Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 39

Văn bản gốc(Tây Tạng)

Trang 11 / 20 (50.000 ký tự/trang)
་
ཕྱུག་སྟེ། དངོས་པོ་མཐའ་དག་ཕྱིན་ཅི་མ་ལོག་པ་སོ་སོར་རྟོགས་པའི་བདག་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡང་རིག་པ་སྟེ། འདིས་ཐམས་ཅད་ཤེས་ཤིང་རིག་པས་ཤེས་རབ་ཡིན་ལ་དེའི་བདག་པོ་སྟེ། ཐབས་དང་ཤེས་རབ་ཀྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་
ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཕྲག་དོག་གིས་ཉམས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པའོ། །དམ་ཚིག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ངེས་པར་རྫོགས་པར་བྱེད་པ་བྱ་བ་གྲུབ་
པའི་ཡེ་ཤེས་ཐོབ་པས་གང་ལ་ཡོད་པ་དེ་དོན་ཡོད་པར་གྲུབ་པས་དེ་སྐད་ཅེས་བྱའོ། །དམ་ཚིག་འགུགས་པ་ཞེས་བྱ་བ་ནི་དམ་ཚིག་ནི་བཟའ་བ་ལ་སོགས་པའོ། །འགུགས་པ་སྟེ་དམ་ཚིག་ཉམས་པ་རྣམས་ཀྱི་རྒྱུད་ལ་ཇི་ལྟ་བ་བཞིན་དུ་སྐྱེད་པར་བྱེད་པའི་ཕྱིར་དམ་ཚིག་འགུགས་པའོ། །

དེ་ལ་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་པ་རྣམས་ལ་སྤྱིའི་དམ་ཚིག་ལས་ཉམས་པ་བཤད་པར་བྱ་སྟེ། སྐྱབས་གསུམ་ཡོངས་སུ་སྤངས་པས་ཀྱང་། །བྱང་ཆུབ་སེམས་ནི་རྣམ་སྤངས་དང་། །རྒྱལ་བའི་སྲས་ལ་སྡང་བ་དང་། །དེ་ལ་དད་པ་སྤངས་པ་དང་། །ལུས་ངག་ཡིད་ཀྱིས་ཀྱང་སྨོད་པ། །
དེ་ཉིད་ཆེད་དུ་བསམ་པ་ཡིས། །བླ་མ་མཆོད་འོས་སྨད་པ་དང་། །སློབ་དཔོན་ལ་ནི་མ་གུས་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །དེ་དང་ཉེ་ལྔ་བྱུང་བ་དང་། །མུ་སྟེགས་གཤེད་བྱེད་གྲོགས་བྱེད་དང་། །བརྟགས་པའི་ལྷ་ལ་ཕྱག་འཚལ་དང་། །ཆགས་པས་དེ་ཡི་ཡོན་ཏན་
སྒྲོགས། །གདུག་པའི་སེམས་ཀྱིས་སྨོད་བྱེད་དང་། །དེ་ཡི་བྱ་བའི་རྗེས་སུ་དགའ། །དེ་ཉིད་ལ་ཡང་མངོན་དགའ་དང་། །ཆོས་འདོད་པ་དང་དེ་བཞིན་དུ། །དམ་ཚིག་ཆོས་ཀྱི་སྦྱིན་བདག་དང་། །དམ་ཚིག་ཤེས་དང་དམ་ཆོས་ཉན། །དེ་རྣམས་ལ་ཡང་སྨོད་པ་དང་། །བླ་མ་མཆོད་
འོས་འཕགས་པ་དང་། །རྒན་པའི་ཕྱག་སོགས་ལེན་པ་དང་། །སྐུ་གཟུགས་རས་རིས་མཆོད་རྟེན་དང་། །ལྷ་ཡི་ཁང་པ་དག་དང་ནི། །དམ་པའི་ཆོས་ནི་གླེགས་བམ་དང་། །བྱང་ཆུབ་ཤིང་དང་ཤིང་གཅིག་གི །གྲིབ་མ་དག་ལ་བརྙས་པ་ཡིས། །མནན་པ་ཉིད་དང་འགོམས་པ་དང་། །
སེམས་ཅན་ཕྱག་རྒྱ་མཚོན་ཆ་རྣམས། །མཚན་མ་ལ་སོགས་ཟོས་པ་དང་། །རྨོངས་པས་འགོམས་པར་གྱུར་པ་དང་། །བཟའ་དང་ཕྲེང་བ་ལ་སོགས་ལའང་། །འགོམས་སམ་བརྫིས་པར་གྱུར་པ་དང་། །སྔགས་པ་མ་ཡིན་སྨྲ་བ་དང་། །རིག་པ་དང་ནི་སྨན་ཆེན་ལ། །ཕུར་བུས་
གདབ་དང་བཅད་པ་དང་། །མི་གཙང་སོགས་པ་ལྡན་པ་ཡིས། །སྔགས་དང་ཕྱག་རྒྱ་ལ་རབ་འཇུག །འདི་གཉིས་དམ་པ་མིན་ལས་ལ། །བློ་ཡི་སོག་དང་སྦྱོར་བ་དང་། །བསོད་ནམས་མ་ཡིན་བཅུ་པོ་ལས། །གཅིག་ཀྱང་སྤོང་བར་མི་འདོད་དང་། །བྱེད་དང་བསྟན་ལ་འཁུ་བ་
དང་། །ལོག་པས་འཚོ་བ་བརྟེན་པ་དང་། །རང་གི་དབང་བསྐུར་ལ་འདས་དང་། །དགེ་སློང་ལ་སོགས་འཚེ་བ་དང་། །བདག་ཉིད་དང་ནི་གཞན་རྣམས་ཀྱི། །བསོད་ནམས་བར་དུ་གཅོད་བྱེད་པ། །བཞོན་པ་མནན་དང་ཁྱོགས་དང་ནི། །པདྨ་འགོམས་དང་བརྫིས་པ་དང་། །ལྟུང་

