Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་འདི་ལ་དཀྱིལ་འཁོར་བྲི་བ་ལ། དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ངེས་པར་བྲི་བ་ལའང་སློབ་མ་བརྟག་པའི་རྡོ་རྗེ་ལ་སོགས་པའི་གཟུགས་རྡོ་རྗེ་སློབ་དཔོན་དཔལ་ལྡན་བདག་པོའི་རྣལ་འབྱོར་པ་ལ་རྟག་པ་ཉིད་དུ་གསོལ་བ་གདབ་པར་བྱ་ཞེས་སོ། །བསམ་གཏན་གྱི་
དཀྱིལ་འཁོར་སྤྲུལ་པའི་དུས་སུ་ཡང་དེ་ལྟར་དེ་བཞིན་གཤེགས་པ་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་འདེབས་པ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་
ནི། གསོལ་བ་བཏབ་པའི་རྗེས་ལའོ། །སྟོན་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བསྟན་པ་སྟོན་པས་སོ། །ས་འོག་ས་སྟེང་ས་བླའི་རང་གི་རང་བཞིན་ཡིན་པའི་ཕྱིར། འཇིག་རྟེན་གསུམ་མོ། །འདོད་པ་དང་། གཟུགས་དང་གཟུགས་མེད་པའི་རང་བཞིན་

ཡིན་པའི་ཕྱིར་ཁམས་གསུམ་པ་སྟེ། འཇིག་རྟེན་པ་དང་རང་གི་ལུང་ལས་གྲགས་པས་དེ་དག་གི་ཁྱད་པར་གཉིས་སོ། །འཇིག་རྟེན་གསུམ་མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེ་མཆོག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་
བཞིན་ཡིན་པའི་ཕྱིར། འཇིག་རྟེན་གསུམ་མཆོག་རྡོ་རྗེ་མཆོག་གོ། །འཇིག་རྟེན་གསུམ་མཆོག་ནི། ཚངས་པ་ལ་སོགས་པའི་གསུམ་ལ་སྟེ། ཁྲོ་བོ་ལ་སོགས་པའི་སྤྲུལ་པས་སྟོན་ཅིང་ཕན་པ་ལས་སྦྱར་བས་ན། འཇིག་རྟེན་གསུམ་མཆོག་སྟོན་པ་པོས་སོ། །ཉམས་དགའ་བས་ཞེས་
བྱ་བ་ནི་མཐོང་བ་ཙམ་གྱིས་ཀྱང་ཕན་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཐུགས་སོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་ཀྱི་རྟེན་ཉིད་ཀྱི་སྙིང་པོ་ལེན་པས་དཀྱིལ་
འཁོར་རོ། །དཀྱིལ་འཁོར་རབ་འདྲ་བ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་མཐུན་པའི་ཕྱིར་རོ། །དེ་ཡང་གསུངས་པ། བྱང་ཆུབ་སེམས་ཀྱང་དཀྱིལ་འཁོར་ཡིན། །ཞེས་སོ། །ཐུགས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་
པ་ལ། ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་རྡུལ་མཚོན་གྱི་དཀྱིལ་འཁོར་གསུམ་པོ་འདི་ཡང་། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་མཚུངས་ཏེ། དེའི་ཡོན་ཏན་དང་། རྣམ་པར་སྨིན་པ་དང་། དབྱིབས་ལ་སོགས་པ་མཚུངས་པའི་ཕྱིར་རོ། །དེ་ཡང་གསུངས་པ། སངས་རྒྱས་
ཐམས་ཅད་ལས། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག་པ་ཅི་འདྲ་བ། །ཕྱིས་བྲིས་པ་ཡང་དེ་བཞིན་ནོ། །ཞེས་སོ། །དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་ག་ཉེ་བར་བསྟན་པའི་ཕྱིར་གསུངས་པ། སར་པ་ཞེས་
བྱ་བ་ལ་སོགས་པ་ལ། སར་པ་ནི་གཞན་དུ་ཡོངས་སུ་ལོངས་མ་སྤྱད་པའོ། །ལེགས་པར་བཀལ་བ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་ཐིག་སྐུད་དུ་བྱ་བའི་ཕྱིར་ལེགས་པར་བསྒྲིལ་བའོ། །དཀྱིལ་འཁོར་ཉིས་འགྱུར་གྱིས་རིང་བ་དང་སྒོའི་ཉི་ཤུ་ཆའི་སྦོམ་ནི་ཚད་མའོ། །རབ་ཏུ་མཛེས་

པ་ནི་མདུད་པ་མེད་པ་དང་། ལྷོད་པ་མ་ཡིན་པའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཆོ་ག་ཤེས་པ་དང་རི་མོའི་ལས་ལ་མཁས་པའོ། །ལུས་དང་སེམས་ནི་བསྒོམས་པ་ཡིས། །ཞེས་བྱ་བ་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་དུ་སྐུ་རྡོ་རྗེ་ལ་
སོགས་པ་བསྒོམ་པ་སྔོན་དུ་སོང་བས་བྲི་བར་བྱ་ཞེས་པའི་དོན་ཏོ། །གང་གསུངས་པ་བཅོ་བརྒྱད་པ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་པ། །རི་མོའི་དཀྱིལ་འཁོར་བརྟག་པར་བྱ། །ཞེས་སོ། །
ཁྲུ་བཅུ་གཉིས་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་ཕྱོགས་སོ་སོ་ཞིང་ཁྲུ་བཅུ་གཉིས་སོ། །དེ་ཡང་གསུངས་པ་དགོངས་པ་ལས། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །རྟེན་འབྲེལ་ཡན་ལག་བཅུ་
གཉིས་སོ། །ཞེས་སོ། །ངོས་རེ་རེ་ལ་ཁྲུ་གསུམ་གསུམ་ཡིན་ནོ། །ཞེས་ཁ་ཅིག་ཟེར་རོ། །གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ཕྱིའི་དཀྱིལ་འཁོར་གྱི་རྣམ་པ་གསུངས་སོ། །སྒོ་བཞི་ཞེས་བྱ་བ་ནི། འཁོར་ལོའི་བརྒྱད་ཆ་གཅིག་གི་སྒོ་བཞི་དང་ལྡན་པའོ། །དེའི་དབུས་སུ་འཁོར་
ལོ་ཞེས་བྱ་བ་ནི་དེའི་ཕྱེད་པའི་དཀྱིལ་འཁོར་གཞན་དེའི་དབུས་སུ་བྲི་བར་བྱ་སྟེ། འཁོར་ལོའི་དཀྱིལ་འཁོར་ཞེས་ནི་བརྗོད། །ཅེས་བྱ་བའི་ཚིག་ལས་སོ། །རབ་ཏུ་ཟླུམ་ཞེས་བྱ་བ་ནི། ཟླུམ་པའོ། །ཡོངས་སུ་ཞེས་བྱ་བ་ནི་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པའི་གནས་ཀྱིས་
འདི་ཡོངས་སུ་བསྐོར་བ་ཡིན་ཞེ་ན་ཁ་ཅིག་འཆད་དེ། དེའི་གཞུང་གི་ཁྱད་པར་གྱི་མཚན་ཉིད་མ་གསུངས་པས་འདི་ཡང་གྲུ་བཞི་པ་ལ་སོགས་པ་རིགས་ཤིང་དེ་ནང་གི་ཡོངས་སུ་བསྐོར་བའི་ཕྱིར་རྟ་བབས་མེད་པར་འགྱུར་བའོ། །དེ་ནས་ཕྱག་རྒྱ་དགོད་པར་བྱ། །ཞེས་པ་ནི་དེ་ནས་
ནུས་པ་ཇི་ལྟ་བ་བཞིན་དུ་བྲིས་པའི་དཀྱིལ་འཁོར་རྫོགས་པ་ལ་གནས་ཇི་ལྟ་བ་བཞིན་དུ་ཉི་མ་དང་ཟླ་བའི་གདན་བྲིས་ལ་ཅི་རིགས་པར་མི་བསྐྱོད་པ་ལ་སོགས་པའི་མཚན་མ་བྲི་བར་བྱའོ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ཞེས་བྱ་བ་ནི། གང་ཞིག་འདིར་མ་གསུངས་པའི་ཆོ་ག་

སྤྱི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྦྱར་བར་བྱའོ། །དེ་ཡང་གསུངས་པ། གང་དག་ཏུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ནི་ཅི་ཡི་རྒྱུད་དག་ལ། །གསུངས་པའི་ཆོ་ག་མཁས་པས་བརྟེན། །ཞེས་སོ། །ཆོ་ག་ཡང་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བལྟ་བར་བྱ་སྟེ་
འདིར་མི་སྟོན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་དགོད་པར་བྱ་བའི་ཕྱིར་གནས་ཀྱི་ངེས་པར་གསུངས་པ་ཡིན་ཏེ། དེའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་གནས་སུ་གནས་པའི་མི་བསྐྱོད་པའི་མཚན་མ་རྡོ་རྗེ་འབར་བ་ནག་པོ་རྩེ་ལྔ་པ་བྲི་བར་བྱའོ། །འདིས་རྣམ་པར་
སྣང་མཛད་ལ་སོགས་པའི་འང་རང་རང་གི་གདན་ལ་སོགས་པའི་མཚན་མ་བྲི་བ་གསུངས་པ། ཤར་ཞེས་བྱ་བ་ལ་སོགས་པ་ལ། འདིའི་དོན་ནི་འཁོར་ལོ་རྩིབས་བརྒྱད་པ་དང་། རིན་པོ་ཆེ་ཆ་དགུ་པ་ལྗང་གུ་དང་། །པདྨ་དམར་པོ་འདབ་མ་བརྒྱད་པ་དང་། རལ་གྲི་ནམ་མཁའི་མདོག་ཅན་སྔོ་
བསངས་ཏེ། ཤར་ལ་སོགས་པའི་ཕྱོགས་སུ་དེ་བཞིན་གཤེགས་པའི་གནས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་བྲི་བར་བྱ་ཞེས་སོ། །སྤྱན་ལ་སོགས་པའི་མཚན་མ་དགོད་པ་གསུངས་པ། སྤྱན་ཞེས་བྱ་བ་ནི་མིག་གི་རྣམ་པའོ། །དབུས་ན་སྤྲིན་དང་མཉམ་པའི་འོད། །ཅེས་བྱ་བ་ནི།
སྤྲིན་བཞིན་ནག་པོ་དབུས་ན་མཉམ་པ་སྟེ། ཟླུམ་པོའི་འོད་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མིག་འབྲས་ནག་པོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ནི་སྤྱན་ཞེས་བྱ་བ་སྤྱན་གྱི་མཚན་མའི་སྐབས་ཡིན་པས་དེའི་མཚན་མ་བྲི་བར་བྱ་ཞེས་ཟེར་ཏེ། དབུས་ན་སྤྲིན་གྱི་ནང་གི་ཆུའི་རང་བཞིན་ཉིད་ཀྱིས་
དཀར་པོའོ། །དེ་དང་མཚུངས་པའི་འོད་མཛེས་པ་ཡོད་པས་དབུས་ན་སྤྲིན་དང་འདྲ་བའི་འོད་དེ་དཀར་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བརྒྱུད་པ་ལས་འོངས་པ་མ་ཡིན་ནོ། །ཤར་གྱི་གྲྭ་ཞེས་བྱ་བ་ནི་མེའི་མཚམས་སོ། །མཱ་མ་ཀཱི་ཡི་རིགས་འབྱུང་བ། །ཞེས་བྱ་བ་ནི་མི་བསྐྱོད་
པའི་རྡོ་རྗེ་བྲི་བར་བྱའོ། །ལྷོ་ཕྱོགས་ཞེས་བྱ་བ་ནི་བདེན་བྲལ་ལོ། །སྡོང་བུ་དང་བཅས་པའི་ཨུཏྤལ་སྟེ་པདྨ་དམར་པོའོ། །ནུབ་ཕྱོགས་ཞེས་བྱ་བ་ནི་རླུང་དུའོ། །ཨུཏྤལ་ནི་སྔོན་པོའོ། །ཁ་ཅིག་ནི་སེར་སྔོ་ཞེས་ཟེར་རོ། །བྱང་ཕྱོགས་ཞེས་བྱ་བ་ནི་དབང་ལྡན་གྱི་

གྲྭའོ། །ཐོ་བ་འབར་བ་འོད་གསལ་བ། །ཞེས་བྱ་བ་ནི་འབར་བ་དང་ལྡན་པའི་འོད་རྡོ་རྗེ་ཐོ་བ་ཤར་ཕྱོགས་ཀྱི་སྒོ་ལ་གནས་པར་བྱའོ། །རྡོ་རྗེ་འབར་བ་འོད་བཟང་བ། །བེ་ཅོན་ཞེས་བྱ་བ་ནི་མི་ཕྱེད་པར་འབར་བར་སྣང་བའི་བེ་ཅོན་ལྷོ་ཕྱོགས་སུ་བྲི་བར་བྱའོ། །མི་མཐུན་པའི་
ཕྱོགས་ཐམས་ཅད་གཅོད་པར་བྱེད་པ་དང་། ཆོས་མཐུན་པས་རལ་གྲི་བཞིན་འབར་བ་དེ་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་བྱེད་པས་རལ་གྲི་འབར་བ་འོད་བྱེད་པ་སྟེ། འབར་བ་དང་བཅས་པའི་པདྨ་དམར་པོ་ནུབ་ཕྱོགས་སུ་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་འཁྱིལ་པ་རྡོར་ཅན་གྱི། །ཞེས་བྱ་
བ་ལ། རྡོ་རྗེ་འཁྱིལ་པ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པར་བསྟན་པ་གྲུབ་པའི་གཅིག་གིས་ཚིག་ཕྱིས་པའི་ཕྱིར་རོ། །འདིའི་དོན་ནི། རྡོ་རྗེ་འཁྱིལ་པ་ནི་བགེགས་མཐར་བྱེད་ཀྱི་རྡོ་རྗེ་བྲི་བར་བྱའོ། །ཇི་ལྟར་ཡིན་ཞེ་ན་གསུངས་པ་རྡོ་རྗེ་ཅན་གྱི་ཞེས་བྱ་བ། ཇི་ལྟར་མི་བསྐྱོད་པའི་རྡོ་རྗེ་ཁ་
གྱེས་པ་སྔོན་པོ་འོད་བཟང་པོ་སྟེ། དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྡོ་རྗེ་འཁྱིལ་པ་ཞེས་བྱ་བ་སྤྱིའི་ཚིག་གིས་ཉི་མ་ཡང་བཟུང་བར་འགྱུར་ཏེ། དེ་ཡང་དབང་བསྐུར་བའི་མིང་འདི་ཡིན་པའི་ཕྱིར་རོ། །གང་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས་བར་སྣང་ལ་རྒྱུ་བའི་ལྷ་
ཐམས་ཅད་ཀྱི་བདག་པོ་ལ་མིང་སྦྱིན་པར་བྱའོ། །འདི་ལྟ་སྟེ་བདུད་རྩི་འཁྱིལ་པ་ནི་རྡོ་རྗེ་འཁྱིལ་པ་ཞེས་གསུངས་པ། དེའི་ཕྱིར་འདིས་བྱེ་བྲག་ཏུ་བྱེད་དེ་རྡོ་རྗེ་ཅན་ཞེས་པས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་རྒྱུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་
ན་རེ། རྡོ་རྗེའི་སྟེང་དུ་རྡོ་རྗེ་བྲི། །ཞེས་ཟེར་རོ། །གཞན་ནི་སྣ་ཚོགས་རྡོ་རྗེ་ཞེས་ཟེར་རོ། །མཚན་མ་དང་། བསྐྱེད་པ་དང་། འབྱིན་པའི་སྔགས་ལ་སོགས་པ་ངེས་པར་བསྟན་པ་ལས་གཟུགས་རྡོ་རྗེ་ལ་སོགས་པའི་ཡང་འདིར་གོ་རིམས་བཞིན་དུ་མེ་ལོང་དང་། པི་ཝང་དང་།
དྲིའི་དུད་དང་། རོའི་སྣོད་དང་། གོས་སྣ་ཚོགས་དང་། ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་མཚན་མ་སྟེ། མེ་དང་། བདེན་བྲལ་དང་། རླུང་ལྷ་དང་། དབང་ལྡན་དང་། རྩ་བའི་སྒོའི་བྱང་དང་། ལྷོ་ཕྱོགས་སུ་གོ་རིམས་བཞིན་དུ་དགོད་པར་བྱའོ། །སའི་སྙིང་པོ་ལ་སོགས་པའི་ནི་འདིར་

