Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 39
Văn bản gốc(Tây Tạng)
Trang 13 / 20 (50.000 ký tự/trang)
ས་རང་གི་རིག་མ་དང་གཉིས་སུ་མེད་པའི་རྣལ་འབྱོར་བྱས་ལ་ཞེས་བྱ་བའི་དོན་ཏོ། །སྤྱན་ཡང་ཞེས་བྱ་བ་ནི་སྤྱན་ཉིད་སྐུའི་དཀྱིལ་འཁོར་ལ་སྟེ་དེ་ཡང་སྦྱོར་བ་བསྒོམས་པས་ཏེ། རྡོ་རྗེ་དང་པདྨ་ལ་ལེགས་པར་སྦྱང་བ་སྔོན་དུ་སོང་བ་ཡིན་པས་ དེ་ཡང་གསུངས་པ། ཡི་གེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་བསྟན་པ་ཡིན་ཏེ། ཡི་གེ་ཧཱུཾ་གིས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང་པདྨ་བསྐྱེད་དེ་ཡི་གེ་ཨཱཿས་ནི་པདྨའི་ལྟེ་བ་བསྐྱེད་ནས་ཡེ་ཤེས་རྡོ་རྗེ་ཡི་གེ་ཨོཾ་ཞེས་བྱ་བ་བཅུ་གཉིས་པའི་ཚིག་གིས་ཡི་གེ་ཨོཾ་གྱིས་ནི་རྡོ་རྗེ་ནོར་བུའི་ཆ་བྱིན་གྱིས་ བརླབ་པའོ། །གཉི་ག་ལ་བྱང་ཆུབ་ཀྱི་སེམས་གནས་པར་བྱ་བའི་ཕྱིར་ཡི་གེ་ཕཊ་སེར་པོ་བསམ་པར་བྱའོ། །ཟླ་བའི་འོད་མཚུངས་པ་ཞེས་བྱ་བ་ནི་ཞི་བའི་ཆ་བྱད་དཀར་པོའོ། །འབར་དང་བཅས་ཞེས་བྱ་བ་ནི། འོད་དང་ལྡན་པའོ། །དེ་བཞིན་དུ་རྣམ་པར་བསྒོམ་པར་བྱ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པའི་དོན་དུའོ། །ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལ་སོགས་པ་བསྒོམ་པར་བྱ་ཞེས་བྱ་བའོ། དེ་ལ་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པ་ལས་རྗེས་སུ་བཟླས་པ་བྱས་ནས་སོ་སོར་རབ་ཏུ་བསྟན་པ་གསུངས་སོ། །རང་གི་ཁུ་བའི་ ཐིགས་པ་ཡིས། །ཞེས་བྱ་བ་ནི་རང་གི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེའི་ཐིགས་པ་སྟེ། དེ་ལས་གྱུར་པའི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་མཆོད་པར་བྱའོ། །མཆོད་པ་སྟོན་པ་ན། དཀྱིལ་འཁོར་རྗེས་སུ་ དྲན་པ་གསུངས་པ། དབང་པོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་གྱི་ཚུལ་དུ་ཞེས་བྱ་བ་ནི་བྲིས་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་སོ། །དཀྱིལ་འཁོར་གྱི་འབྱུང་གནས་ཞེས་བྱ་བ་ནི། ཚིག་ལ་ནི་དཀྱིལ་འཁོར་རྒྱུད་པའི་བདག་ཉིད་དུ་རྟོགས་པར་བྱའོ། །འདིས་ནི་ དཀྱིལ་འཁོར་གྱི་གྲུབ་པ་གསང་བ་གསུངས་སོ། །གསལ་བར་ནི་བླ་མ་ལས་སོ། །ལུས་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་དུ་རྗེས་སུ་དྲན་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་སྐུ་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཞུགས་པ་ལས་རྗེས་སུ་དྲན་པ་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་སྐུ་མཉམ་པ་ཉིད་དུ་བསམ་མོ། །དེ་ཇི་ལྟར་བསྒོམ་པ་ཡིན་ཞེ་ན་གསུངས་པ། གང་ཞེས་བྱ་བ་ལ་སོགས་པ་ལ་འདིའི་དོན་ནི་གསུང་རྗེས་སུ་དྲན་པ་ལ་སོགས་པ་ལ་ཤེས་པར་བྱའོ། །སྐུ་ནི་ལོངས་སྤྱོད་རྫོགས་པ་ལ་སོགས་པ་སྟེ། རྣམ་པར་དག་ པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ལྡན་པའོ། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །ཞེས་བྱ་བ་ནི་སྐུ་རྡོ་རྗེའི་རྣམ་པས་སོ། །བདག་ཀྱང་དེ་དང་འདྲར་གྱུར་ཅིག །ཅེས་དེ་བཞིན་དུ་གྱུར་ཞེས་བྱ་བས་སངས་རྒྱས་ཀྱི་སྐུར་འདོད་པའོ། །གསུང་རྗེས་སུ་དྲན་པ་གསུངས་པ། གང་ཞེས་བྱ་བ་ལ་སོགས་པ་ལ། ཆོས་འཛིན་པའི་མཆོག་ནི་སྣང་བ་མཐའ་ཡས་སོ། །གསུང་ཞེས་པ་ནི། ཆོས་དང་དོན་དང་ངེས་པའི་ཚིག་ངག་སྤོབས་པ་སོ་སོར་ཡང་དག་པར་རིག་པ་རྣམས་ཏེ། ངེས་པའི་ཚིག་ལས་ཉེ་བར་མཚོན་པའི་ཕྱིར་རོ། །ཐུགས་རྗེས་སུ་དྲན་པ་ གསུངས་པ། ཐུགས་རྗེས་ཡིན་ཞེས་བྱ་བ་ལ་སོགས་པ་ལ། ཀུན་དུ་བཟང་པོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །གསང་བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དབང་ཕྱུག་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱིས་ན་དབང་པོ་ཡང་ ཡིན་ནོ། །བློ་ལྡན་ཞེས་བྱ་བ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དང་ལྡན་པའོ། །དེ་འདྲར་འགྱུར་ཞེས་བྱ་བ་ནི། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་ཡང་དག་པར་སྟེར་བར་བདག་ཀྱང་གྱུར་ཅིག །ཅེས་ང་རྒྱལ་བྱེད་པའོ། །སེམས་ཅན་ཐམས་ ཅད་མཉམ་པ་ཉིད་རྟོགས་པར་བྱ་བའི་ཕྱིར་དུ་སེམས་ཅན་རྗེས་སུ་དྲན་པ་གསུངས་པ། གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་བཅོམ་ལྡན་འདས་གང་རྣམས་ཀྱི་ཐུགས་ནམ་མཁའ་དང་མཚུངས་པར་འཇུག་པའི་ངང་ཚུལ་དེ་དང་འདྲ་བར་བདག་གི་ཡང་ཞེས་བྱ་བར་ སྦྱར་རོ། །ཇི་ལྟ་བུ་ཞེ་ན་གསུངས་པ། སེམས་ཅན་ཀུན་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་རྣམས་ཀྱི་ལུས་ལ་སོགས་པའི་རང་བཞིན་ཉིད་ཀྱི་རང་བཞིན་མེད་པ་སྟེ། དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཙམ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་ གཉིས་སུ་མེད་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པའོ། །དེའི་ཕྱིར་སེམས་ཅན་རྣམས་དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པ་རྣམས་སོ། །དེ་བཞིན་དུ་ཡང་གསུངས་པ། རྒྱལ་བའི་ཡུམ་ལས་གང་། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་ཆོས་རྣམས་ཀྱི་དེ་བཞིན་ ཉིད་དེ་གཅིག་པའི་དེ་བཞིན་ཉིད་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ་ཞེས་སོ། །དེ་ལྟར་བདག་ཀྱང་དེ་འདྲར་གྱུར་ཅིག་ཅེས། སེམས་ཅན་རྗེས་སུ་དྲན་པའོ། །ཡང་ན་གང་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སེམས་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་ཉེ་བར་མཚོན་ པ་ནི་བརྟག་པ་སྟེ། དེ་ཉིད་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་རོ་གཅིག་པའི་ཡེ་ཤེས་ནི་སངས་རྒྱས་རྣམས་ཀྱིའོ། །དེའི་ཕྱིར་བདག་ཀྱང་དེ་དང་འདྲ་བར་ཐུགས་ནམ་མཁའ་དང་མཉམ་པར་རྟོགས་པར་གྱུར་ཅིག་ཅེས་བསམས་ཏེ་བསྒོམ་པར་བྱའོ། །ད་ནི་ དེ་བཞིན་དུ་གྱུར་པའི་སྐུ་ལ་སོགས་པ་བསྟན་པའི་དོན་དུ། སྔགས་ཀྱི་སྒོ་ནས་རྗེས་སུ་དྲན་པ་གསུངས་པ། སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཡེ་ཤེས་ནི་སྔགས་ཏེ། དེ་ཉིད་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོས་མི་ཕྱེད་པའི་རྡོ་རྗེ་གང་ལ་ཡོད་པ་ དེ་ལ་དེ་སྐད་ཅེས་བྱ་སྟེ། རྡོ་རྗེ་འཛིན་པ་ཆེན་པོའོ། །གང་དེ། གསུང་གི་སྐུ་ཡང་རྣམ་བསྒོམས་པས། །ཞེས་བྱ་བ་ནི་རྒྱས་པར་འཆད་པར་འགྱུར་བའི་སྔགས་ཀྱི་དོན་སྒོམ་པའི་བཟླས་པས་སྐུ་ལ་སོགས་པ་རྗེས་སུ་དྲན་པའོ། །དེའི་ངོ་བོ་གཞན་གྱི་སྐུ་གང་ཡིན་པ་གཉིས་སུ་མེད་པའི་ ཡེ་ཤེས་ཙམ་དུ་སྟེ། དེ་དང་འདྲ་བར་བདག་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས་བསྒོམ་པར་བྱའོ། །གསང་བའི་དེ་ཉིད་མཆོད་ཆེན་པོ། །ཞེས་ལེའུ་དྲུག་པ་ལས་མདོར་བསྟན་པ་རྒྱས་པར་བཤད་པའི་ཕྱིར་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་སྙོམས་པར་ཞུགས་ པའོ། །ཕྱུང་བ་ཞེས་བྱ་བ་ནི། རང་གི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བ་ལས་སྤྲོ་བར་བྱའོ། །ཆོ་ག་བཞིན་དུ་བཏུང་བར་བྱ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་ཕྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་བཀང་སྟེ། རྡུལ་ཕྲ་རབ་སོ་སོ་སྙོམས་པར་ ཞུགས་པའི་དེ་བཞིན་གཤེགས་པའི་རྣམ་པ་རྣམས་སུ་བསྒོམས་ནས་བསྡུས་ཏེ། རིག་མའི་པདྨའི་ནང་དུ་གཞུག་གོ། །ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པར་བལྟས་ནས། ཆོ་ག་བཞིན་དུ་རབ་ཏུ་སྦར་ལ་རང་གི་ལུས་ལ་གནས་པའི་ལྷའི་འཁོར་ལོ་རང་བཞིན་མེད་པ་ དམིགས་པས་མཉེས་པར་བྱ་སྟེ། རང་བཞིན་མེད་པར་གཅིག་སྦྱོར་བས། །མཁས་པས་ཆོ་ག་བཞིན་དུ་བཏུང་། །ཞེས་བྱ་བའི་ཚིག་ལས་སོ། །འབྲས་བུ་འདོད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་གྲུབ་ཀྱི་འབྲས་བུ་འདོད་པས་སོ། །དེ་བཞིན་གཤེགས་པའི་ཚོགས་བསད་ ནས། །ཞེས་བྱ་བ་འདི་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་བསད་པ་སྟེ། གང་ཡང་རང་གི་རིག་མའི་པདྨར་བྱང་ཆུབ་ཀྱི་སེམས་ཞུ་བའི་རང་བཞིན་གྱིས་རང་བཞིན་མེད་པ་ཉིད་དོ། །དེ་ཡང་། བསད་པ་རང་བཞིན་མེད་པར་བརྗོད། །བཀོད་པ་དེ་བཞིན་གཤེགས་པར་འདོད། །ཅེས་ གསུངས་སོ། །གསད་པར་བྱ་ཞེས་བྱ་བ་ནི་ཕ་དང་མར་གྱུར་པའི་དབང་པོ་གཉིས་སྙོམས་པར་འཇུག་པ་ལ་གནས་ནས་འདོད་ཆགས་ཆེན་པོའི་མེས་ཞུ་བར་བྱ་སྟེ། དེ་ཡང་སྦྱོར་བ་དང་པོའི་ཏིང་ངེ་འཛིན་དང་སྦྱར་རོ་ཞེས་ལ་ལ་དག་ཟེར་རོ། །བསྒོམ་པ་བསྡུ་བའི་དུས་སུ་ཕུང་པོ་ལ་སོགས་ པ་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པས་མི་སྣང་བར་བྱའོ་ཞེས་དགོངས་ནས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྗེས་སུ་དྲན་པ་གསུངས་པ། རང་བཞིན་གྱིས་ནི་འོད་གསལ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ཕྱིར་རོ། །མ་སྐྱེས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། ། ཟག་པ་མེད་པ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེས་ན་བྱང་ཆུབ་དང་བྱང་ཆུབ་པར་བྱ་བ་མེད་དོ། །དེའི་ཕྱིར་མངོན་པར་རྟོགས་པ་མེད་པ་སྟེ་སྐྱེད་པར་བྱེད་པའི་ལམ་མོ། །འོ་ན་འཁོར་བ་ཡོད་དེ་ཞེ་ན། ཁམས་ཀྱང་མེད་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འདོད་པའི་ ཁམས་ལ་སོགས་པ་སྣོད་དུ་གྱུར་པ་དེ་ཁོ་ན་ཉིད་དུ་མི་སྐྱེ་སྟེ་དེའི་ཕྱིར་འབྱུང་བ་མེད་དེ། ཡང་དག་པར་ན་སེམས་ཅན་གྱི་འཇིག་རྟེན་ཡང་མི་སྐྱེ་བ་སྟེ། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་པའོ་ཞེས་བྱ་བར་དགོངས་སོ། །བསྒོམ་པའི་གནས་སྐབས་ན་ཡང་ཉེ་བར་དམིགས་པར་སྤྱོད་ན། གཉིས་སུ་མེད་པ་གྲུབ་པ་མེད་དེ། དེའི་ཕྱིར་མ་སྐྱེས་པའི་རྗེས་སུ་དྲན་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་དྲན་པ་ཞེས་བྱ་བ་ནི། བསྙེན་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ན་རྗེས་སུ་དྲན་པའོ། །མཚན་མེད་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །མི་འགྱུར་ ཞེས་བྱ་བ་ནི། རང་བཞིན་ལས་རབ་ཏུ་ཉམས་པའི་ཕྱིར་རོ། །གཉིས་མེད་ཅེས་བྱ་བ་ནི། དེ་ཁོ་ན་ཉིད་དུ་གཟུང་བ་ལ་སོགས་པའི་རང་བཞིན་མེད་པའི་ཕྱིར། གཉིས་སུ་མེད་མིན་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་རྟོགས་པའི་ཕྱིར་རོ། །ཞི་ཞེས་བྱ་བ་ནི་མ་ལུས་པའི་རྣམ་པར་ རྟོག་པ་མཉམ་པ་ཉིད་ཀྱི་ཕྱིར་རོ། །འདི་ཡང་དཔེས་གསལ་བར་སྟོན་པ་ནི། ཤིན་ཏུ་དྲི་མེད་ནམ་མཁའ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་དུ་བ་ལ་སོགས་པ་རྣམས་དང་། ཡང་དག་པར་མི་ལྡན་པ་ཡང་ལྡན་བཞིན་དུ་མཐོང་སྟེ། དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་སྒྲོ་ བཏགས་པའི་དབང་གིས་སེམས་ཀྱང་ཐ་དད་པར་སྣང་ངོ་། །ཡང་ན་སྔོན་གྱི་རྗེས་སུ་དྲན་པ་ནི་བསྐྱེད་པའི་རིམ་པའི་ཡུལ་ལོ། །འདི་ནི་རྫོགས་པའི་རིམ་པའི་ཡུལ་ལོ། །འདིར་རེ་ཞིག་ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད་གསུངས་ནས། ད་ནི་མཱ་མ་ཀཱིར་ཤེས་རབ་ཅན་གྱིས་བྱིན་ གྱིས་བརླབས་ལ་ཞེས་ལེའུ་བཞི་པ་ལས་མདོར་བསྟན་པ་གསུངས་པ། ལོ་གྲངས་བཅུ་གཉིས་ལོན་པ་ལ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་རྣམ་པར་དག་པའོ། །དེ་ཡང་གསུངས་པ་ཐམས་ཅད་གསང་བའི་རྒྱུད་ལས། བུ་མོ་ལོ་གྲངས་བཅུ་གཉིས་པ། །ཇི་ལྟར་ བཤད་པའི་ཐུབ་མཆོག་གིས། །ཕ་རོལ་ཕྱིན་པ་བཅུ་གཉིས་མཆོག །གཞན་དུ་བརྟག་པ་མ་ཡིན་ནོ། །ཞེས་སོ། །བུད་མེད་སེམས་ནི་རབ་བརྟན་པ། །ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པས་སེམས་བརྟན་པའོ། །རིགས་ཀྱི་སྦྱོར་བས་དབྱེ་བ་ཡིས། །ཞེས་བྱ་བ་ནི་རང་གི་རིགས་ཀྱི་ལྷ་དང་ སྦྱོར་བས་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །མཆོད་པར་བྱ་ཞེས་བྱ་བ་ནི་སྔར་བཞིན་ནོ། །ཡང་ན་བདག་མེད་པར་རྣམ་པར་དག་པར་བསྒོམ་པ་ཉིད་ཀྱི་མཆོད་པས་མཆོད་པར་བྱའོ། །དེ་ཡང་གསུངས་པ་དགོངས་པ་ལས། རང་བཞིན་ལས་ནི་བདག་ཉིད་དག །དེ་ནི་ཁུ་བ་ཞེས་སུ་བརྗོད། དེ་རྣམས་ཉིད་ནི་མཆོད་པའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པ་འདིར། །ཞེས་སོ། །ཡང་གསུངས་པ་དཔལ་བདེ་བ་དམ་པ་རྟོགས་པ་ལས། གང་ཞིག་ཆོས་རྣམས་མ་སྐྱེས་པ། །ཀུན་རྫོབ་ཁུ་བའི་སྒྲ་ཡིས་ནི། །དེ་ནི་མ་སྐྱེས་རྟོག་པ་ལས། །བཟའ་བ་ཞེས་སུ་རྣམ་པར་བཤད། ། ཅེས་སོ། །འདིས་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་ཉིད་ཀྱི་དངོས་གྲུབ་ཀྱི་མཆོག་ཏུ་གྱུར་པར་བཤད་དོ། །རྗེས་སུ་དྲན་པ་བཅུ་དྲུག་པོ་འདི་རྣམས་ཕྲ་མོའི་སྦྱོར་བ་བསྒོམས་པས་སེམས་བརྟན་པོར་བྱས་པས་རིག་པའི་བརྟུལ་ཞུགས་སྤྱོད་པས་བསྒོམ་པར་བྱའོ་ཞེས་པ་ལ་ལ་དག་འདོད་དོ། ། སྔར་གྱི་རྗེས་སུ་དྲན་པ་དྲུག་ཡིན་ནོ་ཞེས་པ་ལ་ལ་དག་འདོད་དོ། །ཚེ་འདི་ཉིད་ལ་ཞེས་བྱ་བ་ནི་ཐབས་ཀྱི་ཆེ་བའི་བདག་ཉིད་རྗེས་སུ་སྒྲུབ་པ་དང་ལྡན་པར་བྱས་པ་ནི་དངོས་གྲུབ་ཏུ་བཤད་དོ། །དེ་ཡང་། བྱ་བས་འབྲས་སྟེར་འཇིག་རྟེན་ལ། །ཤེས་པ་ཙམ་གྱིས་བདེ་སྟེར་མིན། །དཔེར་ན་ བུད་མེད་འདོད་ལོག་སྤྱོད། བྱ་བ་མེད་ན་བདེ་སྟེར་མེད། །ཅེས་གསུངས་སོ། །གང་གཞན་དམན་པར་བཤད་པ་ཡི། །ཞེས་བྱ་བ་ལ། དམན་པ་ནི་ཡོངས་སུ་མ་རྫོགས་པའི་ཏིང་ངེ་འཛིན་ལས་སྐྱེས་པ་གང་རྣམས་ཏེ། མི་སྣང་བ་ལ་སོགས་པའི་དངོས་གྲུབ་ཀྱི་བྱེ་བྲག་རྣམས་སོ། ། དེ་རྣམས་ཀྱང་དེའི་རྣལ་འབྱོར་པས་འགྲུབ་པའོ། །སྒོམ་པ་མེད་པར་བཟླས་པས་དངོས་གྲུབ་མེད་པར་གསུངས་པ། རྡོ་རྗེ་མི་ཕྱེད་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ལུས་ལ་སོགས་པའི་རྡོ་རྗེ་དང་ཐ་མི་དད་པར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །དཔལ་གསང་བ་འདུས་པའི་དཀའ་ འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བདུན་པའི་བཤད་པའོ།། །།ཚོགས་གཉིས་རྫོགས་པའི་ཆེད་དུ་བསམ་པ་བརྟན་པོས་ཕྱི་དང་ཅིག་ཤོས་ཀྱི་མཆོད་པར་བྱའོ། །ཞེས་བྱ་བ་ལ་སོགས་པས་ལེའུ་བཞི་པ་ལས་མདོར་བསྟན་པ། གཟུགས་ལ་རྣམ་གསུམ་ཤེས་ བྱས་ནས། །ཞེས་བྱ་བ་ལ་སོགས་པས་ཀྱང་། ལེའུ་བདུན་པར་རྒྱས་པར་བསྟན་ནས། ད་ནི་རབ་ཏུ་རྒྱས་པར་བསྟན་པར་འདོད་ནས་པདྨའི་རིགས་ཀྱི་དམ་ཚིགས་ཅན་གྱི་ན་ཚོད་ངེས་པའི་དོན་དུ་ཡང་། དེ་ནས་ཞེས་བྱ་བ་ལ་སོགས་པ་བཤང་གཅིའི་དམ་ཚིག་གི་ལེའུ་གསུངས་པ། མཉམ་ པ་ཉིད་ཀྱི་ཡེ་ཤེས་བསྒོམས་པས་དེའི་བླ་ན་ཡོད་པ་ལ་སོགས་པའི། མཆོད་པ་རྫོགས་པས་རིན་ཆེན་ཏོག །ཅེས་སྨོས་སོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ། རྡོ་རྗེ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ནི། སེམས་དཔའ་སྟེ་རྡོ་རྗེ་སེམས་དཔའོ། །དེ་ཡང་ཐམས་ ཅད་གསང་བའི་རྒྱུད་ལས། བྱང་ཆུབ་མཆོག་གང་དམ་ཚིག་ནི། །ཡེ་ཤེས་འདི་ནི་རྡོ་རྗེར་བརྗོད། །རྡོ་རྗེ་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་སེམས་དཔར་དེ་བརྗོད་བྱ། །ཞེས་གསུངས་སོ། །དེ་ཉིད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཀྱི་མངོན་སུམ་དུ་བྱ་བའི་ ཕྱིར་དང་། མི་གསལ་བའི་གནས་སྐབས་ན་བགྲོད་པར་སླ་བའི་ཕྱིར་ཐེག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ་ལམ་མོ། །འདིས་རྒྱུ་དང་འབྲས་བུ་དབྱེ་བ་མེད་པར་བསྟན་ཏོ། །དེ་ཡང་ཐམས་ཅད་གསང་བའི་རྒྱུད་ལས། རྒྱུ་ཉིད་ཇི་ལྟར་མཐོང་བ་ནི། །འབྲས་བུ་དེ་ཉིད་དེ་ བཞིན་ནོ། །ཞེས་གསུངས་སོ། །ནམ་མཁའ་ཞེས་བྱ་བ་ནི། ནམ་མཁའ་བཞིན་དུ་མི་གོས་པའི་མཚན་ཉིད་དོ། །སྤྱོད་པ་ནི་ཆོས་ཐམས་ཅད་ལ་ཞུགས་པའོ། །དེས་འདོད་ཆགས་ལ་སོགས་པའི་དྲི་མ་བསལ་ནས་སེམས་ཅན་རྣམས་རྣམ་པར་སྦྱོང་བར་བྱེད་པའོ། །ཀུན་དུ་ བཟང་པོ་ཞེས་བྱ་བ་ནི་ཀུན་ནས་བཟང་བ་སྟེ། དགེ་བ་འདི་ལས་ཡིན་པའི་ཕྱིར་ཀུན་དུ་བཟང་པོའོ། །བླ་ན་མེད་པའི་མཆོད་པའི་རང་བཞིན་ཉིད་ཀྱི་ཕྱིར་མཆོད་པའི་མཆོག་གོ། །ཚིག་ལྔ་པོ་འདི་རྣམས་ཀྱིས་ཆོས་ཀྱི་དབྱིངས་ལ་སོགས་པ་ཡེ་ཤེས་ཀྱི་དབྱེ་བ་སྤྲོས་པའི་རྣམ་པ་བསྟན་ཏོ། ། རྒྱལ་བ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ལུས་པ་ལས་རྒྱལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་གི་ངོ་བོ་ཉིད་ཀྱི་ཕྱིར་ན་མཆོག་ཀྱང་ཡིན་ནོ། །འདིས་ཀྱང་བཅོམ་ལྡན་འདས་ཐ་མི་དད་པའི་རྣམ་པ་ཉིད་དུ་བསྟན་ཏོ། །གསུང་རྡོ་རྗེའི་སྒོ་ནས་ཡང་དེ་ ཉིད་དུ་གསུངས་པ། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པ་གསུང་དང་ཐུགས་དང་སྐུ་རྡོ་རྗེ་རྣམས་ཏེ། རྡོ་རྗེ་ཐེག་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་མཐར་ཐུག་པ་ཐབས་ཐམས་ཅད་ཀྱིས་རྒྱས་པར་བསྟན་པས་འཇུག་པ་ལ་དེ་སྐད་ཅེས་བྱ་སྟེ་དོན་ཡོད་ གྲུབ་པའོ། །ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག །ཅེས་བྱ་བ་ནི། ནམ་མཁའི་དབྱིངས་དང་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་མཆོག་ནི་གཙོ་བོ་སྟེ། གང་དེ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱིར་རྒྱལ་ བའི་གནས་ཏེ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་ཡང་དཔལ་སངས་རྒྱས་ཐམས་ཅད་ལས་སེམས་ཅན་ཐམས་ཅད་སངས་རྒྱས་དངོས། རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཞེས་གསུངས་སོ། །སྐུའི་སྒོ་ནས་གསུངས་པ། ཐར་པའི་ལམ་ཞེས་བྱ་བ་ལ་སོགས་པ་ལ་ཐར་པ་ནི་དོན་དམ་ པར་ཟག་པ་མེད་པའི་བདེ་བའི་རང་བཞིན་རྡོ་རྗེ་འཛིན་པ་ཉིད་རྫོགས་པའོ། །དེའི་ལམ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྒོམ་པའི་མཚན་ཉིད་དོ། །དེ་བྱེད་པ་ནི་རྟེན་ལ་སོགས་པའི་གཟུགས་ཀྱིས་རྫོགས་པར་བྱེད་པ་རྣམ་པར་སྣང་མཛད་དོ། །ཐེག་པ་གསུམ་ཞེས་བྱ་བ་ནི་བྱང་ ཆུབ་གསུམ་མོ། །དེའི་ལམ་ནི་ཐམས་ཅད་དུ་སོང་བ་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་ཉིད་ཀྱི་ལམ་མོ། །དེར་འཇུག་པར་མཛད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་མི་བསྐྱོད་པའོ། །ཆོས་ཐམས་ཅད་མཉམ་པར་རྟོགས་པས་སངས་རྒྱས་ནི་རིན་ཆེན་དབང་ངོ་། །སྐལ་མཆོག་ཅེས་བྱ་བ་ ནི་མཛེས་པའི་སྐལ་བ་ནི་ཤེས་རབ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་གང་ལ་ཡོད་པ་དེ་ནི་སྐལ་མཆོག་སྟེ། དེའི་དངོས་པོ་ནི་སྐལ་མཆོག་ཉིད་དོ། །དེའི་སྦྱོར་བས་ནི་སྣང་བ་མཐའ་ཡས་ཏེ་དེ་བཞིན་དུ་བཤད་དོ། །དག་པའི་བདག་ཅེས་བྱ་བ་ནི་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ ཀྱི་དོན་རྫོགས་པའི་ཕྱིར། ཡང་གཟུང་བ་ལ་སོགས་པའི་དྲི་མས་མི་གོས་པའི་ཕྱིར་དག་པའི་བདག་ཉིད་དོན་ཡོད་གྲུབ་པའོ། །མི་མཆོག་ནི་རྡོ་རྗེ་འཛིན་པའོ། །དབྱེར་མེད་ཀྱང་གསུངས་པ། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཀྱི་ སེམས་ནི་ཡེ་ཤེས་ལྔ་རྣམས་སོ། །དེ་རྣམས་ཀྱང་ཉིད་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །རྒྱས་པའི་སྤྱན་ཞེས་བྱ་བ་སྟེ་གང་གི་དེ་བཞིན་དུ་རྡོ་རྗེ་འཛིན་པ་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་གཟུགས་རྣམས་ལ་ཡང་དག་པར་གཉིས་སུ་མེད་པའི་ཡེ་ ཤེས་ཀྱི་སྤྱོད་པས་སོ། །ཤིན་ཏུ་དག་པ་ཞེས་བྱ་བ་ནི། ཉེས་པ་ཐམས་ཅད་ཀྱིས་སྟོང་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའི་ཐེག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདིས་ནི་རིགས་གསུམ་དང་ ཡེ་ཤེས་ལྔའི་སྒོ་ནས་མ་སྤྲོ་བའི་ངོ་བོས་བཅོམ་ལྡན་འདས་ལ་བསྟོད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་ཡེ་ཤེས་ལྔ་རྣམས་ཏེ། དེ་རྣམས་འཛིན་པས་ན་གང་གི་ཆོས་ཀྱི་སྐུ་ཉིད་ཀྱིས་རྡོ་རྗེ་འཛིན་པའོ། །དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་གྱུར་པ་ ཉིད་ཀྱི་ཕྱིར་ཀུན་དབང་ངོ་། །ཆོས་ཐམས་ཅད་ཀྱི་བདག་པོ་ཉིད་ཀྱིས་གདུལ་བྱའི་འགྲོ་བ་མ་ལུས་པ་ཆགས་པར་བྱེད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱི་རྒྱལ་པོའོ། །དེའི་ཕྱིར་ཐམས་ཅད་ཀྱི་དོན་བྱེད་པ་ནི་ཐམས་ཅད་ཀྱི་དོན་ཏོ། །ཐམས་ཅད་ཀྱི་གོ་སྐབས་འབྱེད་པའི་ཕྱིར་སྤྲུལ་པའི་ སྐུའི་གཟུགས་ཀྱིས་ཐམས་ཅད་ནམ་མཁའོ། །དེའི་ཕྱིར་འདི་རྣམས་ཀྱི་རང་གི་དབང་གིས་འཇོག་པར་བྱེད་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་དབང་ཕྱུག་གོ། །རྟག་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་ཉིད་ཀྱི་ཕྱིར་མི་འགྱུར་ཆེའོ། །དེའི་ཕྱིར་ཐབས་དང་ཤེས་རབ་མི་ ཕྱེད་པའི་ཡེ་ཤེས་རིན་པོ་ཆེ་འཛིན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་རིན་ཆེན་འཛིན་པ་སྟེ། མཆོད་པ་བཤད་ཅེས་བྱ་བ་དང་འབྲེལ་ཏོ། །མཆོད་པ་ཞེས་བྱ་བ་ནང་གིའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གཙོ་བོས་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་དུ་བྱས་ནས་འཇུག་པའི་ཕྱིར། དེ་ བཞིན་གཤེགས་པ་རྣམས་ཀྱི་འདི་ཡིན་པས་དེ་བཞིན་གཤེགས་པའིའོ། །བླ་ན་མེད་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་མཆོག་གོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པ། །ཞེས་བྱ་བ་ནི་སྐུའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་མི་ཕྱེད་པར་གནས་ཏེ་དེའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། ། སྐུ་དང་གསུང་དང་ཐུགས་སྐལ་མཆོག །ཅེས་བྱ་བ་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་ལ་མངོན་པར་འདོད་པའོ། །རྒྱལ་བ་འབྱུང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་བའོ། །འདིས་ནི་མཆོད་པར་བྱ་བ་དང་མཆོད་པ་པོ་དང་མཆོད་པ་རྣམས་ཐ་མི་དད་པས་མཆོད་པར་ བྱའོ་ཞེས་སྟོན་ཏོ། །ད་ནི་པདྨའི་རིགས་ཀྱི་བཙུན་མོ་གསུངས་པ། རྙེད་ཅེས་བྱ་བ་ལ་སོགས་པ་ལ་གཞོན་ནུ་མ་ཞེས་བྱ་བ་ནི་འགྲོ་བ་གཞན་གྱིས་ཉེ་བར་མ་སྤྱད་པའོ། །མིག་ཡངས་མ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་མངོན་པར་མ་ཞེན་པའི་མིག་ཅན་མའོ། །བྱོལ་སོང་ལས་ཀྱང་ རབ་ཏུ་བརྟག །ཅེས་བྱ་བ་ནི། ཐུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཕྱོགས་གཅིག་ཉིད་ཀྱིས་ལོགས་སུ་འགྲོ་བ་སྟེ། དེ་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཐུགས་རྡོ་རྗེ་ལ་སོགས་པའི་རིགས་ཅན་རྣམས་ལོགས་སོ། །འདིས་ནི་རིན་ཆེན་འབྱུང་ལྡན་ལ་སོགས་པ་ རྣམས་ཀྱི་དཀྱིལ་འཁོར་ལ་འདིའི་ན་ཚོད་ཀྱི་རིགས་ཀྱི་དབྱེ་བས་མཆོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ཡང་ལེའུ་བདུན་པ་ལས། རིགས་ཀྱི་དབྱེ་བའི་སྦྱོར་བ་ཡིས། །རང་གི་ཁུ་བས་མཆོད་པར་བྱ། །ཞེས་སོ། །གཞན་དག་ནི་གལ་ཏེ་ཆོ་ག་བཞིན་དུ་མ་རྙེད་ན། །དེའི་ཚེ་ཇི་སྲིད་དུ་ ཁུ་བ་སྲིད་པ་དེ་གཟུང་བར་བརྗོད་དོ། །འདིའི་གཞུང་ལ་ན་ཚོད་ངེས་པར་གསུངས་པ་དོན་མེད་པར་འགྱུར་རོ། །ཁ་ཅིག་ནི་ཀླུ་མོ་སོགས་པ་ལས་ཞེས་ཁ་ཅིག་འདོད་དེ་འདིར་ནི་ཁྱད་པར་མེད་པར་གསུངས་པ་ན། ཀླུ་མོ་ལ་སོགས་པ་གྲུབ་པས་ཚིག་ལྷག་པའོ། །གཙང་ཞིང་ཞེས་བྱ་བ་ནི་ ས་ཡོངས་སུ་གཟུང་བ་ལ་སོགས་པའི་ཆོ་གས་ལེགས་པར་ཡོངས་སུ་གཟུང་བའོ། །རྣམ་པར་དབེན་པའམ་ཞེས་བྱ་བ་ནི་བགེགས་ཐམས་ཅད་ཀྱི་རྒྱུ་དང་མངོན་པར་བྲལ་བའོ། །ལ་ལ་དག་སྐལ་བ་དང་མི་ལྡན་པའི་འགྲོ་བ་རྣམས་དང་བྲལ་བའོ་ཞེས་འདོད་དོ། །སའི་ཕྱོགས་ཞེས་བྱ་ བ་ནི་བསྒོམ་པའི་གནས་སོ། །རྒྱལ་བ་བདག་ལས་སྐྱེས་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །བདུན་པའི་དོན་གྱི་ཚིག་ལ་ནི་གཞལ་ཡས་ཁང་གི་ཁྱད་པར་ཏེ། དེ་རྣམ་པར་སྣང་མཛད་ཀྱི་སྐུ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །ཉེས་པ་ཐམས་ཅད་ཞི་བ་ཉིད་ཀྱི་ཕྱིར་དང་། དགེ་བ་ སྐྱེ་བ་ཉིད་ཀྱིས་ཞི་བ་དང་། ཞི་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་གནས་སུ་ནི་ཆོས་འབྱུང་བའི་གནས་སུ་ཆུད་པའི་གཞལ་ཡས་ཁང་ལ་སྟེ། རྒྱུ་མཚན་གྱི་བདུན་པའོ། །བཤང་བ་ལ་སོགས་པ་རྣམས་ཀྱི་དགོས་པའི་དཀྱིལ་འཁོར་གྱི་ས་ལ་དང་པོ་ཉིད་ཆོ་ག་ཇི་ལྟ་བ་བཞིན་དུ་ སྦྱངས་པའི་བཤང་བ་ལ་སོགས་པ་རྫས་ལྔ་རྣམས་ཀྱིས་བྱུག་པར་གསུངས་པའོ། །འམ་གྱི་སྒྲས་འབར་བ་ལ་སོགས་པའི་ནུས་པ་དང་བྲལ་བའི་རྣལ་འབྱོར་པ་རྣམས་ཀྱིས་ཙནྡན་ལ་སོགས་པས་སམ། ཙནྡན་ལ་སོགས་པ་དང་བསྲེས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ རྣམས་ཀྱིས་སམ། བསྒོམས་པས་བྱུག་པར་ཤེས་པར་བྱའོ། །རྟག་པར་ཞེས་བྱ་བ་ནི་རྒྱུན་མི་འཆད་པའོ། །ཡང་ན་རྟག་པའི་ཚིག་ལ་མཆོད་པ་ཉེ་བར་མཚོན་པའི་ཕྱིར་འདིར་རྣམ་པར་སྣང་མཛད་གཟུང་བར་རྟོགས་པར་བྱའོ། །ད་ནི་གསུངས་པའི་རིག་མ་ལེགས་པར་སྦྱང་བར་ གསུངས་པ། ནུ་མའི་བར་ནས་ཞེས་བྱ་བ་ལ་སོགས་པ་ནི་སྤྱི་གཙུག་མཐའ་ནས་བརྩམས་ཏེ། ནུ་མའི་ཕྱོགས་ཀྱི་བར་དུ་ཡི་གེ་ཨོཾ་གྱིས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་བཞིན་དུ་སྙིང་ག་ནས་ལྟེ་བའི་བར་དུ་ཡི་གེ་ཧཱུཾ་གིས་མི་བསྐྱོད་པའི་རང་བཞིན་ནོ། །ལྟེ་ བ་ནས་གསང་བའི་བར་དུ་སྭཱ་ལས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །གསང་བ་ལ་ཡི་གེ་ཨཱཿལས་སྣང་བ་མཐའ་ཡས་ཀྱི་རང་བཞིན་ནོ། །གསང་བ་ནས་རྐང་མཐིལ་གྱི་བར་དུ་ཡི་གེ་ཧཱ་ལས་དོན་ཡོད་གྲུབ་པའི་རང་བཞིན་ནི་གོ་རིམས་བཞིན་དུ་བསྒོམ་པར་བྱ་བའི་དོན་ཏོ། ། ད་ནི་མཆོད་པའི་གནས་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་མ་ལུས་པ་འབྱུང་བའི་མཚན་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་དོ། །དེ་ཡང་ལེའུ་བཅུ་གཅིག་ པ་ལས་གསུངས་པ། དེ་འདིར་ཡེ་ཤེས་སྙིང་པོ་བྷྲཱུཾ་ཞེས་བྱ་བས་སོ། །བདག་ཉིད་ཟླ་བའི་དབུས་གནས་པར། །ཞེས་བྱ་བ་ནི་ཟླ་བའི་གདན་ལ་འདུག་པའོ། །སྙིང་གར་ཞེས་བྱ་བ་ནི་སྙིང་གའི་ས་བོན་ཏེ། འདིར་སྙིང་གའི་སྒྲས་སྙིང་གི་ས་བོན་ལ་འཇུག་སྟེ། དཔེར་ན་ཁྲི་འབོད་ ཅེས་བྱ་བ་ལྟ་བུའོ། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་བྱ་བ་ནི་སྤྲོས་པའི་དེ་མ་ཐག་ཏུའོ། །འདི་ཡང་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །བྷ་གར་ལིངྒ་བཞག་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་འདིར་ཡང་སྦྱར་བར་བྱའོ། །དེས་ནི་འདི་སྐད་ གསུང་བར་འགྱུར་ཏེ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེ་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་བསམས་ནས་སྤྲོ་བ་དང་བསྡུ་བའི་རིམ་གྱིས་རིམ་པ་གཉིས་པའི་དཀྱིལ་འཁོར་བསྒོམ་པའོ། །ལ་ལ་དག་འདིས་རང་སྣང་བའི་རིག་མ་རྫོགས་པ་ དེའི་སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་པར་ཡང་གསུང་བར་འདོད་དོ། །གཞན་དམ་ཚིག་སེམས་དཔའི་སྙིང་གར་ཐམས་ཅད་དུ་ཟླ་བའི་དཀྱིལ་འཁོར་ཅན་གྱི་ཡེ་ཤེས་སེམས་དཔའ་བསྒོམ་པར་འདོད་དོ། །འདི་ཡང་འབྲེལ་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་གྱི་རིག་མ་ ལེགས་པར་སྦྱང་བའི་སྐབས་ཉིད་དུ་རང་སྣང་བ་ལེགས་པར་སྦྱངས་པ་སྟེ་དེ་ཡང་རྒྱས་པར་གསུངས་པ་ཉིད་དོ། །སྙིང་གར་ཡེ་ཤེས་སེམས་དཔའ་ཞེས་བྱ་བའི་ཚིག་གིས་ལེའུ་བཅུ་གཉིས་པར་ཡེ་ཤེས་སེམས་དཔའི་གནས་གསུང་བར་འགྱུར་རོ། །གཞན་ཡང་། དྲེགས་པ་ ཡི་ནི་ཁ་དོག་དབྱེ། །རོ་ཡིས་དེ་བཞིན་སྙིང་པོའོ། །ཞེས་བྱ་བའི་ཚིག་དང་། ཞི་ལ་ཞི་བའི་སེམས་སུ་བྱ། །ཞེས་བྱ་བའི་ཚིག་ལས་དམ་ཚིག་སེམས་དཔའ་བཞིན་དུ་ཡེ་ཤེས་སེམས་དཔའ་ཡང་གདན་དང་རྣམ་པར་རྟོག་པར་བྱེད་དོ། །རིན་ཆེན་སྣ་བཞིའི་རང་བཞིན་ཞེས་ བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་ཤར་དང་ལྷོ་དང་ནུབ་དང་། བྱང་གི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་རྣམས་ཤེལ་དང་པུ་ཤ་རཱ་ག་དང་། པདྨ་རཱ་ག་དང་། མརྒཏ་དེ། རིན་པོ་ཆེ་བཞི་རྣམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རིན་ཆེན་སྣ་བཞིའི་རང་བཞིན་ནོ། །སྐུའི་ དཀྱིལ་འཁོར་ལ་སོགས་པ་ལ་འདི་རྣམས་ཇི་ལྟར་རིགས་པར་སྦྱར་རོ། །མཆོད་རྟེན་ལ་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་སྔར་བསྟན་པའི་རྣམ་པར་སྣང་མཛད་དོ། །དུས་གསུམ་གྱི་ཞེས་བྱ་བ་ལ་འདས་པ་ལ་སོགས་པའི་དེ་ བཞིན་གཤེགས་པ་རྣམས་ལ་མཆོད་པའི་དོན་ཏོ། །གནས་ཞེས་བྱ་བ་ནི་གནས་བསམ་པར་བྱའོ། །མཆོད་པའི་སྤྲིན་རྣམས་སྤྲོ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རྫོགས་པའི་དཀྱིལ་འཁོར་གྱི་དབུས་སུ་སྔར་ལེགས་པར་བྱས་པའི་བཙུན་མོ་དང་བཅས་པས་དཀྱིལ་འཁོར་རྗེས་སུ་ དྲན་པའི་སྒོམ་པའི་དེ་མ་ཐག་ཏུ་རང་གི་བ་སྤུའི་བུ་ག་ནས་ནམ་མཁའ་ཁྱབ་པའི་མཆོད་པའི་ཚོགས་སྤྲོའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་འདིར་ཡང་འཆད་དེ། བདག་པོའི་ཕྱག་རྒྱ་ཡང་བསྒོམས་ནས། །ཞེས་བྱ་བ་ལ་སོགས་པའོ། །མཆོད་པ་གསལ་བར་གསུངས་པ་པདྨ་ཞེས་ བྱ་བ་ལ་སོགས་པ་ལ། པདྨ་ནི་ཤེས་རབ་དང་ཨུཏྤ་ལ་ནི་ཐབས་སོ། །རྣམ་པ་ལྔར་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དབྱེ་བ་ལས་དེ་ཉིད་གཟུགས་ལ་སོགས་པའི་ཡུལ་རྣམས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཟུགས་རྡོ་རྗེ་ལ་སོགས་པའི་གཟུགས་སུ་བསྒོམས་ཏེ། དབུལ་ བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཛཱ་ཏི་རྣམ་གསུམ་ཤེས་བྱས་ནས། །ཞེས་བྱ་བ་ནི་ཁྲུས་མཁན་མོ་དང་། གར་མཁན་མོ་དང་། གཏུམ་མོའི་རིགས་ཀྱི་དབྱེ་བས་དང་། ཁ་དོག་དཀར་པོ་དང་། དམར་པོ་དང་། ནག་པོའི་དབྱེ་བ་ཇི་ལྟར་གསུངས་པའི་ན་ཚོད་པའི་དབྱེ་བས་ཀྱང་རྣམ་པ་ གསུམ་མོ། །ཇི་ལྟ་བ་བཞིན་དུ་རྫོགས་པར་བྱ་སྟེ། སྐུ་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ལ་དབུལ་བར་བྱའོ། །ཇི་ལྟར་དབུལ་བར་བྱ་ཞེ་ན། མེ་ཏོག་ཀརྞི་ཀ་ར་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱན་ལ་སོགས་པའི་ངོ་བོ་ཞེས་བྱ་བ་ནི་མན་ངག་ལས་ཡིན་ནོ། །ལ་ལ་ དག་འདིར་ཇི་ལྟར་གྲགས་པའི་པདྨ་ལ་སོགས་པར་འདོད་དོ། །མཆོད་པའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར་གསུངས་པ། དཔག་ཚད་བརྒྱའི་ཁྱོན་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་སྨོས་པ་ནི་རྒྱས་པར་ཉེ་བར་མཚོན་པའི་དོན་ཏོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི། ནང་གི་དཀྱིལ་འཁོར་ཟླུམ་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡི་ནང་དུ་འཁོར་ལོ་ནི། །ཀུན་ནས་ཡོངས་སུ་ཟླུམ་པོ་ཞེས་བྱ་བའི་ཚིག་ལས་སོ། །རིགས་ཞེས་བྱ་བ་ལ་སོགས་པས་དེ་ལ་གནས་ཇི་ལྟ་བ་བཞིན་དེ་བཞིན་གཤེགས་པ་རྣམས་བསྒོམ་པར་བྱ་བ་གསུངས་སོ། །རིག་པའི་ལྷ་མོ་ རྣམས་དགོད་པ་གསུངས་པ། པདྨ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཕྱག་མཚན་དང་ལྷ་དག་གི་དབྱེ་བ་མེད་པར་བསྟན་པའི་ཕྱིར་པདྨ་ལ་སོགས་པའི་སྒྲས་ལྷ་ཉིད་བསྟན་ཏོ། །འདི་རྣམས་ཀྱིས་ཉེ་བར་མཚོན་པའི་དོན་གྱི་ཕྱིར་དཀྱིལ་འཁོར་པ་ཐམས་ཅད་དགོད་པར་བལྟ་བའོ། ། དཔག་ཚད་བྱེ་བའི་ཚད་ཙམ་ལ། །ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཏེ། དེའི་ཕྱིར་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པས་སོ། །གཞན་ནི་འཁོར་ལོའི་དཀྱིལ་འཁོར་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །པདྨ་ལ་སོགས་པའི་སྒྲས་སྣང་བ་མཐའ་ཡས་ལ་སོགས་ པའི་དཀྱིལ་འཁོར་བསྟན་ཏོ་ཞེས་འཆད་དོ། །འཁོར་ལོའི་གནས་སུ་རལ་གྲི་བརྗོད་དོ། །ལ་ལ་དག་ནི་རིན་པོ་ཆེའོ། །ཁ་ཅིག་ནི་ཨུཏྤལའི་སྒྲས་རིན་པོ་ཆེ་བརྗོད་དོ། །ལ་ལ་དག་རལ་གྲིར་བརྗོད་དོ། །འདི་ཡང་ཐམས་ཅད་དཀའ་བ་དང་འབྲེལ་བའི་ཕྱིར་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། ། དེ་བཞིན་དུ་དཀྱིལ་འཁོར་པ་ཐམས་ཅད་གསལ་བར་ཤེས་ནས་མཆོད་པར་བྱ་བ་གསུངས་པ། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ནི། འདོད་པའི་ཡོན་ཏན་ལྔ་ནི་བཤད་ཟིན་ཏོ། །ཕྱི་རོལ་གྱི་མཆོད་པ་ཉེ་བར་བསྟན་པ་གསུངས་པ། རིན་ཆེན་ན་བཟའ་ལ་སོགས་པ། ། ཞེས་བྱ་བ་ལ་སོགས་པའི་སྒྲ་ལས་དཔག་བསམ་གྱི་ཤིང་ལ་སོགས་པ་གཟུང་ངོ་། །མཆོད་པ་རྣམ་ལྔའི་མཆོག་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིན་ཆེན་འབྱུང་གནས་ན་ཆུང་མཆོག །ཅེས་བྱ་བ་ནི་བཙུན་མོ་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ འབྱུང་བའི་གནས་སུ་གྱུར་པ་སྟེ། བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གཙོ་བོ་སྟེ་བཙུན་མོ་ཐམས་ཅད་ཀྱི་གཙོ་བོའོ། །རིན་ཆེན་ཀུན་ལ་དབུལ་བར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །སྒྲུབ་ཆེན་ཞེས་བྱ་ བ་ནི་བསྒྲུབ་པའི་དོན་དུའོ། །རིན་ཆེན་སྣ་བདུན་གྱི་ཞེས་བྱ་བ་ནི། གླང་པོ་ཆེ་དང་། རྟ་དང་ཁྱིམ་བདག་དང་། འཁོར་ལོ་དང་། བཙུན་མོ་དང་། བློན་པོ་དང་། ནོར་བུ་སྟེ། རིན་པོ་ཆེ་རྣམས་ཀྱིའོ། །སྦྱིན་པའི་ཕྱིར་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་རྫོགས་པ་དོན་དུ་གཉེར་བའོ། །བདག་པོའི་ཕྱག་རྒྱར་མཉམ་གཞག་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ནི་རང་གི་དཀྱིལ་འཁོར་ལ་རང་གི་བདག་པོའི་ཕྱག་རྒྱ་མ་དང་བཅས་པ་ཡང་དག་པར་སྦྱོར་བ་རྣམ་པར་བསྒོམ་པར་བྱས་ནས་ཇི་ལྟ་བ་བཞིན་རིག་པའི་ ལྷ་མོ་བཏོན་ནས་དེ་ཡང་རང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་ཏུ་ཀུན་དུ་ལྡན་པར་བསྒོམ་པར་བྱའོ་ཞེས་རྒྱས་པར་བསྟན་ཏོ། །འདོད་ཆགས་བློ་ཅན་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོ་ལ་ཤིན་ཏུ་ཞེན་པའི་སེམས་ཀྱིས་སོ། །ཇི་ལྟར་དབུལ་བར་བྱ་ཞེ་ན་ གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་བཀོད་པ་ཞེས་བྱ་བ་ནི་དཀྱིལ་འཁོར་རྣམས་ཀྱི་ཚོགས་ཏེ། དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བའི་ཐ་ཚིག་གོ། །བདག་གི་ལུས་ཞེས་བྱ་བ་ནི། རང་གི་ལྷག་པའི་ལྷའི་བདག་ཉིད་དོ། །དེ་བཞིན་གཤེགས་ པའི་རང་བཞིན་ལ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཏེ། རྡོ་རྗེ་འཛིན་པའི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བླ་མ་ཞེས་བྱ་བ་ནི་བདག་པོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ད་ནི་པདྨའི་རིགས་ཀྱི་སྒོ་ནས་བླ་ན་མེད་པའི་མཆོད་པ་གསུངས་པ། ན་ ཆུང་ཞེས་བྱ་བ་ནི་སྔར་བསྟན་པའོ། །སྐལ་བ་མཆོག་ལྡན་ཞེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་ལ་གནས་པའོ། །ལ་ལ་དག་ནི་པདྨའི་འདབ་མ་ལ་རེག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བྷ་གར་ལྡན་པའི་ཕྱིར། བྷ་ག་མཆོག་ཅེས་པ་ལ་ལ་དག་འདོད་དོ། །བཟའ་བར་ བྱ་ཞེས་བྱ་བ་ནི་ལྕེ་རྡོ་རྗེ་ཉིད་ཀྱིས་བླང་བར་བྱའོ། །གང་ཡང་རྡོ་རྗེ་བདུད་རྩི་ལས། །དེ་ཕྱིར་གནས་ལས་མི་བླང་སྟེ། ལག་གཉིས་སོར་མོས་དེ་བཞིན་དུ། །དེ་ལྟར་བྱེད་ན་རྨོངས་པ་སྟེ། །བླངས་པ་ཉིད་ཀྱིས་ཉམས་པའོ། །ཁ་ཅིག་ཏུ་ནི་རྟག་ཏུ་སྦྱིན། །ལྕེ་ཡིས་ རོལ་པས་དེ་བཞིན་དུའོ། །ཞེས་གསུངས་སོ། །བརྟན་པའི་བློ་ལྡན་པས་ཞེས་བྱ་བ་ནི། མི་ཕྱེད་པའི་ཤེས་རབ་དང་ལྡན་པ་རང་བཞིན་མེད་པར་མོས་པས་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པར་གསུངས་སོ། །སྐུ་གསུང་ཐུགས་ཀྱི་མཆོད་ པ་སྟེ། །ཞེས་བྱ་བའི་ཚིག་ནི། དེ་བཞིན་དུ་བརྗོད་པར་ཉེ་བར་སྡུད་པའོ། །སྔགས་རྣམས་དངོས་གྲུབ་བྱེད་པར་གསུངས། །ཞེས་བྱ་བ་ནི་རང་གི་ལྷག་པའི་ལྷ་རྫོགས་པར་བྱེད་པའོ། །གསང་བ་ཞེས་བྱ་བ་ནི་སྐལ་བ་དང་མི་ལྡན་པའི་འགྲོ་བ་རྣམས་ལ་མི་བསྟན་པའོ། །ཡེ་ཤེས་ རྡོ་རྗེ་ཅན་གྱི་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་ཞེས་བྱ་བའི་ཐ་ཚིག་གོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ལྟར་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པའི་ དེ་བཞིན་གཤེགས་པ་མཆོད་པ་ལྷུར་བྱེད་པས་རང་གི་དམ་ཚིག་བསྲུང་བ་ཞེས་ལེའུ་ལྔ་པར་མདོར་བསྟན་པའི་ཆེད་དུ། ལེའུ་དགུ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་མང་དུ་བཤད་དོ། །སྐུ་དང་གསུང་ཐུགས་ཡང་དག་སྦྱོར། །ཞེས་བྱ་བ་ནི། སྐུ་ལ་སོགས་ པ་རྣམས་ཀྱི་ཡང་དག་པར་སྦྱོར་བ་སྟེ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའོ། །དེ་ཉིད་རྡོ་རྗེ་གསུམ་སྟེ། སྐུ་ལ་སོགས་པའི་རྡོ་རྗེ་ཡིན་ཞིང་མི་ཕྱེད་དཀྱིལ་འཁོར་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ལོངས་སྤྱོད་ཅེས་བྱ་བའི་ཚིག་ལ་ནི། ལོངས་སྤྱོད་ ནི་བདག་གིར་གོམས་པར་གྱུར་པ་ནི། དེ་ཉིད་རྡོ་རྗེ་གསུམ་མི་ཕྱེད་པའི་དཀྱིལ་འཁོར་བཤད་པའོ། །དམ་པ་ཞེས་བྱ་བ་ནི་གཞན་དེ་དང་འདྲ་བ་མི་འཐད་པའི་ཕྱིར་རོ། །ཉམས་དགའ་བ་ཞེས་བྱ་བ་ནི། ཡིད་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །གསང་བ་ཞེས་བྱ་བ་ནི་ བརྟགས་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་གཞན་ལ་མི་བསྟན་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་ཡེ་ཤེས་ཅན་གྱིས་ཞེས་བྱ་བ་ནི་དབང་མཆོག་དང་ལྡན་པའི་ཤེས་རབ་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྟེ། སངས་རྒྱས་ཀྱི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་པོ་གང་རྣམས་ རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཀྱིས་ཞེས་པའི་དོན་ཏོ། །དེ་བསྟན་པར་བྱ་བའི་ཕྱིར་གསུངས་པ། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སངས་རྒྱས་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད། ། ཅེས་བྱ་བའི་ཚིག་ལས་སོ། །རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་ཚིག་ནི་གོ་བར་སླ་བའོ། །དེ་ཉིད་མི་བསྐྱོད་པ་ཞེས་བྱ་བ་ནི། སྲིད་པ་དང་ཞི་བས་མི་བསྐྱོད་པའི་ཕྱིར་རོ། །རྡོ་རྗེ་ཡང་སྔགས་ཀྱི་ངོ་བོ་ཉིད་ཀྱིས་མི་ཕྱེད་པ་དང་འབྱེད་པ་ཉིད་ཀྱི་ཕྱིར་རོ། །ལག་ཏུ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ མི་དམིགས་པར་ལེན་པར་ནུས་པའི་སེམས་སོ། །རྡོ་རྗེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དེ་དེ་ཡང་གསུངས་པ། མི་ཚིག་པ་དང་མི་ཤིགས་པ། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་བྱ་བའི་ཚིག་ལས་སོ། །འོད་འཕྲོ་བ་མང་པོ་ཞེས་བྱ་བ་ནི། སྣ་ཚོགས་པའི་སྤྲུལ་པའི་ རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོད་ཟེར་ཞེས་བྱ་བ་ནི། རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །འོད་ཟེར་སྣ་ལྔས་རབ་ཏུ་བརྒྱན། །ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ། །སངས་རྒྱས་ཞེས་བྱ་བ་ནི་བདེན་པ་མ་ཡིན་པར་སྒྲོ་བཏགས་པ་ལས་བྱུང་བའི་ཕུང་པོ་ལྔ་ཞེས་བྱ་བའི་ དོན་ཏོ། །ཕུང་པོ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་བྱ་བའི་ཚིག་ལས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེ་ཡང་། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །དུས་གསུམ་འབྱུང་བ་ཞེས་བྱ་བ་ནི། འདས་པ་ལ་སོགས་པའི་སྐུ་ལ་སོགས་པ་བརྟགས་པ་ལས་བྱུང་བའོ། །བསྒོམས་ནས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལ་དམིགས་པའོ། །རྡོ་རྗེ་ནི་ངེས་པར་འབྱེད་ པའི་ཤེས་རབ་ཀྱིས་སོ། །དེ་ཡང་གསུངས་པ། དག་པའི་བློ་ནི་ཟླ་བ་འདྲ། །རྡོ་རྗེ་ཞེས་ནི་རྟོགས་པར་བྱའོ། །ཞེས་གསུངས་སོ། །ཕྱེ་མར་བརླག་ཅེས་བྱ་བ་ནི། བརྟགས་པ་དང་བྲལ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དགོངས་པ་ལས། འཁོར་བས་མི་བསྐྱོད་པ་ཡི་མིང་། ། དེ་ཡི་སྔགས་ནི་རྡོ་རྗེ་མིང་། །སེམས་ནི་ལག་པ་ཞེས་བྱ་སྟེ། །རང་བཞིན་མེད་པ་རྡོ་རྗེ་གཅིག །ཕུན་སུམ་ཚོགས་པས་སངས་རྒྱས་རྣམས། །སྐུ་དང་གསུང་དང་ཐུགས་སུ་ཕྱུང་། །དེ་ཉིད་སེམས་ཅན་ཀུན་དུ་གྲགས། །ཕྱེ་མར་བརླག་པ་རང་བཞིན་མེད། །ཅེས་གསུངས་ སོ། །དེའི་ཕྱིར་གསུངས་པ། སྐུ་དང་གསུང་ཐུགས་ལོངས་སྤྱོད་པ། །རྡོ་རྗེ་ཕྱེ་མར་རླག་པར་བྱེད་པའོ། །ཡང་གསུངས་པ། དཔལ་བདེ་བ་དམ་པ་རྟོགས་པ་ལས། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས། །གང་གནས་གང་དག་དེ་ཉིད་མོས། དེ་རྣམས་ཐམས་ ཅད་ཡོངས་སུ་བརྟགས། །ལྷ་ཞེས་སུ་ནི་ཡང་དག་བཤད། །གང་ཞིག་སེམས་ཀྱིས་མ་མཚོན་པའོ། །ཞེས་གསུངས་སོ། །ཐམས་ཅད་གསང་བ་ལས་ཀྱང་གསུངས་པ། གསང་བ་མཆོག་ནི་རྣལ་འབྱོར་པ། །ཡེ་ཤེས་ཏིང་ངེ་འཛིན་ནི་མཆོག །ཡི་གེ་ཧཾ་དང་ཧཱུཾ་མེད་ ཅིང་། །རིགས་དང་སྔགས་དང་ཤེས་པ་མེད། །ཅེས་སོ། །བསམ་གཏན་མཆོག་ནི་ཞེས་བྱ་བ་ནི་དམིགས་པ་མེད་པའི་ཡེ་ཤེས་སོ། །ཐུགས་ཀྱི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་བྱ་བ་ནི། མི་བསྐྱོད་པ་ཉིད་རྫོགས་པར་བྱེད་པའོ། །འདིས་ཞེས་བྱ་བ་ནི། དེ་མ་ཐག་ཏུ་གསུངས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ་བདག་དང་གཞན་གྱི་རྒྱུད་ལ་གནས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམ་པར་འཇིག་པའོ། །འབྲས་བུ་གསུངས་པའོ། །སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་བརྗོད་དེ། བསམ་གཏན་རྡོ་རྗེའི་ སྦྱོར་བ་འདིས། །གང་སྐུ་དང་གསུང་དང་ཐུགས་མི་དམིགས་པའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་འགྱུར་ཏེ། དེ་རྣམས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཞེས་སོ། །འདི་བསྒོམ་པས་ནི་རིགས་ཐམས་ཅད་ལ་རྟོག་པ་ཐམས་ཅད་ངེས་པར་སྤང་བར་ གསུངས་པ། འདི་ནི་རིགས་ཐམས་ཅད་ཀྱི་རྒྱ་མཚོ་ལས་ཞེ་སྡང་གི་རིགས་ཀྱི་དམ་ཚིག་ཏུ་ཤེས་པར་བྱའོ། །དེ་ཡང་གསུངས་པ། རྣམ་རྟོག་རྣམས་ལ་ཁྱད་པར་ཅི། །དགེ་བའམ་གལ་ཏེ་མི་དགེ་བ། །རེག་ན་མེ་ཡིས་ཚིག་པར་བྱེད། །ཙནྡན་སྦར་བ་ཡོད་པས་ཀྱང་། །ཞེས་ སོ། །དེའི་ཕྱིར་གཉིས་སུ་མེད་པ་ལ་དམིགས་པས་ངེས་པར་ལྷ་བསྒོམ་པར་བྱའོ། །ཡང་ན་ཞེ་སྡང་རྡོ་རྗེའི་སྦྱོར་བས་རང་གི་དཀྱིལ་འཁོར་ལ་གནས་ནས་འབར་བའི་རྡོ་རྗེས་འབྱིན་པའི་ཆོ་གས་སྤྲུལ་པའི་སངས་རྒྱས་ལ་སོགས་པ་རྣམས་བཅོམ་ནས་སྣང་བ་མེད་ པར་བྱའོ། །བསམ་གཏན་མཆོག་དེ་བསྒོམ་པ་ཡིས། །ཞེས་བྱ་བ་ནི་དངོས་པོ་འདི་རྣམས་མ་སྐྱེས་པའི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བསྟན་པའོ། །དེ་བཞིན་དུ་ལེའུ་བཅོ་བརྒྱད་པ་ལས། ཞེ་སྡང་འཁོར་ལོ་བསྐྱེད་ནས་སུ། །ཞེས་བྱ་བ་ནས། མི་ཡི་བུད་མེད་སྨོས་ཅི་ དགོས། །ཞེས་བྱ་བའི་བར་གྱི་ཚིག་གིས་འདིའི་དོན་གསལ་བར་སྟོན་ཏོ། །འདིས་ནི་ལས་ཀྱི་ཚོགས་གསུངས་པ། མན་ངག་གིས་བཤད་པར་བྱ་སྟེ། རྡོ་རྗེ་མི་བསྐྱོད་ཅེས་བྱ་བ་ནི་རང་གི་དཀྱིལ་འཁོར་ལ་གནས་པ་ཤིན་ཏུ་ཁྲོ་བ་ཞེ་སྡང་རྡོ་རྗེའོ། །ལག་ཏུ་རྡོ་རྗེ་ཞེས་བྱ་བ་ནི་ལག་པ་གཡས་ པར་རོ། །ཡང་ན་བདེ་བ་སྟེར་བའི་རྒྱུའི་ཕྱིར་ལག་པ་ནི་གསང་བའི་རྡོ་རྗེའོ། །དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་ཧཱུཾ་གི་ཡི་གེ་ལས་བྱུང་བ་འབར་བའི་རྡོ་རྗེའོ། །འོད་འཕྲོ་མང་པོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཞག་པའི་གནས། རླུང་གིས་བསྐུལ་བའི་མེའི་དཀྱིལ་འཁོར་གྱི་འོད་ཟེར་གྱི་ཚོགས་སོ། ། འོད་ཟེར་སྣ་ལྔས་རབ་ཏུ་གང་། །ཞེས་བྱ་བ་ནི་རྡོ་རྗེ་ལ་སྔོན་པོ་ལ་སོགས་པའི་འོད་ཟེར་གྱིས་བརྒྱན་པའོ། །སངས་རྒྱས་ཀྱང་ཞེས་བྱ་བ་ནི་ཤིན་ཏུ་བར་གསུངས་སོ། །ཡང་ན་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་འདིས་དྲག་ཤུལ་བསྒྲུབ་པ་ལ་ཡང་འདིའི་རབ་ཏུ་སྦྱོར་བ་ནི་ཆོ་ག་ཇི་ལྟ་བ་བཞིན་ དུ་རྟོགས་པར་བྱའོ་ཞེས་བསྟན་ཏོ། །འདི་སྐད་དུ་གསུང་བར་འགྱུར་ཏེ། བསྒྲུབ་པར་བྱ་བ་ངན་སོང་ལ་མངོན་པར་ཕྱོགས་པ་ཐབས་གཞན་གྱིས་བཟློག་པར་མི་ནུས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཁ་སྦྱར་ཕྱེ་ནས། སྐྱབས་མེད་པ་རྣམས་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་ ལ་གནས་པ་བསམས་ནས། སྙིང་རྗེ་དང་ལྡན་པས། དངོས་པོ་འདི་རྣམས་མ་སྐྱེས་པས། །ཞེས་བྱ་བ་ལ་སོགས་པས་མངོན་དུ་བྱས་ནས་ཁྲོ་བོའི་ཚིག་གི་སྔགས་འདོན་ཅིང་། འོད་ཟེར་འབར་བའི་ཕྲེང་བ་རང་གི་བ་སྤུའི་བུ་ག་ནས་ཕྱུང་སྟེ། སངས་རྒྱས་ཐམས་ཅད་བསྐུལ་ ནས་བཀུག་ལ་འབར་བའི་ཐོག་གི་ཕྲེང་བ་བཞིན་དུ་གསད་པར་བྱ་བའི་མགོ་བོར་བབ་པར་བསམ་པར་བྱ་ཞིང་སྙིང་གར་རྡོ་རྗེ་བརྡེག་གོ། །བསམ་གཏན་མཆོག་ཅེས་བསྒོམས་ནས་ནི། །ཞེས་བྱ་བ་ནི་དེའི་འོད་ཟེར་གྱིས་ལུས་ཐལ་བར་བྱས་པ་རྣམས་ཀྱི་རྣམ་པར་ཤེས་པ་འོད་ཀྱི་ ཕུང་པོ་བཞིན་དུ་བལྟས་ཏེ། ཡི་གེ་ཧཱུཾ་ལ་སོགས་པས་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པའི་གཟུགས་སུ་སྤྲུལ་ལ་རཾ་གྱི་ཡི་གེ་ལས་བྱུང་བར་ར་སྐྱེས་དང་འདྲ་བའི་ཤིང་རྟའི་སྟེང་དུ་ཆུ་སྐྱེས་དང་ཉི་མ་ལ་གནས་པ་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས་བཏེག་པར་བསྒོམས་ལ། དེ་ནས་བཛྲ་ དྷྲྀཀ་གི་སྔགས་ཀྱིས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་བཏང་ནས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་སྟན་ལ་བཞག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་བསྒོམས་པས་དེ་བཞིན་དུ་དེ་རྣམས་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ དུ་སྐྱེའོ། །ཡང་ན་རང་སྣང་བའི་ཆུ་སྐྱེས་ཀྱི་ནང་དུ་སྔར་གྱི་བཞིན་དུ་བསྒྲུབ་བྱ་བསྒོམས་ནས་རང་གི་སྙིང་ག་ལས་སྔགས་ཀྱི་ཕྲེང་བ་རང་གི་ཞལ་ནས་ཕྱུང་ནས་རང་སྣང་བའི་ཞལ་དུ་ཞུགས་ཏེ། འབར་བའི་རྡོ་རྗེའི་ཚོགས་དང་འདྲ་བ་བསྒྲུབ་པར་བྱ་བའི་མགོ་བོ་ལ་ལྷུང་བས་རང་གི་ལྷའི་ང་རྒྱལ་ བརྟན་པ་དང་ལྡན་པས་འབར་བའི་གསང་བའི་རྡོ་རྗེ་སྔ་མ་བཞིན་བྱའོ། །ལྷག་མ་ནི་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་གཏི་མུག་གི་རིགས་ཀྱི་དམ་ཚིག་གསུངས་པ། ཡེ་ཤེས་ཐར་པ་རབ་བསྒྲུབ་པ། །ཞེས་བྱ་བ་ནི་སེར་སྣ་རྣམ་པར་དག་པའི་ཐབས་རྗེས་སུ་བསྒྲུབས་པས་ སངས་རྒྱས་ཉིད་རྫོགས་པར་བྱེད་པའོ། །དམ་ཚིག་ནི་འདིར་གཞན་གྱི་ནོར་འཕྲོག་པའོ། །དེའི་དེ་ཁོ་ན་ཉིད་ནི་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པ་སྟེ་ཇི་ལྟ་བར་དེ་བྱའོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་ གྱི་ཚིག་ལ་ནི་མི་ཕྱེད་པའི་དོན་ཏོ། །རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །ཞེས་བྱ་བ་ནི་རང་གི་དཀྱིལ་འཁོར་གྱི་བདག་པོའོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་སོ། །ཇི་ལྟར་བསྒོམ་ཞེ་ན་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་ལ་ཡོན་ ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རིན་པོ་ཆེ་ཀུན་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་མཆོག་གི་སྦྱོར་བ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཉིད་དོ། །དེས་རྡོ་རྗེའི་གཟུགས་ནི་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟུགས་བརྙན་ལྟ་བུའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བརྟག་ཅེས་བྱ་བ་ནི། ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་ཇི་ལྟ་བ་བཞིན་དུ་ཕྱུང་སྟེ། རང་གི་དཀྱིལ་འཁོར་ལ་རང་རང་གི་གནས་རྣམས་སུ་གཞག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་བྱ་ཞེ་ན་ གསུངས་པ། ཕྲོགས་པས་ཞེས་བྱ་བ་ལ་སོགས་པ་ལ་ལུས་ལ་སོགས་པ་ལ་མངོན་པར་ཞེན་པ་སྤང་བར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དགོངས་པ་ལས། ཡེ་ཤེས་སྐུ་ནི་མངོན་རྫོགས་པ། །གང་ཞིག་རྣམ་སྨིན་དངོས་མེད་པས། །དེ་ཉིད་ནོར་ནི་འཕྲོག་པར་བྱེད། །སངས་རྒྱས་ བྱང་ཆུབ་རབ་ཏུ་གང་། །ཞེས་གསུངས་སོ། །དེ་བཞིན་མངོན་སུམ་དུ་བྱས་པའི་ཏིང་ངེ་འཛིན་གྱིས་བླ་ན་མེད་པའི་སྐུ་རབ་ཏུ་ཐོབ་པ་ལས་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་སྟེར་བ་ཉིད་ཀྱིས་ཡིད་བཞིན་གྱི་དོན་ནོར་བུར་འགྱུར་རོ། །ཇི་ལྟ་བུ་ཞེ་ན་གསུངས་པ། ནོར་ཞེས་བྱ་བ་ལ་ སོགས་པ་ལ་ཕྱིན་ཅི་མ་ལོག་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་སྣང་བ་མེ་ལོང་ལྟ་བུའི་ཡེ་ཤེས་འདིར་ནོར་རོ། །དེ་ཉིད་རྒྱ་མཚོ་སྟེ་ཐམས་ཅད་མཁྱེན་པའི་ཡོན་ཏན་རིན་པོ་ཆེ་འབྱུང་བའི་གནས་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །ཡང་ན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ པས་རང་གི་དཀྱིལ་འཁོར་གྱི་དབུས་སུ་གནས་ཏེ། པདྨ་རཱ་ག་ལ་སོགས་པ་མ་ལུས་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲུལ་ལ། དེ་རྣམས་ཀྱི་ནོར་ཐམས་ཅད་འཕྲོག་པ་ནི་ཇི་ལྟ་བ་བཞིན་དུ་ལུས་ལ་སོགས་པས་བྱ་ཞེས་ བྱའོ། །ལ་ལ་དག་རང་གི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པ་རྣམ་པར་བསྒོམ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་སངས་རྒྱས་ཐམས་ཅད་སྟོན་ནས། དེ་རྣམས་ནི་ནོར་དབྲོག་པར་བྱ་བ་ལ་གཞུག་སྟེ་དེ་ཉིད་རྣམ་པར་ངེས་ པ་བསྐྱེད་དེ། ཨིནྡྲ་ནཱི་ལ་ལ་སོགས་པའི་རིན་པོ་ཆེའི་རྣམ་པར་ངེས་པ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་སྦྱོར་བའོ། །འཁོར་ལོ་ལ་སོགས་པ་ནི་རང་གི་ཕྱག་མཚན་ཨིནྡྲ་ནཱི་ལ་ལ་སོགས་པའི་རིན་པོ་ཆེའི་གཟུགས་ཀྱིས་རབ་ཏུ་བརྟགས་ནས། དེའི་འོད་ཟེར་རྣམས་ཀྱིས་ནོར་གྱི་བདག་པོ་མ་ མཐོང་བར་ཇི་ལྟར་ཕྲོགས་ནས་ལེན་པ་ཞེས་པར་འདོད་དོ། །རྡོ་རྗེ་གཟུགས་ནི་རྣམ་བསྒོམས་ཞེས་བྱ་བ་ནི་དེ་རྣམས་ཀྱང་མདུན་དུ་སངས་རྒྱས་ཀྱི་རྣམ་པར་མོས་པར་བྱས་ནས། དངོས་པོ་ཐམས་ཅད་རྣམ་སྤངས་པའི། །ཞེས་བྱ་བ་ལ་སོགས་པའི་ང་རྒྱལ་དང་ལྡན་པའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ ནི་ལུས་ཀྱིས་ཇི་ལྟ་བ་བཞིན་རྡོ་རྗེའི་འོད་ཟེར་གྱི་ཚོགས་ཀྱིས་སོ། །ངག་གིས་ཨོཾ་ཨཱཿཛི་ན་ཛི་ན་ཛི་ཀ་ཆེ་གེ་མོའི་དྲ་བྱ་ཨཱ་ཀཪྵ་ཡ་ཧཱུཾ་ཛཿཞེས་པའི་སྔགས་ཀྱིས་སོ། །སེམས་ཀྱིས་བཀུག་པར་སྒོམ་པ་ལྷུར་བྱེད་པས་ཇི་ལྟ་བ་བཞིན་དུ་ནོར་དགུག་པར་བྱའོ། །དེ་ནས་སེར་སྣ་ཅན་དེ་རྣམས་དེའི་ རྗེས་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དུ་བྱས་ནས་ཆོ་གས་དབང་བསྐུར་བ་རྣམས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ལན་དུ་ཕན་པ་ལ་མི་ལྟོས་པར་ནོར་རྣམས་ཐམས་ཅད་སྦྱིན་པ་པོར་འགྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་པདྨའི་རིགས་ཀྱི་དམ་ཚིག་གསུངས་པ། འདོད་ཆགས་ ཐར་པ་རབ་བསྒྲུབ་ཅེས་བྱ་བ་ནི། འདོད་ཆགས་རྣམ་པར་དག་པ་ལས་ཐར་པ་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་བསྒྲུབ་པ་ནི་རྣལ་འབྱོར་པའི་རྒྱུད་ལས་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་དེ་སྐད་ཅེས་བྱའོ། །རབ་ཏུ་འཇུག་ཅེས་བྱ་བ་ནི་ཚིག་ལ་རབ་ཏུ་འཇུག་པར་བྱེད་པར་བཤད་དོ། །དག་པ་ ཞེས་བྱ་བ་ནི་དྲི་མ་རྣམས་ཀྱི་གནས་མེད་པའི་ཕྱིར་རོ། །ཆགས་པ་ཐམས་ཅད་རྣམ་པར་གཅོད་པའི་ཕྱིར། དམིགས་པ་མེད་པའོ། །པདྨའི་དཀྱིལ་འཁོར་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་རོ། །ཚེ་དཔག་མེད་ནི་རབ་བསྒོམས་ཏེ། །ཞེས་བྱ་བ་ནི་དཀྱིལ་འཁོར་ གྱི་དབུས་སུའོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་བཤད་ཟིན་ཏོ། །བུད་མེད་ལྟ་བུར་སྦྱོར་བ་ནི། །ཞེས་བྱ་བ་ནི་རང་གི་ལྷ་མོ་དང་བཅས་པས་བསྒོམ་པར་བྱའོ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པ་བཞིའི་རང་ བཞིན་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བ་ཡེ་ཤེས་བརྟན་པའི་དངོས་པོ་དེས་སོ། །ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ་རྣམ་པ་གཉིས་ཀྱི་རྟོག་པ་མ་ཡིན་པའི་དབང་པོ་གཉིས་ཏེ། དེའི་སྦྱོར་བས་དེ་བཞིན་ཉིད་བསྒོམ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ དགོངས་པ་ལས། ཆོས་དང་ལོངས་སྤྱོད་ཡང་དག་སྦྱོར། །དབང་པོ་གཉིས་ནི་རབ་སྦྱོར་བས། །སྦྱོར་བ་བཞི་ཡི་སྙོམས་འཇུག་གིས། །དེ་བཞིན་ཉིད་ནི་ཉེར་ལོངས་སྤྱོད། །ཅེས་སོ། །ཡང་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྦྱོར་བའི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ ཐམས་ཅད་ཀྱི་བཙུན་མོ་ཕྲོགས་ནས་རང་གི་རིག་མའི་ནང་དུ་ཆུད་པར་བྱས་ལ་རང་གི་ལྷའི་ང་རྒྱལ་གྱིས་མ་སྐྱེས་པའི་ཆོས་རྣམས་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་མངོན་སུམ་དུ་བྱས་ནས་གཉིས་སུ་མེད་པའི་སྦྱོར་བས་ཉེ་བར་ལོངས་སྤྱོད་དོ། །དེ་བཞིན་དུ་ ཕྱི་རོལ་གྱི་བུད་མེད་རྣམས་དང་། གཞན་གྱི་དོན་དང་བསྟན་པའི་དོན་དུ་བལྟས་ནས་ཉེ་བར་སྤྱོད་དོ། །འོན་ཀྱང་ཇི་ལྟ་བ་བཞིན་དུ་དགུག་པ་ལ་སོགས་པའི་ཆོ་ག་བྱས་ནས་སེམས་ཀྱིས་སྤྲོས་ཏེ། སྤྱན་ལ་སོགས་པ་ཕྱུང་ནས་དེས་སྔ་མ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་ལ་ ཡང་དག་པར་སྦྱར་ཏེ་ཕྱིས་དེ་རྣམས་ལས་ཕྲོགས་ནས་རང་སྣང་བའི་གཟུགས་སུ་གྱུར་པ་ལ་ཉེ་བར་ལོངས་སྤྱད་པར་བྱའོ། །ཐ་མི་དད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་འདི་རྡོ་རྗེའི་ཚུལ་ལོ། །སྐུ་གསུམ་ཐོབ་པར་བྱེད་པའི་ཕྱིར་མཆོག་གོ། །སྐུ་གསུམ་ཞེས་བྱ་བ་ལ་སྐུ་རྡོ་ རྗེ་ལ་སོགས་པའི་རྣལ་འབྱོར་པས་ཀྱང་དེའི་བྱ་བ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་གསུངས་པ། རྡོ་རྗེའི་ཚིག་གི་བརྫུན་སྨྲ་བ། །ཞེས་བྱ་བ་ལ་བརྫུན་ནི་ངག་ཀུན་རྫོབ་ཏུ་བསྟན་པའོ། །དེ་ཉིད་རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ ཤེས་སོ། །དེས་ཐོབ་པར་བྱ་བའི་ཐབས་ཉིད་ཀྱི་ཕྱིར་ཚིག་གོ། །དེ་རྣམས་ཀྱི་སླུ་བ་ནི། གང་ཞིག་ཆད་པར་ལྟ་བ་བསལ་ལ་ཀུན་རྫོབ་ཙམ་དུ་ཐམས་ཅད་ཡོད་དེ། འདིར་ཁྱད་པར་གྱི་ཚིག་སྨྲས་ནས་མངོན་དུ་བྱ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་དོན་དམ་པར་མ་བྱུང་བའི་ ཕྱིར། བརྫུན་ནི་འཁྲུལ་པའི་ཆོས་དངོས་པོ་ཐམས་ཅད་ཅེས་བྱ་བ་བརྫུན་གྱི་ཚིག་གོ། །དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་གསལ་བར་བྱེད་པ་ནི་རྡོ་རྗེའི་ཚིག་གིས་ཏེ། དེ་རྣམས་ཀྱི་སླུ་བ་ནི་བརྟག་པའི་ཆོས་ཐམས་ཅད་སྤངས་པའོ། །རྒྱལ་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་ སོགས་པ་ལ་ཉེ་བར་དམིགས་པའོ། །རྒྱལ་བ་ཞེས་ཀུན་གྱི་གནས་ཞེས་བྱ་བ་ནི། གཡོ་བ་དང་མི་གཡོ་བའི་རྡུལ་ཕྲ་རབ་ཀྱི་ནང་གི་དཀྱིལ་འཁོར་རྣམས་སོ། །ལ་ལ་དག་སྤྱན་ལ་སོགས་པའི་གཟུགས་སུ་འདོད་དོ། །ཐམས་ཅད་དུ་རོ་གཅིག་པ་ཉིད་དུ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ ཏོ། །ཡང་ན་རང་གི་དཀྱིལ་འཁོར་པ་རྣམས་བརྫུན་པའི་ཚིག་གིས་འདྲིད་པར་བྱེད་དོ། །འདིར་མན་ངག་ནི་ཇི་ལྟ་བ་བཞིན་དུ་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ་གནས་པས་དཀོན་མཆོག་གསུམ་ལ་སོགས་པ་ལ་ཕན་པ་མཐོང་ནས་རང་བཞིན་གྱིས་འོད་གསལ་བའི་ཆོས་ལ་ མོས་པས་གཞན་བསླུ་བར་བྱ་བའི་ཕྱིར་བརྫུན་གྱི་ཚིག་སྨྲ་བ་སྟེ། དེ་ཡང་ཐམས་ཅད་གསང་བའི་རྒྱུད་ལས། གཞན་དག་བདེ་བའི་དོན་ཕྱིར་དང་། །སློབ་དཔོན་བདེ་བའི་རྒྱུ་ཡི་ནི། །དཀོན་མཆོག་གསུམ་ལ་ཕན་པའི་ཕྱིར། །མཁས་པས་བརྫུན་ཡང་སྨྲ་བར་བྱ། །ཞེས་གསུངས་སོ། ། དེ་དེ་བཞིན་དུ་སྨྲ་བ་ནི། བརྫུན་མ་ཡིན་པར་སྨྲ་བ་སྟེ་གཞན་ལ་འཁུ་བ་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ་ཡང་། བདེན་པར་སྨྲས་ཀྱང་གནོད་འགྱུར་ན། །གང་ཞིག་སྨྲས་པས་བརྫུན་ཉིད་དེ། །བདེན་དང་མི་བདེན་གང་ཞིག་དོན། །གང་ཞིག་གཞན་དོན་བྱེད་པ་བདེན། །ཞེས་ གསུངས་སོ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ནི་འཇུག་པའི་རྒྱུ་མཚན་གྱིས་རིན་པོ་ཆེ་ཏོག་གི་དཀྱིལ་འཁོར་རོ། །ཀུན་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་པ་གསུངས་སོ། །རྩུབ་པའི་ངག་ལ་སོགས་པ་ཞེས་པ་ནི་རྩུབ་པ་ནི་ཐམས་ཅད་མི་དགའ་བ་སྟེ། གཟུང་བ་ ལ་སོགས་པའི་མངོན་པར་ཞེན་པ་མེད་པའི་ཚིག་གོ། །སོགས་པའི་སྒྲས་ཕྲ་མ་ལ་སོགས་པ་གཟུང་ངོ་། །ཕྲ་མ་ནི་སེམས་ཅན་རྣམས་ལམ་ངན་པ་ལས་འབྱེད་པའོ། །ཚིག་འཁྱལ་བ་ནི་རྣམ་པར་དག་པའི་ཡུལ་ལ་ལོངས་སྤྱོད་པ་ལ་བསྔགས་པའོ། །ཡང་ན་བསྟན་པ་ ལ་སོགས་པའི་དོན་དུ་མཐོང་ནས་ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ངེས་པར་བྱས་ནས། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་གནས་ནས་ཚིག་རྩུབ་མོ་སྨྲས་པའོ། །དཔེར་ན་སྐྱེས་པ་དང་བུད་ མེད་སྦྱོར་བ་ལ་ཤིན་ཏུ་རྗེས་སུ་ཆགས་པའི་ཕྱིར་ངག་རྩུབ་མོ་དང་ཕྲ་མ་དང་ཚིག་འཁྱལ་བ་ལ་སོགས་པ་སྨྲའོ། །དེ་བཞིན་དུ་ལྷ་རྣམས་ཉིད་ལྷུར་སྨྲ་བར་བསྒོམ་པར་བྱའོ་ཞེས་ལ་ལ་དག་འདོད་དོ། །དེ་ལྟར་མི་དགེ་བཅུའི་ལས་ཀྱི་ལམ་སྤྱད་ཀྱང་དེ་ཁོ་ན་ཉིད་རིག་ པས། ངན་སོང་དུ་ལྷུང་བ་མེད་དེ་རྒྱུད་ཡོངས་སུ་དག་པའི་ཕྱིར་རོ། །དེ་ཡང་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས། སེམས་ཉོན་མོངས་པར་གྱུར་པ་ལས་སེམས་ཅན་རྣམས་ཉོན་མོངས་པའོ། །སེམས་རྣམ་པར་དག་པ་ལས་རྣམ་པར་དག་ཅེས་གསུངས་སོ། ། སྔར་ནམ་མཁའ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱིས་ཐེ་ཚོམ་ཐམས་ཅད་སྤངས་ཀྱང་མ་འོངས་པའི་སྤྲོས་པ་གོ་བའི་གདུལ་བྱའི་འགྲོ་བ་རྗེས་སུ་གཟུང་བའི་དོན་དུ་ཆོས་ཀྱི་དེ་ཉིད་མ་རིག་པ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ ལ་ཞུས་པ་འདི་ཅིའི་སླད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དེ་རྣམས་ཀྱི་བསམ་པ་མཁྱེན་ནས་མི་ཤེས་པ་བཞིན་དུ་འགེགས་ཏེ། དེ་དག་ཅེས་བྱ་བ་ལ་སོགས་པས་དེ་རིགས་པས་འགལ་བ་མེད་པ་ཉིད་དུ་རྟོགས་པར་བྱེད་དོ། ། དེ་བཞིན་གཤེགས་པའི་སྤྱོད་པས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་འབྲས་བུ་གཙོ་བོར་འདོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་གསུངས་པ་ནམ་མཁའི་དཔེས་སོ། །དཔེར་ན་ནམ་མཁའ་རང་བཞིན་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཅེས་བྱའོ། །དེ་ཡང་དཔལ་སངས་རྒྱས་ ཐམས་ཅད་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་གསུངས་སོ། །དེ་ཉིད་དོན་དམ་པར་ན་འདོད་པའི་ཁམས་ལ་སོགས་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་དེའི་རང་བཞིན་མ་ཡིན་པའི་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་ བ་ནི་ནམ་མཁའ་བཞིན་ནོ། །གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པའི་དངོས་པོ་ཡིན་པ་དེའི་ཕྱིར་འདི་སྟོན་པ་ནི། ཁྱེད་རྣམས་ཀྱིས་སྨན་པའི་འདུ་ཤེས་ལ་སོགས་པ་མི་བྱའོ་ཞེས་བསླབ་བོ། །གང་དེ་བཞིན་དུ་ཡིན་ན་སྐྱེ་བ་དང་འགག་པར་ཇི་ལྟར་འགྱུར་ཞེ་ན་གསུངས་པ། འདི་ལྟ་ སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་གསུངས་པ་ཡིན་ཏེ། ཀུན་རྫོབ་ཏུ་སྐྱེ་བ་དང་འགག་པ་སྟེ། དོན་དམ་པར་ནི་གང་ཡང་སྐྱེ་བ་དང་འགག་པ་མེད་དོ། །དེ་བཞིན་དུ་ཡང་གསུངས་པ། དེ་དེ་རྙེད་ནས་གང་སྐྱེ་བ། །དེ་ནི་རང་བཞིན་གྱིས་མ་སྐྱེས། །གང་ཞིག་རང་བཞིན་གྱིས་ མ་སྐྱེས། །དེ་ནི་སྐྱེ་བར་ཇི་ལྟར་འགྱུར། །ཞེས་སོ། །ད་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་རྟོགས་པ་རྙེད་ནས་ཆེད་དུ་བརྗོད་པས་རང་གི་རྟོགས་པ་འབུལ་བར་བྱེད་པའོ། །རྨད་བྱུང་ཆེན་པོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཉེས་པ་མེད་པ་ཉིད་ཀྱི་ ཕྱིར་རོ། །ནམ་མཁའ་དང་ནི་མཚུངས་པ་དང་། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྣ་ཚོགས་སུ་རྟོགས་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནི། རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དག་པ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །ཀུན་ རྫོབ་ཙམ་དུ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་ཐམས་ཅད་བརྟག་པ་རྣམས་པར་དག་པའི་དོན་དུ་བསྒོམ་པ་ལ་སོགས་པ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དོན་ཡང་ཡིན་ལ་དམ་པ་ཡིན་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་རྣམ་པར་དག་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ་ ཇི་ལྟ་བ་བཞིན་དུ་དམ་ཚིག་བཞིའི་མན་ངག་གོ། །དེ་ཉིད་དམ་ཚིག་སྟེ། དེའི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་དགུ་པའི་བཤད་པའོ།། །།ཇི་ལྟར་བཤད་པའི་དམ་ ཚིག་ལ་གནས་པ་ཇི་ལྟ་བ་བཞིན་རིག་པའི་བརྟུལ་ཞུགས་སྤྱད་པའི་རྣལ་འབྱོར་པས་གང་གི་ཚེ་སྒྲུབ་པ་དྲུག་གིས་ཀྱང་མ་གྲུབ་པ་དེའི་ཚེ་ཉི་མ་བདུན་དུ་དེ་བཞིན་གཤེགས་པའི་ཐུགས་བསྐུལ་བར་བྱའོ་ཞེས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་ བའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་དཔལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ། ཐམས་ཅད་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ་རིགས་ལྔ་ཡེ་ཤེས་གཅིག་གི་ངོ་བོ་ཉིད་ཀྱི་ ཕྱིར་རོ། །དེ་ཉིད་སྐུ་ལ་སོགས་པའི་གསང་བ་སྟེ་གང་དེ་ལ་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི། རིགས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར། ཧཱུཾ་ལ་སོགས་པའི་ཡི་གེ་ལྔ་རྣམས་སོ། །སྔགས་སྙིང་ཀུན་བསྡུས་པ་ཞེས་བྱ་བ་ནི་དེས་ན་ཐམས་ཅད་ཀྱི་རིགས་དང་། རིགས་ཅན་གྱི་ལྷ་རྣམས་བསྡུས་པར་གྱུར་ པ་ཉིད་ཀྱི་ཕྱིར་རོ། །སྐུ་དང་གསུང་ཐུགས་གསང་བར་གྲགས། །ཞེས་བྱ་བ་ནི་རེ་རེ་ཞིང་གསུམ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དངོས་གྲུབ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པའི་རྒྱུའོ། །ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ལས་རྣམ་ པར་རྒྱལ་བ་ནུས་པ་ཡོད་པའི་ཕྱིར། ཉོན་མོངས་ཀུན་གྱི་རྒྱ་མཚོ་གཙོ། །ཞེས་བྱའོ། །ཡང་ན་འདོད་ཆགས་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་གྱིས་ཉོན་མོངས་པ་རྣམས་ནི་སྣང་བ་མཐའ་ཡས་ལ་སོགས་པ་རྣམས་སོ། །དེ་ཉིད་གཏིང་དཔག་དཀའ་བས་ཟབ་པའི་ཕྱིར་རྒྱ་ མཚོའོ། །དེ་རྣམས་ཀྱིས་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་གཙོ་བོའོ། །ཉོན་མོངས་པའི་བུད་ཤིང་སྲེག་པར་བྱེད་པ་ཉིད་ཀྱི་ཕྱིར་འབར་བའོ། །གདུག་པ་རྣམས་ལ་འཇིགས་སུ་རུང་བའི་གཟུགས་ཉིད་ཀྱི་ཕྱིར་དྲག་པོའོ། །ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་གསུངས་པ། ལུས་ཞེས་བྱ་བ་ལ་ སོགས་པ་ལ། གང་ནའང་མི་གནས་མཉམ་པ་ཉིད། །ཅེས་བྱ་བ་ནི་གཉིས་སུ་མེད་པ་ཉིད་ཀྱི་ཕྱིར་མི་མཉམ་པས་སྟོང་པའོ། །འདི་སྐད་གསུངས་པ་ཡིན་ཏེ། སྐུ་ལ་སོགས་པའི་རྡོ་རྗེ་རྣམས་སོ་སོར་སྐུ་ལ་སོགས་པར་བསྒོམས་པས་རང་བཞིན་མེད་པའི་ངོ་བོ་ཉིད་དུ་བྱའོ། །ཕ་ རོལ་ཏུ་ཕྱིན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེའི་ཚུལ་ནི་གང་གིས་དེ་རྙེད་པའོ། །དེས་སངས་རྒྱས་ཉིད་ཀྱི་འབྲས་བུ་རྙེད་པར་བྱེད་པའི་ས་བོན་ལྔའོ། །དེ་ཉིད་རྡོ་རྗེ་སྟེ། གང་དུ་ཏིང་ངེ་འཛིན་མངོན་དུ་བྱས་པ་དང་ལྡན་པའོ། །རིག་པ་དུ་མ་ཞེས་བྱ་བ་ལ་སོགས་པས་ ཞི་བ་ལ་སོགས་པའི་ལས་ཀྱི་དབྱེ་བས་སྤྱན་ལ་སོགས་པ་དུ་མ་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པར་སྟོན་ཏོ། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །ཞེས་བྱ་བ་ནི་སེམས་ཅན་སྨིན་པར་བྱ་བའི་དོན་དུ་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་སོ། །ཡང་ན་སྦྱིན་པ་ལ་སོགས་ པ། ཕ་རོལ་ཏུ་ཕྱིན་པ་ལྔ་རྣམས་ཀྱིས་སོ། །དེ་ཡང་གསུངས་པ། བུ་སྡུག་གང་དེ་འདོད་ཡོན་རྣམས། །སྦྱིན་སོགས་ལྔ་ནི་སྦས་པ་སྟེ། །འགྲོ་བའི་དོན་བྱེད་འདི་རྣམས་ཀྱིས། །འདོད་ཡོན་ལྔ་ཡིས་བྱས་པའོ། །རྫོགས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་སྤྱན་ རས་ཀྱིས་མི་འཚོ་བའི་རྒྱུ་གསུངས་པ། ཡོངས་སུ་རྫོགས་པ་ནི་གྲུབ་པའོ། །ལྡན་པ་ཞེས་བྱ་བ་ནི་ངེས་པར་བཟུང་བའོ། །འདི་དག་ནི་ཞེས་བྱ་བ་ནི་སྒྲུབ་པ་པོ་སྟེ་མངོན་པར་བརྩོན་པའོ། །རྒྱུ་འདིས་ནི་བཏང་སྙོམས་སྤྱོད་པ་སྟེ། སྤྱོད་མོད་ཅེ་ན་ལྷའི་བྱིན་གྱི་རླབས་ཀྱིས་ སྟོང་པ་སྒྲུབ་པ་པོས་མི་གྲུབ་བོ། །དེའི་ཕྱིར་སྐྱེས་བུ་དམ་པའི་རྣལ་འབྱོར་པ་དེ་རྣམས་སྤྱན་རས་ཀྱིས་བཙའ་བའི་དོན་དུ་སྔགས་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཡང་དག་པར་སད་པར་བྱེད་པ་སྟེ། སད་པར་བྱེད་པ་བསྐུལ་བར་ བཤད། །ཅེས་བྱ་བའི་ཚིག་ལས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྐུ་རྡོ་རྗེའོ། །དེའི་སྐུ་དང་གསུང་དང་ཐུགས་དེ་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལས་རྫོགས་པའི་ཕྱིར་དམ་ཚིག་ལ་དམིགས་པའོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་ཐུགས་རྡོ་ རྗེའོ། །ཆོས་འཛིན་པ་ཐམས་ཅད་ཅེས་བྱ་བ་ནི་གསུང་རྡོ་རྗེའོ། །སྐུ་ལ་སོགས་པ་ནི་སྔར་གྱི་བཞིན་དུ་སྦྱོར་རོ། །ཡང་ན་ཇི་ལྟར་རང་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པ་རྫོགས་པའོ། །དེའི་ཕྱིར་གོ་རིམས་བཞིན་དུ་ནུ་མའི་བར་ལ་སོགས་པའི་བྱིན་ གྱིས་རློབ་པར་བྱེད་པ་འདི་སྟོན་པར་འགྱུར་རོ། །ངག་གི་ལམ་ངེས་པར་བརྗོད་པ་ཞེས་བྱ་བ་ནི། ངག་ཉིད་སྔགས་ཀྱི་བདག་ཉིད་དེ་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་ལམ་མོ། །ཡང་ན་ངག་གིས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་ངག་གི་ལམ་སྟེ། འདི་ཡོད་པའི་ཕྱིར་ ངག་གི་ལམ་ནི་སྔགས་སོ། །ངག་གི་ཚིག་ཅེས་བྱ་བའི་ཚིག་ལ་ནི་ངག་གི་རང་བཞིན་གྱི་ཚོགས་ཞེས་པའི་དོན་ཏོ། །དེའི་ངེས་ཚིག་ནི་ངེས་པར་བརྗོད་པ་སྟེ། ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་དོན་སྟོན་པ་ལས་དོན་གྱིས་རྗེས་སུ་འགྲོ་ བའི་ངག་ཅེས་བྱ་བ་ལ་སོགས་པའི་ཐ་ཚིག་གོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་དང་བཅས་པའི་ནུས་པ་བསྟན་ཏོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་བསྟན་པར་གྱུར་ཏེ། ངེས་པར་འདི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བའོ་ཞེས་བྱ་བ་ནས་སོ། །བསྐུལ་བ་ལ་ ཡང་རང་གི་སྔགས་ལས་རྫོགས་པའི་རང་གི་ལྷའི་ང་རྒྱལ་གྱིས་བྱ་སྟེ། དེའི་ཕྱིར་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལས། དེའི་དབུས་སུ་ཡི་གེ་ཧཱུཾ་ཞེས་བྱ་བ་ལ། དཀྱིལ་འཁོར་དེ་ཉིད་ལ་ཡི་གེ་ཧཱུཾ་རྡོ་རྗེ་འཛིན་པའི་རྣལ་འབྱོར་པས་ཇི་ལྟ་བ་བཞིན་དུ་ཟླ་བའི་དབུས་སུ་གནས་པར་ བསམ་མོ་ཞེས་བྱ་བ་དང་འབྲེལ་ཏོ། །རང་གི་གཟུགས་ནི་རབ་ཏུ་བརྟག །ཅེས་པ་ནི་ཇི་ལྟ་བ་བཞིན་དུ་རྒྱུའི་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་ལས་དེ་ཉིད་དེའི་བདག་ཉིད་ཀྱི་གཟུགས་ཕན་ཚུན་དུ་རྒྱུ་དང་འབྲས་བུར་གྱུར་པའི་ཕྱིར་རོ། །རྡོ་རྗེ་འོད་ཟེར་འབར་བ་ཆེ། །ཞེས་བྱ་བ་ནི་རྡོ་རྗེ་ཕྱག་མཚན་ འོད་དང་བཅས་པའོ། །འོད་ཟེར་འཕྲོ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཁྱབ་པ་དང་ལྡན་པ་སྟེ། འདི་ནི་ས་བོན་གྱི་ཁྱད་པར་རོ། །སངས་རྒྱས་ཀྱི་ཞེས་བྱ་བ་ནི། ཡེ་ཤེས་ཙམ་དམིགས་པའི་འོ། །དྲངས་པར་ཞེས་བྱ་བ་ནི་དེའི་འོད་ཟེར་གྱི་སྣང་བས་བསྐུལ་ནས་བསྡུས་ཏེ་རང་གི་ཡེ་ཤེས་ ལ་བཅུག་ནས་ཇི་ལྟ་བ་བཞིན་དུ་རང་གི་ལྷའི་གཟུགས་སུ་བདག་ཉིད་རྫོགས་པར་བྱ་བའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རང་གི་ས་བོན་ལས་གྱུར་པ་ལྷ་ཐམས་ཅད་བསྒོམ་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །འདིར་རྒྱུའི་རྡོ་རྗེ་འཛིན་པའི་ས་བོན་དང་ཕྱག་མཚན་ནི་འདིས་ སྟོན་པ་མ་ཡིན་ཏེ། དེ་ནི་རྒྱས་པར་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །རང་གི་དཀྱིལ་འཁོར་རང་སྔགས་ཀྱིས། །སྐྱེད་པར་བྱེད་པའི་ཚུལ་དུ་འགྱུར། །ཞེས་བྱ་བ་ནི་རང་སྣང་བའི་རིག་མའི་པདྨའི་ནང་དུ་རང་གི་བདག་པོའི་ས་བོན་གཅིག་ཉིད་ཀྱིས་གདོན་པའི་དཀྱིལ་འཁོར་སྤྲུལ་པར་ བྱའོ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་སྤྲུལ་པ་བཤད་པའི་དོན་དུ་གསུངས་པ་རང་སྔགས་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ལ། རང་སྔགས་སྐྱེས་བུ་ཞེས་བྱ་བས་ནི་རང་གི་ལྷག་པའི་ལྷ་སྟོན་པའོ། །གནས་བཞི་རྣམས་སུ་ཞེས་བྱ་བ་ནི་སངས་རྒྱས་བཞི་ཕྱོགས་བཞིར་རོ། ། གཟུགས་ཀྱི་ཚུལ་ཞེས་བྱ་བ་ནི་ཇི་ལྟར་སྟོན་པའི་གཟུགས་ཀྱིས་སོ། །དེ་ཉིད་གསུངས་པ། ཞལ་གསུམ་ཚུལ་དུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཁ་དོག་གསུམ་དུ་བསྒོམ་པར་བྱའོ། །སྙིང་གའི་དབུས་སུ་སོང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཉིད་ཀྱི་ ཕྱིར་རྡོ་རྗེ་འཛིན་པའོ། །ཉེ་བར་གདགས་པས་དེའི་ཆོས་འབྱུང་བའི་གཟུགས་སུ་ངེས་པར་བསྟན་ཏེ། དེའི་ནང་དུ་ཞེས་བྱ་བའི་དོན་ཏོ། །ཕྲ་མོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །ཡི་གེ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡི་གེ་ རྣམས་ཏེ། རྡོ་རྗེ་གསུམ་ནི་ཡི་གེ་གསུམ། །ཞེས་བྱ་བའི་ཚིག་ལས་སོ། །མཆོག་ཏུ་གྱུར་པའི་ཚིག་ཅེས་བྱ་བ་ནི་ས་བོན་གྱི་ཡི་གེ་ཧཱུཾ་ལ་སོགས་པ་སྟེ། འབྱིན་པའི་སྔགས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཆེན་པོ་རྩེ་ལྔ་པ། །ཞེས་པ་ནི་ཡི་གེ་ཧཱུཾ་ལས་བྱུང་བའོ། །སྦྱོར་བ་ ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་པའོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་སོ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་བྱ་བ་ལ་འདི་སྐད་གསུངས་པ་ཡིན་ཏེ། སྐུ་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཀྱི་རྡོ་རྗེ་ལས་ཇི་ལྟ་བ་བཞིན་ དུ་རྡོ་རྗེ་ཀྱོ་བ་བསམ་མོ། །སྙིང་གར་བཏབ་བྱས་ཏེ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་གདབ་པའོ། །ལྷ་རྣམས་རབ་ཏུ་བསྐུལ་བར་བྱ། །ཞེས་བྱ་བ་ནི་དངོས་གྲུབ་མངོན་དུ་སྦྱིན་པར་བྱེད་པའི་དོན་དུའོ། །དེ་བཞིན་དུ་རིགས་ཀྱི་བྱེ་བྲག་གིས་བསྐུལ་བྱའི་བྱ་བ་གསུངས་པ། འཁོར་ལོའི་ཞེས་བྱ་བ་ལ་ སོགས་པ་ལ་སྙིང་ག་རུ་ནི་བསྐུལ་བར་བཤད། །ཅེས་བྱ་བ་ནི་བདག་པོ་ཡིའོ། །ཞག་བདུན་བར་དུ་བྱས་ནས་ནི། །ཞེས་བྱ་བ་ནི་འདིས་དྲག་ཤུལ་གྱི་སྒྲུབ་པའི་དུས་ངེས་པར་བྱས་པའོ། །འདིས་གཙོར་བརྡེག་པ་ཉིད་བསྟན་ཏོ། །དེའི་ཡང་བླ་མའི་མན་ངག་ལས་རྒྱས་པར་ཤེས་པར་ བྱའོ། །ཡང་ན་རང་གི་བཀའི་དཀྱིལ་འཁོར་ལ་གནས་པའི་རྣལ་འབྱོར་པས་སྙིང་གར་དེ་བཞིན་དུ་ཉི་མ་ལ་གནས་པའི་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱས་ནས་དེའི་སྙིང་གར་ཡི་གེ་ཧཱུཾ་ངོ་། །དེ་ཉིད་ཡི་གེ་མཆོག་ཏུ་གྱུར་པའི་ཚིག་གོ། །རྡོ་རྗེ་ཞེས་བྱ་བ་ནི་དེ་ཡོངས་སུ་གྱུར་ པ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་བསྒོམ་པར་བྱའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི། ཡི་གེ་ཨོཾ་གྱི་འཁོར་ལོ་སྟེ་སྐུ་རྡོ་རྗེའོ། །ཨའི་ཡི་གེའི་པདྨ་སྟེ་གསུང་རྡོ་རྗེ་ཡིའོ། །ཡི་གེ་ཧཱུཾ་ནི་ཐུགས་རྡོ་རྗེའོ། །རྡོ་རྗེ་ཀྱོ་བའི་ཁྱད་པར་གྱིས། །ཞེས་བྱ་བ་ནི་དེའི་རྡོ་རྗེ་ལ་སོགས་པ་ལག་པས་ལྕགས་ ཀྱུ་འཛིན་པའི་ལྷའི་གཟུགས་སུ་བསམ་པར་བྱའོ། །དེའི་སྙིང་གར་བཏབ་བྱས་ཏེ། །ཞེས་བྱ་བ་ནི་དེའི་སྔགས་ཀྱིས་བསྐུལ་བས་རང་གི་སྙིང་ག་ནས་བྱུང་སྟེ། དེ་ཡང་བཀའ་ནོད་པར་བསམས་ནས་རྡོ་རྗེ་ཀྱོ་བས་སོང་ཤིག་ཐུགས་རྡོ་རྗེའི་ཐུགས་ཀར་ཐོབ་ཅིག་ཅེས་པའོ། །ཡང་། ལྷ་ རྣམས་རབ་ཏུ་བསྐུལ་བར་བྱ། །ཞེས་པ་ནི་འདི་སྐད་གསུངས་པ་ཡིན་ཏེ། སྔར་བསྙེན་པ་བྱས་ནས་རིག་པའི་བརྟུལ་ཞུགས་སྤྱད་པ་དང་། ཚོགས་ཡོངས་སུ་རྫོགས་པ་སྒྲུབ་པ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་བཀའི་འཁོར་ལོ་ལ་གནས་ནས་ཁྲོ་བོ་རྣམས་ཕྱུང་སྟེ་འདི་སྐད་སྨྲ་བར་ བྱ་སྟེ། གཤེགས་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་སྨྲོས་ཤིག་ཆེ་གེ་མོ་རྡོ་རྗེ་ཅན། ཆེ་གེ་མོའི་ཡུལ་ཕྱོགས་སུ་བཟླས་པ་ཡོངས་སུ་རྫོགས་པས་སྒྲུབ་པའི་དཀྱིལ་འཁོར་འདྲི་ཡིས་དེ་རུ་སོང་ལ་མཆོད་པ་ ལ་སོགས་པ་བླང་བར་བྱ་བ་དང་དངོས་གྲུབ་ལ་སོགས་པ་སྦྱིན་པར་གྱིས་ཤིག་ཅེས་སོ། །དེ་ནས་ཁྲོ་བོ་དེ་རྣམས་ཕྱོགས་བཅུར་སོང་བས་བཀའ་སྩལ་པ་མཐར་ཕྱིན་པར་བྱས་ནས། སླར་འོངས་ཏེ་དེ་རྣམས་ཀྱིས་གནང་བར་སྨྲ་བར་བལྟའོ། །དེ་ནས་ཡོངས་སུ་མཆོད་དེ་དཔྲལ་ བ་ལྟེ་བ་ཁ་དང་བརླ་གཉིས་དང་རྐང་པ་གསང་བ་སྙིང་ག་ལ་གཞུག་སྟེ། ལུས་ཐམས་ཅད་མེ་འབར་བ་དང་འདྲ་བ་སྟེ། བློ་དང་ལྡན་པས་ཁྲོ་བོའི་ཚོགས་དང་ཐ་མི་དད། དེ་ནས་ཇི་ལྟ་བ་བཞིན་དུ་གསང་བའི་མཆོད་པ་བྱེད་པ་ན་ལྷ་མོའི་ཚོགས་བྱུང་སྟེ། དཀྱིལ་འཁོར་ལ་གནས་པ་ རྣམས་ལ་དབུལ་བར་བྱའོ། །དེ་རྣམས་དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པས་གནས་པར་རྣམ་པར་བསམས་ཏེ། བསྟོད་པ་དང་། མཆོད་པ་བྱས་ནས། རང་གིས་ཀྱང་སྙན་གསན་གསོལ་བར་བྱའོ། །སང་བདག་གིས་བསྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེ་ལ་ཁྱེད་རྣམས་ཀྱིས་འོངས་ནས་མཆོད་པ་བཞེས་ཏེ་དངོས་གྲུབ་སྩོལ་ཅིག །གཞན་དུ་ཁྱེད་བརྫུན་ཟེར་བའོ། །འདི་ལྟ་བུ་སྙན་གསན་གསོལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་དུ་འདེགས་པར་བྱའོ། །ཇི་ལྟར་སྟོན་པའི་དཀྱིལ་འཁོར་རང་གི་ལུས་ལ་བཅུག་པའི་དཀྱིལ་འཁོར་གྱི་དེ་ ཉིད་ལ་མཉམ་པར་གཞག་པའི་སེམས་ཀྱིས་ཉལ་ལོ། །དེ་བཞིན་དུ་ཡང་ལྷག་པར་གནས་པའི་ཆོ་ག་སྔོན་དུ་སོང་བའི་དཀྱིལ་འཁོར་བྲིས་ནས་དངོས་གྲུབ་བསྒྲུབ་པར་བྱའོ། །མ་གྲུབ་ན་ཡང་བླ་མའི་ཚིག་གིས་གསལ་བར་བྱས་ནས། དྲག་ཤུལ་སྒྲུབ་པའི་ཆོ་གས་ཉི་མ་བདུན་ གྱི་བར་དུ་དེ་བཞིན་གཤེགས་པའི་ཐུགས་བསྐུལ་བར་བྱའོ། །འདི་རྣམས་ཀྱི་དོན་དུ་གསུངས་པ། སྐུ་རྡོ་རྗེ་ལ་སོགས་པ་དང་ཡེ་ཤེས་སེམས་དཔའི་རང་གི་ངོ་བོ་ངེས་པར་བསྟན་ཏོ་ཞེས་བྱ་བ་རྟོགས་པར་བྱ་སྟེ། དེ་ལ་རང་སྔགས་སྐྱེས་བུ་ཞེས་བྱ་བ་ནི་རང་གི་ས་བོན་ཡོངས་སུ་གྱུར་ པ་ལས་ཐུགས་རྡོ་རྗེ་ལ་སོགས་པ་རྣམས་སོ། །གནས་བཞི་རྣམས་སུ་གཟུགས་ཀྱི་ཚུལ་དུ་ཞེས་བྱ་བ་ནི་སྙིང་ག་ལ་སོགས་པའི་གནས་རྣམས་སུའོ། །གཟུགས་ཀྱི་ཚུལ་ཞེས་བྱ་བ་ནི་རང་གི་རྣམ་པས་སོ། །འདི་ཉིད་ཞལ་གསུམ་པ་ལ་སོགས་པས་ངེས་པར་བསྟན་ཏོ། ། སྙིང་གའི་དབུས་སུ་སོན་པ་ཞེས་བྱ་བ་ནི། མན་ངག་ལས་ཕྱག་མཚན་གྱི་དབུས་སུ་སོན་པའི་ཕྲ་མོའོ། །དཀྱིལ་འཁོར་རྣམས་ནི་བསམ་པར་བྱ། །ཞེས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པ་བསྐྱེད་པའོ། །འདི་ཉིད་ཀྱི་རྒྱས་པར་བསྟན་པ་གསུངས་པ། དེའི་ཞེས་བྱ་བ་ནི་ཕྱག་ མཚན་གྱིའོ། །རྩེ་མོ་ལྔ་པ་ཞེས་བྱ་བ་ནི་རྡོ་རྗེའི་ནང་དུ་སོང་བ་གཞན་རྡོ་རྗེ་རྩེ་ལྔ་པ་ཕྲ་མོའོ། །འདི་ཡང་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་ཕྲ་མོའི་པདྨ་ལ་སོགས་པ་ཡང་བསྒོམ་པར་ཤེས་པར་བྱའོ། །སྦྱོར་བས་ཞེས་པ་ནི་དེ་ཡང་སྐུ་རྡོ་རྗེ་ལ་སོགས་པ་ཐབས་དང་ཤེས་རབ་ཀྱི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་པའི་ལྷའི་གཟུགས་སུ་གྱུར་པ་བསྒོམ་པར་བྱའོ། །དེ་ལྟར་བསྐྱེད་པའི་ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པའི་དོན་དུ་ནམ་མཁའ་ལ་གནས་པ་རྣམས་ཇི་ལྟ་བ་བཞིན་དུ་ཐུགས་རྡོ་རྗེ་ལ་སོགས་པར་བསྒོམ་པར་བྱའོ། །ལྷ་རྣམས་ རབ་ཏུ་བསྐུལ་བར་བྱ། །ཞེས་བྱ་བ་ནི་ཇི་ལྟར་རང་གིས་བསྐུལ་བའི