བ་ལས་ནི་མི་ལྡང་དང་། །ཉོན་མོངས་སྐྱེད་ལས་ལྷག་གནས་དང་། །སློབ་དཔོན་གྱི་ནི་ལུང་མེད་པར། །སྔགས་དང་ཕྱག་རྒྱ་ཡོངས་འཛིན་དང་། །དབང་བསྐུར་བ་ནི་མ་བླངས་ཤིང་། །ཆོ་ག་རྟོགས་པ་མེད་པ་དང་། །རྗེས་གནང་མེད་པ་བསྒྲུབ་བྱ་ཡི། །ལས་དང་དངོས་གྲུབ་
རྣམས་སྤངས་དང་། །སྲེད་པས་ཟིལ་གྱིས་མནན་པ་ཡིས། །དཀྱིལ་འཁོར་སོགས་ལ་འཇུག་པ་དང་། །དམ་ཚིག་ཐོབ་པར་མ་གྱུར་དང་། །དམ་ཚིག་ལས་ནི་ཉམས་པ་དང་། །ང་རྒྱལ་གྱིས་ནི་སེམས་བཅོམ་དང་། །ཐེ་ཚོམ་དག་དང་བཅས་པ་དང་། །དམ་ཚིག་ལ་ནི་མ་གུས་དང་། །མུ་
སྟེགས་ཅན་ལ་སྔགས་དང་ནི། །ཕྱག་རྒྱའི་ཚུལ་ནི་སྟོན་པ་དག །གལ་ཏེ་ཆེད་དུ་བསམ་པས་བྱང་། །མདོར་ན་དམ་ཚིག་རྣམས་ལ་ནི། །རྟག་ཏུ་ཉམས་པ་ཉིད་དུ་འགྱུར། །གང་ཡང་རྒྱུད་ཀྱི་ཁྱད་པར་དང་། །སྒྲུབ་པའི་ཐབས་ཀྱི་ཁྱད་པར་ལས། །དམ་ཚིག་སྡོམ་པ་བཤད་པ་
རྣམས། །དེ་ལས་འདས་ཀྱང་ཉམས་པར་འགྱུར། །ཞེས་གསུངས་སོ། །དོན་ཡོད་པར་གྲུབ་པ་ཉིད་དམ་ཚིག་ཐམས་ཅད་སྐྱེད་པར་བྱེད་པ་ལ་གཙོ་བོ་ཡིན་ནོ། །དེ་ཡང་གསང་བའི་ཐིག་ལེ་སོགས་པ་ལས་གསུངས་པ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་
ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་བྱའོ། །ཡེ་ཤེས་ཞབས་ཀྱིས་ཀྱང་འདི་ལ་དགོངས་ཏེ། དམ་ཚིག་གསོ་བ་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས། །དམ་ཚིག་ཉམས་ལ་སྙིང་གའི་ཟླ་བར་ནི། །སྙིང་པོས་སྣ་ཚོགས་རྡོ་རྗེ་ཇི་བཞིན་
བསམ། །དཔལ་ལྡན་དམ་ཚིག་རྡོ་རྗེ་རྣལ་འབྱོར་པས། །འགྲོ་བ་རང་བཞིན་གྱིས་དག་རྣམས་བསམས་ལ། །སྣ་ཚོགས་པདྨའི་འདབ་མའི་དབུས་སུ་ནི། །སྔོན་བཞིན་རིམ་པས་དབང་བསྐུར་ཀུན་དུ་བླང་། །ཞེས་སོ། །དེ་ཉིད་རིགས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །
འདི་རྣམས་ཀྱི་བྱ་བའི་སྒོ་ནས་མིང་གཞན་གསུངས་པ་གདུག་པ་ཅན་ཐམས་ཅད་ལ་རྣམ་པར་སྡང་བས་ན། ཞེ་སྡང་སྟེ་མི་བསྐྱོད་པའོ། །གཟུང་བ་ལ་སོགས་པ་ཡང་དག་པར་རིག་པ་མེད་པས་གཏི་མུག་སྟེ་རྣམ་པར་སྣང་མཛད་དོ། །བདག་མེད་པའི་ཆགས་པས་སེམས་ཅན་ཐམས་

ཅད་འཚེད་པས་ན་འདོད་ཆགས་ཏེ་སྣང་བ་མཐའ་ཡས་སོ། །ཕན་པར་བྱེད་པ་ལ་མ་ལྟོས་པར་ཐམས་ཅད་སྟེར་བས་ན་ཡིད་བཞིན་གྱི་ནོར་བུ་སྟེ་རིན་ཆེན་འབྱུང་བའོ། །སྤྲུལ་པ་སྣ་ཚོགས་པས་འགྲོ་བ་རྣམས་གདུལ་བའི་ཆེད་དུ་ཉེ་བར་འགྲོ་བས་ན་དམ་ཚིག་སྟེ་དོན་ཡོད་གྲུབ་པའོ། །
གང་ཡང་གསུངས་པ། ཟླ་གསང་ཐིག་ལེ་ལས། ཐམས་ཅད་ངན་སོང་གསུམ་པོ་འཇིགས། །ཞེ་སྡང་ཕྱིར་ན་རྣམ་པར་དག །དེས་ན་རྡོ་རྗེ་ཅན་རྒྱལ་ཆེ། །ཞེ་སྡང་ཞེས་ནི་བརྗོད་པར་བྱ། །རྣམ་པར་རྨོངས་ཕྱིར་སེམས་ཅན་ཀུན། །ངན་སོང་རྣམས་ལ་འཇིགས་པས་ན། །རྟག་པ་ཉིད་ནི་ཐུག་པ་
མཆོག །དེས་ན་གཏི་མུག་ཅེས་གསུངས་པའོ། །ཆགས་བྱེད་སེམས་ཅན་ཐམས་ཅད་ཀྱི། །ཐབས་དང་ཤེས་རབ་ཚུལ་གྱིས་ཀྱང་། །པད་ཅན་པདྨ་སད་པ་ལས། །དེ་ཉིད་འདོད་ཆགས་ཞེས་ནི་གསུངས། །འདོད་པའི་ཕྱིར་ན་སེམས་ཅན་ཀུན། །སྦྱིན་པའི་སྤྲིན་ནི་བདེ་ཆེན་པོས། །
དེས་ན་འདོད་པ་འདོད་ཆེན་ཅན། །ནམ་མཁའ་བདེ་བས་ཡང་དག་བསྡུས། །ཕྲག་དོག་ལ་སོགས་ཐོབ་པ་དང་། །ཕྲག་དོག་དོན་ཡོད་རྡོ་རྗེ་བློ། །སྣ་ཚོགས་པདྨ་འབྱེད་པས་ན། །དེ་ཉིད་སྣ་ཚོགས་ཆེན་པོ་ཡིན། །ཞེས་སོ། །དེས་ནི་འདི་ཉིད་ལེགས་པར་བསྟན་པ་ཡིན་ཏེ། སྙིང་རྗེ་ཆེན་པོའི་བདག་