དཀྱིལ་འཁོར་པ་མ་ཡིན་པའི་ཕྱིར་མེད་པའོ། །འདིར་རྣམ་པར་སྣང་མཛད་མ་གཏོགས་པའི་སངས་རྒྱས་རྣམས་དང་ཁྲོ་བོ་རྣམས་ཀྱི་གདན་ཉི་མ་ཡིན་ལ་གཞན་རྣམས་ནི་ཟླ་བའི་གདན་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །ཡོངས་སུ་གསལ་བར་ཤེས་ཞེས་བྱ་བ་ནི་ཀུན་ནས་
གསལ་བ་སྟེ། བྲི་བ་ལ་སོགས་པའི་ལས་མཐར་ཕྱིན་པར་ཤེས་པར་བྱས་ནས། མཆོད་པར་བྱ་བ་ཞེས་བྱ་བ་ནི་ཆོ་ག་བཞིན་དུ་བདག་པོའི་རྣལ་འབྱོར་དང་ལྡན་པས་འདིར་ངེས་པར་ཇི་ལྟ་བ་བཞིན་དུ་གསང་བ་དང་ཅིག་ཤོས་ཀྱིས་མཆོད་པ་བྱ་བའོ། །ལུས་དང་ངག་སེམས་མཆོད་
པ་ཡིས། །ཞེས་བྱ་ནི་རང་རང་གི་དཀྱིལ་འཁོར་དུ་སྐུ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་པ་དང་བཅས་པར་མཆོད་པར་བྱའོ། །དེ་ལ་སྐུའི་དཀྱིལ་འཁོར་དུ་རེ་ཞིག་གསང་བའི་མཆོད་པ་ཉེ་བར་བསྟན་པ་གསུངས་པ། བཅུ་དྲུག་ཅེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་བཅུ་དྲུག་གི་རང་
བཞིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་པའི་ཕྱིར་ལོ་བརྒྱད་གཉིས་པའོ། །དེ་ཡང་གསུངས་པ། དགོངས་པ་ལས། ནང་ལ་སོགས་པའི་དབྱེ་བ་ཡིས། །སྟོང་པ་ཉིད་ཕྱིར་བཅུ་དྲུག་ལའོ། །སྐྱེ་བ་མེད་པར་གནས་གང་ཡིན། །བཙུན་མོ་ཞེས་ནི་བརྗོད་པར་བྱ། །ཞེས་
སོ། །རབ་ཏུ་མདངས་བཟང་ཞེས་བྱ་བ་ནི་མཛེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཡང་ན་མདངས་བཟང་ཞེས་བྱ་བ་ནི་མིང་གིས་ཕྱོགས་གཅིག་བསྟན་པས་ཟླ་བའི་མདངས་བཟུང་སྟེ། དཔེར་ན་ལྷས་བྱིན་དང་། བྱིན་པ་ཞེས་བྱ་བ་བཞིན་ཏེ། དེའི་འོད་ཅན་གྱི་རྣམ་པ་
ཡིན་པའི་ཕྱིར་དཀར་མོའོ། །དེ་ལྟར་གསུང་གི་དཀྱིལ་འཁོར་དུ་གོས་དཀར་མོའི་ཚུལ་དུ་མོས་པར་བྱའོ། །དེའི་ལོའི་ངེས་པ་ནི་བརྒྱད་པ་ལས། ན་ཆུང་གཞོན་ནུ་མིག་ཡངས་མ། །གཟུགས་བཟང་གཞོན་པས་བརྒྱན་པ་སྟེ། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་
ནི་རབ་ཏུ་བརྟག །ཅེས་བྱ་བའི་ཚིག་ལས་སོ། །ཐུགས་ཀྱི་དཀྱིལ་འཁོར་ལ་ཡང་བདུན་པ་ལས། བུད་མེད་བརྟན་པའི་སེམས་ལྡན་པ། །ལོ་གྲངས་བཅུ་གཉིས་ལོན་པ་ལ། །ཞེས་འཆད་དོ། །དྲི་དང་མེ་ཏོག་ཕྲེང་གིས་འཁྲུགས། །ཞེས་བྱ་བ་ནི་དྲི་ཞིམ་པས་བྱུགས་

པ་དང་། མེ་ཏོག་མང་པོ་དང་ལྡན་པའོ། །དྲི་ནི་རྣམ་པར་སྣང་མཛད་དེ། །འདིའི་མཚོན་པ་ཡིན་པའི་ཕྱིར་འདིར་དེ་བཞིན་གཤེགས་པ་ཐམས་ཅད་བལྟ་བར་བྱའོ། །མེ་ཏོག་ནི་བཙུན་མོ་དགུ་དང་ནམ་མཁའི་ཁམས་སོ། །དྲི་ལ་སོགས་པ་ཉིད་དང་། མེ་ཏོག་རྣམས་
ཀྱང་སྟེ། དེ་རྣམས་ཀྱིས་འཁྲུགས་པ་ནི་རྡུལ་ཕྲ་རབ་སོ་སོ་ལ་ཞུགས་པས་མཆོད་རྟེན་དུ་གྱུར་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་དང་། སྤྱན་ལ་སོགས་པ་དང་། གཟུགས་རྡོ་རྗེ་ལ་སོགས་པ་ཀུན་དུ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་དོན་ཏོ། །དྲི་དང་མེ་ཏོག་ཅེས་བྱ་བ་ནི་བདུད་རྩི་ལྔའི་ཉེ་བར་
མཚོན་པའི་དོན་འདི་དག་ཡིན་ནོ། །འདིས་མཉམ་པར་འཁྲུགས་ཞེས་བྱ་བ་ནི་དམ་ཚིག་དང་ལྡན་པ་ཐོབ་པ་ཞེས་བྱ་བའི་བར་དུའོ། །འདི་དག་དོན་གསུམ་པོ་འདི་འཁྱུད་ནས་ངེས་པར་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེའི་དབུས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུ་བློས་གནས་པའོ། །
བྱིན་གྱིས་བརླབས་ཞེས་བྱ་བ་ནི་རིགས་ལྔའི་ཚོགས་དང་ལྡན་པ་ཇི་སྲིད་ཀྱི་བར་དུ་བྱས་པའོ། །མཱ་མ་ཀཱི་ཞེས་བྱ་བ་ནི། ཐུགས་ཀྱི་དཀྱིལ་འཁོར་ལའོ། །ཡོན་ཏན་སྐ་རགས་ཞེས་བྱ་བ་ནི་སྐལ་བ་དང་ལྡན་པའོ། །སྤྲོ་བ་ལ་སོགས་པ་ནི་འདིར་དཀྱིལ་འཁོར་དུ་བསྒྲུབ་པར་གསུངས་པ་ཡིན་ཏེ།
དེ་ཡང་བླ་མའི་མན་ངག་ལས་ཤེས་པར་བྱ་སྟེ་བདག་གིས་འདིར་མ་བྲིས་པའོ། །བཤང་བ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་མཆོད་པ་བསྟན་པའོ། །འདིའི་དོན་ནི་བཤང་བ་ལ་སོགས་པའི་དམ་ཚིག་པདྨའི་སྣོད་དུ་བཞག་ལ། ཆོ་གས་ཡེ་ཤེས་ཀྱི་བདུད་རྩིར་བྱས་ནས། དཀྱིལ་འཁོར་པ་
དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་ལ་དབུལ་བར་བྱའོ། །དེས་ཀྱང་ཐ་མལ་པའི་རྣམ་པར་རྟོག་པའི་གཉེན་པོར་གྱུར་པ་ཉིད་ཀྱིས་ངེས་པར་བྱ་སྟེ། ཐ་མལ་པའི་རྣམ་པར་རྟོག་པ་ནི་བྱང་ཆུབ་ལ་འཆིང་བའི་ཕྱིར་རོ། །གང་ཡང་གསུངས་པ། རྡོ་རྗེ་རྩེ་མོ་ལས། འཇིག་རྟེན་ན་ནི་
གང་ཟག་བཞི། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །ཅུང་ཟད་མངོན་པར་བརྩོན་བྱས་ཀྱང་། །ཆོ་ག་ཡིས་ཀྱང་འགྲུབ་མི་འགྱུར། །གང་ཞིག་སེམས་ནི་མ་སྐྱེས་ཀྱང་། །ཐེ་ཚོམ་ཡོད་པ་ཉིད་ཀྱང་ཡང་། །སྣང་བ་ཐོབ་པ་མི་བྱེད་དེ། །མ་དད་པས་ནི་མི་འགྲུབ་པོ། །ཞེས་སོ། །

གཞན་ཡང་དངོས་པོ་ཐམས་ཅད་དང་མཉམ་པ་ཉིད་རྟོགས་པས་སངས་རྒྱས་ཉིད་དེ། ཚོགས་པའི་འབྲས་བུ་འདི་བསམ་གྱིས་མི་ཁྱབ་པའི་ཆོ་གའི་ངོ་བོས་བལྟ་བར་བྱའོ། །འོན་ཀྱང་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ལ་བསྟན་པར་མི་བྱའོ། །དེ་ཡང་སྣང་བ་རྡོ་རྗེ་འཆར་བ་ལས་གསུངས་
པ། ལས་དང་པོ་ཡི་སེམས་ཅན་ལ། །རབ་ཏུ་འབད་དེ་སྦ་བར་བྱ། །ཕྱི་ནས་དོན་ནི་གོ་བ་ན། །དོགས་པ་མེད་པར་བསྟན་པར་བྱ། །ཞེས་སོ། །ནུས་པ་མ་ཐོབ་པས་ཀྱང་འདི་གོམས་པར་བྱེད་པ་ན་གསང་སྟེ་བསྟན་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། ཇི་ལྟར་འཕྲིགས་པར་མི་འགྱུར་
བར། །མདོར་ན་ཐམས་ཅད་བྱ་བ་སྟེ། གལ་ཏེ་འཕྲིགས་པར་གྱུར་པ་ན། །སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ། །སེམས་ཅན་ཀུན་གྱི་དང་བ་ཡི། །སེམས་ནི་ཞི་ཞིང་འོད་གསལ་བ། །སྣ་ཚོགས་དངོས་པོས་གོས་པ་མེད། །སེམས་ཞེས་བྱ་བ་དེ་ཉིད་དངོས། །དེ་ལྟར་འདོད་པའི་
ཆོ་ག་ཤེས། །ཉེ་བར་ལོངས་སྤྱོད་དེ་ཁོ་ན། །གཞན་དུ་དགེ་ལ་སྤྲོ་བ་ཡིས། །སྔགས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །དེ་ཕྱིར་སྔགས་པས་ཁྱད་པར་གྱི། །ཡན་ལག་མཆོག་ལས་བླང་བར་བྱ། །གཞན་དུ་དགེ་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔའ་མཉེས་མི་འགྱུར། །ཉེ་བར་ལོངས་སྤྱོད་
མཉམ་སྤྱོད་པས། །ཐམས་ཅད་ཉེ་བར་ལོངས་སྤྱོད་བྱ། །གལ་ཏེ་གཞན་དུ་རྨོངས་པའི་བདག །མནར་མེད་ངེས་པར་འཚེད་པར་འགྱུར། །ཞེས་སོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་བཞི་པའི་བཤད་པའོ།། །།དེ་ལྟ་བུའི་
དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེས་སུ་སྣང་བ་ཐོབ་པས་མི་རྟོག་པའི་སྤྱོད་པ་དང་ལྡན་པ་ནི་འདིར་སྣོད་ཡིན་པར་ཉེ་བར་བསྟན་པའི་ཕྱིར། སྤྱོད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྡོ་རྗེ་འཛིན་པ་སྟེ། དེའི་
བདག་ཉིད་ཡིན་པའི་ཕྱིར་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིའོ། །རྒྱལ་པོ་ཞེས་བྱ་བ་ནི། གདུལ་བྱའི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྣང་བར་བྱེད་པས་རྣམ་པར་སྣང་མཛད་དོ། །དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཀྱིས་མཉམ་པ་ཉིད་ཀྱི་མཆོག་སྒྲོ་མ་བཏགས་པའི་རང་བཞིན་ཡིན་

