ ཐམས་ཅད་ཀྱི་ཐུན་མོང་གི་ལས་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་དང་པོ་རེ་ཞིག་ཤིན་ཏུ་སྙིང་རྗེའི་ཡུལ་གྱིས་ངན་སོང་གི་སྡུག་བསྔལ་གཞོམ་པའི་ཕྱིར་མ་རུངས་པའི་ལས་ཀྱི་ཡུལ་གསུངས་པ། མ་དད་སྨྲ་བ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་གནོད་པ་སྨྲའོ། །གང་སྨོད་པ་ནི་ཁ་ཟེར་བ་ དང་མཐོ་བཙམས་པ་ཞེས་བྱ་བའི་བར་དུའོ། །རྡོ་རྗེ་ཅན་སློབ་དཔོན་ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་ཏེ། དེ་ལ་རབ་ཏུ་སྨོད་པ་ཙམ་གྱིས་དགེ་བའི་རྩ་བ་ཐམས་ཅད་རྒྱུན་བཅད་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་འཛིན་པའོ། །དེ་ ཡང་གསུངས་པ། སློབ་དཔོན་ལས་གཞན་བླ་མ་མིན། །འཇིག་རྟེན་གསུམ་གྱི་སྣོད་བཅུད་ན། །སློབ་དཔོན་ལས་ནི་ཆེན་པོ་མེད། །གང་ལ་དད་པ་རྙེད་པ་ཡིས། །དངོས་གྲུབ་ཐམས་ཅད་རྙེད་པར་འགྱུར། །ཞེས་སོ། །གཞན་རྣམས་ལ་ཞེས་བྱ་བ་ནི་མ་གསོད་པ་ལ་སོགས་པའི་སེམས་ ཅན་མང་པོ་ལ་འཁུ་བར་བྱེད་པའི་སེམས་པའོ། །འདི་ཞེས་བྱ་བ་ནི་བཤད་པར་བྱའོ། །རབ་ཏུ་བསྐུལ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་དམ་ཚིག་སྨྲ་བ་སྟེ། སད་པར་བྱེད་པ་བསྐུལ་བར་བཤད། །ཅེས་བྱ་བའི་ཚིག་ལས་སོ། །ཁམས་གསུམ་གནས་པའི་ སེམས་ཅན་རྣམས། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་དོན་ཏོ། །སངས་རྒྱས་སྐུ་རྣམས་སུ་ཞེས་བྱ་བ་ནི། ཁ་སྦྱར་དབྱེ་བའི་དོན་དུ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་སངས་རྒྱས་སུ་བྱས་ནས་སོ། །ཁ་སྦྱར་དབྱེ་བ་བྱས་ནས་སུ། །ཞེས་བྱ་བ་ནི་སྤྲུལ་པ་ལ་སོགས་པ་དང་བྲལ་བར་བྱས་ནས་ཏེ། དེ་ཡང་གསལ་བར་མ་བཤད་དོ། །ཐམས་ཅད་ལས་ནི་རབ་ཏུ་འགྲུབ། །ཅེས་བྱ་བ་ནི་ཞི་བ་དང་རྒྱས་པ་ལ་མ་གཏོགས་པ་གཞན་ཐམས་ཅད་ལ་འདིས་སྔོན་དུ་སོང་བས་བྱའོ་ཞེས་བྱ་བ་ནི་མན་ངག་གོ། །བཀའི་འཁོར་ལོ་དགོད་པར་གསུངས་པ། ཁ་བཞི་པ་ཞེས་བྱ་བ་ལ་དབུས་ཀྱི་ རྩེ་མོ་ལ་ཕྱོགས་བཞིའི་རྩེ་མོའི་སྦྱོར་བ་ལས་སོ། །འདིས་ནི་གྲལ་རིམ་བཞིན་དགག་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་འཛིན་པ་སྔོན་དུ་བསྒོམས་པས། རྡོ་རྗེ་རྩེ་མོ་ལྔ་པ་ཡོངས་སུ་གྱུར་པ་ལས་ཤིན་ཏུ་ཁྲོས་པའི་མི་བསྐྱོད་པ་བསྒོམ་པར་བྱའོ། །དེས་ཕྱུང་བ་ སྔོན་དུ་སོང་བས་ལྷའི་དཀྱིལ་འཁོར་ཡང་དེ་དང་འདྲ་བར་བརྟག་པར་བྱའོ་ཞེས་གསུངས་པ། དུས་གསུམ་ཞེས་བྱ་བ་ལ་སོགས་པའོ། །ལག་པ་གཡས་པ་ཞེས་བྱ་བ་ནི་མི་བསྐྱོད་པའི་ལག་པ་གཡས་པར་ཡི་གེ་ཧཱུཾ་ལས་བྱུང་བ་འབར་བ་དང་བཅས་པའི་རྡོ་རྗེ་བསྒོམ་པར་བྱའོ། །དེ་ཡང་ ལེའུ་བཅོ་ལྔ་པར། ཡི་གེ་ཧཱུཾ་ནི་འབར་བཅས་པ། །རྡོ་རྗེ་འབར་བ་རབ་ཏུ་བསྒོམ། །གདུག་པ་ཐམས་ཅད་གཞོམ་པ་ཡི། །ཕྱག་ན་རྡོ་རྗེའི་རིགས་སུ་བརྗོད། །ཅེས་གསུངས་སོ། །སངས་རྒྱས་འཁོར་ལོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་དུས་ གསུམ་གྱི་སངས་རྒྱས་རྣམས་བཞུགས་པ་སྟེ་དེའི་བདག་ཉིད་ཡིན་ལ་དེའི་ཕྱིར། སྟོབས་པོ་ཆེ་ནི་ཤིན་ཏུ་བཟློག་པར་དཀའ་བའོ། །ཡང་ན་སངས་རྒྱས་ཀྱི་འཁོར་ལོ་ནི། དཀྱིལ་འཁོར་པའི་གཟུགས་ཀྱིས་སྟོབས་པོ་ཆེའི་ཞེས་ཁྱད་པར་ཏེ། དེའི་ཐོགས་པ་མེད་པའི་ ནུས་པས་དེ་ངེས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །བཀའ་བསྒོ་བའི་དེ་མ་ཐག་ཏུ་གསུངས་པ། སེམས་ཅན་རྣམས་ཞེས་བྱ་བ་ལ། སངས་རྒྱས་སྐུ་ཡི་བྱེ་བྲག་གིས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་བྱེ་བྲག་གིས་སོ། །གོང་བུའི་ཚུལ་གྱིས་སོ་ཞེས་བྱ་བ་ནི་གཅིག་གི་རྣམ་པའི་ སྦྱོར་བས་སོ། །སླར་ཡང་སྤྲོ་བ་རབ་ཏུ་བྱ། །ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ཁྲོས་པ་རྣམས་ཏེ། ཇི་སྐད་བཤད་པའི་གཟུགས་རྣམས་གཞིག་པའི་ཆེད་དུ་དེ་རྣམས་སྤྲོ་བར་བྱ་བའི་ཆེད་དུ་གསུངས་སོ། །འདི་ནི་ཁ་སྦྱར་དབྱེ་བ་དང་འབྲེལ་པ་ཉིད་ཀྱི་ཕྱིར་གསལ་བར་མ་བྱས་སོ། ། གང་འདིར་བསྒྲུབ་པར་བྱ་བའི་རིག་པ་བཅད་པ་དང་། ཕུར་བུས་གདབ་པ་དང་། དངོས་གྲུབ་འཕྲོག་པ་ལ་སོགས་པ་ནི་གསལ་བར་མ་བྱས་པ་སྟེ། དེ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །དེ་ཉིད་ཆོས་ཀྱི་ སྐུ་ལ་སོགས་པའི་བདག་ཉིད་ཀྱི་དམ་ཚིག་གོ། །དེ་ཉིད་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་གྱི་གནས་ནི་དཀྱིལ་འཁོར་ཏེ། ལུས་ཀྱི་དཀྱིལ་འཁོར་དག་ཏུ་གསུངས། །ཞེས་པའི་ཚིག་ལས་སོ། །རྨོངས་པའི་བདག་ཉིད་ཅེས་བྱ་བ་ནི་མི་ འདོད་པའི་ལས་བྱེད་པའི་བསྒྲུབ་པར་བྱ་བའོ། །སངས་རྒྱས་ཀྱིས་ཀྱང་འགྲུབ་མི་འགྱུར། །ཞེས་བྱ་བས་ནི་སྲུང་བ་ལ་སོགས་པས་སླར་འཚོ་བར་མི་ནུས་པ་ནི་ལྷག་མའོ། །འདིས་ནི་སྦྱོར་བའི་བདག་ཉིད་ཆེ་བ་གསུངས་པའོ། །རྡོ་རྗེའི་དམ་ཚིག་ནི་མི་བསྐྱོད་པའོ། །དེ་ཉིད་དེ་བཞིན་ གཤེགས་པ་ལ་སོགས་པ་རྣམས་ལ་བཀའ་བསྒོ་བས་བཀའི་འཁོར་ལོ་དེ་ཉིད་མིང་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་སྦྱོར་བས་ཀྱང་བཀའི་འཁོར་ལོ་བྱ་བར་ཉེ་བར་བསྟན་པའི་དོན་དུ་གསུངས་པ། ནམ་མཁའི་དབྱིངས་ཀྱི་ཞེས་ བྱ་བ་ལ་སོགས་པ་ལ། རྡོ་རྗེ་འབར་བས་བརྒྱན་ཞེས་བྱ་བ་ནི། ཁྲོ་བོའི་འོད་ཟེར་རྣམས་འཕྲོ་བའོ། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོ་ལས་བྱུང་བ་ཁྲོས་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་ བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་གྲགས་ཆེན་ཞེས་བྱ་བ་ནི་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྒོམ་པར་བྱ་བའི་དོན་ཏོ། །རྡོ་རྗེ་མེ་སྟག་འཕྲོ་བ་ཅན། །ཞེས་བྱ་བ་ནི་སྔར་གྱི་བཞིན་དུ་ཁྲོ་བོ་ཐམས་ཅད་དུ་བཅུག་པས་མི་ཕྱེད་པར་གྱུར་པའི་འཁོར་ལོ་འོད་ཟེར་དང་ བཅས་པ་བསྒོམ་པར་བྱའོ། །སེམས་ཅན་རྣམས་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་གསུངས་པ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱོགས་ཐམས་ཅད་ན་གནས་པ་ཆོ་ག་བཞིན་དུ་བསྒྲུབ་པར་བྱ་བ་ལ་བཏང་ནས་ཤིན་ཏུ་ཁྲོས་པས་དགུག་པའི་འོད་ཟེར་ གྱི་སྦྱོར་བས་རང་གི་ལུས་ཀྱི་ནང་དུ་གཞུག་པར་བྱའོ། །སྤྲོ་བ་རྡོ་རྗེ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་ཡང་དེ་རྣམས་ཤིན་ཏུ་ཁྲོས་པས་སྤྲོས་ནས་ཇི་ལྟ་བ་བཞིན་བཀའ་བསྒོ་བ་བྱིན་ནས་བྱ་བ་ལ་སྦྱར་བར་བྱའོ། །བཀའ་བསྒོ་བའི་ཚིག་གསུངས་པ། གསོན་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་ གོ་སླའོ། །འདི་ནི་ཐམས་ཅད་ཀྱི་ཐུན་མོང་གི་ཚིགས་སུ་བཅད་པ་ཡིན་ཏེ། འོན་ཀྱང་མཚན་མ་འཛིན་པའི་བྱེ་བྲག་གིས་སོ། །འཁོར་ལོ་རྡོ་རྗེ་འཛིན་ཞེས་གཞུག་པར་བྱའོ། །ཁྲོ་བོའི་སྦྱོར་བས་ཀྱང་འདི་བྱ་བར་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། སངས་ རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་བདག་པོའོ། །འཁོར་ལོ་ཆེ་ཞེས་བྱ་བ་ནི་ཁྲོ་བོའི་ཚོགས་དང་བཅས་པ་རང་གི་ལྷག་པའི་ལྷ་གཤིན་རྗེ་གཤེད་པོར་བལྟའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྔར་གྱི་བཞིན་དུ་མཚན་མ་བྱིན་གྱིས་བརླབ་ པ་ལ་སོགས་པ་གསུངས་པ་སྟེ། འོན་ཀྱང་ཧཱུཾ་ཡིག་ལས་བསྐྱེད་པའི་རྡོ་རྗེ་ཐོ་བ་འདིར་བསམ་པར་བྱའོ། །འདི་ནི་རྡོ་རྗེ་དཀྱིལ་འཁོར་མཆོག །ཅེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་ཐམས་ཅད་དེ། དེ་རྣམས་ཀྱང་དཀྱིལ་འཁོར་འདི་ལྟ་བུར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ལས་ མི་འདའ་བ་ཉིད་ཀྱི་ཕྱིར་དམ་ཚིག་ནི་གཤིན་རྗེ་གཤེད་པོ་སྟེ། དེ་གང་ལས་བྱུང་བ་ཞེས་བྱ་བ་ནི་ས་བོན་ལ་སོགས་པ་ལས་བྱུང་བའོ། །དེ་ཡང་གཤིན་རྗེ་གཤེད་པོའི་སྐུ་ལ་སོགས་པའི་ངོ་བོའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཀའི་འཁོར་ ལོ་རབ་ཏུ་བསྐོར་བའི་ཆོ་ག་འདིས་དྲག་ཤུལ་བསྒྲུབ་པ་དང་བགེགས་བསྐྲད་པ་ལ་ཡང་བལྟ་བར་བྱ་སྟེ། འདི་ཉེ་བར་དགོད་པ་གསུངས་པ་སྐུ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། འཇིགས་པ་སྐྱེས་པ་ལ་སོགས་པ་ལ་ཡང་ཇི་ལྟ་བ་བཞིན་རྣམ་པར་སྣང་མཛད་ལ་སོགས་ པའི་སྦྱོར་བས་འཁོར་ལོའི་དབུས་སུ་གནས་ནས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་བདག་ལ་བསྡུ་བ་དང་། ཁྲོ་བོའི་རྣམ་པར་སྟོན་ནས། བགེགས་ཐམས་ཅད་གཞིག་པའི་ཕྱོགས་བཅུར་བསྒོམ་པར་བྱའོ། །ཡེ་ཤེས་མཆོག་གི་རྡོ་རྗེ་ཞེས་བྱ་བ་ ནི་སེམས་རྩེ་གཅིག་པའི་རྣལ་འབྱོར་པས་ཞེས་བྱ་བའི་དོན་ཏོ། །གསུངས་པ། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །རྣམ་པར་སྣང་མཛད་ལ་སོགས་ཉིད། །ཁྲོ་བོ་འཁོར་ལོ་གནས་བསྲུང་ཕྱིར། །བསམས་ནས་བགེགས་ནི་རྣམ་པར་གཞོམ། །ཞེས་སོ། །གང་རང་གི་ མིང་སྦ་བ་ལ་སོགས་པས་རང་གི་རིག་པ་སྲུང་བ་དེ་ཉིད། བླ་མའི་ཞབས་ལ་གུས་པས་རྙེད་པ་སྟེ་འདིར་མ་བཤད་དོ། །རྣམ་པར་སྣང་མཛད་ལས་བྱུང་བའི། །གཞལ་ཡས་ཁང་གསུངས་པ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ ཅད་ཀྱི་ཆོས་ཀྱི་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །གཞལ་ཡས་ཁང་བསྒོམས་ནས་དེ་ལ་གདན་བརྟག་པར་བྱའོ། །རྡོ་རྗེའི་ང་རྒྱལ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ས་བོན་གྱི་ཡི་གེ་ནང་དུ་སོན་པའི་རྡོ་རྗེ་ལས་སྤྲོས་པའི་བདག་ཉིད་བསྒོམ་པར་ བྱ་ཞེས་བྱའོ། །གང་ཞིག་སངས་རྒྱས་ཐམས་ཅད་སྐུ། །སྣང་བ་མེད་པ་གནས་མེད་པ། །མ་སྐྱེས་མ་བྱས་རྣམ་པར་དག །དངོས་མེད་ལ་སོགས་རྣམ་པར་སྤངས། །མི་ཆོད་མི་ཕྱེད་མི་ཚིག་པ། །ཆོས་ཀྱི་སྐུ་སྟེ་ཁྱད་པར་མེད། །རྡོ་རྗེའི་བདག་ཉིད་ཡང་དག་གྱུར། །རྡོ་རྗེའི་ སྐུ་ནི་བླ་ན་མེད། །ཅེས་གསང་བའི་ཐིག་ལེ་ལས་གསུངས་པ་དེ་ཁོ་ན་ཉིད་བལྟས་ནས་བརྟན་པར་བྱ་སྟེ། རྡོ་རྗེའི་ང་རྒྱལ་བྱ་བ་ནི། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །འོག་ན་གནས་པའི་ཆུ་གནོན་པ་གསུངས་པ། རྣམ་པའི་མཆོག་རྣམས་ཀུན་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །རིམ་པར་བཀོད་ནས་ནི་ཞེས་བྱ་བ་ནི་དབང་བསྐུར་བའི་རིམ་པས། གང་གི་གང་ལ་བདག་པོར་འགྱུར་བ་དེས་དེ་ཉིད་ལ་ཞབས་ཀྱིས་མནན་པར་བསམ་པར་བྱའོ། །གང་རྣམས་ཀྱི་དེ་མེད་པ་ནི་དེ་རྣམས་ཀྱི་བདག་ཉིད་མཉམ་པ་ཉིད་ཀྱི་ལྷ་ཞེས་བྱ་བའི་དོན་ཏོ། ། ཡང་ན་དཀྱིལ་འཁོར་གདོན་པའི་རིམ་གྱིས་སོ། །འདི་སྐད་གསུངས་པ་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟན་པོར་བྱས་པའི་རྣལ་འབྱོར་པ་གང་གི་ཚེ་ཆུ་ལ་འགྲོ་བར་འདོད་པ་དེའི་ཚེ། རང་གི་འདོད་པའི་ལྷའི་སྦྱོར་བ་སྔོན་དུ་བྱས་ནས་སངས་རྒྱས་རྗེས་སུ་དྲན་པ་ བསྒོམས་པའི་སྟོབས་ཀྱིས་ཆུའི་རྡུལ་ཕྲ་རབ་ཐམས་ཅད་བདེ་བར་གཤེགས་པའི་བདག་ཉིད་དུ་ཤེས་ནས་བདག་ཉིད་ཀྱང་དེ་བཞིན་དུ་ངེས་པར་མཉམ་པ་ཉིད་དམིགས་པས། དེ་ལྟར་སྤྲུལ་པའི་རྒྱལ་བའི་དབུ་ལ་ཞབས་འདོར་བའི་རིམ་གྱིས་ཆུ་ལ་བཅག་པའི་རིམ་པའོ། །འགྱོད་པ་ སྤངས་པ་ཟུར་གྱིས་གསུངས་པ། ངོ་བོ་ཉིད་དག་པ་ཞེས་བྱ་བས་སོ། །ངག་རེངས་པར་བྱ་བ་གསུངས་པ། དབང་ཆེན་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། གང་གི་ཚེ་ངག་འཕྲོག་པར་འདོད་པ་དེའི་ཚེ། གང་ཡང་རུང་བའི་ལྷ་ཁ་དོག་སེར་པོའི་སྦྱོར་བས་བསྒྲུབ་པར་ བྱ་བའི་ལྕེའི་རྩ་བ་ལ་ལཾ་ལས་བྱུང་བ་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་གྲྭ་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །རྡོ་རྗེའི་རྭ་ཡང་རྣ་བ་གཉིས་དང་ལྕེ་དང་། རྐན་ཕུག་ནས་བྱུང་བར་བལྟ་བར་བྱའོ། །དེ་ཡང་ཁ་ཐུར་དུ་བལྟས་ནས་ལྟུང་བ་དབྱངས་ཡིག་གི་མཐའ་མ་ ལས་བྱུང་བ་སྣ་ཚོགས་རྡོ་རྗེ་ལ་གནས་པ་ཁ་དོག་སེར་པོའི་ཁྲོ་བོས་མགོ་བོ་ལ་མནན་པ་ཟུག་གཟེར་དང་ལྡན་པ་སྤོབས་པ་མེད་པར་བསྒོམ་པར་བྱའོ། །དཔུང་གནོན་པ་གསུངས་པ། ཁྲོ་བོའི་ཚུལ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་གསུམ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་རྡོ་རྗེ་ རྣམས་སོ། །འདི་སྐད་གསུངས་པ་ཡིན་ཏེ། རང་གི་དཀྱིལ་འཁོར་ལ་གནས་པའི་རང་གི་དཀྱིལ་འཁོར་པ་རྣམས་ཇི་ལྟ་བ་བཞིན་དུ་ཁ་དོག་སེར་པོ་ཁྲོ་བོར་དམིགས་ནས་སྤྲོས་ཏེ་སྐྱེས་བུ་དཔའ་བོ་རྣམས་སོ་སོ་ལ་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟན་ལ་སྣ་ཚོགས་རྡོ་ རྗེའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པ་གསེར་གྱི་རི་བོ་ལྟ་བུས་མནན་པར་བསྒོམ་པར་བྱའོ། །འབྲོས་པར་འདོད་ན་དཔའ་བོ་སྐྱེས་བུས་ཕྱིར་བལྟས་པས་ཕྱིར་བལྟས་པའི་ཁྲོ་བོས་འབྲོས་པར་འགྱུར་བ་དང་། ཕྱིར་བལྟས་པ་ལས་མདུན་དུ་བལྟས་པའི་ཁྲོ་བོས་འཆིང་བ་ཉིད་ དུ་བལྟས་པ་དང་། མདུན་དུ་བལྟས་པ་ལ་མངོན་པར་གནས་པས་བརྒྱལ་བར་འགྱུར་ཞེས་པ་ནི་མན་ངག་གོ། །རྨོངས་པའི་དབང་དུ་བྱས་ཏེ་གསུངས་པ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཡི་གེ་ཧཱུཾ་ལས་བསྐྱེད་པ་སོར་བརྒྱད་པའི་ཚད་རྩེ་ མོ་ལྔ་པའི་སྟེང་དུའོ། །འོག་ཏུ་རྩེ་མོ་གཅིག་པ་སེར་པོའི་རྡོ་རྗེ་ཕུར་བུ་བསྒོམས་ནས་གང་འདོད་པའི་ལྷའི་སྦྱོར་བས་རང་གི་མིང་གི་ཡི་གེ་དང་པོ་ལས་བྱུང་བས་བསྒྲུབ་པར་བྱ་བའི་སྙིང་གར་གདབ་པོ། །རྨོངས་པ་འམ་འཆི་བར་བསྒོམས་ན་དེ་བཞིན་དུ་དེ་འགྱུར་རོ། །དེའི་ཕྱིར་འདི་ནི་ སྒྲ་རྨོངས་པར་བྱེད་ཅིང་གནོད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡམས་ཀྱིས་ཉེ་བར་འཚེ་བ་ཐམས་ཅད་གཞོམ་པའི་དོན་དུ་གསུངས་པ། གྲོང་ངམ་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཆོ་གས་སོ། །བར་སྣང་དག་ལ་རབ་ཏུ་ཞེས་ བྱ་བ་ལ་སོགས་པ་ལ། གང་འདོད་པའི་དཀར་པོ་ཞི་བའི་ལྷའི་སྦྱོར་བས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཕྲེང་བ་བསྐལ་པའི་མེ་དང་འདྲ་བ་གྱེན་དུ་མགོ་བསྟན་པས་གྲོང་ཁྱེར་ལ་སོགས་པ་གཡོགས་པར་ནམ་མཁའ་ལ་གནས་པ་བསྒོམས་ནས་འབར་བ་རྣམས་ཀྱིས་ ནད་ལ་སོགས་པས་གནོད་པར་བྱེད་པའི་སེམས་ཅན་རྣམས་ལ་མེས་བཀྲུས་པའི་གོས་ཀྱི་དྲི་མ་མེད་པ་བཞིན་དུ་ནད་ཐམས་ཅད་ཀྱི་དྲི་མ་མེད་པར་བྱས་ནས་དེའི་འོད་ཟེར་བསྡུས་ཏེ་རྡོ་རྗེར་བྱའོ། །རིན་ཆེན་ཡིད་བཞིན་ནོར་བུའི་འོད། །ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་འོད་ ཟེར་རྣམས་ཀྱིས་ཏེ་འོད་ཟེར་སེར་པོ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་སྤྲིན་ནི་བསྒོམས་ནས་ཀྱང་། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཡང་རྡོ་རྗེ་དེ་ལས་ཁ་དོག་སེར་པོའི་འོད་ཟེར་གྱི་སྒོ་ནས་བྱུང་བ། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཡེ་ཤེས་ཀྱི་ བདུད་རྩི་སེར་པོས་གསེར་གྱི་བུམ་པ་གང་བ་ཕྱག་ན་ཐོགས་པས་སེམས་ཅན་རྣམས་དབང་བསྐུར་བར་བྱ་སྟེ། ཇི་ལྟ་བ་བཞིན་དུ་དེ་ཉིད་ཀྱི་ནང་དུ་ཞུགས་པར་བྱས་ནས་ཡང་དེ་རྣམས་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་སྤྲོས་པས་དབང་བསྐུར་ཏེ། དེའི་རང་བཞིན་དུ་བྱས་ཏེ་ལུས་རྒྱས་པའོ། ། ནོར་རྒྱས་པའི་ཆེད་དུ་གསུངས་པ། ཡང་ཀུན་ནས་རིན་པོ་ཆེའི་ཆར་ཏེ་དེར་བསམ་མོ་ཞེས་བྱ་བ་ནི་ཁྱད་པར་རོ། །གང་གི་ཚེ་ཡང་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཀྱིས་བསྐྱེད་པར་གྱུར་པ་དེའི་ཚེ། དེའི་གནས་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་ བརླབ་པ་ཉིད་ཀྱི་ཕྱིར་རོ། །དུས་རིང་པོར་ནད་ལ་སོགས་པས་ཉེ་བར་འཚེ་བར་མི་འགྱུར་བའི་དགོངས་པ་དང་ལྡན་པས་གསུངས་པ། སངས་རྒྱས་སྤྲིན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །ཆོས་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་སེམས་དཔའ་ ནི་ཐུགས་རྡོ་རྗེའོ། །དེར་ཞེས་བྱ་བ་ནི་སེམས་ཅན་རྣམས་ལའོ། །སྤྲོ་བ་ཞེས་བྱ་བ་ནི་དེའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་འདི་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྟག་ཏུ་བར་མེད་པའི་སྤྲོ་བ་དང་། བསྡུ་བའི་རིམ་གྱིས་ཐུན་བཞིར་བྱིན་གྱིས་ བརླབ་པའོ། །གང་ལ་གང་དུ་ཡང་དག་པར་སྤྱོད་པའོ། །འདིས་ནི་ངེས་པར་བཤད་པར་བྱ་བའི་སྲུང་བའི་ཆོ་གས་གསུངས་སོ། །སངས་རྒྱས་བྱིན་གྱིས་རློབ་ཞེས་བྱ་བ་ནི། བགེགས་མེད་པའི་ཕྱིར་མྱུར་བར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ལས་ཐམས་ ཅད་ལ་བསྲུང་བ་སྔོན་དུ་སོང་བས་འཇུག་པ་གསུངས་པ། རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་ལ་བདུད་རྩི་འཁྱིལ་པ་ཉིད་སྟེང་དུ་གནས་པ་འོག་ཏུ་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ནི་རྡོ་རྗེ་ཕུར་བུའོ། །ཕྱོགས་བཅུར་དཀྱིལ་འཁོར་གདབ་པར་བྱ། །ཞེས་བྱ་བ་ནི་ཕྱོགས་བཅུར་གནས་པའི་ བགེགས་དང་ལོག་འདྲེན་འཁོར་དང་བཅས་པའི་ལུས་ལ་ཇི་ལྟ་བ་བཞིན་དུ་གདབ་པོ་ཞེས་བྱ་བའི་དོན་ཏོ། །ནད་འབྱུང་བ་ཞི་བར་བྱ་བའི་དོན་དང་ཡུལ་སྲུང་བ་ལ་སོགས་པའི་དོན་དུ་འདི་ཡང་བལྟ་བར་བྱའོ། །གང་གསུངས་པ། ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་བྱ་བའི་ རྒྱས་པར་བསྟན་པ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། ཞི་བར་བྱེད་པ་ནི་ཞི་བ་སྟེ། དེའི་དོན་གྱི་དཀྱིལ་འཁོར་ཏེ། ཡི་གེ་བཾ་ལས་བྱུང་བ་ཆུ། །ཞེས་བྱ་བའི་དོན་ཏོ། །སྙིང་གར་འདོད་པ་གཞག་ཅེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྐུའི་དཀྱིལ་ འཁོར་ལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་ཆུའི་དཀྱིལ་འཁོར་ལ་གནས་ནས། ཨོཾ་ཛི་ན་ཛིཀ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པ་ན། རང་གི་ཡེ་ཤེས་སེམས་དཔའི་སྙིང་གར་ཟླ་བ་ལ་ཞི་བར་འདོད་པ་ཇི་ལྟ་བ་བཞིན་དུ་རྫོགས་པར་བསམས་ནས། དེའི་སྙིང་གའི་ ཟླ་བ་ལ། ཨོཾ་རུ་རུ་སྥུ་རུ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་ཕྲེང་བ་མགོ་གྱེན་དུ་གནས་པ་དགོད་དོ། །དེ་ལས་བྱུང་བ་སྤྱན་གྱི་ཚོགས་རྣམས་ཀྱིས་རང་གི་རིག་པ་འདོན་པ་སྔོན་དུ་སོང་བའི་དབང་བསྐུར་བ་སྟེར་བ་ལྷུར་བྱེད་པ་ནམ་མཁའ་ཡོངས་སུ་གང་བ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ བསྡུས་ནས་ཡེ་ཤེས་བདུད་རྩིའི་འོད་ཀྱི་གཟུགས་ཀྱིས་གཅིག་ཏུ་བྱས་ནས་ནད་པའི་ལུས་ལ་ཚིམ་པར་བྱ་བའི་དོན་དུ་གཞུག་པར་བྱའོ། །ཡང་དེ་རྣམས་དེའི་བ་སྤུའི་བུ་ག་ནས་སངས་རྒྱས་སྤྲིན་གྱི་གཟུགས་ཞི་བ་དཀར་པོའི་གཟུགས་རྣམས་སྤྲོས་ནས་དབང་སྟེར་བ་སྔོན་དུ་སོང་བ་ཇི་ལྟ་ བ་བཞིན་དུ་ཞུགས་པས་ནད་པ་དེའི་རང་བཞིན་དུ་བྱའོ། །མན་ངག་བརྗོད་པར་བྱ་སྟེ། རང་བཞིན་གྱིས་འོད་གསལ་བ་རྣམ་པར་ཐར་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣམ་པར་སྣང་མཛད་རང་གི་དཀྱིལ་འཁོར་ལ་གནས་པ་དཀར་པོར་བསྒོམ་པར་བྱའོ། །དེའི་ཤེས་ རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་བཅུག་པའི་བསྒྲུབ་བྱའི་མགོ་བོ་ལ་ལས་ཀྱི་རྡོ་རྗེ་ལས་བྱུང་བ་ཁ་བ་བཞིན་དུ་གྲང་བའི་བདུད་རྩིའི་རྒྱུན་གྱིས་ནད་ལ་སོགས་པའི་དྲི་མ་མ་ལུས་པ་སྤངས་པར་བལྟས་ནས་དེ་ནས་གདོན་པར་བྱ་སྟེ། དཀར་པོའི་དྲི་བཟང་པོ་དང་། གོས་དང་བྱུག་པས་མཛེས་ པའི་ལུས་ཀྱང་མདུན་དུ་དཀྱིལ་འཁོར་དཀར་པོ་ལ་བཞག་ནས་ཇི་ལྟ་བ་བཞིན་དུ་སྤྲོས་ཏེ། སྤྱན་ལ་སོགས་པའི་ཚོགས་ཀྱིས་དབང་བསྐུར་བར་བྱ་བའམ། ཡང་ན་དེ་བཞིན་གཤེགས་པ་ནད་པའི་མགོ་བོ་ལ་གནས་པས་ཇི་ལྟ་བ་བཞིན་དུ་དབང་བྱིན་པས་སྣ་ཚོགས་ཀྱི་ནད་ཀྱི་དགྲ་ སྤྲེའུའི་རྣམ་པ་ལྟ་བུ་ཕྱུང་བར་བསྒོམ་པར་བྱའོ། །ཕྱི་རོལ་གྱི་ཡང་གྲོ་ག་ལ་སོགས་པ་རྣམས་ལ་ཙནྡན་དཀར་པོ་དང་། གུར་ཀུམ་གྱིས་ཇི་ལྟ་བ་བཞིན་དུ་ཕྱིར་བཟློག་པའི་སྲུང་བའི་འཁོར་ལོ་བྲིས་ནས་ཆོ་ག་བཞིན་དུ་རྫོགས་པར་བྱས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་དེ། ཁམ་ཕོར་ཁ་སྦྱར་ནས་ནད་པའི་སྔས་ཀྱི་གནས་སུའམ། གཞན་ས་ཕྱོགས་གཙང་བའི་གནས་སུ་བཞག་ལ་མེ་ཏོག་དཀར་པོས་དུས་གསུམ་དུ་མཆོད་དོ། །འདིས་ནི་ངེས་པར་ཉི་མ་བདུན་གྱིས་ཞི་བ་ཆེན་པོར་འགྱུར་རོ། །རྒྱས་པའི་དབང་དུ་བྱས་ནས་གསུངས་པ། ནམ་མཁའི་ དབྱིངས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་ཞི་བ་བཞིན་དུ་ཆོ་ག་ཡིན་ཏེ། འོན་ཀྱང་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ་ཁ་དོག་སེར་པོ་སྣང་བ་མཐའ་ཡས་ཀྱི་སྦྱོར་བའམ། རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས། ཨོཾ་ཨཱཿཨཱ་རོ་ལྀཀ་ཆེ་གེ་མོ་པུཥྚིཾ་ཀུ་རུ་ཧཱུཾ་ཞེས་བྱ་ བའམ། རིན་ཆེན་འབྱུང་ལྡན་གྱི་སྔགས་བཟླས་པས་སྔོན་བཞིན་དུ་རང་གི་རིག་པ་ལས་བྱུང་བ་གོས་དཀར་མོ་སེར་མོའི་ཚོགས་ཀྱིས་བདུད་རྩི་འཛག་པའི་བུམ་པ་སེར་པོ་ལག་ན་ཐོགས་པས་དབང་བསྐུར་བར་བྱས་ནས་དེ་བཞིན་གཤེགས་པས་ཀྱང་དབང་བསྐུར་བ་གསུངས་པ། བ་སྤུ་ཞེས་བྱ་བ་ལ་སོགས་ པ་ལ། རིན་ཆེན་སྤྲིན་ཞེས་བྱ་བ་ནི་གང་གི་ཚེ་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བས་རྒྱས་པར་བྱེད་པའི་དེའི་ཚེ། རིན་ཆེན་བདག་པོའི་སྤྲིན་སྤྲོ་བར་བྱའོ། །གང་གི་ཚེ་ཡང་སྣང་བ་མཐའ་ཡས་ཀྱི་སྦྱོར་བས་བྱེད་པ་དེའི་ཚེ་ཆོས་ཀྱི་སྤྲིན་སེར་པོའོ། །སྣང་བ་མཐའ་ཡས་ཀྱི་ཚོགས་ཞེས་བྱ་བའི་ དོན་ཏོ། །ཡིད་བཞིན་ནོར་བུའི་དཔལ་ལྡན་འགྱུར། །ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་ནོར་རྒྱས་པ་རྙེད་པས་སེར་སྣ་མེད་པའི་ཕྱིར། ཅི་འདོད་པའི་དོན་སྟེར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དབང་དུ་བྱེད་པའི་དབང་དུ་བྱས་ཏེ་གསུངས་པ། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་ པ་ལ། རྡོ་རྗེ་ཟླ་གམ་དཀྱིལ་འཁོར་བསམ། །ཞེས་བྱ་བ་ནི་ཁ་དོག་དམར་པོ་ཟླ་གམ་གྱི་རྣམ་པ་ལྟ་བུ་རླུང་གི་དཀྱིལ་འཁོར་ཡཾ་ལས་བྱུང་བའོ། །དེ་ཡང་རྡོ་རྗེ་བདུད་རྩི་ལས་གསུངས་པ། རླུང་ནི་གཞུ་ཡི་དབྱིབས་ལྟ་བུ། །དབང་ལ་ཤིན་ཏུ་དམར་པོར་འདོད། ། ཅེས་སོ། །རྡོ་རྗེ་ནམ་མཁའ་ཆོས་མཆོག་གཟུགས། །ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ། །ལ་ལ་དག་སྣང་བ་མཐའ་ཡས་སུ་འདོད་དོ། །འོད་ཟེར་སྣ་ལྔའི་སྦྱོར་བ་ཡིས། །དེར་ནི་གཟི་བརྗིད་དབབ་པར་བྱ། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། རླུང་གི་དཀྱིལ་འཁོར་དམར་ པོ་ལ་གནས་པ་ཇི་ལྟ་བ་བཞིན་དུ་དོན་ཡོད་གྲུབ་པའི་སྦྱོར་བ་བྱས་ནས་ཡེ་ཤེས་སེམས་དཔའ་དང་ལྡན་པ། རང་གི་སྙིང་གར་བསྒྲུབ་པར་བྱ་བ་བསྒོམས་ནས། དེའི་སྙིང་གར་བཀོད་པའི་འཕགས་མ་སྒྲོལ་མའི་སྔགས་ལས་བྱུང་བའི་སྒྲོལ་མའི་ཚོགས་ཀྱིས་ཆོ་ག་བཞིན་དུ་དབང་བསྐུར་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་བྱ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་ཡང་ཐོབ་པ་ཞེས་བྱའོ། །དགའ་བ་རྒྱས་པར་བྱེད་པའི་ཕྱིར་རིན་ཆེན་དམ་ཚིག་སྒྲོལ་མ་སྟེ། དབང་དུ་བྱེད་པ་ལ་གཙོ་བོར་གྱུར་པའི་ཕྱིར་རོ། ། དེའི་སྤྲིན་གྱི་ཚོགས་ནི་ཚོགས་སོ། །དེའི་བཀོད་པ་སྟེ་ཇི་ལྟ་བ་བཞིན་དུ་དབང་གི་དོན་དུ་དེ་བཞིན་གཤེགས་པས་སྤྲུལ་པའི་ཁྱད་པར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །སྔར་གྱི་མངོན་སྤྱོད་དང་འབྲེལ་བའི་ལས་གསུངས་པ། ནམ་མཁའི་རྡོ་རྗེ་ ཞེས་བྱ་བ་ལ་སོགས་པ་ལ། མེ་ཡི་དཀྱིལ་འཁོར་ལ་གནས་པ། །ཞེས་བྱ་བ་ནི་རཾ་ལས་བྱུང་བ་གྲུ་གསུམ་པའི་ནག་པོ་མི་བཟོད་པའི་འབར་བས་ཁྱབ་པ་ལ་བསྒྲུབ་བྱ་གནས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །རང་གི་དོན་དང་ཉེས་པ་ཆུང་བ་རྣམས་ལ་ལས་འདི་བྱ་བ་མ་ཡིན་པར་ གསུངས་པ་གནོད་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་གསུངས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ལ་སོགས་པ་ལ། གནོད་པ་བྱེད་པ་ལ་ཇི་ལྟ་བ་བཞིན་དུ་ཁ་སྦྱར་དབྱེ་བ་ལ་སོགས་པ་བྱས་ནས་ཇི་ལྟར་གསུངས་པ་མེའི་དཀྱིལ་འཁོར་ལ་གནས་པའི། གཅེར་བུ་སྐྲ་བཤིག་ པ་འབྲུ་མར་གྱིས་བྱུགས་པ་ཤིན་ཏུ་འདར་བ་སྐྱོབ་པ་མེད་པ་མདུན་དུ་བལྟས་ནས། རང་གི་བ་སྤུའི་བུ་ག་ནས་ཕྱུང་བའི་འོད་ཟེར་ལས་བྱུང་བའི་སྲིན་པོ་ལ་སོགས་པ་རྣམས་ཀྱིས་གཏུབས་ཤིང་ཟ་བར་བསྒོམས་ན་འདིར་འཆི་བར་འགྱུར་བ་གདོན་མི་ཟའོ། །ཐམས་ཅད་དུ་འདི་ལས་ཀྱི་རྗེས་སུ་མཐུན་ པའི་སེམས་དང་། ཁྲོ་བོའི་ལྟ་སྟངས་ལ་སོགས་པ་ངེས་པར་བྱ་སྟེ། གང་བཅོ་བརྒྱད་པ་ལས། ཞི་ལ་ཞི་བའི་སེམས་ཀྱིས་བྱ། །རྒྱས་པ་ལ་ནི་རྒྱས་པའི་ཡིད། །དབང་ལ་ཆགས་པའི་ཡིད་དུ་བྱ། །ཁྲོ་ལ་ཁྲོས་པའི་སེམས་སུ་བསྒྲུབ། །ཅེས་གསུངས་སོ། །དེ་ལ་ཡང་དེ་ཉིད་ བསྡུས་པ་ལས། རྡོ་རྗེ་ལྟ་བ་ཆགས་པ་ཡིས། །དགའ་བས་མིག་ནི་རབ་ཏུ་རྒྱས། །དེ་ཡིས་བུད་མེད་ལ་བལྟས་ན། །རྟག་ཏུ་དབང་དུ་གྱུར་པ་ཡིན། །ཁྲོ་བོའི་མིག་ནི་བཙུམས་པ་སྟེ། །ཁྲོ་གཉེར་གཉེར་མ་རབ་བསྡུས་པའི། །ཁྲོ་བོའི་ལྟ་བ་བྱས་ན་ནི། །ཁམས་གསུམ་ཡང་ ནི་འཇིགས་པར་བྱེད། །རི་རབ་རི་ཡི་བྲག་འདྲ་བར། །བརྟན་ཅིང་འཛུམས་པ་མེད་པའི་མིག །བྱམས་པའི་ལྟ་བ་ཞེས་སུ་བཤད། །ནད་དང་གནོད་དང་དུག་སེལ་ཏོ། །ཞེས་གསུངས་སོ། །སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ནི་བཟླས་པ་ཡིན་ཞེས་བྱ་བས་རིགས་པ་ལས་ ཀྱི་ཚོགས་ཀྱི་སྐབས་སུ་གསུངས་པའི་ཞལ་དང་ཁ་དོག་ལ་སོགས་པ་ནི་ཞལ་གསུམ་པ་ལ་སོགས་པ་གསུངས་པ། སྟོན་ཀའི་འདམ་བུ་ཞེས་བྱ་བ་ནི། ཀཾ་ནི་ཆུའི་ཡིན་ལ་དེའི་ཨན་ད་ནི་སྐྱེ་བའི་གནས་ཏེ། སྤྲིན་ཞེས་བྱ་བའི་དོན་ཏོ། །སྟོན་ཀའི་འདམ་བུ་ནི་སྟོན་ཀ་འདམ་བུའོ། ། དེ་དང་འདྲ་བའི་དོན་ནི་རྩ་བའི་ཞལ་དང་སྐུ་ཐམས་ཅད་ནི་དཀར་པོ་ཞེས་བྱ་བའི་དོན་ཏེ། གཡས་པའི་ཕྱག་ན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཡས་པའི་ཕྱག་གཉིས་པར་མཚན་མའི་གཙོ་བོ་བསྒོམ་པར་བྱའོ། །ཕྱག་དྲུག་ཅེས་པ་ནི་གང་འདིར་ཅུང་ཟད་འདིར་ བསྒོམ་པར་བྱ་བ་དེ་རྣམས་ཕྱག་དྲུག་པ་ཉིད་དུ་ངེས་པར་གཟུང་བར་བྱའོ། །མཚོན་ཆ་སྣ་ཚོགས་བསྣམས་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་ལྷག་མ་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་མཚན་འཛིན་པ་ཞེས་བྱ་བའི་དོན་ཏོ། །སྐུ་གསུམ་གྱི་བདག་ཉིད་རིམ་ གསུམ་གྱི། བྱེ་བྲག་གིས་ཐམས་ཅད་བསྡུས་པར་འགྱུར་བ་ཉིད་ཀྱི་ཕྱིར་ཕྱོགས་འདིས་ལྷ་ཐམས་ཅད་ཀྱི་རྩ་བའི་ཕྱག་མཚན་ངེས་པར་རྟོགས་པ་སྟེ་ཐ་དད་པ་ནི་མ་ཡིན་ནོ། །དེ་ལ་འདུ་ཤེས་ཀྱི་ཕུང་པོའི་བདག་ཉིད་ནི་ངག་རྡོ་རྗེས་ཚོར་བ་དང་འདུ་བྱེད་དག་གི་ ངོ་བོ་ཉིད། རིན་ཆེན་འབྱུང་ལྡན་དང་། དོན་ཡོད་གྲུབ་པ་དག་སྟེ་སེམས་ལས་བྱུང་བ་ཉིད་ཀྱི་ཕྱིར་ཆོས་ཀྱི་ཁམས་ཉིད་ཀྱིས་བསྡུའོ། །ཡུལ་དང་དབང་པོ་དག་རྣམ་པར་དག་པར་གྲུབ་པའི་གཟུགས་ཀྱི་ངོ་བོའི་ཕྱིར་སྐུ་རྡོ་རྗེའི་བདག་ཉིད་ཀྱིས་གཟུགས་ཀྱི་ཕུང་པོར་བསྡུའོ། །འདི་ ཡང་གསུངས་པ་ཆོས་མངོན་པ་ལས། ཐམས་ཅད་གཅིག་གིས་བསྡུས་པ་སྟེ། །ཕུང་པོ་སྐྱེ་མཆེད་དག་དང་ནི། །ཁམས་ཀྱི་ངོ་བོ་ཉིད་ཀྱིས་སོ། །ཞེས་ཁ་ཅིག་འདོད་དོ། །སེམས་ལས་བྱུང་བ་ནི་སེམས་ཀྱི་འཁོར་ལོ་ཡིན་པའི་ཕྱིར་སེམས་ལས་བྱུང་བའི་རང་བཞིན་དག་ སེམས་ཀྱི་ནང་དུ་འདུས་སོ། །ལྷག་མ་རང་གི་རིགས་ཀྱི་ནང་དུ་འདུས་ཞེས་གཞན་ཟེར་རོ། །ནམ་མཁའི་རྡོ་རྗེ་སྤྱན་ཞེས་བྱ་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། མི་བསྐྱོད་པ་ཡིན་པའི་ཡང་ཕྱིར་ནམ་མཁའི་རྡོ་རྗེ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དེ་རང་གི་འབྱོར་ པ་ཁྱེར་བར་བྱེད་པ་དེ་མཱ་མ་ཀཱི་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །གསུང་གི་རྡོ་རྗེའི་གོ་འཕང་ཐོབ་པར་བྱེད་པ་སྟེ། གསུང་རྡོ་རྗེ་མ་ནི་གོས་དཀར་མོའོ། །མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཨུཏྤལ་སེར་པོ་འཛིན་པས་རྡོ་རྗེ་ཨུཏྤལ་སྟེ། སྒྲོལ་མའོ། །ཕྱག་བཞི་ཞེས་པ་ནི། ཊཀྐིའི་ རྒྱལ་པོའི་ཁྱད་པར་རོ། །ཤེས་རབ་ལ་འཁྱུད་པའི་ཕྱག་གཉིས་མ་གཏོགས་པ་ཤེས་པར་བྱའོ། །རྡོ་རྗེ་ཕྱག་ནི་དྲུག་པར་བསྒོམ། །ཞེས་བྱ་བར་མཛད་པའི་ཕྱིར་རོ། །རལ་གྲི་ཞགས་པ་བསྣམས་ཞེས་བྱ་བ་ནི་ལས་ཀྱི་ཚོགས་ལ་བརྟེན་པའི་མི་གཡོ་བའི་ཁྱད་པར་རོ། །གཙོར་ བསྒོམ་པ་ལ་ནི་ཁྲོ་བོ་ཐམས་ཅད་ཀྱི་ལག་པ་གཡས་པའི་གཉིས་པ་ན་རང་གི་ཕྱག་མཚན་འཛིན་པའོ། །ཕྱག་ལྷག་མ་རྣམས་ཀྱིས་ནི་རང་གི་བདག་པོའི་ཕྱག་མཚན་འཛིན་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་གཡོན་པས་ཞགས་པ་དང་ལྕགས་ཀྱུ་འཛིན་པ་ནི་མན་ངག་གོ། །གནས་ སྐབས་ཡིན་པས་བརྗོད་པར་བྱ་སྟེ། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། གཙུག་ཏོར་ཅན་རྣམས་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྷག་མ་ནི་ནག་པོའོ། །སེར་པོ་དང་དམར་པོ་དག་གི་གཡོན་དཀར་པོའོ། །ནག་པོ་དང་དཀར་པོ་དག་གི་དམར་ པོའོ། །ཊཀྐི་དང་། མི་གཡོ་བ་དང་གཙུག་ཏོར་ཅན་དང་། གནོད་མཛེས་དང་། ཧཱུཾ་མཛད་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན་མཆེ་བ་ཅུང་ཟད་གཙིགས་པ་རྒྱན་བཟང་པོ་དང་སྒེག་པའི་སྐུའོ། །གཞན་ནི་མཆེ་བ་གཙིགས་པ་ལ་སོགས་པའི་ཞལ་དང་ཀླུས་བརྒྱན་པ་ཤིན་ཏུ་ འཇིགས་སུ་རུང་བ་བསྒོམ་པར་བྱའོ། །ཡི་གེ་གཅིག་ཅེས་བྱ་བ་ནི་བྷྲཱུཾ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །བསམ་གཏན་དཀྱིལ་འཁོར་ཞེས་བྱ་བ་ནི་སྲུང་བའི་འཁོར་ལོའི་རྣམ་པར་གཞག་པའམ། བདག་པོའི་གཟུགས་ཀྱིས་སོ། །ཡེ་ཤེས་མཆོག་ཅེས་བྱ་བ་ནི། ཡེ་ཤེས་ ལྔའི་བདག་ཉིད་ཀྱི་རྡོ་རྗེའོ། །དེ་འཛིན་པར་བྱེད་པའི་ཕྱིར། གནོད་མཛེས་ཡེ་ཤེས་མཆོག་འཛིན་པའོ། །རྒྱུད་གཞན་ལས་གསུངས་པའི་ལྷ་ཡང་འདིར་བཤད་པའི་ཆོ་གས་བསྒོམ་པར་བྱ་བ་གྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་གསུངས་པ། གཟི་བརྗིད་ཕུང་པོ་ཞེས་བྱ་ བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟི་བརྗིད་ཀྱི་རང་བཞིན་ཡིན་པའི་ཕྱིར་གཟི་བརྗིད་ཕུང་པོའོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པའི་གཙུག་ཏོར་གང་ལ་ཡོད་པ་དེ་རྒྱལ་བའི་གཙུག་ཏོར་རོ། །གང་གཞན་སྔགས་ཀྱི་འཁོར་ལོ་ཅན། །ཞེས་ བྱ་བ་ནི། གཙུག་ཏོར་ཆེན་པོ་དང་རྨད་དུ་བྱུང་བའི་གཙུག་ཏོར་ཅན་ལ་སོགས་པ་རྣམས་སོ། །དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས། །ཞེས་བྱ་བ་ནི། གཙུག་ཏོར་ཆེན་པོ་ཡི་གེ་གཅིག །ཅེས་བྱ་བའི་ངེས་པར་བསྟན་པའི་ཞལ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ སོ། །ས་བོན་ལ་སོགས་པ་ཡང་ཁྱད་པར་མེད་པའི་ཕྱིར་གཙུག་ཏོར་ཅན་རྣམས་ཀྱི་རབ་ཏུ་དབྱེ་བ་ཡོད་དམ་ཞེ་ན། དེའི་ཕྱིར་གསུངས་པ། དཔག་མེད་ཅེས་བྱ་བ་ལ་སོགས་པ་ལ། སེམས་ཅན་དཔག་ཏུ་མེད་པའི་བསམ་པའི་བྱེ་བྲག་གིས་དཔག་ཏུ་མེད་པའི་གཉེན་པོའི་བྱེ་ བྲག་རྣམས་ལ་དམིགས་པས་གྲངས་མེད་པའི་ཏིང་ངེ་འཛིན་རྣམས་སོ། །གསང་སྔགས་དག་ནི་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་དང་། སེམས་ཅན་གྱི་ཁམས་སྐྱོབ་པ་བྱེད་པས་གང་ལྷ་རྣམས་ཀྱི་ཡོངས་སུ་གྱུར་པ་ལ་སོགས་པའི་ཡི་གེའི་ཁྱད་ པར་དེ་རྣམས་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་དག་ནི་རེ་རེ་ཡང་། །ཞེས་བྱ་བ་ནི་གཙུག་ཏོར་ཅན་འབའ་ཞིག་མ་ཡིན་གྱི། ཁྲོ་བོ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །ཁྲོ་བོ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ་གཞན་རྣམས་ཀྱི་ཡང་ཁྱད་པར་འདིར་གཟུང་བར་བྱའོ། །འདིས་ནི་རྒྱུད་འདིའི་ ལྷ་ཐམས་ཅད་ཡིན་པར་གསུངས་པར་འགྱུར་རོ། །དེ་ནི་དཀྱིལ་འཁོར་གྱི་བདག་པོ་དག་འདིར་རྡོ་རྗེ་འཛིན་པ་ཆེན་པོ་ཡོངས་སུ་གྱུར་པ་ལས་བསྒོམ་པར་བྱའོ་ཞེས་ཁྱད་པར་བརྗོད་པ་ནི། ནམ་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱ་བ། བུད་མེད་སྒྱུ་མའི་ མཆོག་ལྡན་པ། །ཞེས་བྱ་བ་ནི་བུད་མེད་ཐམས་ཅད་སྤྲུལ་པ་རྣམས་ཀྱི་གཙོ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྤྱན་གྱི་དམ་ཚིག་ནི་འཁོར་ལོ་སྟེ། དེ་དང་བཅས་པ་ནི་ཕྱག་གི་མཆོག་སྟེ། འདི་ཡོད་པ་ནི་དེ་དང་ལྡན་པའི་སྤྱན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཏེ་དེ་སྐད་ ཅེས་བྱའོ། །ནམ་མཁའི་སྒྱུ་མ་མཆོག་ཅེས་བྱ་བ་ནི། དམིགས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོས་སྤྲུལ་པ་དུ་མས་འགྲོ་བའི་དོན་རྫོགས་པ་ལ་སྒྱུ་མ་ལྟ་བུའི་སྣང་བ་དེ་ལ་དེ་སྐད་ཅེས་བྱའོ། །ཨུཏྤལ་སྔོ་དམར་ཞེས་བྱ་བ་ནི་སྔོན་པོའི་ཨུཏྤལ་དེ་ཡང་དམར་པོ་ཞེས་བྱ་བའི་དོན་ཏོ། ། ནམ་མཁའ་གཉིས་སུ་མེད་པ་ནི་ཡུལ་གྱི་མཱ་མ་ཀཱིའོ། །དེའི་རྣམ་པའི་འོད་ཟེར་གྱི་སྤྲིན་གྱིས་སོ། །རྡོ་རྗེ་ཚིམ་པར་བྱེད་པ་ནི་གཞན་ལ་ཕན་པ་དང་། བདེ་བ་ཉེ་བར་སྟེར་བས་བྱམས་པ་ཆེན་པོའི་བདག་ཉིད་དེ་བདེ་བ་གང་ལ་ཡོད་པའོ། །ལྷག་མ་ནི་སྔར་གྱི་བཞིན་ནོ། །སྒྱུ་མའི་རྒྱ་ སྐྱེགས་མཆོག་ལས་བྱུང་། །ཞེས་བྱ་བ་ནི་སྒྱུ་མ་ནི་སྤྲུལ་པ་རྣམས་སོ། །དེ་ཉིད་རྫོགས་པའི་བྱང་ཆུབ་སྟེ། །སེམས་ཅན་འཚེད་པར་བྱེད་པའི་ཕྱིར། །རྒྱ་སྐྱེགས་ཀྱི་ནི་ཁུ་བའོ། །ཨུཏྤལ་དམར་པོ་ཕྱག་ན་བསྣམས། །ཞེས་བྱ་བ་ནི་པདྨ་ཉིད་དུ་ཆོས་ཀྱི་བརྡས་གསུངས་པའོ། །ཡང་ ན་དམར་པོ་ནི་དམར་པོའི་ཁ་དོག་གོ། །ཨུཏྤལ་ནི་ཨུ་ད་ཀ་ཏ་པ་ལ་ནི་ཤ་ཡོངས་སུ་རྫོགས་པའི་ཐ་ཚིག་གོ། །དེ་ནི་པདྨ་ཉིད་དེ། བཞི་པ་ལས་པདྨ་ཉིད་འདིའི་མཚན་མར་གསུངས་པས་སོ། །ཆོས་ཀྱི་དམ་ཚིག་ཅེས་བྱ་བ་ནི་གོས་དཀར་མོའོ། །དེའི་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ནི་ ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཡེ་ཤེས་སོ། །དེ་མཐོང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བུད་མེད་སྒྱུ་མས་མྱོས་ཞེས་བྱ་བ་ནི་དེ་ཡིས་མྱོས་པ་སྟེ། སེམས་ཅན་རྣམས་མངོན་པར་བྱང་ཆུབ་པའི་སྣོད་དུ་བྱེད་པའོ། །དེ་ལ་སྤྲོ་བ་ནི་སེམས་དཔའོ། ། འགོག་པའི་ཁྲོ་བོའི་འཁོར་ལོ་ཞེས་བྱ་བ་ལ། བགེགས་རྣམས་འགོག་པ་ནི་ཞི་བའོ། །ཁྲོ་བོའི་འཁོར་ལོ་གང་གིས་ཏེ་དེས་དཀྱིལ་འཁོར་པའི་ལྷ་དང་བཅས་པས་སོ། །རྣལ་འབྱོར་པའི་ཏིང་ངེ་འཛིན་མི་ཕྱེད་པའི་ཡེ་ཤེས་གྲུབ་སྟེ། རྡོ་རྗེ་དཀྱིལ་འཁོར་གྱི་བདག་ཉིད་ཅེས་པ་ཁ་ཅིག་ཟེར་རོ། ། འགོག་པ་ནི་སེམས་རྩེ་གཅིག་པའོ། །ཁྲོ་བོ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ཏེ་དེ་དང་བཅས་པའི་འཁོར་ལོ་རྩིབས་བཅུ་པ་སེར་པོའོ། །དེས་ན། སངས་རྒྱས་འཁོར་ལོ་ངེས་པར་རྟོན། །ཞེས་བྱ་བ་ནི་བཀའི་འཁོར་ལོ་ལ་གནས་པའི་རྣལ་འབྱོར་པས་སོ། །འདི་སྐད་གསུངས་ པ་ཡིན་ཏེ། གང་གི་ཚེ་རང་གི་རིགས་ཀྱི་ཚོགས་མ་གྲུབ་ན། དེའི་ཚེ་ཇི་ལྟ་བ་བཞིན་དུ་བཀའི་འཁོར་ལོ་ལ་གནས་པས་སྒྲུབ་ན་ངེས་པར་དངོས་གྲུབ་ཐམས་ཅད་འགྲུབ་བོ། །དེ་ཉིད་གསུངས་པ་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བར་གཞན་འདོད་དོ། །རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་ལ་སོགས་ པའིའོ། །དམ་ཚིག་ནི་རྒྱུ་སྟེ་ཡི་གེ་གསུམ་མོ། །དེའི་བཀོད་པ་ནི་སྤྲུལ་པ་དུ་མ་གནས་པའོ། །དེས་དེ་ཁོ་ན་ཉིད་ཀྱི་རིགས་ལྔའི་དོན་སྒོམ་པ་ནི་དོན་དམ་པར་རྣམ་པར་དཔྱད་པ་སྟེ། དེའི་མངོན་པར་བྱང་ཆུབ་པར་རྟོགས་པར་གྱུར་པ་སྟེ། ལེའུ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། ། དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བཅུ་གསུམ་པའི་བཤད་པའོ།། །།ཞི་བ་ལ་སོགས་པའི་ལས་རྫོགས་པའི་དོན་དུ་བརྗོད་མ་ཐག་པའི་ལྷ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་གསུངས་ནས་སྔགས་དགོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་རྡོ་རྗེ་འཛིན་པ་ཆེན་པོ་དེ་སྐྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བདག་པོ་ཞེས་བྱ་བ་སྟེ་གཙོ་བོ་ཞེས་བྱ་བའི་དོན་ཏོ། །ཞི་བ་ཞེས་བྱ་བ་ནི་རིམས་ལ་སོགས་པ་ཞི་བའོ། །དམ་ཚིག་ནི་རྒྱུའོ། །དེ་ལ་མཆོག་ནི་ གཙོ་བོ་སྟེ་སྤྱན་གྱི་སྔགས་སོ། །དེ་ལ་དམིགས་པའི་ཕྱིར་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་སྤྱན་གྱི་སྔགས་གསུངས་པའི་རྣམ་པར་ཐུགས་རྩེ་གཅིག་པ་ཞེས་བྱ་བའི་དོན་ཏོ། །ལ་ལ་དག་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་དེ་མངོན་དུ་བྱས་ནས་ ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྙིང་རྗེའི་ངོ་བོ་འཛིན་པས་སྤྱན་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་དང་སྙོམས་པར་འཇུག་པས་གནས་པའི་ཕྱིར་དེ་སྐད་གསུངས་པ་མ་ཡིན་ཏེ། བསམ་གཏན་གྱི་ དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་དང་སྤྱན་དག་གཉིས་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་ཕྱི་མ་དག་ལ་ཡང་ཅི་རིགས་པར་བཤད་པར་བྱའོ། །སངས་རྒྱས་རྡོ་རྗེ་རྗེས་སུ་དྲན། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་སྤྱན་གྱི་རྣམ་པར་མངོན་དུ་བྱེད་པས་སོ། །དྲག་ཤུལ་བསྒྲུབ་ པ་ལ་མངོན་སྤྱོད་བྱེད་པས་སངས་རྒྱས་རྣམས་ལ་འགྱོད་པ་བསལ་བའི་ཕྱིར། རྣལ་འབྱོར་པ་འདིས་ཞི་བའི་ཕྱིར་གསུངས་པ། སངས་རྒྱས་ཀུན་གྱི་ཞིང་འབྱུང་བ། །ཞེས་སོ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཅིང་། །ཞེས་བྱ་བ་ནི་བསམ་པའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་འདི་ཉིད་ ཀྱིས་རྒྱས་པ་ལ་སོགས་པའི་ལས་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ཤི་བ་སོས་པར་བྱེད་པར་གསུངས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་གྱིས་བརྟན་པར་བྱས་པའི་སེམས་དང་། རིག་པ་བཟླས་པས་ཀྱང་ཇི་ལྟ་བ་བཞིན་སྤྱན་གྱི་སྦྱོར་བ་བྱས་ནས་ རང་གི་སྙིང་ག་ལས་གྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་ནས་ཤི་བ་གཞན་དུ་སོང་བའི་རྣམ་པར་ཤེས་པ་ཤི་བའི་རྣམ་པའི་རྗེས་སུ་བྱེད་པ་བསལ་བའི་ནོར་བུ་དམར་པོའི་འོད་ཅན་ནམ་ཨའི་རྣམ་པའི་གཟུགས་བཀུག་ནས་དེའི་སྙིང་གར་གཞུག་པར་བྱའོ། །དེ་ཡང་གསུངས་པ། ཨ་ནི་སེམས་ཅན་ཐམས་ཅད་ཀྱི། །རྟག་ཏུ་སྲོག་གྱུར་རང་ཕྱག་རྒྱ། །ཡང་དག་བཟུང་ནས་ཡང་དག་བཅིང་། །སྲོག་ནི་བསྲུང་བའི་རྒྱུ་ཡི་ཕྱིར། །ཞེས་སོ། །དེ་ལ་མོ་ཧ་ར་ཏི་སྙིང་གར་བཀོད་ལ་དེའི་འོད་ཟེར་རྣམས་ཀྱིས་དེའི་ལུས་མི་སྣང་བར་བྱས་ནས་དེའི་མིང་གི་ཡི་གེ་དང་པོ་ཙམ་ འོད་ཟེར་དང་བཅས་ཏེ་ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་གཞུག་པར་བྱ་སྟེ། སྤྱན་གྱི་རྣམ་པར་ཡོངས་སུ་གྱུར་པ་བསྒོམས་ནས་ཇི་ལྟ་བ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བྱིན་གྱིས་བརླབ་པ་བྱས་ནས་སྤྱན་གྱི་སྔགས་ཀྱིས་རྟག་ཏུ་དེའི་ལུས་པོ་ཁྱབ་པར་བྱའོ། ། སྔགས་དེ་ཉིད་བསྒྲུབ་པར་བྱ་བའི་མིང་དང་སྤེལ་ནས་བཟླས་སོ། །སྔོན་བཞིན་དུ་དབང་བསྐུར་བ་ལ་སོགས་པའི་ཆོ་ག་བྱས་ན་ཤི་བ་ཡང་སླར་རབ་ཏུ་སོས་པར་འགྱུར་རོ། །གང་གི་ཚེ་འཆི་འདོད་པའི་སྲོག་སྲུང་བར་འདོད་པ་དེའི་ཚེ་འཆི་བར་འདོད་པའི་སྙིང་གའི་པདྨ་ལ་མིང་གི་ཡི་གེའམ་ ཡི་གེ་ཨ་བལྟས་ཤིང་པདྨ་བཙུམས་ལ་ཞགས་པས་བཅིང་བར་བྱའོ། །ཡང་ན། རྡོ་རྗེ་ཁ་སྦྱར་ལྟེ་གནས་པའི། །ཨ་ཡིག་གསེར་གྱི་མདོག་ཅན་ནི། །སྙིང་གར་བསམས་ནས་ལོགས་གཉིས་དག །ཞགས་པ་དག་གིས་བཅིང་བར་བྱ། །དེ་ནས་འདིར་རྒྱས་པར་འདོད་ན་དེའི་ ཚེ་སྙིང་གའི་པདྨར་ཡི་གེ་བཾ་ཁ་དོག་སེར་པོ་བདུད་རྩི་འཛག་པ་ཁ་ཐུར་དུ་བལྟས་པ་བསྒོམས་ནས་ལྟེ་བའི་གནས་སུ་ཡང་ཨ་ཡིག་པདྨ་ཁ་སྦྱར་གྱི་ནང་དུ་བདུད་རྩི་དང་བཅས་པ་བསྒོམ་པར་བྱའོ། །ཡང་ན་ཁམ་ཕོར་ཁ་སྦྱར་གྱི་ནང་དུ་ཙནྡན་དཀར་པོས་རྡོ་རྗེ་ལ་འདབ་མ་བརྒྱད་པའི་ པདྨ་བྲི་བར་བྱས་ནས། དེའི་ཟེ་འབྲུ་ལ་ཧཱུཾ་གི་ཡི་གེའི་མགོ་བོ་ལ་བསྒྲུབ་བྱའི་མིང་དང་སྤེལ་ནས་རྣམ་པར་སྣང་མཛད་ཀྱི་གདོན་པའི་སྔགས་ཀྱིས་བསྐོར་བར་བྱའོ། །པདྨའི་འདབ་མ་ལ་ཡང་སྤྱན་གྱི་སྔགས་ཀྱིས་ཀྱང་བསྐོར་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་དགུག་པར་ བྱས་ནས་ནད་པའི་མགོ་བོའི་སྔས་སུ་ཙནྡན་གྱིས་བྱུགས་པའི་ས་ལ་ཁམ་ཕོར་ཁ་སྦྱར་གཞག་སྟེ། མེ་ཏོག་དཀར་པོས་མཆོད་པར་བྱའོ། །རང་གིས་དེ་ལ་དབང་བསྐུར་བར་བསྒོམས་ནས་དེའི་མིང་དང་སྤེལ་བའི་སྤྱན་གྱི་སྔགས་ཁྲི་ཕྲག་གཅིག་བཟླས་སོ། །རྡོ་རྗེ་དམ་ཚིག་ བསྐུལ་མཛད་མ། །ཞེས་བྱ་བ་ནི་ཁུ་བར་གྱུར་པ་རྡོ་རྗེ་འཛིན་པ་ཆེན་པོའི་གཟུགས་ཡོངས་སུ་གཟུང་བའི་ཆེད་དུ་བསྐུལ་བ་ཞེས་བྱ་བའི་དོན་ཏོ། །བསྲུང་བའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་ནི་མི་བསྐྱོད་ པའོ། །སྤྱོས་ནས་ཚར་བཅད་པས་འདུལ་བའི་ཆེད་དང་ཆོས་ཀྱི་སྐུ་ལ་སོགས་པ་རྫོགས་པའི་རྒྱུའི་ཕྱིར་རོ། །དེ་ཉིད་དངོས་པོ་ནི་གཟུང་བ་ལ་སོགས་པ་བརྟག་པའི་གཟུགས་རྣམས་སོ། །དེ་ཁོ་ན་ཉིད་ཀྱིས་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་དམ་ཚིག་རྡོ་རྗེ་མཱ་མ་ཀཱིའོ། །དེ་ ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འདིའི་བྱ་བ་གསུངས་པ། སྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་དུ་སྲུང་བ་འདི་ནི་གང་གིས་ཀྱང་གཞོམ་པར་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། ལ་ལ་དག་མི་མ་ཡིན་པ་ལ་སོགས་པས་ འཇིགས་པ་ལ་རང་གི་ལྷའི་སྦྱོར་བའི་བདག་ཉིད་ཀྱིས་མགོ་ལ་གྱེན་དུ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པའི་ལྟེ་བ་ལ་མཱ་མ་ཀཱི་གནས་པར་བསྒོམ་པར་བྱ་སྟེ། མཱ་མ་ཀཱིའི་སྙིང་གའི་ཡེ་ཤེས་ཀྱི་ལྷ་མོའི་སྙིང་གའི་མཚན་མ་ལ་གནས་པ་རང་གི་ཕྲེང་བའི་སྔགས་ཡོངས་སུ་གྱུར་པ་ལས། རྡོ་ རྗེ་སེར་པོ་ཕྲ་མོའི་འོད་ཟེར་རྣམས་ཀྱིས་རྐང་པའི་མཐར་གོ་ཆ་བགོས་པར་བདག་ཉིད་བསྒོམས་ནས་དེ་ལྟར་གང་གིས་ཀྱང་གཞོམ་པར་མི་ནུས་པར་སྲུང་བར་འགྱུར་རོ། །རྒྱས་པའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ཆེན་པོའི་དམ་ཚིག་ ཅེས་བྱ་བ་ནི་གོས་དཀར་མོའོ། །དེ་གཟིགས་པ་ཞེས་བྱ་བ་ནི་ཡུལ་དུ་བྱེད་པ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་ཅེས་བྱ་བའི་དོན་ཏོ། །ཆོས་རྒྱས་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་གོས་དཀར་མོའི་རྣལ་འབྱོར་བྱས་ནས་ཆོས་ཐམས་ཅད་སྨོན་པ་མེད་ པའོ་ཞེས་ཡིད་ལ་བྱས། སྔར་གྱི་བཞིན་དུ་རྒྱས་པའི་ཆོ་གས་དབང་བསྐུར་བ་ལ་སོགས་པ་བདག་དང་གཞན་ལ་བྱའོ། །དེ་ལྟར་ཡང་མ་ལུས་པའི་དགེ་བའི་རྩ་བའི་ཆོས་རྣམས་འཕེལ་བར་འགྱུར་བ་དང་། ཇི་སྲིད་དུ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཆོས་ རྣམས་ཐོབ་པའོ། །དེ་བཞིན་དུ་བསམ་པའི་ཁྱད་པར་ལས་ཤིན་ཏུ་རིང་བ་ནི། སྟོབས་དང་། ཕོངས་པ་རྣམས་ནི་ནོར་འཕེལ་བར་བྱེད་པའོ། །བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་སྒོམ་པ་དང་ལྷན་ཅིག་ཡང་དང་ཡང་དུ་སྔགས་བཟླས་པས་ཏེ་ཕྱི་རོལ་གྱི་ཆོ་ག་དང་བྲལ་བ་ ཞེས་བྱ་བའི་དོན་ཏོ། །དབང་དུ་བྱེད་པའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཀུན་ནས་ལས་སྣ་ཚོགས་བྱེད་པའི་ཕྱིར་དོན་ཡོད་གྲུབ་པ་སྟེ། དེ་ཉིད་སྙིང་རྗེའི་དབང་གིས་སྒྲོལ་མ་ལ་སོགས་པའི་གཟུགས་སུ་མི་ཕྱེད་པ་གང་ཡོད་པའི་ཏིང་ངེ་འཛིན་དེ་ལ་ དེ་སྐད་ཅེས་བྱའོ། །བྲན་བཞིན་དུ་བྱེད་ཅེས་བྱ་བ་ནི་ཐམས་ཅད་ཀྱང་ཞི་བ་བཞིན་དུ་བལྟ་བར་བྱའོ། །འོན་ཀྱང་ཁྱད་པར་ནི་ཇི་ལྟ་བ་བཞིན་དུ་ཁ་དོག་དམར་པོ་དང་བཅས་པ་སྒྲོལ་མའི་སྦྱོར་བ་བྱས་ནས་ཡེ་ཤེས་སེམས་དཔའི་སྙིང་གར་ཟླ་བ་དམར་པོ་ལས་མགོ་གྱེན་དུ་བསྟན་པ་སྔགས་ཀྱི་ ཕྲེང་བ་དམར་པོས་སྙིང་གའི་ས་བོན་ལ་བསྐོར་བ་བཀོད་ནས་དེའི་འོད་ཟེར་དམར་པོ་རྣམས་དང་། རང་གི་མཚན་མ་ལ་སོགས་པའི་འོད་ཟེར་གྱིས་སྐྱེས་བུའི་སྙིང་གའི་པདྨ་དམར་པོའམ་བུད་མེད་ཀྱི་པདྨ་དམར་པོའི་ལྟེ་བ་ལ་བསྐུལ་ཏེ། རང་གི་སྙིང་ག་ནས་པདྨའི་ལམ་དུ་བྱུང་བའི་སྔགས་ ཀྱི་ཕྲེང་བ་ཁར་གཞུག་པར་བྱ་སྟེ། དེའི་སེམས་ཟླ་བའི་དཀྱིལ་འཁོར་དམར་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་བླངས་ནས་འོངས་ཏེ། ཡེ་ཤེས་ཀྱི་ལྷ་མོའི་པདྨ་ལ་ཞུགས་ནས་སྙིང་གར་འོངས་ཏེ། རང་གི་སྙིང་གའི་ཟླ་བ་དང་གཉིས་སུ་མེད་པར་བྱས་ནས་བཟླས་བརྗོད་བྱེད་ཅིང་བསྒྲུབ་བྱ་སྒྲུབ་ པ་པོ་ཡི་རྐང་པའི་དྲུང་དུ་ལྷུང་ནས་བཀའ་ནོད་པར་བསྒོམ་པར་བྱ་སྟེ་ཉི་མ་བདུན་པ་གསུམ་དུ་བཟླས་པས་དེ་ངེས་པར་དབང་དུ་འགྱུར་རོ། །ཡང་ན་མདའ་འཛིན་མའི་ལྷའི་སྦྱོར་བས་ལས་འདི་བྱ་སྟེ། དེའི་ཚེ་བསྐུལ་བའི་ཚིག་དང་ལྡན་པས་རང་གི་སྔགས་ཀྱི་མཐར་ཧོ་འདོན་པ་ན་འཇིགས་པ་དང་ བཅས་པས་བཀའ་དོན་དུ་གཉེར་བ་ལྷུར་བྱེད་པ་བསྒྲུབ་བྱའི་སྙིང་གའམ། པདྨ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པའི་ཨུཏྤལ་དམར་པོ་དང་འདྲ་བའི་མདས་ཡང་དང་ཡང་དུ་བརྡེག་ཅིང་བཟླས་ན་དབང་དུ་འགྱུར་རོ། །དེ་ནས་གཞན་གྱིས་བྱས་ཏེ། གཞན་དབང་དུ་བྱེད་པར་འདོད་ན། ཡང་ དེའི་ཚེ་དབང་དོན་དུ་གཉེར་བས་བཅུ་གསུམ་པ་ལས་གསུངས་པ། དབང་དུ་བྱེད་པའི་ཆོ་གས་དབང་བསྐུར་བ་བྱས་ནས་འདིར་གསུངས་པའི་དབང་དུ་བྱེད་པའི་ཆོ་གས་བྱ་བ་བཞིན་དུ་བསྒོམ་པར་བྱའོ། །རང་ཡང་སྒྲོལ་མའི་རྣལ་འབྱོར་གྱིས་ཆེ་གེ་མོའི་དབང་དུ་ཆེ་གེ་མོ་གྱིས་ཤིག་ ཅེས་བསྐུལ་བའི་ཚིག་དང་བཅས་པ་ཕྲེང་བའི་སྔགས་ཧོའི་མཐའ་ཅན་བཟླས་པར་བྱའོ། །ལས་ཐམས་ཅད་ལ་རྗེས་སུ་མཐུན་པ་སྔགས་ཀྱི་མཐར་ས་བོན་གཞན་བལྟ་བར་བྱའོ། །དེ་ཡང་གསུངས་པ། རྒྱས་ཞི་དབང་དང་དགུག་པ་དང་། །དབྱེ་དང་བསྐྲད་དང་མངོན་སྤྱོད་ལ། །ཨོཾ་སྭཱ་ཧཱ་ ཧོཿཛཿཧཱུཾ་ཕཊ་ཕཊ་སྔགས་ཀྱི་མཐར་ནི་བསྐུལ་བ་ཡང་བྱའོ། །དགུག་པའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་མེད་པའི་འོད་ཟེར་ནི་རྣམ་པར་སྣང་མཛད་དོ། །དེ་ཉིད་སྤྲིན་རྡོ་རྗེ་སྟེ་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་དུ་གྱུར་པའོ། །གང་ལ་ཏིང་ངེ་ འཛིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐོད་པ་ཞེས་བྱ་བ་ལ་སོགས་པས་གོང་བུ་དགུག་པ་གསུངས་པ་ཡིན་ཏེ། དེ་ལ་ཇི་ལྟ་བ་བཞིན་དུ་གཤིན་རྗེ་གཤེད་པོའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་བྱས་པས། མཚན་ཐོབ་པའི་བསམ་པ་བརྟན་པོས་ཇི་ལྟ་བ་བཞིན་དུ་རྡུལ་ཚོན་གྱི་ དཀྱིལ་འཁོར་བྲིས་ནས་སྒྲུབ་པའི་གྲོགས་མཆོག་གཞུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་བསྒྲུབས་པས། གལ་ཏེ་རིག་པའི་བརྟུལ་ཞུགས་ཀྱི་དོན་དུ་ལྷ་ལ་སོགས་པའི་བུ་མོ་དགུག་པར་འདོད་ན་དེའི་ཚེ་གཤིན་རྗེ་གཤེད་པོའི་རྣལ་འབྱོར་གྱིས་ཆོ་ག་ཐམས་ཅད་བྱའོ། །མ་ཆག་པ་ ཞེས་བྱ་བ་ནི་བུད་མེད་ཀྱི་ཐོད་པའོ། །ཐོད་པའི་མཚན་ཉིད་གསུངས་པ། གསེར་གྱི་སྒོ་དང་ཡང་དག་ལྡན། །མི་ཡི་མགོ་བོར་ཤེས་པར་བྱ། །བྲམ་ཟེ་ལ་སོགས་ཐོད་པ་ལ། །བུག་པ་རེ་རེ་ལྷག་པའོ། །དམན་པའི་རིགས་ཀྱི་ཐོད་པ་ལ། །རྣ་བའི་གོང་དུ་བུག་པ་ཅན། །རྒྱབ་ཏུ་ བུག་པ་མ་ནིང་ལ། །བུད་མེད་རྟག་ཏུ་བུག་པ་མེད། །མཁས་དང་ཡེ་ཤེས་ཅན་གྱིས་ཤེས། །སྔགས་པ་རྣམས་ཀྱིའང་དེ་བཞིན་དང་། །མུ་ཏིག་ཕྲེང་འདྲིའི་རི་མོ་ནི། །དཔྲལ་བ་ནས་ནི་རྣ་ལྟག་བར། །ཞེས་གསུངས་སོ། །གཟུགས་མཛེས་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་དང་ གཞན་ཡང་སྟེ། །དུམ་བུ་གཅིག་གཉིས་གསུམ་དང་བཞི། །བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་གདོང་ནི་དཀར་དམར་ཏེ། །ཅུང་ཟད་རིང་ལ་རབ་ཏུ་མཛེས། །པདྨ་པདྨ་དང་འདྲ་བ། །སེར་པོ་དེ་བཞིན་དཀར་དམར་རོ། །ཐོད་པ་བཟང་པོ་འདི་རྣམས་ལས། །ལྷག་མ་རྣམས་ནི་ སྤང་བར་བྱ། །ཞེས་གསུངས་སོ། །ཡིད་དུ་འོང་བ་ལ་ཞེས་བྱ་བ་ནི། བསྟན་བཅོས་ལ་སོགས་པ་ལ་ཡང་མཁས་པ་རྣམས་ཏེ། དེ་ལྟ་བུའི་རྣམ་པའི་ཐོད་པ་བླངས་ནས་དེའི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་ལྟེ་བ་ལ་བསྒྲུབ་པར་བྱ་བ་ཆེ་གེ་མོ་ཁུག་ཤིག་ཅེས་པ་ བསྒྲུབ་བྱའི་མིང་དང་སྤེལ་བའི་ཡི་གེ་ཛའི་མཐའ་ཅན་གྱི་སྔགས་བསྒྲུབ་བྱའི་གཟུགས་བརྙན་བྱས་པའི་སྙིང་གར་གུར་ཀུམ་དང་། གི་ཝང་དང་སྲིན་ལག་གི་ཁྲག་གིས་བྲིས་ཏེ་དགུག་པ་ལ་སོགས་པ་བྱས་ནས། ཧཱུཾ་གི་ཡི་གེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་པ་རྡོ་རྗེ་ལྕགས་ཀྱུས་ བྱིན་གྱིས་བརླབ་པ་གཡས་བརྐྱང་གཡོན་བསྐུམ་པས་དེའི་སྙིང་གར་བཞག་ནས་ཁྲོས་པའི་བསྐུལ་བའི་ཚིག་དང་བཅས་པས་སྔགས་བཟླས་པས་དགུག་པའི་ཚུལ་གྱིས་དལ་གྱིས་རྐང་པས་དགུག་པར་བྱའོ། །བསྒྲུབ་བྱ་ཡང་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཛྷེས་བཏེག་སྟེ་བསྐུལ་བར་བལྟས་ ནས་རང་གི་སྙིང་ག་ལས་ཀྱང་གྲུབ་པའི་འཁོར་ལོའི་ལྕགས་ཀྱུ་ཕྱུང་ལ་ཇི་ལྟ་བ་བཞིན་དུ་བཀའ་བསྒོ་བ་བྱིན་ནས་དེ་དགུག་ཏུ་བཏང་ངོ་། །དེས་ཀྱང་ཇི་ལྟ་བ་བཞིན་དུ་བཀུག་ནས་ངེས་པར་འོངས་པར་མོས་པར་བྱའོ། །འོངས་པ་དེ་དང་ཁྲོ་བོ་ལ་དྲི་བཟང་པོ་དང་བཅས་པའི་ཚུལ་ཡོན་ཆབ་སྦྱིན་ནོ། ། དེ་ནས་དེ་བླངས་ནས་ཇི་ལྟར་འདོད་པ་རྫོགས་པར་བྱའོ། །མི་མོ་དགུག་པ་ནི། སྐྲ་གྲོལ་བ་ཅན་དང་གོས་མེད་པར་བསྒོམས་ནས་བྱ་བར་ལ་ལ་དག་ཁྱད་པར་རོ་ཟེར་རོ། །སྐྱེས་བུ་དགུག་པར་འདོད་ན་སྐྱེས་པའི་ཐོད་པ་ལ་གཡོན་བརྐྱང་བ་གཡས་ཀྱིས་མནན་ནས་ཐམས་ཅད་འདིར་བྱའོ་ཞེས་ བྱ་བ་ནི་ཁྱད་པར་རོ། །དེ་ནས་དགོངས་པ་ལས་ངེས་པར་བསྟན་པ་བུ་མོ་སྒྲུབ་པའི་ཆོ་ག་འདིའི་མན་ངག་བཤད་པ་ཀ་ནི་བདེ་བའོ། །པཱ་ལ་ཞེས་བྱ་བ་ནི་སྐྱོང་བའི་ཕྱིར་ཀ་པཱ་ལ་སྟེ། བུ་མོའི་གཟུགས་སོ། །མ་ཆག་མ་གས་ཞེས་བྱ་བ་ནི། སྐྱེས་པ་དང་མ་ཕྲད་པ་སྟེ་གཞོན་ནུ་མ་ཞེས་པའི་ བར་དུའོ། །གཟུགས་མཛེས་ཞེས་བྱ་བ་ནི་བུད་མེད་ཀྱི་མཚན་ཉིད་ཐམས་ཅད་རྫོགས་པར་མཛེས་པའོ། །ཡིད་དུ་འོང་བ་ཞེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་ཤེས་པའོ། །རྐང་པས་མནན་པའི་ཚུལ་བྱས་ན། །ཞེས་བྱ་བ་ནི་འདི་སྐད་གསུངས་ཏེ། དེ་ལྟར་ཡོན་ཏན་ཁྱད་ པར་ཅན་བཟུང་ནས་མཉམ་པར་གཞག་པའི་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤྱན་ལ་སོགས་པའི་གཟུགས་ཀྱིས་རྫོགས་པར་བྱ་སྟེ་སྔར་གྱི་བཞིན་དུ་གཤིན་རྗེ་གཤེད་པོའི་རྣལ་འབྱོར་སྔོན་དུ་སོང་བ་བསྒྲུབ་པའི་འཁོར་ལོའི་ལྕགས་ཀྱུས་ཡེ་ཤེས་ཀྱི་སྤྱན་མ་བཀུག་ནས་དེའི་ནང་དུ་གཞུག་པར་ བྱའོ། །དེ་ལྟར་ན་རྐང་པས་གནོན་པ་སྟེ། དེའི་ཡེ་ཤེས་ཀྱིས་མནན་པ་ནི་བཀབ་པར་འགྱུར་ཏེ། སྤྱན་ལ་སོགས་པའི་གཟུགས་ཀྱིས་རྫོགས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཱ་མ་ཀཱི་ལ་སོགས་པའི་གཟུགས་ཀྱིས་ཀྱང་། གཞོན་ནུ་མའི་སྒྲུབ་པ་ཤེས་པར་བྱའོ། །བསྐྲད་ པའི་ཆོ་གའི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་འདའ་བ་ཉིད་ཀྱི་ཕྱིར་དང་། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཉིད་ཀྱི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་དམ་ཚིག་གི་འོད་ཟེར་ནི་མི་བསྐྱོད་པའོ། །དེ་ཉིད་གདུག་པ་ཐམས་ཅད་འདུལ་བའི་ཕྱིར་ མཆོག་ནི་བདུད་རྩི་འཁྱིལ་པའི་ཁྲོ་བོ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྔགས་རྣམས་ཀུན་གྱི་སྦྱོར་བ་དང་། །ཞེས་བྱ་བ་ནི་ཞི་བ་དང་། རྒྱས་པ་དང་དབང་དང་དགུག་པ་དང་མངོན་སྤྱོད་ཀྱི་ལས་རྣམས་ནི། འདི་ཉིད་ཀྱི་སྦྱོར་བའི་བསམ་པའི་བྱེ་བྲག་གིས་ བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་བཞིན་དུ་སྐྲོད་པ་ཞེས་བྱ་བ་ལ། ཆོ་ག་ནི་འདི་ཡིན་ཏེ། བསྙེན་པ་བྱས་པ་སྔོན་དུ་སོང་བ་བདུད་རྩི་འཁྱིལ་པའི་སྦྱོར་བས་དུར་ཁྲོད་ཀྱི་མེ་ལ་མྱོས་བྱེད་ཀྱི་ཤིང་བསྲེགས་པའི་སོལ་བ་དང་། དྲི་མ་དང་། དུག་དང་། ནིམ་པའི་ལོ་མ་རྣམས་བཏགས་ ནས་རྐང་པ་གཡོན་པའི་སྲིན་ལག་གི་ཁྲག་གིས་ལྷན་ཅིག་ཏུ་བྱས་ནས་བྱ་རོག་ཆེན་པོའི་སྒྲོའི་སྨྱུ་གུས་རྒྱལ་མཚན་གྱི་རས་ལ་རླུང་གི་དཀྱིལ་འཁོར་ལ་རྩིབས་བརྒྱད་པའི་རལ་གྲིའི་འཁོར་ལོར་བྲིས་ནས་དེའི་ལྟེ་བ་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་བསྒྲུབ་བྱའི་