ཉིད་ཀྱིས། །གདུག་དང་དྲག་པོ་རབ་ཏུ་འཇོམས། །རྡོ་རྗེ་རིགས་ཆེན་འཇིག་རྟེན་ལ། །ཞེ་སྡང་མེ་ནི་ཞི་བར་མཛད། །མི་བདེན་ལྟ་བ་རྨོངས་པ་ཆེ། །འདམ་དུ་བྱིང་བའི་ཁམས་གསུམ་པ། །དེ་བཞིན་གཤེགས་པའི་རིགས་ཀུན་གྱི། །གདོན་པར་བྱ་ཕྱིར་ཀུན་དུ་གནས། །ཆོས་ལ་བདག་
མེད་ཆགས་པ་ཡི། །ཆགས་པས་འགྲོ་བ་འཚེད་པར་བྱེད། །པདྨ་ཆེན་པོའི་རིགས་དག་པ། །ནམ་མཁའ་བཞིན་དུ་ཡང་དག་གནས། །སེར་སྣའི་དྲི་མ་བསལ་ནས་ནི། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །ཡིད་བཞིན་ནོར་བུའི་རིགས་ནི་མཆོག །འབྱོར་པའི་
ཕྱིར་ནི་ཡང་དག་གནས། །གཞན་གྱི་ཕུན་སུམ་ཚོགས་ལ་ཁྲོ། །འགྲོ་བ་ཡུན་རིང་བལྟ་བས་བསྲེགས། །ཕྲག་དོག་དྲི་མ་བསལ་ནས་གནས། །ལས་ཀྱི་རིགས་ནི་དེ་བཞིན་ནོ། །དཔལ་ལྡན་གསང་བ་འདུས་རྒྱུད་དུ། །སྙིང་རྗེ་དཀྲིས་པའི་སེམས་དང་ནི། །སྨོན་

ལམ་དབང་དུ་གྱུར་པ་ཡིས། །བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །ཞེས་སོ། །རིགས་ལྔར་རྟོགས་པ་འདི་རྣམས་ཀྱིས། །ཞེས་པ་ནི། འདིར་མདོར་བསྡུས་ནས་རྒྱུའི་དངོས་པོས་རིགས་ལྔ་ཞེས་བྱ་སྟེ། རྣམ་པ་ལྔའི་དབྱེ་བས་སོ། །དེ་ཡང་ཟླ་གསང་ཐིག་ལེ་ལས་
གསུངས་པ། །འདི་ལྟར་དེ་ཡི་དེ་ཉིད་གཅིག །དེ་ཡིས་ལྔ་ཉིད་ཇི་ལྟར་ཡིན། །རྒྱུ་ཡི་དབྱེ་བས་ཕྱེ་བ་ཡིན། །འབྲས་བུ་ལ་ནི་རིགས་དབྱེ་མིན། །ཞེས་བྱའོ། །འདོད་དང་ཐར་པ་རབ་སྒྲུབ་པ། །ཞེས་བྱ་བ་ལ་འདོད་པ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །དེ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཉེ་བར་
བསྟན་པས་སོ། །ཐར་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་གསུངས་པ་བདུན་པ་ལས། སྡུག་བསྔལ་ངེས་པར་དཀའ་བ་ཡིས། །བརྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །བརྟེན་
ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །དེ་ཉིད་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དངོས་པོ་གོམས་པ་ལས། །ཞེ་སྡང་རྡོ་རྗེ་ལ་སོགས་པའི་རང་བཞིན་གྱི་ཆོས་ལྔ་ཐར་པ་བསྐྱེད་པར་སྟོན་ཏོ། །དེ་ཡང་གསུངས་པ། འཁོར་བ་ཞི་བའི་བདག་ཉིད་དོ། །ཉོན་མོངས་བྱང་
ཆུབ་ཡན་ལག་འགྱུར། །དེ་ཕྱིར་ཐབས་ཆེན་ལྡན་པ་ལས། །དེ་བཞིན་གཤེགས་པ་བསམ་མི་ཁྱབ། །ཅེས་སོ། །འཇིགས་པ་ལ་སོགས་པ་ལ་རྗེས་སུ་གཟུང་བར་བྱ་བའི་ཕྱིར། །མཱ་མ་ཀཱི་སྤྲུལ་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
རྡོ་རྗེ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། དེ་ནི་དེའི་བདག་ཉིད་ཀྱིས་འཛིན་པར་མཛད་པའི་ཕྱིར་མི་བསྐྱོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་སུ་མཉེས་པར་བྱེད་པ་ནི་དབུ་ལ་འཛིན་པ་ལ་སོགས་པའི་མཚན་ཉིད་དོ། །དེ་ཉིད་དམ་ཚིག་སྟེ་གང་གིས་དེ་བཞིན་དུ་དམིགས་པའི་ཏིང་
ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་དཀྱིལ་འཁོར་གྱི་བདག་པོ་ཉིད་ལ་སྟོན་པའི་དངོས་པོ་མི་སྣང་བའི་བདག་ཉིད་དུ་བྱེད་པས་མཉེས་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ཞེས་བྱ་བ་སྔགས་དང་ལྷ་དག་ཐ་མི་དད་པའི་མཱ་མ་ཀཱི་གསུངས་པའོ། །རྡོ་རྗེ་འཛིན་པ་ནི་མི་བསྐྱོད་པ་སྟེ།