པའི་ཕྱིར་སྐུ་མཆོག་སྟེ་རིན་ཆེན་འབྱུང་བའོ། །སོ་སོར་རྟོག་པའི་ཡེ་ཤེས་ལས་བྱུང་བའི་སྙིང་རྗེ་ཆེན་པོས་མངོན་པར་བརླན་པས་ཁམས་གསུམ་གྱི་སེམས་ཅན་ཁས་བླངས་པའི་ཕྱིར་སྣང་བ་མཐའ་ཡས་ཏེ་གནས་ཀྱི་དབང་ཕྱུག་གོ། །སྤྱོད་པ་ཀུན་ནི་སེམས་ཅན་མ་ལུས་པ། །
འདུལ་བའི་ཆེད་དུ་ཆོ་གས་འཇུག་པའོ། །དེའི་མཆོག་ནི་གཙོ་བོ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། །གང་གི་དེ་ཡིན་པའི་སྤྱོད་པ་ཀུན་མཆོག་ནི་དོན་ཡོད་གྲུབ་པའོ། །ཆོས་དོན་ཞེས་བྱ་བ་ལ། ཆོས་ནི་སེམས་ཅན་ལ་སོགས་པ་རྣམས་
ཏེ། དེ་རྣམས་ཀྱི་དོན་གྱི་རང་བཞིན་ཡིན་གྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་མེད་དོ་ཞེས་བྱ་བའི་ཚིག་ལས་སོ། །དེ་ལྟར་རིགས་ལྔའི་བདག་ཉིད་བཅོམ་ལྡན་འདས་ཀྱིས་རིགས་ལྔ་ལ་བརྟེན་པ་གསུངས་པ་
ནི་སྤྱོད་པའི་མཚན་ཉིད་དོ། །སྦྱིན་པ་ལ་སོགས་པའི་ངོ་བོ་ལས་སྤྱོད་པ་མཆོག་སྟེ། རྣལ་འབྱོར་གྱི་སྤྱོད་པའོ། །དེའི་དོན་ནི་དེ་བཞིན་ཉིད་དེ། དེའི་རང་བཞིན་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཁ་ཅིག་ཟེར་རོ། །རྣམ་པར་མི་རྟོག་དོན་ལས་བྱུང་། །ཞེས་བྱ་བ་ནི་ཐབས་
དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའོ། །འདོད་ཆགས་ལ་སོགས་པའི་རིགས་ཞེས་བྱ་བ་ནི་སྣང་བ་མཐའ་ཡས་ལ་སོགས་པའི་རིགས་སོ། །དངོས་གྲུབ་མཆོག་ཅེས་བྱ་བ་ནི་སངས་རྒྱས་ཉིད་ལ་སོགས་པའི་མཚན་ཉིད་དོ། །སྒྲུབ་པར་བྱེད་པ་ནི་རྣལ་
འབྱོར་པ་རྣམས་ལས་སྐྱེད་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཐེག་པའི་མཆོག་ནི་བླ་ན་མེད། །ཅེས་བྱ་བ་ནི། ཤིན་ཏུ་མངོན་པར་བརྩོན་པར་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ཕྱིར་འདིར་བླ་ན་མེད་པ་སྟེ་རྫོགས་པའི་བྱང་ཆུབ་ཀྱི་ལམ་མོ། །འདི་སྐད་
བསྟན་པ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པའི་དངོས་གྲུབ་ཡིན་ལ་དེས་ན་འདིའི་དོན་དུ་གཉེར་བ་རྣམས་ཀྱིས་རྟག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ལ་རྣམ་པར་གནས་པར་བསྒོམ་པར་བྱའོ། །དེས་ན། རྣམ་པར་མི་རྟོག་དོན་ལས་བྱུང་། །

ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་རྣམ་པར་གནས་པས་འདོད་ཆགས་དྲག་པོ་ལ་སོགས་པའི་ཉོན་མོངས་པ་ཡང་དག་པར་དཀྲུགས་པ་དེ་དག་གིས་ཀྱང་སངས་རྒྱས་ཉིད་འགྲུབ་པར་བྱེད་པ་ཞེས་བྱའོ། །འདིའི་རྒྱུ་གསུངས་པ། ཐེག་པའི་མཆོག་ནི་བླ་ན་མེད། །ཅེས་སོ། །
ཤེས་རབ་ཐུགས་བྱུང་དངོས་གྲུབ་ལ། །རིགས་ལ་སོགས་པའི་ངེས་པ་ཅི། །ཞེས་པའི་བསམ་པ་གསུངས་པ། །གཏུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། གཏུམ་པོ་རབ་ཏུ་གྲགས་པ་ཉིད་དེ་མཐའ་སྐྱེས་སོ། །སྨྱིག་མ་མཁན་ཞེས་བྱ་བ་ནི། གཏུམ་པའི་བྱེ་བྲག་ཉིད་དེ་མདའི་ལས་
བྱེད་པར་ཞེས་བྱ་བར་རབ་ཏུ་གྲགས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཞགས་པ་ལ་སོགས་པ་ཡང་གཟུང་ངོ་། །དེ་རྣམས་ཇི་ལྟ་བུ་ཞེ་ན་གསུངས་པ། གསོད་པ་ཞེས་བྱ་བ་ལ་སོགས་པ་ལ། གསོད་དོན་ནི་རྒྱ་ལ་སོགས་པ་རྣམས་ཀྱིས་ཡིན་ལ། དོན་དུ་ནི་འཚོ་བར་བྱེད་
པའི་དོན་ཡིན་ལ། སེམས་དཔའ་སྟེ་གསོད་དོན་གཉེར་སེམས་དཔའོ། །མཚམས་མེད་ལ་སོགས་ཞེས་བྱ་བ་ནི། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སྟེ་ཤི་མ་ཐག་ཏུ་དམྱལ་
བར་འགྲོ་བའི་རྒྱུའི་ཕྱིར་མཚམས་མེད་པ་ལྔའོ། །སོགས་པའི་སྒྲས་ནི་མཚམས་མེད་པ་དང་ཉེ་བ་ལ་སོགས་པ་ཡོངས་སུ་གཟུང་བ་སྟེ། དེ་ལ་མཚམས་མེད་པ་དང་ཉེ་བ་ནི། མ་དགྲ་བཅོམ་མ་སུན་བྱས་ནས། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་
དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་བྱ་སྟེ། འདི་ལས་གཞན་མི་དགེ་བ་བཅུ་ལ་སོགས་པའི་ལས་བྱེད་པ་དེ་ལས་བཟློག་ནས་ཏིང་འཛིན་གྱི་ནུས་པས་ངེས་པར་ཉམས་སུ་མྱོང་བའི་ལས་
ཀྱང་སྤངས་ཏེ། འགྲུབ་པ་ནི་རྫོགས་པའི་བྱང་ཆུབ་སྟེར་བར་འགྱུར། །ལས་རྣམས་ཅུང་ཟད་ཀྱང་ཆུད་ཟ་བ་མེད་པ་ཡིན་ནོ་ཞེས་པ་ནི། དེའི་གཉེན་པོའི་ཕྱོགས་ཀྱི་ཏིང་ངེ་འཛིན་དང་བྲལ་བའི་དབང་དུ་བྱས་ནས་གསུངས་པས་འགལ་བ་མེད་དོ། །ཡང་ནི་སྒྲས་ཆོས་དང་ལྡན་པ་དང་།

ཚུལ་ཁྲིམས་རྣམ་པར་དག་པ་དང་། འཕགས་པའི་ཡུལ་དང་། རིགས་སུ་སྐྱེས་པ་འབའ་ཞིག་གིས་འགྲུབ་པ་མ་ཡིན་གྱི་རིགས་དམའ་བས་ཀྱང་ངོ་། །གང་གིས་ཀྱང་མི་འགྲུབ་ཅེ་ན། གསུངས་པ། སྙིང་ནས་སློབ་དཔོན་སྨོད་པ་ཞེས་ཏེ། དམ་ཆོས་
ཀློག་པ་སྦྱིན་པ་དང་། །འཆང་བྱེད་གདམས་ངག་སྟོན་པ་དང་། །དབང་བསྐུར་བ་དང་ལས་བྱེད་པ། །དེ་རྣམས་སློབ་དཔོན་ཞེས་གསུངས་སོ། །ཞེས་བྱའོ། །དེ་བས་ན་འདིར་ནི་བླ་མ་ཉིད་སློབ་དཔོན་གྱི་སྒྲས་གསུངས་སོ། །དེ་བཞིན་དུ་ཡང་གསུངས་པ། ངེས་པར་བསྟན་པར་ཡང་དག་
སྦྱོར། །གཞན་རྣམས་དག་ནི་སྤྱོད་ལ་འཛུད། །སློབ་མ་སློབ་དཔོན་སྒྲ་ཡིས་ནི། མཁས་པ་རྣམས་ཀྱིས་ཡང་དག་བསྟན། །ཞེས་སོ། །དེ་ལ་སྨོད་པ་ལྷུར་བྱེད་པ་ནི། བརྙས་པ་ལ་སོགས་པ་བྱེད་པ་སྟེ། དེ་རང་གི་རྒྱུད་ལ་ཤིན་ཏུ་སྣོད་དང་མི་ལྡན་པར་བྱས་པས་འགྲུབ་པར་
མི་འགྱུར་ཏེ། བླ་མ་ནི་ཕན་འདོགས་པའི་ཞིང་དང་། ཡོན་ཏན་གྱི་ཞིང་ཉིད་ཀྱིས་དཀོན་མཆོག་གསུམ་ལ་སོགས་པའི་ངོ་བོ་ཉིད་དོ། །གང་སྣང་བ་རྡོ་རྗེ་འཆར་བ་ལ་སོགས་པ། མི་ཤེས་པ་ཡི་རབ་རིབ་ནི། །ཡེ་ཤེས་སྤྱན་གྱིས་རྣམ་པར་སྦྱོང་། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་
འདུན་བླ་མ་ཕ། །ཆོས་ཀྱི་སྦྱིན་བདག་གཙོ་བོ་སྟེ། །ཡིད་བཞིན་ནོར་བུ་བླ་ན་མེད། །ཅེས་སོ། །སྡིག་པ་ཆེན་པོ་བྱེད་པ་བསལ་བར་བྱ་བའི་ཕྱིར་གསུངས་པ་སྲོག་གཅོད་པ་ཞེས་བྱ་བ་ལ་སོགས་པ་ལ། གསད་པའི་བསམ་པས་སྲོག་ཆགས་རྣམས་ཀྱི་ཚེ་མེད་པར་བྱེད་པ་ནི་སྲོག་གཅོད་
པའོ། །གཞན་སླུ་བའི་བསམ་པས་ཇི་ལྟར་གནས་པའི་དངོས་པོའི་ཚིག་གོ་བ་རྣམས་ལ་གཞན་དུ་སྟོན་པར་བྱེད་པ་ནི་བརྫུན་དུ་སྨྲ་བའོ། །གཞན་གྱི་རྫས་སུ་ཤེས་པས་རྐུ་བའི་བློས་བརྐུས་ཏེ། གཞན་གྱི་རྫས་ལ་མངོན་པར་དགའ་བ་ནི་མ་བྱིན་པར་ལེན་པའོ། །ཡུལ་ལ་ཤིན་ཏུ་ཆགས་
པའི་སེམས་ཀྱིས་རྟག་ཏུ་འདོད་པ་ལྷུར་བྱེད་པའོ། །འདིའི་དོན་ནི་འདི་ཡིན་ཏེ། ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་དང་ལྡན་པ་གཞན་ལ་ཕན་པ་ལྷུར་བྱེད་པས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་ཆོ་ག་བཞིན་དུ་བསྟན་པར་བྱའོ། །དེ་བཞིན་དུ་ཡང་གསུངས་པ། དུག་གིས་དུག་ནི་

སེལ་བར་བྱེད། །སྨན་པས་ཇི་ལྟར་བསྟན་པ་ལྟར། །བྱ་བ་རུ་ནི་ཐུབ་པས་གསུངས། །སྡུག་བསྔལ་ཡིན་ཡང་གཞན་ཕན་ལ། །གང་ལ་དུག་ནི་ཕན་གྱུར་ན། །དེ་ལ་དུག་ནི་སྦྱིན་པར་བྱ། །གང་ལ་ཕན་པར་མི་འགྱུར་ན། །དེ་ལ་མཆོག་ཀྱང་སྦྱིན་མི་བྱ། །ཞེས་སོ། །དེས་ན་བྱེད་
པ་ལ་ངན་སོང་མི་སྲིད་དེ། ཕན་པའི་བསམ་པ་ཡིན་པའི་ཕྱིར་སྨན་པ་ཉིད་ཟུག་རྔུ་སེལ་བར་བྱེད་པ་ལ་སོགས་པ་བཞིན་ནོ། །དེ་གསུངས་པ། སེམས་དགེ་བ་ལ་ཉེས་པ་མེད། །སྙིང་རྗེར་ལྡན་པས་བརྩེ་བར་བྱ། །ཞེས་སོ། །བཤང་བ་ཞེས་བྱ་བ་ལ་སོགས་པ་ལ། བཤང་བ་དང་གཅི་
བ་དག་ཁ་ཟས་སུ་བྱེད་པ་ནི། བྱ་བ་སྟེ་ཐབས་ཡིན་པའི་ཕྱིར་གང་རྣམས་ཀྱི་དོན་དུ་བཤང་བ་དང་གཅི་བ་ཟས་སུ་བྱེད་པ་སྟེ། བཟའ་བ་དང་མི་བཟའ་བའི་སྤྱོད་པས་སྟོང་པ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་པ་ཡིན་ཏེ། རྣམ་པར་རྟོག་པ་ལས་མ་གཏོགས་པའི་མི་གཙང་བ་ལ་སོགས་པ་
གཞན་ཅུང་ཟད་ཡོད་པ་མ་ཡིན་ནོ། །དེས་ན་འདོད་པ་དང་མི་འདོད་པའི་ཁ་ཟས་ལ་མངོན་པར་ཞེན་པ་མེད་པའི་བློས། རྫོགས་པའི་བྱང་ཆུབ་བསྒྲུབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ་ཞེས་བྱའོ། །དེ་བཞིན་དུ་ཡང་གསུངས་པ། རང་བཞིན་གྱིས་ནི་ཡོངས་སུ་དག་པའི་དངོས། །འདོད་དང་
མི་འདོད་རྣལ་འབྱོར་པས་མི་བརྟག །ཀུན་དུ་རྟོག་ལས་སྐྱེས་པ་འདི་དག་ནི། །དངོས་པོས་མ་བརྟགས་གཅིག་པུ་ཉམས་དགའ་བའོ། །ཞེས་སོ། །ཐམས་ཅད་ལ་མཉམ་པའི་སེམས་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པ། མ་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་འདི་རྣམས་
དམ་ཚིག་དང་སྡོམ་པ་ལ་གནས་པ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་ལ་མཁས་པས་དེའི་ཚེ་དེ་རྣམས་དང་ལྷན་ཅིག་ཏུ་རིག་པའི་བརྟུལ་ཞུགས་སྤྱད་ཀྱང་ཉེས་པ་ཡོད་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣལ་འབྱོར་པས་འཇིག་རྟེན་པའི་ཐ་སྙད་བོར་བའི་ཕྱིར་རོ། །དེ་ཡང་གསུངས་
པ། གང་དང་གང་གིས་བཅིངས་པ་ཡིས། །དྲག་པའི་ལས་ཀྱི་སྐྱེ་བོ་རྣམས། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །དངོས་པོ་འཆིང་ལས་གྲོལ་བར་འགྱུར། །ཞེས་སོ། །དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ལས་ཀྱང་གསུངས་པ། ཐབས་དང་ཤེས་རབ་མངོན་ལྡན་པའི། །དམ་