དེ་ཉིད་དེའི་ངོ་བོ་ཡིན་པའི་ཕྱིར་བཙུན་མོའི་མཆོག་གམ་སྒྲ་རྡོ་རྗེ་ལ་སོགས་པ་ལ་ལྟོས་ནས་རིགས་ཀྱི་གཙོ་བོར་གྱུར་པའི་ཕྱིར་རོ། །ཤར་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པར་བསྟན་པ་དང་པོའི་དོན་ཡང་ཡིན་ཏེ། འདིའི་དོན་ནི་རྡོ་རྗེའི་རིགས་འདི་གཙོ་བོར་གྱུར་པའི་ཕྱིར་དང་པོར་གདོན་པ་ཡིན་ཏེ།
གྲྭ་ནི་རང་གི་གནས་སུ་ཞུགས་པར་གྱུར་པའོ། །གྲྭ་ནི་ཤུགས་ཀྱིས་བདེན་བྲལ་ཞེས་འབྲེལ་ཏོ། །གང་གི་དེ་མ་ཐག་ཏུ་སྤྱན་ལྷོའི་གྲྭར་ཆད་པར་འགྱུར་ཏེ། ལེའུ་བཞི་པ་ལས་ཀྱང་དེ་ཤར་གྱི་ཞེས་བྱ་བ་གསུངས་པ་དེའི་ཕྱིར་ཐམས་ཅད་དུ་ཤར་ལྷོ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་བྲིས་པའི་
དཀྱིལ་འཁོར་ནི་རྡུལ་ཚོན་ཙམ་ཐ་དད་པར་ཁས་བླངས་པའི་ཕྱིར་རོ། །མཱ་མ་ཀཱི་དེར་ལྷོ་ཕྱོགས་སུ་བཤད་པར་བྱ་སྟེ། འདིར་ནི་གྲྭ་ཙམ་དུ་གསུངས་པ་དེའི་ཕྱིར་ལྷོའི་གྲྭ་ཉིད་དུ་རིགས་པ་ཡིན་ནོ། །ལྷག་པ་ནི་ཇི་ལྟར་གསུངས་པ་བཞིན་དུ་གནས་པས་ཐམས་ཅད་ལེགས་པར་གནས་པའོ། །
ཡང་ན་ཤར་གྱི་གྲྭ་གང་ལ་ཡིན་པ་དེ་ལ་ཤར་གྱི་གྲྭ་ཞེས་བྱ་སྟེ། ནུབ་ཕྱོགས་ཡིན་ནོ། །དེ་བཞིན་དུ་ཡང་དགོངས་པ་ལུང་སྟོན་པ་ལས་གསུངས་པ། ཞེ་སྡང་དགའ་མ་ཞེས་བྱ་བ། བདག་པོ་དེ་བཞིན་གཤེགས་པ་ཡི། །ཞལ་གསུམ་པ་ཡི་གཟུགས་ཀྱིས་ནི། །བདེན་བྲལ་དུ་ནི་རྣམ་
པར་གནས། །ཞེས་སོ། །ནད་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྤྱན་མ་གདོན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་རྗེས་སུ་མཉེས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཐམས་ཅད་སྔ་མ་
བཞིན་ནོ། །ལྷོའི་གྲྭ་ཞེས་བྱ་བ་ནི་གསུངས་པའི་རིགས་པས་མེའོ། །གསུངས་པ་དགོངས་པ་ལས། མོ་ཧ་ར་ཏི་ཞེས་བརྗོད་དེ། དགའ་མ་དེ་བཞིན་གཤེགས་པ་ཡི། །གསང་བ་འདུས་པའི་སྦྱོར་བ་ཡིས། །མེ་ཡི་མཚམས་སུ་རྣམ་པར་གནས། །ཞེས་སོ། །ཁ་ཅིག་ལས།
སྤྱན་དང་མཱ་མ་ཀཱི་དག་ནི། །ཤར་དང་ལྷོ་ཡི་ཟུར་དུའོ། །ཞེས་བྱ་བའི་ཚིག་ཡོད་དེ་འདིར་དེ་གོ་སླ་བ་ཉིད་དོ། །ཉམ་ཆུང་བ་རྣམས་རྒྱས་པར་བྱ་བའི་ཕྱིར་གོས་དཀར་མོའི་ཏིང་ངེ་འཛིན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་

ཆགས་འཛིན་པ་ནི་སྣང་བ་མཐའ་ཡས་སོ། །དེའི་རྗེས་སུ་ཆགས་པར་བྱེད་པ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ནུབ་ཕྱོགས་ཀྱི་གྲྭ་ཞེས་བྱ་བ་རླུང་ངོ་། །རྣམ་པར་སྣང་མཛད་ལ་སོགས་པ་དབང་དུ་བྱ་བའི་ཕྱིར། སྒྲོལ་མའི་རྣལ་འབྱོར་གསུངས་པ། དེ་ནས་ཞེས་བྱ་
བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ནི་ལས་ཀྱི་རིགས་ཡིན་པའི་ཕྱིར་དོན་ཡོད་པར་གྲུབ་པའོ། །དེའི་སྤྱི་བོར་འཛིན་པ་ལ་སོགས་པའི་སྣ་ཚོགས་པའི་ཕྱིར་རིམ་པས་སླུ་བ་དེ། རང་གི་དབང་དུ་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །
ཡང་ན་དཀྱིལ་འཁོར་གྱི་བདག་པོ་ཉིད་རང་གི་ལུས་ལ་ནང་དུ་ཞུགས་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནི་བྱང་ཕྱོགས་ཀྱི་གྲྭ་ཞེས་བྱ་བ་ནི་དབང་ལྡན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་
ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་ཉིད་བཙུན་མོ་རྣམས་སམ་དེ་རྣམས་ཀྱི་ཡིན་ཏེ། མཆོད་པ་ལ་སོགས་པ་བཙུན་མོར་གྱུར་པས་སོ། །དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་འདིར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཟློག་པའི་ཕྱིར་དང་།
སྲུང་བ་དང་འགུགས་པ་ལ་སོགས་པའི་ཆེད་དུ་ཁྲོ་བོ་རྣམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་དམིགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི་སྒོ་
སྐྱོང་བ་ཉིད་ཀྱིས་བསྲུང་བའི་ཕྱིར་རམ། ཡེ་ཤེས་དཀྱིལ་འཁོར་ཉེ་བར་བྱེད་པས་གཤིན་རྗེ་མཐར་བྱེད་དེ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་དོ། །དེའི་དེ་ཉིད་དྲག་ཤུལ་བསྒྲུབ་པས་སམ། །ཁྲོ་བོའི་གཟུགས་ཡིན་པའི་ཕྱིར་སྐྲག་
པར་བྱེད་པའོ། །ཤེས་རབ་མཐར་བྱེད་ཀྱི་དབང་དུ་བྱས་ནས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མི་བསྐྱོད་པ་སྟེ་ལྷག་མ་ནི་སྔ་མ་བཞིན་ནོ། །

དཀྱིལ་འཁོར་བྱིན་གྱིས་རློབ་པ་ནི་འདིར་གཞུག་པ་དང་ཡང་དག་པར་བསྲུང་བ་དག་གོ། །རྡོ་རྗེ་དམ་ཚིག་ནི་མི་བསྐྱོད་པ་སྟེ། ལྷག་མ་ནི་སྔ་མ་བཞིན་ནོ། །པདྨ་མཐར་བྱེད་ཀྱི་དབང་དུ་བྱས་ཏེ་གསུངས་པ། ཆོས་རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་ལ་ཆོས་རིན་པོ་ཆེ་ནི། གསུང་རབ་ཡན་ལག་
བཅུ་གཉིས་ལ་སོགས་པའི་མཚན་ཉིད་དོ། །དེའི་འབྱུང་གནས་ནི་སྐྱེ་བའི་གནས་ཡིན་པས་སྣང་བ་མཐའ་ཡས་ཡིན་ཏེ། གསུང་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་རོ། །འདོད་ཆགས་འཆང་བའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་བཅིང་བའི་
རང་བཞིན་གྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསུང་ནི་སྣང་བ་མཐའ་ཡས་ཏེ། །དེའི་རྣམ་པ་ནི་ཁ་དོག་ལ་སོགས་པའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །བགེགས་མཐར་བྱེད་གནོན་པ་གསུངས་པ། དེ་ནས་ཞེས་བྱ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྐུ་ལ་སོགས་པ་རྡོ་རྗེ་ནི་མི་བསྐྱོད་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྣམ་པ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཁ་དོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །འདི་ཡང་མཉེས་པ་ལ་སོགས་པའི་བྱེད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་ཁོང་དུ་
ཆུད་པར་བྱའོ། །སྡོམ་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པའི་རང་བཞིན་གྱི་དཀྱིལ་འཁོར་ལ་བསྒོམ་པ་ལ་སོགས་པའི་བདག་ཉིད་དགུག་པ་ལ་སོགས་
པ་ལས་མི་འདའ་བས་དམ་ཚིག་སེམས་དཔའོ། །འདི་ཙམ་གྱིས་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་མཛད་པ་གསུངས་པའོ། །གཟུགས་རྡོ་རྗེ་ལ་སོགས་པ་མཆོད་པའི་རང་བཞིན་ཡིན་པའི་ཕྱིར་འདིར་དགོད་པར་བྱ་ཞེས་པ་ཁོང་དུ་ཆུད་པར་བྱའོ། །དེ་ཡང་གསུངས་པ་བདུན་
པ་ལས། གཟུགས་རྡོ་རྗེ་ལ་སོགས་པ་ཡི། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་སོ། །བཅོ་བརྒྱད་པ་ལས་ཀྱང་གསུངས་པ། གཟུགས་ཀྱི་རྡོ་རྗེ་ལ་སོགས་དྲུག །རྡོ་རྗེ་བདག་པོ་ཞེས་བྱར་དྲན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །བདག་ཉིད་ཆེན་པོ་ཀུན་དུ་དབྱུང་། །

ཞེས་སོ། །སའི་སྙིང་པོ་ལ་སོགས་པའི་འབྱིན་པ་མེད་པས་མེད་པ་ཡིན་སྟེ། དེའི་ཕྱིར་འདིར་དཀྱིལ་འཁོར་བཅུ་དགུ་ཉིད་དོ། །དེ་ལ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་གྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གཞི་གཤིན་རྗེ་མཐར་བྱེད་ལ་