ཚིག་ང་ཡིས་བསྟན་པ་ཡིན། །གཞན་དུའང་རབ་ཏུ་བྱེད་པས་ན། །དེ་ཉིད་བགྲོད་བྱར་འདོད་མ་ཡིན། །ཞེས་སོ། །ཟླ་གསང་ཐིག་ལེ་ལས་ཀྱང་གསུངས་པ། །ཐབས་དང་ཤེས་རབ་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དོགས་པ་མེད་གྱུར་པས། །འདོད་པ་ལྔ་ནི་སྤྱད་
པར་བྱ། །ཞེས་སོ། །འགལ་བའི་སྤྱོད་པ་འདི་ལ་ངན་སོང་དུ་འགྲོ་བའི་ནུས་པ་མེད་དེ་བསྟན་པའི་དུས་བྱས་པའི་ཁྱད་པར་ལས་གཞན་དུ་བྱས་པས་སྔགས་ལ་སོགས་པས་ཉེ་བར་སྦྱངས་པའི་དུག་གི་ནུས་པ་རླག་པར་བྱེད་པ་བཞིན་ནོ། །དེ་བཞིན་དུ་གསུངས་པ། མཁས་པས་སྡིག་པ་ཆེན་པོ་
བྱས་ཀྱང་རྣམ་སྨིན་མྱུར་དུ་འབྱུང་། །མི་མཁས་སྡིག་ཆུང་བྱས་ཀྱང་འོག་ཏུ་འགྲོ་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་འགྲོ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར། །ཞེས་སོ། །འདི་དག་ཀྱང་ལེགས་པར་གསུངས་པ་ཡིན་ཏེ། དགེ་སློང་ཚུར་
ཤོག་ཅེས་བཞིན་སྔགས་པས་འགྲུབ། །དེ་ཉིད་མཐོང་བའི་སྟོབས་ལས་རྟོགས་པར་བྱ། །བསམ་གྱིས་མི་ཁྱབ་རྒྱུ་དང་འབྲས་བུའི་དངོས། །གསེར་འགྱུར་རྩིས་ལྕགས་གསེར་དུ་འགྲོ་བ་བཞིན། །སངས་རྒྱས་ཡུམ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་ཡུམ་ཞེས་བྱ་བའི་ཚིག་ལས་ཏེ། དེ་ཡང་གསལ་བར་མ་བཤད་དོ། །དེ་ལྟ་བུའི་ལས་བྱེད་པ་ཅིའི་ཕྱིར་སྡིག་པ་མ་ཡིན་ཞིང་སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར་ཞེ་ན་གསུངས་པ། དེའི་དོན་ནི་རྣམ་པར་མི་རྟོག་བློ་ཅན་ཞེས་བྱ་བ་ནི་མ་ལ་སོགས་པའི་རྟོག་པ་དང་བྲལ་
བས་སོ། །དེ་ལྟར་ན་ཕྱུགས་ལ་སོགས་པས་སངས་རྒྱས་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན་གསུངས་པ། བློ་ཅན་ཞེས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པ་དེས་ན། གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པ་འདི་ཉིད་ལ་རྗེས་སུ་གནང་བ་ཡིན་གྱི།
གཞན་རྣམས་ལ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་སེམས་ཅན་རྣམས་གཞུག་པར་བྱ་བའི་དགོངས་པས་འདི་གསུངས་པ་ཡིན་ཏེ། འདིའི་དོན་ནི་གཏུམ་པོ་ནི་ཞེ་སྡང་མང་པོ་རྣམས་སོ། །མ་ནི་ལེན་པ་སྟེ་ཇི་ལྟ་བ་བཞིན་དུ་རང་གི་རིགས་ལས་སྐྱེས་པ་ཉིད་དུ་འཛིན་པས་ན་

མི་བསྐྱོད་པའོ། །དེ་ཉིད་སྨྱིག་མ་མཁན་ཏེ་རང་གི་རིགས་སྐྱེད་པར་བྱེད་པའི་ཕྱིར་རོ། །སོགས་པའི་སྒྲས་རྣམ་པར་སྣང་མཛད་ལ་སོགས་པ་གཟུང་ངོ་། །གསོད་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་ཡེ་ཤེས་ཏེ། སེམས་ཅན་དུ་ལྟ་བ་ལ་སོགས་པ་འཇོམས་པར་བྱེད་པའི་ཕྱིར་རོ། །
དེ་ཉིད་དོན་ཡིན་ཏེ་བླང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་དོན་ཏེ་སེམས་ཅན་རྣམས་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་བྱེད་པས་མཚན་ཉིད་དེ་ལ་དེ་སྐད་ཅེས་བྱའོ། །མཚམས་མེད་ལྔ་ཞེས་བྱ་བ་ནི། དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མཚམས་མེད་པ་ལྔའོ། །རྫོགས་པའི་བྱང་ཆུབ་
ལ་མཚམས་མེད་པར་གནས་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དམ་ཚིག་ལ་སོགས་པ་སྐྱོང་བ་དང་། སྦྱིན་པ་ལ་སོགས་པ་གཟུང་ངོ་། །སྡིག་པ་ཆེན་པོ་བྱེད་པ་ཡང་། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་མཐོང་བའི་ཆོས་ཐམས་ཅད་ལ་སྐུར་པ་འདེབས་པའོ། །སྲོག་གཅོད་པ་
ཞེས་བྱ་བ་ནི། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་བསྒོམས་པས་ཕུང་པོ་རྣམས་ལ་མངོན་པར་ཆགས་པ་མེད་པའོ། །སེམས་ཅན་ཞེས་བྱ་བ་ཆགས་པར་བརྗོད་དེ་མིང་དང་གཟུགས་ལ་ཆགས་པའོ། །བརྫུན་དུ་སྨྲ་བ་དགའ་བ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་གོམས་པས་ཆོས་
ཐམས་ཅད་དངོས་པོ་མེད་པ་བརྗོད་ཀྱིས་མི་ལང་བ་དག་གི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བར་ཉེ་བར་སྟོན་པའོ། །གཞན་གྱི་ནོར་ལ་དགའ་བ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སྟོན་པ་པོའོ། །རྟག་ཏུ་འདོད་ལ་དགའ་བ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྣལ་འབྱོར་པའོ། །བཤང་
དང་གཅི་བ་ཟས་བྱས་དོན། །ཞེས་བྱ་བ་ནི་ཟས་སུ་བྱེད་པས་ན་ཟས་ཏེ། སེམས་ཡུལ་རྣམས་ལས་ཟློག་པའོ། །བཤང་དང་གཅི་བ་དག་ནི་ཡུལ་དང་དབང་པོ་དག་སྟེ་བཟའ་བ་ནི་བཤང་བ་དང་གཅི་བའི་ཟས་སོ། །དེའི་བྱེད་པ་ནི་བྱ་བ་སྟེ་རྗེས་སུ་བསྒྲུབ་པའོ། །གང་རྣམས་ཀྱིས་དེ་
ཉིད་ལས་གཞན་མི་ཕྱེད་པའི་དོན་དེ་ལ་དེ་སྐད་ཅེས་བྱ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་གོམས་པས་གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པ་བསལ་བའི་ཆེད་དུ་འཇུག་པ་ཞེས་བྱ་བའི་དོན་ནོ། །དེ་ཡང་གསུངས་པ། དགོངས་པ་ལས། ཕུང་པོ་རྣམས་ནི་རང་བཞིན་མེད། །གང་ཞིག་འདི་

བསྒོམ་རྣལ་འབྱོར་པས། །སྲོག་གཅོད་པ་ནི་དེ་ཡིན་ཏེ། །ཐེག་པ་མཆོག་ལ་གནས་པའོ། །གང་ཞིག་ཕྱི་ནང་རྟེན་འབྲེལ་གྱུར། །ཤེས་པ་གཉིས་པོ་སྟོན་པ་པོ། །དེ་ནི་བརྫུན་སྨྲ་དགའ་བ་སྟེ། །གནས་མེད་གནས་པའི་རྣལ་འབྱོར་པའོ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །
དེ་ནི་རྫས་སུ་བརྗོད་པར་བྱ། །དེ་འཕྲོག་ངང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །དེ་བཞིན་ཉིད་གཅིག་རང་བཞིན་ལ། །དེ་བཞིན་གཉིས་མེད་རྣལ་འབྱོར་པས། །འདོད་ལ་དགའ་བའི་སེམས་ཅན་དེ། །མཆོག་དང་གཙོ་བོ་སྒྲུབ་བྱེད་ལ། །བཤང་བ་ཞེས་བྱ་ཡུལ་
དུ་བཤད། །གཅི་བ་ཞེས་བྱ་དབང་པོར་བཤད། །བཟའ་བ་དངོས་པོ་མེད་པའོ། །ཞེས་སོ། །མ་ལ་སོགས་པ་ནི་འདིར་སྐུ་གསུམ་གྱི་རང་བཞིན་གྱི་ཤེས་རབ་སྤྱན་མ་ལ་སོགས་པའི་ལྷ་མོའོ། །ཆགས་པར་བྱ་ཞེས་བྱ་བ་ནི་བསྒོམ་པར་བྱ་ཞེས་བྱ་བའི་བར་དུའོ། །དེ་ནི་གསུངས་པ། ཤེས་
རབ་ཕ་རོལ་ཕྱིན་པའི་ཡུམ། །ཆོས་སྐུ་གཅིག་པའི་མཚན་ཉིད་དེ། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །རང་བཞིན་མེད་གྲངས་འདོད་སྤྱོད་པའོ། །ལོངས་སྤྱོད་རྫོགས་དང་མཉམ་གང་ཡིན། །དེ་ནི་སྲིང་མོ་ཞེས་སུ་འདོད། །སྒྲུབ་པར་བྱེད་པས་སྒོམ་པ་ཡང་། །སྤྲུལ་སྐུའི་
གཟུགས་ཅན་བུ་མོ་དེ། །དེ་ནི་འདོད་པར་བརྗོད་པར་བྱ། །ཡང་དག་མ་སྲིང་བུ་མོའོ། །ཞེས་སོ། །འདིར་དོན་གཞན་ལ་ཚིག་གཞན་སྟོན་པ་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་རྣམས་གཞུག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པའོ། །ལེགས་པར་གོམས་པར་བྱས་
པའི་གཉིས་སུ་མེད་པའི་ཡེ་ཤེས་ལ་ཇི་ལྟ་བ་བཞིན་དུ་ཡིན་གྱི། ལས་དང་པོ་པའི་ཆེད་དུ་དྲང་བའི་དོན་ཉིད་དོ། །འདིར་དེ་ཉིད་གསུངས་པ། རྣམ་པར་མི་རྟོག་བློ་ལྡན་པ། །དེ་ནི་སངས་རྒྱས་ཉིད་འགྲུབ་འགྱུར། །ཞེས་སོ། །འདིར་གསུངས་པ། དཔལ་སྡེའི་
ཞལ་སྔ་ནས། འདི་ནི་དཔའ་བོ་ཉམས་འདི་ཉིད་ཡིན་ཏེ། །ཚམ་ཚོམ་སེམས་ཅན་ངན་པའི་བདག་ཉིད་ཡིན། །སྡིག་པའི་སྔགས་ཉིད་ཀྱིས་ནི་ནག་པོ་སྦྲུལ་། །སྐུལ་བར་བྱེད་པས་ངེས་པ་ཉིད་ཡིན་ནོ། །ཞེས་སོ། །ད་ནི་སྒྲ་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་པ་དངོས་པོའི་རང་བཞིན་མ་རིག་

པ་ངན་སོང་དུ་མི་ལྟུང་བར་བྱ་བའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་རྣམས་ཀྱིས་ངོ་མཚར་ལ་སོགས་པ་བསྐྱེད་ནས་མི་འགལ་བའི་ཆོས་ཉིད་རྟོགས་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྒྲིབ་པ་ཐམས་ཅད་ནི་འདོད་པ་ལ་འདུན་པ་དང་། གནོད་
སེམས་དང་། རྨུགས་པ་དང་གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱི་བདག་ཉིད་རྣམས་རྣམ་པར་སེལ་བས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ངོ་མཚར་དུ་གྱུར་ཞེས་བྱ་བ་ནི། ངན་སོང་གི་རྒྱུ་ལས་ཀྱང་སངས་རྒྱས་ཉིད་ཡང་དག་པར་འབྱུང་བའི་ཕྱིར་རོ། །
རྨད་དུ་གྱུར་པ་ཞེས་བྱ་བ་ནི་འདི་སྔར་མ་མཐོང་བ་དང་མ་ཐོས་པའི་ཕྱིར་རོ། །ཡང་ན་ངོ་མཚར་དང་རྨད་དུ་བྱུང་བའི་སྒྲ་འདི་དག་རྣམ་གྲངས་སོ། །ཚིག་ངན་པ་གསུང་ཞེས་བྱ་བ་ནི། ངན་སོང་གི་རྒྱུ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་ནི། སྒྲ་ཐོས་པ་ཙམ་
གྱིས་སྟོང་པར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་མི་བྱ་ཞེ་ན། འདི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཉིད་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ། དེ་ཡང་རྣམ་པར་སྤྱད་ན་རང་བཞིན་མེད་པའོ། །དེའི་ཕྱིར་དག་པ་སྟེ། ཀུན་ནས་ཉོན་མོངས་པའི་དྲི་མས་གོས་པ་མེད་པའོ། །སྙིང་
པོ་ཡེ་ཤེས་ཅན་ཞེས་བྱ་བ་ནི་མངོན་སུམ་དུ་བྱས་པ་སྟེ། བདག་མེད་པ་གཉིས་སོ། །འདི་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་བྱས་པའོ། །སྙིང་པོ་ཆོས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉིད་དོན་དུ་གཉེར་བས་ན་དོན་ཞེས་བྱའོ། །དེ་ལས་ཡང་དག་པར་བྱུང་བ་ནི། འདིའི་
རང་བཞིན་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །ཞེས་བྱ་བ་ལ་འདིའི་དོན་ཏེ་བྱང་ཆུབ་སྤྱོད་པའི་རྟེན་ཡིན་ནོ། །རིགས་པས་རྟོགས་པར་བྱས་ཀྱང་དེའི་ཚིག་གི་གོ་དོན་མ་རྟོགས་པ་ཡིན་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོའི་འཇིགས་པའི་དབྱེ་བས་འཇིགས་པ་
དང་། སྐྲག་པ་དང་། བརྒྱལ་བར་འགྱུར་བ་གསུངས་སོ། །དེ་ནས་དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་ཞེས་བྱ་བ་ནི། ནམ་མཁའ་དང་མཉམ་པ་ནི། ཆོས་ཐམས་ཅད་ལས་ཐ་མི་དད་པའི་ངོ་བོ་དེའི་ངོ་བོ་གཉིས་སུ་མེད་པ་སྟེ།

ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཐུགས་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །དེའི་འོད་ཀྱིས་རིག་པ་ཙམ་གྱིས་ཞེས་བྱ་བ་ནི། བསྒོམ་པའི་རིམ་པ་ལ་མ་ལྟོས་པར་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་རོ། །གྲུབ་པའི་དངུལ་ཆུའི་སྦྱོར་བས་ལྕགས་གསེར་
དུ་འགྱུར་བ་བཞིན་དྲི་མ་མཐའ་དག་བསལ་བའོ། །རང་རང་གི་སྟན་ལ་གནས་པར་གྱུར་ཏོ་ཞེས་བྱ་བ་ནི། གང་དེ་ཁོ་ན་ཉིད་ལ་སྨད་པས་རང་གི་ས་ལ་ཉམས་དེ་དང་དེ་ལ་གནས་པའོ། །ཡང་ན་ཡེ་ཤེས་དེས་ཐོབ་པ་རྣམ་པར་སྣང་མཛད་ལ་སོགས་པར་བསྒྲུབས་ནས། རང་རང་གི་གདན་ཟླ་བ་
དང་། ཉི་མའི་གདན་རྣམས་ལ་གནས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འོད་ཀྱིས་རེག་པ་ཞེས་བྱ་བའི་ཁྱད་པར་མན་ངག་ལས་ཤེས་པར་བྱའོ། །ཨེ་མ་ཧོ་ཆོས་ཀྱི་དོན་འབྱུང་བ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་དོན་སོ་སོར་རྟོགས་པས་བརྗོད་བྱ་དང་རྗོད་བྱེད་ཀྱིས་སྟོང་པའོ། །དེ་ལ་ཡང་དག་པར་
བྱུང་བ་ནི། གདུལ་བྱའི་འགྲོ་བའི་དབང་གིས་གང་ལ་སྐྱེས་པ་གང་ལ་གསུང་རྡོ་རྗེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་དོན་དག་པ་བདག་མེད་པ། །ཞེས་བྱ་བ་ནི། ཆོས་རང་བཞིན་གྱིས་དག་པའི་དོན་བདག་མེད་པ་སྟེ། རང་བཞིན་མེད་པར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་ཀྱི་རྒྱལ་པོ་ཞེས་
བྱ་བ་ནི་གསུང་རྡོ་རྗེའི་སྒོ་ནས་བོས་ནས་ཕྱག་བྱས་པའོ། །སྐུའི་སྒོ་ནས་གསུངས་པ། སྐུ་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །སྐུ་ལ་སོགས་པ་ཤིན་ཏུ་དག་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ནམ་མཁའ་དང་ནི་མཉམ་པའི་
གནས། །ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ཆོས་ཐམས་ཅད་ལ་གནས་ཏེ། གནས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཐོག་མ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་འགྱུར་བ་མེད་པ་དང་། རྟོག་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་སྣང་བ་མེད་པ་ཡང་མ་ཡིན་
ནོ། །མི་གནས་པའི་ངོ་བོས་འཇིགས་པ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་སྟེ་སྐུ་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་ནི་དེ་བཞིན་གཤེགས་པའི་གཙོ། །ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར་རོ། །དུས་གསུམ་དག་གི་ལམ་དུ་བྱུང་། །དབྱིངས་

གྱུར་པ་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་དུས་སུ་ཐེག་པ་གསུམ་ལ་གནས་ནས་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་ཐུགས་རྗེ་ཆེན་པོའི་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྡུད་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་
ངོ་བོ་ཉིད་ཀྱིས་ནམ་མཁའ་དང་མཉམ་པ་སྟེ་ཐམས་ཅད་དུ་ཁྱབ་པའི་ཕྱིར་དང་། རྟག་ཏུ་གནས་པའི་ཡང་ཕྱིར་ནམ་མཁའི་ལམ་མོ། །ད་ནི་རིགས་གསུམ་གྱི་དབྱེ་བས། རང་གི་དོན་ཕུན་སུམ་ཚོགས་པ་ལ་བསྟོད་པ་གསུངས་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་བསྟོད་པ་
གསུངས་པ། ནམ་མཁའི་སྐུ་ལས་ཡང་དག་བྱུང་། །ཞེས་བྱ་བ་ནི། ནམ་མཁའ་བཞིན་དུ་བརྟགས་པའི་སྙིང་པོས་སྐུའི་སྒོ་ནས་ཐམས་ཅད་དུ་སྤྲུལ་པ་བསྟན་པའི་ཕྱིར་རོ། །ནམ་མཁའི་གསུང་ནི་རབ་སྟོན་པ། །ཞེས་བྱ་བ་ནི། ཞེན་པ་མེད་པའི་དོན་གསལ་བར་བྱེད་པའི་ཕྱིར་
རོ། །རྣམ་པར་མི་རྟོག་པའི་རོ་གཅིག་པ་ཉིད་ཀྱིས་རྟག་ཏུ་ཐམས་ཅད་ལ་ཞེན་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུའི་ཐུགས་ཏེ་ཆོས་ཀྱི་མཆོག་གོ། །སྤྱོད་པའི་གནས་ལ་ཕྱག་འཚལ་བསྟོད་པའོ། །འདིས་ནི་རྣམ་པར་མི་རྟོག་པའི་སྤྱོད་པ་སྔོན་དུ་སོང་བ་ཉིད་གཉིས་སུ་མེད་པའི་དངོས་གྲུབ་
བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་ཀུན་ནས་སྤྱོད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རབ་ཏུ་སྤྱོད་པ་རྣམས་ལ་རྗེས་སུ་བསྒྲུབ་པའོ། །གང་ཡང་གསུངས་པ། སེམས་ཅན་ཀུན་ལ་གང་སྤྱོད་པ། །ཀུན་དུ་སྤྱོད་པ་ཞེས་བཤད་དོ། །ཞེས་སོ། །
དེ་རྟོགས་པར་བྱེད་པའི་ཕྱིར་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལེའུ་ལྔ་པའི་བཤད་པའོ།། །།དེ་ལྟར་རྣམ་པར་མི་རྟོག་པའི་སྤྱོད་པ་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་
རིམ་པས་ལྷའི་རྣལ་འབྱོར་རྫོགས་པའི་རྣལ་འབྱོར་པས་ཐུགས་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་ལ་སོགས་པ་བྱིན་གྱིས་བརླབས་པའི་དོན་དུ་མི་བསྐྱོད་པ་ལ་སོགས་པའི་ཏིང་ངེ་འཛིན་ལ་དམིགས་ནས་བྱ་

ཞེས་བསྟན་པའི་དུས་སུ། མི་བསྐྱོད་པ་ལ་སོགས་པའི་སྒྲས་སྟོན་པ་པོ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་མི་བསྐྱོད་པའོ། །དེ་ནི་གསང་བའི་རྡོ་རྗེ་སྟེ། ཐུགས་རྡོ་རྗེའི་གཟུགས་ཅན་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་
པར་ཞུགས་ནས། ཐུགས་རྡོ་རྗེ་ལ་སོགས་པ་བྱིན་གྱིས་རློབ་པའོ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་རྫོགས་པ་ལ་ཐུགས་རྡོ་རྗེ་བརྟན་པར་བསྐྱེད་པའི་ཕྱིར་རོ། །དེ་ལྟར་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །རྡུལ་དང་བྲལ་བའི་གནས་ནི་བག་ཆགས་དང་
བཅས་པའི་ཉོན་མོངས་པའི་དྲི་མ་སྤངས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་རྣམ་པར་སྣང་མཛད་དོ། །དེ་ཉིད་རྡོ་རྗེ་སྟེ་སྐུ་རྡོ་རྗེའི་ངོ་བོ་གང་ལ་ཡོད་པ་དེ་ལ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞེས་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་མི་གཉིས་པ་ནི་སོ་སོར་རྟོག་
པའི་ཡེ་ཤེས་ཀྱི་ངོ་བོ་ཐ་མི་དད་པ་སྣང་བ་མཐའ་ཡས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་རྡོ་རྗེ་སྟེ་གསུང་རྡོ་རྗེའི་ངོ་བོ་གང་ལ་ཡོད་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་བཞིན་གཤེགས་པ་ལས་བྱུང་བས་དེ་བཞིན་གཤེགས་པའོ། །
གསང་བ་ནི་རིགས་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་སྦ་བར་བྱའོ། །གནས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམས་ཀྱི་ཡང་དག་པར་བརྟེན་པ་ཡིན་པའི་ཕྱིར་རོ། །གནས་ཀྱི་རྣམ་པར་བསྒོམ་པར་བྱ་བ་ལ། གནས་ནི་ས་བོན་གྱི་ཡེ་ཤེས་སོ། །རྣམ་པར་སྒོམ་པ་ནི་བསྐྱེད་པ་སྟེ།
གང་ལ་དེ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་བྱ་བའི་ཁྱད་པར་ཏེ། ས་བོན་གྱི་ཡི་གེ་ལས་རྫོགས་པ་ཡིན་པས་ཇི་ལྟ་བ་བཞིན་དུ་རང་སྐྱེད་པར་བྱེད་དེ་བྱིན་གྱིས་བརླབ་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིའི་ཞེས་བྱ་བ་ནི་གསུངས་མ་ཐག་པས་ཐུགས་ལ་སོགས་པའི་བྱིན་གྱིས་རློབ་པའི་སྔགས་
ཀྱིས་སོ། །ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན་གསུངས་པ། སྔགས་ཀྱི་མཚན་ཉིད་ཀྱིས་ནི་ཤིན་ཏུ་མཚོན་བྱས་ལ། །ཞེས་བྱ་བ་སྟེ་ལམ་ངན་པ་ཐམས་ཅད་ལས་ཡིད་སྐྱོབ་པར་བྱེད་པས་ན་སྔགས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་མཚན་ཉིད་ནི་གཟུང་བ་ལ་སོགས་པ་དང་བྲལ་

བའོ། །དེས་མཚོན་པ་ནི་ལྡན་པའོ། །ཡང་ན་སྔགས་ནི་དེ་རྣམས་ཀྱི་ཡི་གེ་ཧཱུཾ་ལ་སོགས་པ་ས་བོན་གྱི་ཡི་གེ་སྟེ་སྔགས་ཉིད་མཚན་ཉིད་དེ། དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །འདི་ལྟར་རྒྱུ་དང་དཔྱོད་པ་དང་བྲལ་བའི་ཕྱིར་དངོས་པོ་འདི་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་བྱ་སྟེ་ཧཱུཾ་ངོ་། །
ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཨའོ། །ཐོག་མ་ནས་ཞི་བའི་ཕྱིར་དང་། སྐྱེ་བས་སྟོང་པ་དེས་ཆོས་ཐམས་ཅད་དང་འཆི་བ་དང་བྲལ་བ་ནི་ཨོཾ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །ཁ་ཅིག་ནི་ཐུགས་ཀར་ཟླ་བ་ལ་གནས་པའི་མཚན་མ་ལ་གནས་པའི་
ས་བོན་གྱི་མཚན་མ་ཞེས་ཟེར་རོ། །ཐུགས་རྡོ་རྗེ་ལ་སོགས་པ་རྫོགས་པ་རྣམས་ཀྱི་དབང་བསྐུར་བའི་རྗེས་ལ་ཇི་ལྟ་བ་བཞིན་རང་སྣང་བའི་རིག་མ་བསྐྱེད་པ་དང་། ལྷན་ཅིག་གཉིས་སུ་མེད་པའི་སྙོམས་པར་འཇུག་པའི་སྒོ་ནས་གསང་བའི་མཆོད་པ་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་
བ་ལ་སོགས་པ་ལ། སྒྲོན་མ་ནི་འདིས་གསལ་བར་བྱེད་པས་ན་སྒྲོན་མའོ། །ཡེ་ཤེས་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཚན་ཉིད་དེ་ཡེ་ཤེས་སྒྲོན་མའོ། །དེ་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །གང་ལ་ཏིང་ངེ་འཛིན་ཡོད་པ་དེ་ལ་སྙོམས་པར་འཇུག་པ་ནི་ཐབས་དང་ཤེས་རབ་གཉིས་སུ་
མེད་པའི་སྙོམས་པར་འཇུག་པ་བྱས་ནས་ཞེས་བྱ་བའི་དོན་ཏོ། །ཕྱིའི་མཆོད་པ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཆོ་ག་བཞིན་དུ་མཆོད། །ཅེས་བྱ་བ་ནི་འདིའི་ཆོ་ག་ནི་པདྨའི་ནང་དུ་རང་གི་
ས་བོན་གྱི་འོད་ཀྱིས་བཀུག་པ་ལ་སོགས་པའི་ཀུན་དུ་བཟང་པོའི་སྒྲུབ་ཐབས་ཀྱི་ཆོ་ག་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཡང་ན་མཆོད་པ་དང་མཆོད་པར་བྱ་བ་དང་། མཆོད་པར་བྱེད་པའི་མངོན་པར་ཞེན་པ་མེད་པས་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་ཡང་གསུངས་
པ། དགོངས་པ་ལུང་བསྟན་པ་ལས། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱའི་ཆོས་རྣམས་ཏེ། །རང་བཞིན་མེད་པར་བྱས་ནས་ཀྱང་། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །དཔལ་སྣང་བ་རྡོ་རྗེ་འཆར་བ་ལས་ཀྱང་གསུངས་པ། ཇི་སྲིད་གཟུགས་

ལ་ལོངས་སྤྱོད་པ། །གཟུགས་བརྙན་ཆོས་ཀྱི་གོ་འཕང་གནས། །ཇི་སྲིད་སྒྲ་ལ་ལོངས་སྤྱོད་པ། །སྒྲ་བརྙན་གོ་འཕང་ལ་གནས་བྱ། །ཇི་སྲིད་དྲི་ལ་ལོངས་སྤྱོད་པ། །སྒྱུ་མའི་ཆོས་ཀྱི་གོ་འཕང་གནས། །ཇི་སྲིད་རོ་ལ་ལོངས་སྤྱོད་པ། །ཤེས་རབ་ཡེ་ཤེས་གོ་འཕང་
གནས། །ཇི་སྲིད་རེག་ལ་ལོངས་སྤྱོད་པ། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་གནས། །ཞེས་སོ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་ལ་སོགས་པ་དང་། ཕྱིའི་མེ་ཏོག་དང་སྤོས་ལ་སོགས་པ་རྣམས་ཀྱིའོ། །འདིས་ནི་འདི་སྐད་གསུངས་པ་ཡིན་ཏེ། སྦྱོར་བ་དང་
པོ་ཙམ་སྒོམ་པ་པོས་ཀྱང་གསང་བ་དང་། །ཅིག་ཤོས་ཀྱི་མཆོད་པ་བྱས་ནས་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་གསུམ་གྱི་སྔགས་ཀྱི་གསང་བ་ཉེ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ལ་དམིགས་པ་ནི་གཏད་པ་སྟེ། དེ་ཁོ་ན་ཉིད་
སྤྱོད་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །སྔགས་ནི་སྔགས་ཞེས་བྱ་བར་བརྗོད། །དེ་ཉིད་བསྐུལ་བར་སྨྲ་བའོ། །ཞེས་བྱ་བའི་ཚིག་ལས་སོ། །དཔལ་བདེ་བ་རྟོགས་པ་ལས་ཀྱང་གསུངས་པ། མ་སྐྱེས་པ་དང་སྣང་བ་མེད། །མཚོན་བྱ་མཚན་ཉིད་རྣམ་པར་སྤངས། །གསང་བའི་དོན་ནི་
རྟོགས་བྱེད་པས། །འདིས་ན་སྔགས་ཞེས་བྱ་བར་བརྗོད། །ཅེས་སོ། །སྔགས་ལ་དམིགས་པ་ཇི་ལྟར་ཡིན་པ་དེ་བཞིན་དུ་ལུས་དང་ངག་དང་ཡིད་ལ་ཞེས་རྐྱེན་འཁྲུགས་པས་གསུམ་པའི་དོན་ལ་བདུན་པ་སྟེ་ཡིད་ཀྱིས་ཀྱང་ངོ་། །སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོས་ལུས་ལ་སོགས་པའི་དྲན་པས་
རྣམ་པར་གཞག་པའོ། །བསྒྲུབ་པར་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ་དངོས་གྲུབ་རབ་མཆོག་གོ། །ཡིད་ནི་དགའ་ཞིང་མགུ་བ་ཡིས། །ཞེས་པ་ནི་མངོན་པར་འདོད་པའོ། །དེས་ན་དེའི་རྗེས་སུ་དྲན་པ་མངོན་པར་བྱ་བ་དེའི་ཕྱིར་འདི་གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ།
སེམས་པ་དམིགས་པ་ནི་གཟུང་བ་ལ་སོགས་པས་སྟོང་པ་ཉིད་རང་རིག་པ་ཙམ་དུའོ། །སེམས་ལ་དམིགས་པ་བཞིན་བདག་མེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་ཡིན་ཞེ་ན་གསུངས་པ། ངག་དང་ལུས་ཀྱང་རྣམ་པར་བསྒོམ་པའོ། །དབྱིབས་ལ་སོགས་པ་མེད་

པའི་ཕྱིར་ངག་དང་ལུས་ཀྱང་རང་རིག་པ་ཙམ་གྱི་ངོ་བོའོ། །ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་དེ་བཞིན་ཉིད་དེའི་བདག་ཉིད་ཡིན་པའི་ཕྱིར་དེ་ལ་བརྟེན་པའོ། །དེའི་ཕྱིར་སྦྱོར་བ་རྣམ་པ་གསུམ་བསྒྲུབ་པར་བྱ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་
ཡང་དག་པར་སྦྱོར་བ་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད་དོ། །འདི་ཉིད་རིག་པས་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ལུས་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་ལུས་ལ་སོགས་པ་སྐུ་རྡོ་རྗེ་ལ་སོགས་པའི་ངོ་བོར་བརྟགས་པའི་རང་བཞིན་སྐུ་ལ་སོགས་པའི་རང་བཞིན་དེ་ཁོ་ན་ཉིད་མ་
ཡིན་ནོ། །དེའི་ཕྱིར་སྔགས་ཀྱི་ལུས་སུ་སྦྱོར་བ་ལ། བྱང་ཆུབ་མེད་ཅིང་སྒོམ་པ་མེད་པ་སྟེ། སྐུ་དང་ལྡན་པས་མཆོག་ཏུ་སྦྱོར་བ་ནི་སྐུའི་སྦྱོར་བ་སྟེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །གསང་སྔགས་ནི་ཧཱུཾ་ཡིག་ལ་སོགས་པ་བྱས་པའི་ལུས་སུ་སྦྱོར་བས་ཏེ་དེའི་ངོ་བོས་བྱང་ཆུབ་པ་མ་ཡིན་
ཏེ། བྱང་ཆུབ་ནི་རྟོག་པ་ཐམས་ཅད་ཟད་པའི་ཕྱིར་རོ། །དེ་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལས། །དེ་ནི་གཟུགས་ཅན་མ་ཡིན་གཟུགས་མེད་མིན། །བདེན་པ་མ་ཡིན་བརྫུན་མིན་མི་གཙང་མིན། །འདི་ནི་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཏེ། །འདི་རྟོགས་པ་ལས་རྒྱལ་བར་འགྱུར་བ་
ཡིན། །ཞེས་སོ། །ཡང་གསུངས་པ། འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་ཉེས་དྲི་བྲལ། །བཟུང་འཛིན་མེད་པའི་སེམས་དཔའ་མཆོག །དེ་ཉིད་མྱང་འདས་གོ་འཕང་བརྗོད། །ཅེས་སོ། །དེས་ན་སྒོམ་པ་ཡང་དོན་དམ་པ་ཡོད་པ་མ་ཡིན་པ་དེས་ན་
འབྲས་བུ་ལ་དམིགས་པ་བསལ་བ་ཟིན་ནོ། །མཇུག་བསྡུ་བ་གསུངས་པ། རྣམ་པར་སྤྱད་ཅེས་བྱ་བ་ལ་སོགས་པ་ལ། གསུངས་མ་ཐག་པའི་ལུས་ལ་སོགས་པའི་མཚན་ཉིད་རྟོག་པ་ལ་གནས་ཏེ། སྒྱུ་མ་ལྟ་བུར་མོས་པ་བྱས་ནས། ཆོ་ག་བཞིན་དུ་ཐབས་དང་ཤེས་རབ་གཉིས་སུ་
མེད་པའོ། །སྔགས་ཀྱིས་བརྟགས་པའི་ཏིང་ངེ་འཛིན་ནི་སྔགས་ལས་བྱུང་བར་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ། །ཡང་ན། སྔགས་ལ་དམིགས་པའི་ལུས་ཞེས་བྱ་བ་ནི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་སོ། །ངག་ཅེས་བྱ་བ་ནི། རྡོ་རྗེ་

ཐུགས་འཛིན་ཞེས་བྱ་བ་ལ་སོགས་པ་ཡང་དག་པར་བསྐུལ་བའི་གསུང་ངོ་། །ཡིད་ལ་བསྐུལ་བ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཡང་དག་པར་བསྐུལ་བའོ། །དེས་ཀྱང་བྱིན་གྱིས་བརླབས་ནས་བྱང་ཆུབ་སྒྲུབ་པར་བྱེད་དོ། །དེ་ལྟ་ན་ཡང་བློ་ཡིས་
ཐ་དད་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཡང་དག་པར་རིག་པ་ནི་དམིགས་པ་གང་ཡིན་པ་སྟེ། གསུངས་མ་ཐག་པའི་རིམ་པས་དམིགས་པའོ། །དེའི་ངོ་བོ་ནི་བདག་མེད་པའོ། །དེའི་རྗེས་ལ་ངག་གི་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པའི་
སྔགས་སོ། །ལུས་ཀྱང་རྣམ་པར་སྒོམ་ཞེས་བྱ་བ་ནི། ལུས་ཀྱི་རྣམ་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་བསྒོམ་པ་སྟེ་བྱིན་གྱིས་བརླབ་ཅིང་བསྐྱེད་པར་བྱའོ། །སྦྱོར་བ་རྣམ་གསུམ་བསྒྲུབ་པར་བྱ། །ཞེས་བྱ་བ་ནི། སྐུ་ལ་སོགས་པ་ཐབས་དང་ཤེས་རབ་ཏུ་སྦྱོར་བའོ། །ནམ་མཁའ་
བཞིན་དུ་མཉམ་པའི་ངོ་བོར་རོ། །གང་ལ་ལུས་ལ་སོགས་པ་དམིགས་པ་སྟེ། རྟག་པའི་རང་བཞིན་མི་དམིགས་པའོ། །དེ་བས་ན་སྔགས་ཀྱི་ལུས་སུ་སྦྱོར་བ་ནི་ཐ་མི་དད་པའི་རྒྱུར་གྱུར་པའོ། །བྱང་ཆུབ་མེད་ཅིང་སྒོམ་པ་མེད་པ་ནི་དེའི་རང་བཞིན་ཉིད་དུ་གྱུར་ཞེས་བྱ་བར་དགོངས་སོ། །
སྔགས་ཀྱིས་བརྟགས་པ་ཞེས་བྱ་བ་ནི། གསུངས་མ་ཐག་པའི་རྣམ་པས། སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ། །ཞེས་བྱ་བར་ཁ་ཅིག་འཆད་དེ། དེ་ལྟར་ན་འདིའི་དོན་ནི་ལན་གཉིས་སུ་བཟླས་པར་འགྱུར་ཏེ། གང་གི་ཕྱིར་འདིའི་དོན་བཅུ་པ་ལས། རང་སྔགས་སྐྱེས་བུ་བསྒོམས་
པ་ཡིས། །ཞེས་བྱ་བས་དྲག་ཤུལ་སྒྲུབ་པར་བྱེད་པ་ཞེས་བྱ་བས་འཆད་པ་ན་སྟོན་ཏོ། །ཕྲ་མོའི་རྣལ་འབྱོར་བསྒོམས་པས་སེམས་བརྟན་ཅིང་ཏིང་ངེ་འཛིན་ཐམས་ཅད་མཉམ་པར་གསལ་བར་གྱུར་པའི་ཕྱིར་ལེའུ་གསུམ་པ་ལས་གསུངས་པའི་ཕྲ་མོའི་རྣལ་འབྱོར་སྒོམ་པའི་རིམ་པ་
གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པའི་ཚིག་ལྔས་བཅོམ་ལྡན་འདས་ཡེ་ཤེས་ལྔའི་བདག་ཉིད་དུ་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ནི་ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་གི་དབུས་ཀྱི་

གདན་ལ་གནས་པའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། སངས་རྒྱས་རྡོ་རྗེ་འཛིན་པར་གསུངས། །ཞེས་ཚིག་གསུངས་པས་སོ། །ཕྲ་མོའི་རྣལ་འབྱོར་ཞེས་བྱ་བ་ནི་རིགས་པ་མ་ཡིན་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཡུངས་ཀར་ཞེས་བྱ་བ་ནི་དེ་
ཙམ་གྱི་ཐིག་ལེའོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཞེས་བྱ་བ་ནི་བརྟན་པ་དང་གཡོ་བའི་བདག་ཉིད་རྡོ་རྗེ་འཛིན་པའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། བསྒོམ་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་གནས་ནི་ས་བོན་གྱི་ཡི་གེ་སྟེ།
ས་བོན་ཡི་གེ་གནས་ཞེས་བཤད། །ཅེས་བྱ་བའི་ཚིག་ལས་སོ། །དེ་ཉིད་ཉམས་དགའ་བ་སྟེ་རྣམ་པ་ཐམས་ཅད་ཀྱི་མཆོག་ལྡན་པའོ། །གསང་བའི་རྡོ་རྗེ་འཛིན་པར་སྒོམ་པ་སྟེ་ལྷག་པའི་ལྷ་ནི་གསང་ཆེན་ཏེ་ཞེས་བྱ་བའི་ཚིག་ལས་སོ། །ཡེ་ཤེས་ཀྱིས་བརྟགས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་
སེམས་ལས་ཡང་དག་པར་བྱུང་བའི་ཕྱིར་རོ། །འདི་སྐད་བསྟན་པ་ཡིན་ཏེ། སྙིང་གའི་ས་བོན་ལས་བྱུང་བའི་སངས་རྒྱས་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྫོགས་པའི་སངས་རྒྱས་སུ་བྱས་ནས་རང་ལ་འགྲོ་བ་མ་ལུས་པ་བཅུག་སྟེ། ཟླ་བ་ཞུ་བའི་ངོ་བོ་ཉིད་ཀྱིས་རིག་མའི་པདྨའི་ནང་དུ་གཞུག་པར་
བྱས་ལ། དེའི་པདྨའི་སྣའི་རྩེ་མོར་རིན་པོ་ཆེ་ཁ་དོག་སྣ་ལྔ་པ་དང་མཚུངས་པའི་ཐིག་ལེ་ཡུངས་ཀར་ཙམ་གྱི་ནང་དུ་གཅིག་པུ་འམ། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ས་བོན་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོ་དགའ་བ་བསྐྱེད་པའི་ཆོ་གས་གནས་པར་བསྒོམ་པར་བྱ་ཞེས་བྱའོ། །ལྷ་ཐམས་
ཅད་སྒོམ་པའི་རྣལ་འབྱོར་པས་མངོན་པའི་དགའ་བའི་ཐིག་ལེ་རང་གི་མཚན་མའི་ནང་དུ་བསམ་པར་བྱ་ཞེས་ཁ་ཅིག་ཟེར་རོ། །ད་ནི་རིགས་ཀྱི་དབྱེ་བས་ཕྲ་མོའི་རྣལ་འབྱོར་བསྟན་པའི་ཕྱིར་རེ་ཞིག་ལྷའི་རྣལ་འབྱོར་གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་
གཟུགས་ནི་རྣམ་བསྒོམས་ནས། །དེ་ཡི་སྟེང་དུ་གནས་གཞག་གོ། །ཞེས་བྱ་བ་ནི་ལྷ་མོའི་གླུས་བསྐུལ་བའི་རྗེས་ཐོགས་ལ་མི་བསྐྱོད་པའི་ས་བོན་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའི་ཡང་ས་བོན་དེ་ཉིད་དོ། །གང་ཡང་གསུངས་པ་བཅོ་ལྔ་པ་ལས། ཧཱུཾ་ནི་རབ་ཏུ་འབར་