སོགས་པ་ཁྲོ་བོ་བཞིའི་ངོ་བོས་མ་དད་པ་དང་ལེ་ལོ་དང་བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་བྲལ་ནས་ཤེས་རབ་ཀྱིས་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་གཟུགས་བརྙན་གྱི་སྦྱོར་བས་བདེ་བར་གཤེགས་པའི་གཟུགས་ཡང་དག་པར་མཐོང་བའི་ཕྱིར་ཕྱག་གི་མེ་ལོང་ལ་ལྷའི་གཟུགས་
ཡང་དག་པར་བསྟན་ཏོ། །ལྷའི་གཟུགས་མཐོང་བ་ཐོབ་པར་འདོད་པས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །ཅེས་བྱ་བ་ལ་སོགས་པ་བསྟན་པའི་ཆོས་སྒྲ་རྡོ་རྗེ་མ་བསྟན་པ་ལས་ཐོས་ནས་དེ་རྣམས་ལ་བདག་མེད་པར་མོས་པ་ནི་དྲིའོ། །དེ་ལ་
གོང་ནས་གོང་དུ་མོས་པ་ནི་རོའོ། །དེས་ཀྱང་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་རབ་ཏུ་འཇུག་པ་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ངེས་པར་འབྱེད་པའི་ཆ་བཞི་ལ་རེག་པ་ནི་རེག་བྱའོ། །དེ་ནས་ཐམས་ཅད་དུ་འགྲོ་བ་སྟོང་པ་ཉིད་
ཀྱི་མཚན་ཉིད་བྱང་ཆུབ་སེམས་དཔའི་ས་དང་པོ་མངོན་དུ་བྱེད་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ནས་སྐད་ཅིག་མ་གཉིས་པ་ལ་སོགས་པའི་མཚན་ཉིད་བསྐྱེད་པའི་དགའ་བའི་རང་བཞིན་ནི་སྤྱན་ལ་སོགས་པའི་ལྷ་མོའི་རང་བཞིན་ནོ། །དེ་ནས་རབ་ཏུ་དགའ་བ་ལས་ཇི་ལྟར་མཐོང་བའི་ཆོས་ཀྱི་དབྱིངས་
བསྒོམས་པས་གཏི་མུག་དང་། ཡིད་བཞིན་གྱི་ནོར་བུ་དང་། འདོད་ཆགས་དང་། དམ་ཚིག་གི་རིགས་རྟོགས་པས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་འཆར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྟོགས་པར་མཛད་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་
ཡིན་ནོ། །དེས་གྲུབ་པའི་ཕྱིར་ན་གཞན་འདིར་བསྒོམ་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཀུན་དུ་བཟང་པོའི་སྒྲུབ་ཐབས་ལས། དད་དང་བརྩོན་འགྲུས་རྣམ་པར་དག་པ་དང་། །དེ་བཞིན་དྲན་དང་བསམ་གཏན་རྣམ་དག་པ་འང་། །སྒོ་བཟང་སྲུང་བར་བྱེད་པའི་ངོ་བོ་ཉིད། །ཤེས་རབ་རྣམ་

དག་མ་ལུས་ཡུལ་དུ་སྣང་། །མཚན་མ་མེད་པའི་དགའ་བ་རྣམ་དག་པ། །མ་ལུས་ལྷ་མོའི་ཚོགས་ཀྱི་ངོ་བོ་ཉིད། །སེམས་ཅན་དོན་དང་བདག་དང་རྣམ་རྟོག་དང་། །འཇུག་པའི་རྣམ་ཤེས་རྣམ་པར་དག་པ་ཡང་། །མེ་ལོང་ལ་སོགས་དྲི་མེད་ངོ་བོ་བས། །སངས་རྒྱས་ཐམས་
ཅད་ཀྱི་ནི་རང་བཞིན་ཏེ། །དེ་བཞིན་ཉིད་ནི་རྣམ་དག་སྦྱོར་བ་ཡིས། །འཁོར་ལོའི་གཙོ་བོ་འདིར་ནི་རྣམ་པར་གནས། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་བདག་ཉིད་དམ་བདག་པོ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་
དང་ཐུགས་ཀྱི་གསང་བའི་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བའོ། །དེའི་ཕྱིར་རྫོགས་པ་ཞེས་བྱ་བར་སྦྱར་རོ། །འདི་གང་གི་ཡུལ་ཡིན་ཞེ་ན། དཔལ་གསང་བ་འདུས་པ་ལས་ཞེས་བྱ་བ་ནི། རྒྱུད་གཞན་དུ་རབ་ཏུ་བཀག་པ་ཡང་འདི་ལ་མཆོག་ཏུ་འབད་པས་སྐྱེ་བ་འདི་ལ་བདེ་བླག་ཏུ་མི་
གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རྒྱུད་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན་པས་འདི་དང་པོར་དཔལ་གྱི་སྒྲའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བྱིན་པ་ལ་སོགས་པའི་སྣོད་དང་