དང་བཅས། །རྡོ་རྗེ་འབར་བ་རབ་ཏུ་བསྒོམ། །ཕྱག་ན་རྡོ་རྗེའི་རིགས་ལ་ནི། །གདུག་པ་ཐམས་ཅད་འཇིགས་པར་བཤད། །ཅེས་གསུངས་སོ། །འདི་ནི་ཉེ་བར་མཚོན་པ་སྟེ་ཐམས་ཅད་རང་གི་གདན་ལ་གནས་པའི་རང་གི་ས་བོན་བལྟ་བར་བྱའོ། །འཁོར་ལོའི་དཀྱིལ་
འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །སྤྱན་གྱི་ཚུལ་དུ་སྦྱོར་བ་ལ། །ཞེས་བྱ་བ་ནི་ཁ་དོག་དང་མཚན་མ་ལ་སོགས་པ་རྣམས་ཀྱིས་སྤྱན་གྱི་རྗེས་སུ་འབྲངས་ནས་རང་སྣང་བ་དང་ཡང་དག་པར་ལྡན་པའི་བདག་ཉིད་བསྒོམ་པར་བྱའོ། །སྦྱོར་བ་རྟོགས་པར་བྱ་བའི་ཕྱིར་
གསུངས་པ། རྡོ་རྗེ་པདྨ་རྣམ་པར་བསྒོམ། །ཞེས་པ་ནི་གཡས་གཡོན་དུ་གནས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ནི་སྔ་མ་དང་ཕྱི་མ་གཉིས་ཀ་ལ་ཡང་སྦྱར་རོ། །དང་པོའི་སྦྱོར་བ་ཞེས་བྱ་བ་ནི། བསྙེན་པ་ལ་སོགས་པ་ནས་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་གྱི་བར་དུའོ། །འདི་
ཡང་སྔ་མ་དང་ཕྱི་མ་གཉིས་ཀར་སྦྱར་རོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་བྱ་བ་ནི་དམར་པོ་དྲི་མ་མེད་པ་སྟེ། འདི་ཡང་ལྷ་ཐམས་ཅད་ཀྱི་རང་གི་ཁ་དོག་ཉེ་བར་མཚོན་པའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རོ། །སངས་རྒྱས་གོ་འཕང་
སྤྲོ་ཞེས་བྱ་བ་ནི། རང་སྣང་བའི་ཆུ་སྐྱེས་སུ་དཀྱིལ་འཁོར་སྤྲུལ་ཞེས་བྱ་བའི་དོན་དུ་ཆོ་ག་བཞིན་དུ་སངས་རྒྱས་རྣམས་ས་བོན་ལས་བསྐྱེད་པར་བྱའོ། །ཞི་བ་ཞེས་བྱ་བ་ནི་ཟླ་བ་ཞུ་བ་ལས་ཡང་དག་པར་བྱུང་བའི་ཕྱིར་རོ། །འཁོར་ནི་ཁྱད་པར་ཞེས་བྱ་བ་ནི། ས་བོན་དེ་ལས་དཀྱིལ་
འཁོར་པ་མཐའ་དག་གི་ལྷའི་གཟུགས་ཡོངས་སུ་གྱུར་པ་བསྒོམ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་སྔ་མ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་དང་པོའི་སྦྱོར་བ་རྣམ་པར་བསྒོམ་པར་བྱས་ནས། དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་པ་སྔོན་དུ་སོང་བས་ཕྲ་མོའི་རྣལ་འབྱོར་བསྒོམ་
པར་བྱ་བ་གསུངས་པ། སྔོན་པོ་ཞེས་བྱ་བ་ལ་སོགས་པ་ལ། ནས་ཀྱི་འབྲུ་ཙམ་ཞེས་བྱ་བ་ནི་ཆུ་ཞེང་ནས་ཀྱི་ཚད་དོ། །འཁོར་ལོ་ལ་སོགས་པ་ཁྱད་པར་དུ་ཞེས་བྱ་བ་ནི། མཚན་མ་ཟླུམ་པོ་རྣམས་པདྨ་དང་འདྲ་བར་བལྟ་བར་བྱ་སྟེ། རིང་པོ་རྣམས་ནི་རྡོ་རྗེ་བཞིན་ནོ། །འབྲས་བུ་གསུངས་པ།

དངོས་གྲུབ་ནི་བྱང་ཆུབ་ཀྱི་རྒྱུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའོ། །དེ་ཇི་ལྟ་བུར་གྱུར་པ་ཡིན་ཞེ་ན་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེ་ཉིད་ཡོན་ཏན་ཏེ་གོམས་པར་བྱ་བའི་ཕྱིར་རོ། །དེ་རྣམས་
ཀྱི་གཞི་ནི་གནས་སོ། །དེ་བསྒོམས་པའི་སྟོབས་ལས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལས། དེ་ལ་སོགས་པ་གང་ཅུང་ཟད། །མཉམ་པར་གཞག་པས་བསྒོམ་པར་བྱ། །དེ་དག་ཐམས་ཅད་བརྟན་པ་ཡིན། །ཏིང་ངེ་འཛིན་ཡེ་
ཤེས་ཀྱིས་བརྟགས་པའོ་ཞེས་སོ། །སྤྲོ་ཞེས་བྱ་བ་ལ་སོགས་པས་ནི་མཚན་མ་ཕྲ་མོའི་ནང་དུ་དཀྱིལ་འཁོར་བསྒོམ་པར་བྱ་བར་སྟོན་ཏོ། །ཆོས་ཀྱི་གནས་རྣམས་རབ་ཏུ་སྤྲོ། །ཞེས་པ་ནི་ཆོས་ཐམས་ཅད་དེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དོ། །གནས་ནི་རྟེན་ཏོ། །གང་གི་
དེ་བཞིན་གཤེགས་པ་ལ་སོགས་པའི་ཚིག་འབྱིན་པ་སྟེ་སྤྲོ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་བརྟན་པའི་མཚན་མ་ཐོབ་ནས་དེའི་འོད་ཟེར་ལས་སྤྲུལ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་སྤྲོ་བར་བྱ་ཞེས་བྱ་བའོ། །ད་ནི་ཕྲ་མོའི་
རྣལ་འབྱོར་གྱི་སྔོན་དུ་བསྙེན་པ་ལ་འཇུག་པའི་ཆོ་ག་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་དེ་ཉིད་དོན་སྟོན་པ། །ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ། །སྤྱོད་པ་ཀུན་མཆོག་རྫོགས་སངས་རྒྱས། །ཞེས་བྱ་བ་ནི། སྤྱོད་པ་ཐམས་
ཅད་ཀྱི་མཆོག་ཏུ་གྱུར་པ་ནི་སྔགས་ཀྱི་སྤྱོད་པའོ། །དེས་རྫོགས་སངས་རྒྱས་ཏེ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བྱེད་པའོ། འདིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་སྙིང་རྗེ་དང་ཤེས་རབ་དང་ལྡན་པའི་བཅོམ་ལྡན་འདས་བསྟན་ཏོ། །དེ་སྟོན་པ་ནི་ཕྱིན་ཅི་མ་ལོག་
པ་ཉིད་ཡིན་པར་སྟོན་ཏོ། །གཟུགས་དང་སྒྲ་དང་རོར་ལྡན་པ། །ཞེས་བྱ་བ་ནི་རྣལ་འབྱོར་དང་རྗེས་སུ་མཐུན་པ་ཇི་ལྟར་རྙེད་པའི་ཡུལ་གྱིས་ཆོ་ག་བཞིན་དུ་མཆོད་པའོ། །ཤེས་རབ་ཅན་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་རིག་པས་སོ། །གསང་བའི་དེ་ཁོ་ན་ཉིད་མཆོད་ཆེན་གྱི་ཞེས་བྱ་བ་ནི།

རིགས་གསུམ་གྱི་སྤྱན་ལ་སོགས་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་གསང་བའི་མཆོད་པ་བྱས་ནས་བསྒོམ་པར་བྱ་ཞེས་བྱའོ། །དེ་ཡང་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལས། སྐུ་ནི་སྐུ་ཡི་རང་བཞིན་དང་། །ཐུགས་ནི་ཐུགས་ཀྱི་རང་བཞིན་དང་། །གསུང་ནི་གསུང་གི་རང་
བཞིན་གྱིས། །མཆོད་པས་མཆོད་པ་ཐོབ་པ་ཡིན། །ཞེས་སོ། །དངོས་གྲུབ་འབྲས་བུ་ཐོབ་པ་ཡིས། །ཞེས་བྱ་བ་ནི་དངོས་གྲུབ་འབྲས་བུ་དོན་དུ་གཉེར་བའོ། །ཤ་ཡང་ཁ་ཟས་དོན་དུ་གཉེར། །ཞེས་བྱ་བ་ནི་ལུས་འཚོ་བར་བྱ་བའི་དོན་དུ་སྟེ། ཇི་སྐད་གསུངས་པའི་ཤ་ལ་སོགས་པ་ཆོ་ག་བཞིན་
དུ་ཉེ་བར་ལོངས་སྤྱོད་པའོ། །ཟས་གཞན་དག་ནི་བཟའ་མི་བྱ། །ཞེས་བྱ་བ་ནི་བཟའ་བར་བྱ་བ་ཐམས་ཅད་དེར་མོས་པ་ཉིད་ཀྱིས་བཟའ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་མིག་ལ་སོགས་པ་རྣམས་ཀྱིས་ལེན་ཅིང་འཛིན་པས་ཟས་ཏེ་ཡུལ་ལོ། །དེ་རྣམས་ཀྱི་བྱ་བ་བྱེད་པ་ནི་ཉེ་བར་ལེན་པ་དང་
ཁས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གྱི་སྒྲ་ནི། འདིར་ལྡོག་པར་བྱ་བའི་ཐ་ཚིག་གོ། །ཡུལ་ལ་མངོན་པར་ཞེན་པ་ཟློག་པར་བྱེད་པའོ། །ཤ་ཆེན་དག་ནི་རབ་བརྟགས་ནས། །ཞེས་བྱ་བ་ནི། གང་ཟག་དང་ཆོས་ལ་བདག་མེད་པར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་
གསུངས་པ། ཟས་གཞན་དག་ནི་བཟའ་མི་བྱ། །ཞེས་བྱ་བ་ལ། ནིའི་སྒྲ་ནི་རྒྱུ་སྟེ། གང་གི་ཕྱིར་བདག་མེད་པ་ལས་གཞན་གྱིས་དམིགས་པ་ལ་ཆགས་པ་དང་བྲལ་བར་བྱ་བ་མ་ཡིན་ཏེ། དེས་ན་འདིར་བདག་མེད་པ་ཉིད་བསྒོམ་པར་བྱའོ། །དེ་ཉིད་རྡོ་རྗེ་རྩེ་མོ་ལས། ཆོས་དང་གང་ཟག་བདག་མེད་
པ། །འདུས་བྱས་རྣམས་ནི་འཁྲུལ་པ་ཙམ། །བློ་དང་ལྡན་པས་སོ་སོར་རྟོགས། །འདུས་བྱས་ཐམས་ཅད་ལ་མི་རྨོངས། །ཞེས་སོ། །ཡང་གསུངས་པ། བདེ་བ་དམ་པ་རྟོགས་པ་ལས། །གང་ཞིག་དངོས་པོ་ཐམས་ཅད་ཉམས། །ཤ་ཞེས་རབ་ཏུ་བསྟན་པ་ཡིན། །དམིགས་པ་
མེད་པའི་སྦྱོར་བ་ཡིས། །བཟའ་བ་ཉིད་དུ་བརྗོད་པར་བྱ། །ཞེས་སོ། །སངས་རྒྱས་རྣམས་ནི་མཉེས་པར་འགྱུར། །ཞེས་བྱ་བ་ནི་དེའི་བཀའ་ལ་ཡང་དག་པར་གནས་པའི་ཕྱིར་རོ། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་མཚན་ཉིད་ཀྱིས་སོ། །

མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། །ཞེས་བྱ་བ་ནི་སེམས་དབང་དུ་བྱས་པ་ལ་ཏིང་ངེ་འཛིན་སྐྱེད་པ་ལ་ནུས་པ་ཐོབ་པའི་ཕྱིར་རོ། །འདོད་ཁམས་དབང་ཕྱུག་འཇིག་རྟེན་ན། །ཞེས་བྱ་བ་ནི། དམྱལ་བ་ཡི་དགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་རིགས་དྲུག །འདོད་པའི་ཁམས་
སོ། །དེ་ལ་འདོད་པའི་ཁམས་དབང་ཕྱུག་ནི་གཙོ་བོ་སྟེ། ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འདོད་པ་ལས་རྒྱལ་ནས་སེམས་ཅན་གྱི་དོན་ལ་རབ་ཏུ་གནས་པའི་ཕྱིར་རོ། །གོ་འཕང་ལས་ནི་བྱེད་པར་འགྱུར། །ཞེས་བྱ་ལ་གོ་འཕང་ནི་ཡེ་ཤེས་ཀྱི་ཞི་བ་ལ་སོགས་
པའི་དོན་དུ་ལས་ཐམས་ཅད་བྱེད་དེ། སེམས་བརྟན་པའི་ཕྱིར་ཡིད་ཙམ་གྱིས་ཐམས་ཅད་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལུས་ངག་སེམས་ལས་འདའ་བའོ། །ཞེས་བྱ་བ་ནི། སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཐོབ་ནས་ཐ་མལ་པའི་ལུས་ལ་སོགས་པ་ལས་འདའ་བར་བྱེད་དོ་ཞེས་བྱ་བར་འབྲེལ་ཏོ། །
དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བ་བྱིན་པས་མཛད་པ་ལས་ལེའུ་དྲུག་པའི་བཤད་པའོ།། །།བྱ་བ་དང་ལྡན་པ་ཉིད་བསྒོམས་པ་ལས་འབྲས་བུ་ཕུན་སུམ་ཚོགས་པར་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པས་སྤྱོད་པའི་ལེའུ་བསྟན་ཏེ། དེ་ཡང་གསུངས་
པ། ཚུལ་ཁྲིམས་ལ་གནས་སྐྱེས་བུ་ཡིས། །ཏིང་འཛིན་ཤེས་རབ་བསྒོམ་པར་བྱ། །སྡོམ་པ་ཡང་དག་བསྲུངས་པ་ཡིས། །མྱུར་དུ་སྡུག་བསྔལ་ཟད་པར་འགྱུར། །ཞེས་སོ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི། རིགས་ལྔའི་བདག་ཉིད་རྡོ་རྗེ་འཛིན་པའོ། །དེའི་སྔགས་
ཀྱི་སྤྱོད་པ་ནི་འདིར་འཇིག་རྟེན་པའི་ལུགས་ཐམས་ཅད་ལས་འདས་པའི་དམ་ཚིག་དང་སྡོམ་པ་ལ་སྤྱོད་པའོ། །གང་ཡང་བཅོ་བརྒྱད་པ་ལས་གསུངས་པ། འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བ། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུངས་པས་ན། །སྔགས་ཀྱི་
སྦྱོང་བ་ཞེས་བཤད་དོ། །ཞེས་སོ། །དེའི་མཆོག་མངོན་པར་བྱང་ཆུབ་པ་ནི་ཡང་དག་པའི་རྗེས་སུ་བསྒྲུབ་པ་རྟོགས་པར་བྱེད་པ་གང་ལ་ཡོད་པའི་ལེའུ་དེ་གསུངས་སོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལའང་། །ཞེས་བྱ་བ་ལ་འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ཏེ་འདོད་པར་

བྱ་བས་ན་འདོད་པ་ཞེས་བྱའོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ནི་ཉམས་སུ་མྱོང་བའི་བྱེ་བྲག་གོ། །དེ་བསྟན་པར་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་ངོ་བོ་རྗེས་སུ་མྱོང་བར་བྱ་བས་སོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ནི་འདོད་པ་ལས་མི་འདའ་བས་སོ། །དེ་
བཞིན་དུ་ཡང་གསུངས་པ། སྣང་བ་རྡོ་རྗེ་འཆར་བ་ལས། །རྟག་ཏུ་རྣལ་འབྱོར་པ་རྣམས་ཀྱིས། །དམ་ཚིག་ལྔ་ནི་བསྟེན་པར་བྱ། །གང་ཞིག་སེམས་དང་མི་མཐུན་པ། །དམ་ཚིག་དེ་ནི་རྣམ་པར་སྤང་། །ཞེས་སོ། །རང་གི་ཕྱིར་མི་འདོད་པ་དམིགས་པ་ལ་སེམས་སྐྱོ་བ་ཡིན་ལ།
སེམས་སྐྱོ་བ་ནི་དེ་ཁོ་ན་ཉིད་རིག་པ་མ་ཡིན་ནོ། །དེ་ཡང་དཔལ་སྣང་བ་རྡོ་རྗེ་འཆར་བ་ལས་གསུངས་པ། དེ་ཡི་བདེ་བ་ཏིང་ངེ་འཛིན། །ཏིང་ངེ་འཛིན་ལས་དོན་བཞིན་རིག །ཅེས་སོ། །དེས་ན་འདི་ཉིད་དུ་འཆད་པར་འགྱུར་ཏེ། ལུས་ངག་སེམས་ནི་བདེར་གནས་ན། །བྱང་ཆུབ་མཐའ་
དག་ཐོབ་པར་འགྱུར། །ཞེས་བྱ་བའོ། །ད་ནི་འདོད་པ་ལ་ཉེ་བར་ལོངས་སྤྱོད་པའི་ཆོ་ག་གསུངས་པ། རང་གི་ལྷའི་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་རྣལ་འབྱོར་གྱི་བདག་དང་གཞན་ཞེས་པ་ནི་དཀྱིལ་འཁོར་པའོ། །རྣལ་འབྱོར་པས་རང་གི་ལྷ་དང་དཀྱིལ་འཁོར་གྱི་འཁོར་ལོ་
ལས་གཞན་མི་རྟོགས་པའོ། །ཡང་ན་གཞན་གྱི་ཕ་རོལ་ཏེ། མཆོད་པར་བྱ་བ་རྣམས་རང་གི་ལྷའི་གཟུགས་སུ་དམིགས་པ་ལས་མཆོད་པར་བྱའོ། །ཟློག་པའི་སྒོ་ནས་གསུངས་པ། དཀའ་ཐུབ་ཅེས་བྱ་བ་ནི་རང་གི་ཤ་གཅོད་པ་ལ་སོགས་པའོ་ཞེས་བྱ་བ་ནི་ལོ་མ་དང་། ནས་དང་། སྲེ་ད་དང་།
ཟླ་བར་སྨྱུང་བའི་ཟས་ལ་སོགས་པ་བྱེད་པའོ། །དཀའ་བ་ཞེས་བྱ་བ་ནི་མེ་ལྔ་དང་བསྣུན་པ་བསྟེན་པ་ལ་སོགས་པ་སྤྱོད་པའོ། །བསྟེན་ཀྱང་གྲུབ་པར་མི་འགྱུར་ཞེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་འདི་ཏིང་ངེ་འཛིན་གྱི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དེ་ཡང་གསུངས་པ། སྡུག་
བསྔལ་གྱིས་ནི་སེམས་གཡེངས་པས། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཞེས་སོ། །སློང་མོ་བཟའ་ཞིང་མི་བཟླ་སྟེ། །སློང་ལ་དགའ་བར་མི་བྱའོ། །ཞེས་བྱ་བ་ནི་གཅིག་ལ་སློང་བ་དང་། དུ་མ་ལ་སློང་བ་འཛིན་པའི་ངེས་པ་རྣལ་འབྱོར་པས་མི་བྱ་སྟེ། ཇི་

ལྟར་རྙེད་པའི་ཁ་ཟས་ཀྱིས་ལུས་འཚོ་བའི་ཆེད་དུ་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ལས་ཐ་མི་དད་པར་འཇུག་པའི་ཡན་ལག་གི་ལུས་རང་གི་ལྷའི་ལུས་སུ་བསྒྱུར་བ་ལས་ཇི་ལྟ་བ་དེ་བཞིན་དུ་བཟླས་པར་བྱ་སྟེ། དངོས་
པོ་ཐམས་ཅད་ཀྱི་རང་བཞིན་དུ་བདག་ཉིད་མོས་པར་བྱ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡན་ལག་བཞིའི་རྣལ་འབྱོར་རྫོགས་པ་དང་ལྡན་པས་གྲོང་གི་ཆོས་མཐའ་དག་མ་སྤངས་པ་སྟེ། ཡན་ལག་མཉམས་པར་བཟླས་ཞེས་བྱའོ། །དུས་མིན་འཆི་བ་ཞེས་བྱ་བ་ནི་ཚེའི་འདུ་བྱེད་
པའི་ལས་མ་བྱས་ཀྱང་ཕུང་པོ་གཞན་ཡོངས་སུ་ལེན་པའོ། །དམྱལ་བས་ངེས་པར་འཚེད་པར་འགྱུར། །ཞེས་བྱ་བ་ནི་ཐབས་མ་ཡིན་པས་འབྲས་བུ་འདོད་པ་དེ་ནི་མི་ཐོབ་སྟེ། དམ་པའི་ཆོས་ལ་སྨད་ན་མནར་མེད་པའི་དམྱལ་བ་ལ་སོགས་པར་འགྲོ་བ་ཉམས་སུ་མྱོང་བར་འགྱུར་རོ། །
ཆོས་མཆོག་མི་གཡོ་མཉེས་པ་དང་། །ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་རྡོ་རྗེ་འཛིན་པ་ཉིད་དོ། །རྡོ་རྗེ་གསུམ་ནི་མི་འགྱུར་བ། །ཞེས་བྱ་བའི་ཚིག་ལས་སོ། །དེ་ཡང་གསུངས་པ། སྡོམ་པ་བླ་མ་ལས། མི་འགྱུར་དགའ་བ་རྡོ་རྗེ་ཅན། །སེམས་ཅན་ཀུན་གྱི་དོན་མཚོན་
པས། །ཞེས་སོ། །མཆོག་ཅེས་བྱ་བ་ནི་རྟག་ཏུ་བདེ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱི་ཡུལ་བསྟེན་པས་དེ་བཞིན་གཤེགས་པ་མཆོད་པ་ཡིན་ཞེ་ན་གསུངས་པ། བསྟེན་པ་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་ཉེ་བར་སྤྱོད་པའི་ཆོ་ག་
བཞིན་དུ་ཡུལ་རྣམས་ལ། ཡེ་ཤེས་དོན་གཉེར་འདོད་ཆགས་ཅན་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའོ། །རྟག་ཏུ་ཞེས་བྱ་བ་ནི་གང་དང་གང་གི་ཚེ་ཡུལ་རྣམས་རྗེས་སུ་བསྟེན་པ་ནའོ། །བྱང་ཆུབ་སེམས་དཔའ་མཉེས་པར་བྱ། །ཞེས་བྱ་བ་ནི་ཕྱི་
དང་ནང་གི་སྐྱེ་མཆེད་རྣམ་པར་དག་པ་གྲུབ་པ་རྣམས་ཏེ་རྒྱལ་བའི་སྲས་པོ་རྣམས་མཉེས་པར་བྱ་བའོ། །བྱང་ཆུབ་ཉི་མ་རྣམ་ཆག་བྱ། །ཞེས་བྱ་བ་ལ། བྱང་ཆུབ་ནི་ཐམས་ཅད་མཁྱེན་པ་གསུམ་གྱི་ཡེ་ཤེས་ལ་མུན་པ་ཐམས་ཅད་སྤངས་པའི་ཕྱིར། ཉི་མ་སྟེ་སངས་རྒྱས་བཅོམ་

ལྡན་འདས་སོ། །དེ་རྣམས་རང་གི་ལུས་ལ་གནས་པ་དེ་རྣམས་ཀྱིས་རྗེས་སུ་ཆགས་པར་བྱེད་པ་ནི་ལས་ཀྱི་དྲུག་པའོ། །ད་ནི་ཡུལ་རྣམས་ལ་ཉེ་བར་སྤྱོད་པའི་ཆོ་ག་གསུངས་པ། གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་མིག་གི་ཡུལ་ཏེ། འདོད་པའི་བྱེ་བྲག་
གིས་དམན་པ་དང་། མཆོག་ལ་སོགས་པའི་རང་བཞིན་དུ་བརྟགས་པའི་ཕྱིར་རྣམ་གསུམ་མོ། །ཕྱི་དང་ནང་དང་གཉིས་ཀའི་བདག་ཉིད་མི་དམིགས་པ་སྟེ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོས་རྟོགས་པར་བྱའོ། །དེ་ཡང་གསུངས་པ། ནང་དང་དེ་
བཞིན་ཕྱི་དང་ནི། །གཉི་ག་ཡང་ནི་མི་དམིགས་པའི། །གཟུགས་ལ་སོགས་པ་རྣམ་པ་གསུམ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་སོ། །མཆོད་བྱ་མཆོད་པའི་བདག་ཉིད་ཅན། །ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་དབྱེར་མེད་པའི་རང་གི་ལྷག་པའི་ལྷའི་སྦྱོར་བ་དང་ལྡན་
པའི་གཟུགས་ཉམས་སུ་མྱོང་བ་ལས་རྣམ་པར་སྣང་མཛད་བསམ་པར་བྱའོ་ཞེས་བྱ་བའོ། །དེ་ཉིད་གསུངས་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་སྣ་ཚོགས་ཞེས་བྱ་བ་ནི་མ་ལུས་པའི་གཟུགས་ཀྱི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ། །རྣམ་པར་སྣང་མཛད་གནས་ནི་རྣམ་པར་སྣང་
མཛད་རྟེན་ཉིད་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་སྒྲ་ལ་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། རང་རང་གི་རྣམ་པར་དག་པའི་རྗེས་སུ་མཐུན་པའི་ལྷ་རྣམས་ལ་དབུལ་བར་རྟོགས་པར་བྱའོ། །ཆོས་ཀྱི་བརྡའི་ཚིག་གིས་འདིར་
རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྒྲས་མི་བསྐྱོད་པ་ལ་སོགས་པ་བསྟན་ཏོ་ཞེས་བྱ་བ་ནི་མན་ངག་གོ། །དེ་ལ་སྒྲ་ནི་མི་བསྐྱོད་པའོ། །དྲི་ནི་རིན་ཆེན་འབྱུང་ལྡན་ནོ། །རོ་ནི་སྣང་བ་མཐའ་ཡས་སོ། །རེག་ནི་དོན་ཡོད་གྲུབ་པའོ། །ཡིད་ཀྱི་ཡུལ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་
ཉིད་ཀྱི་ཕྱིར། གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །ཞེས་བྱ་བ་ལ་ཡིད་ཀྱི་ཡུལ་དུ་གྱུར་པ་རྡོ་རྗེ་འཛིན་པ་ཆེན་པོར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕན་ཚུན་དབྱེར་མེད་པ་ཡིན་ཏེ། ཞེས་ཐམས་

ཅད་ཀྱི་ཡུལ་རྣམས་ལ་རྡོ་རྗེ་འཛིན་པ་ཆེན་པོ་བསྒོམ་པར་བྱའོ། །དེ་ཉིད་གསུངས་པ། གཟུགས་སྒྲ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་གྱི་གཟུགས་ལ་སོགས་པ་རྣམས་རྡོ་རྗེ་འཛིན་པ་ཆེན་པོར་བསྒོམ་པར་བྱ་སྟེ་དེ་ལ་དེ་རྫོགས་པར་བྱ་བའི་དོན་ཏོ། །
སངས་རྒྱས་སོགས་ལ་དབུལ་བར་བྱ། །ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པ་འདིར་རྒྱས་པར་སྟོན་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། །རིགས་རྣམས་ནི་འཁོར་ལོས་སྒྱུར་བ་དྲུག་གོ། །དེ་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་མཚན་ཉིད་
དེ། གཟུགས་རྡོ་རྗེ་ལ་སོགས་པའི་རྣམ་པས་གཟུགས་ལ་སོགས་པའི་ཡུལ་ལ་དམིགས་པར་བྱའོ། །ཡང་ན་རྣམ་པར་སྣང་མཛད་ལ་སོགས་པའི་དབྱེ་བས་ཡུལ་རྣམས་ལ་བསྒོམ་པར་བྱའོ། །འདི་སྐད་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་
པ་རྣམས་ཀྱིས་རང་གི་ལྷའི་རྣམ་པར་ཡུལ་རྣམས་ལ་བལྟ་བར་བྱའོ། །དེ་རྣམས་ཀྱིས་རྟག་ཏུ་རང་གི་ལྷར་སྣང་བ་ལས་མ་གཏོགས་པ་གཞན་དུ་མི་དམིགས་ཞེས་བྱའོ། །འདིས་མཉམ་པར་མ་བཞག་པའི་རྣལ་འབྱོར་བཤད་དོ། །ད་ནི་མཆོད་པ་བྱ་ཞེས་བྱ་བ་ལ་སོགས་པའི་
ལེའུ་བཞི་པར་དཀྱིལ་འཁོར་བསྒྲུབ་པའི་ཕྱིར་མདོར་བསྟན་པ་གསུངས་པའི་ཚིག་རྣམས་རྗེས་སུ་དྲན་པ་བསྒོམས་པས་རྒྱས་པར་བསྟན་པ་གསུངས་སོ། །སངས་རྒྱས་རྗེས་སུ་དྲན་པར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱིས་བྲིས་པའི་དཀྱིལ་འཁོར་
ལ་རྗེས་སུ་ནི་ཕྱིས་ཏེ། དཀྱིལ་འཁོར་བསྒྲུབ་པའི་ཕྱིར་དྲན་པའི་ངེས་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་བཞིན་དུ་ཆོས་རྗེས་སུ་དྲན་པ་ལ་སོགས་པའི་རྗེས་སུ་དྲན་པའི་སྒྲའི་དོན་བཤད་དོ། །དེ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ། །ཆོས་ནི་སྣང་བ་མཐའ་ཡས་
སོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །རིགས་ནི་ལྷག་མར་གྱུར་པས་རིན་ཆེན་དབང་ཕྱུག་གོ། །ཁྲོ་བོར་ཞེས་བྱ་བ་ནི་གནོད་མཛེས་རྒྱལ་པོ་དེ་དེ་ཉིད་ཀྱིས་མཆོད་པ་བྱེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། ཁྲོ་བོའི་རྒྱལ་པོས་བཀུག་ནས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་

བྱ། །ཞེས་སོ། །དེ་ལ་དམ་ཚིག་ཅེས་བྱ་བ་ནི། དོན་ཡོད་གྲུབ་པ་སྟེ། ལེའུ་དང་པོར་དེ་ཉིད་དམ་ཚིག་ཅེས་བྱ་བར་བཤད་དེ། དེ་བཞིན་དམ་ཚིག་ཅེས་བྱ་བའི་ཚིག་ལས་སོ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །ཞེས་བྱ་བ་ནི་ཁྱད་པར་གྱི་རྣམ་པ་བརྗོད་པའི་ཕྱིར་
བརྗོད་པར་ཡང་རྗེས་སུ་བརྗོད་པར་བྱ་སྟེ། སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ཉིད་ནི་བཟླས་པ་ཡིན་ཞེས་བྱ་བའི་ཚིག་ལས་སོ། །དབེན་པ་ཞེས་བྱ་བ་ནི་སྣོད་དང་མི་ལྡན་པ་རྣམས་ཀྱིས་སྟོང་པའོ། །བྱིན་གྱིས་རླབས་ཀྱི་གནས་གསུམ་གྱི། །ཞེས་བྱ་བ་ནི་ཡི་གེ་གསུམ་གྱིས་
བྱིན་གྱིས་བརླབ་པ་སྟེ། སྔར་བཤད་པའི་ཆོ་ག