ལྡན་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པའོ། །དེ་ཉིད་གདུལ་བྱའི་འགྲོ་བ་རྣམས་ལ་འགེབས་པ་དང་ཆོས་མཐུན་པས་ལེའུའོ། །བརྗོད་པར་བྱ་བ་དེ་ཉིད་དུ་ལེན་པས་ཞེས་བྱ་བ་ནི་ལེའུ་སྟེ་གཞུང་ཡོངས་སུ་གཅོད་པའོ། །
དང་པོ་ནི་ཐོག་མར་བསྟན་པའོ། །རྫོགས་སོ་ཞེས་བྱ་བ་ནི་ཡང་དག་པར་གཟུང་བར་ཞེས་བྱ་བའི་དོན་ཏོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས། ལེའུ་དང་པོའི་བཤད་པའོ།། །།རྟོགས་པ་དང་ལྡན་པ་རྣམས་ནི་འབྲས་བུ་དོན་དུ་གཉེར་
བས་འཇུག་སྟེ། དང་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་འབྲས་བུར་གྱུར་པ་བཅོམ་ལྡན་འདས་ངེས་པར་བསྟན་ནས། དེ་ཉིད་སྐུ་ལ་སོགས་པར་མངོན་པར་ཞེན་པ་བསལ་བས་ཤེས་རབ་ཀྱི་རང་བཞིན་དུ་གསལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གསུངས་པ། དེ་ནས་

ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་སྣོད་དུ་བྱས་པ་ལ་སོགས་པའི་རྗེས་ཐོགས་ལའོ། །ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་བརྟན་པའི་ཕྱིར་སྙིང་པོའོ། །སྤྲུལ་པའི་སྐུ་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་
སྐུ་དང་གསུང་དང་ཐུགས་སོ། །ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཡིན་པའི་ཕྱིར་མཆོག་གམ་འགྲོ་བ་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་རོ། །འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། གསུངས་པ་དེ་བཞིན་གཤེགས་པ་ཀུན་ཞེས་སོ། །གཞན་རྣམས་ཀྱི་སྤྱོད་
ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །འདི་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ཏེ། མི་འཇིག་རྣམ་པར་མི་སེམས་དང་། །བརྗོད་བྱ་མ་ཡིན་རྣམ་རྟོག་མིན། །དགེ་བའི་ཆོས་ཀྱི་སེམས་ཀྱི་ཕྱིར། །བྱང་ཆུབ་སེམས་ནི་ཡེ་ཤེས་སོ། །གང་ཡང་གསུངས་པ། ཐོག་མ་ཐ་མ་མེད་ཞི་བ། །
དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་སོ། །ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་བླ་ན་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་རྗེས་ལ་མཁྱེན་ཅིང་ཞེས་བྱ་བ་གསུངས་ཏེ།
བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་བདག་ལ་འདི་རྣམས་ཀྱིས་གསོལ་བ་བཏབ་པ་ཡིན་གྱི་རང་གི་དོན་དུ་ནི་མ་ཡིན་ཞེས་བཤད་ནས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་མ་མཐོང་བ་དང་། མ་ཐོས་པ་དང་། ཡོངས་སུ་མ་ཤེས་པ་དང་། མངོན་དུ་མ་བྱས་པ་མེད་དོ་ཞེས་བྱ་བ་ནི་
གྲུབ་པའི་མཐའོ། །སེམས་ཀྱིས་ཡོངས་སུ་རྟོགས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་པ་དང་བྲལ་བའི་དེ་བཞིན་ཉིད་ཅེས་བྱ་བ་དང་། ཇི་ལྟར་སྐུ་ལ་སོགས་པར་འགྱུར་ཞེས་བྱ་བ་ནི་ཡིད་ཀྱིས་བརྗོད་པའོ། །སེམས་ཉིད་མི་གསལ་བའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་
ནི་མ་ཡིན་ནོ། །དེ་རྣམས་ལ་ཞེས་པ་ནི་གང་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་ལའོ། །བསྐྱེད་པར་བྱ་བ་དེ་གང་ཡིན་ཞེ་ན་གསུངས་པ་སེམས་ལུས་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་ལུས་འདི་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་

ཀྱི་གཟུང་བ་ལ་སོགས་པའི་ངོ་བོ་དང་བྲལ་བ་དེ་བཞིན་དུ་གཉིས་སུ་མེད་པའི་རྣམ་པས་འཇུག་པ་རྣམ་པ་མེད་པའི་རང་གིས་སེམས་བསྐྱེད་ཅིག་ཅེས་བྱ་བར་སྦྱར་རོ། །ལུས་སེམས་ལྟ་བུ་ཞེས་བྱ་བ་ནི་ཆ་ཤས་ཀྱི་རྫས་ལ་སོགས་པ་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་ལུས་དང་སེམས་ཀྱི་རང་བཞིན་ཉིད་དོ། །
ཞེས་ཁྱེད་ཀྱིས་ངེས་པར་གཟུང་བར་བྱ་སྟེ་སེམས་ལས་གཞན་ལུས་མེད་དོ་ཞེས་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུས་དང་སེམས་དག་མཉམ་པ་ཉིད་དུ་བསྟན་ནས། དེ་དག་ཉིད་ངག་དང་མཉམ་པར་གསུངས་པ་སེམས་ཚིག་དོན་དུ་བརྗོད་པ་ལྟ་བུ་ཞེས་བྱ་བ་ནི། ཇི་ལྟར་ཚིག་
ཏུ་བརྗོད་པ་ནི་ངག་འཇུག་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གདོད་མ་ནས་སྐྱེ་བ་མེད་པའི་རང་བཞིན་ནོ། །དེ་ལྟར་སེམས་ཀྱང་རྒྱུ་དང་འབྲས་བུས་སྟོང་པ་ཉིད་ཀྱི་ཕྱིར་རྟག་ཏུ་རང་གི་རིག་པ་ཙམ་དུ་འཇུག་གོ། །དེ་ཡང་གསུངས་པ། དངོས་པོ་རང་ལས་མ་སྐྱེས་དང་། །གཞན་ལས་
མ་སྐྱེས་གཉིས་ལས་མིན། །ཡོད་མིན་མེད་མིན་གཉིས་ཀ་མིན། །དེ་ནི་གང་ལས་སྐྱེ་བར་འགྱུར། །ཞེས་སོ། །ཡང་གསུངས་པ། རྟག་ཏུ་རྟེན་ཅིང་འབྲེལ་འབྱུང་ཕྱིར། །རང་བཞིན་འདའ་བར་དཀའ་བ་ཡིན། །ཞེས་སོ། །དེའི་ཕྱིར་ངག་དང་ལུས་ཀྱང་མཉམ་པ་ཉིད་དུ་ཁོང་
དུ་ཆུད་པར་བྱ་སྟེ་ལུས་དང་སེམས་རང་བཞིན་ཐ་མི་དད་པའི་ཕྱིར་རོ། །འདིས་འདི་སྐད་བསྟན་པ་ཡིན་ཏེ། ཆད་པ་ལ་སོགས་པའི་ལྟ་བ་བསལ་ནས་ཇི་སྐད་གསུངས་པ་བཞིན་དུ་ཆོས་བདག་མེད་པར་མཉམ་པ་ཉིད་ཀྱིས་སྐུ་ལ་སོགས་པའི་ངོ་བོ་གཅིག་པ་ཉིད་དུ་བལྟའོ། །ཡང་ན་ཁྱེད་
ཀྱིས་སེམས་སྐྱེད་ཅིག་ཅེས་སྤྱིར་བྱ་བ་ལ་སྦྱོར་བའོ། །བྱ་བ་གསུངས་པ། ལུས་ལྟ་བུ་ནི་ལུས་ཞེས་ཏེ། རྣམ་པར་དཔྱད་ན་རང་རིག་པ་ཙམ་ལས་མ་གཏོགས་པ་གཞན་ལུས་ཀྱི་རྣམ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རང་རིག་པ་ཙམ་དེ་ཉིད་དུ་ལུས་ལ་ལྟོས་ཞེས་བྱ་བའི་དོན་ཏོ། །
སེམས་ཇི་ལྟར་བལྟ་བར་བྱ་ཞེ་ན་གསུངས་པ། སེམས་སེམས་ལྟ་བུ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་སྣང་བ་ལས་མ་གཏོགས་པ་གཞན་སེམས་ཉེ་བར་དམིགས་པ་མེད་པ་དང་། སྣང་བ་ཡང་རྟོག་པ་ལས་སྐྱེས་པས་དེ་བཞིན་དུ་རང་གི་ངོ་བོ་མ་ཡིན་པའི་ཕྱིར། །སེམས་ཀྱང་རྟོག་པ་

ཐམས་ཅད་ཀྱི་དྲི་མས་སྟོང་པ་ཉིད་ཀྱིས་རང་རིག་པ་མཐར་ཕྱིན་པ་ཉིད་དོ། །ཚིག་ཏུ་བརྗོད་པ་ཞེས་བྱ་བ་ནི། ལུས་དང་སེམས་རང་གི་ངོ་བོ་སྒྲ་བརྙན་གྱི་སྒྲ་དང་མཉམ་པ་ཉིད་དུ་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས་ནི་ཚིག་ཀྱང་བདག་མེད་པར་གསུངས་ཏེ། ལུས་ལ་སོགས་
པ་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཁ་ཅིག་ལས་ངག་ཚིག་ཏུ་བརྗོད་པ་ཞེས་བརྗོད་པའི་ཚིག་དེ་ལ་ངག་ཀྱང་སྒྲ་བརྙན་དང་འདྲ་བར་སྒྲ་དངོས་པོ་མེད་པར་རྟོགས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བཅུ་གསུམ་པ་ལས་གསུངས་པ། །སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ། །དངོས་
དང་དངོས་མེད་རྣམ་དཔྱད་པ། །གསུང་གི་རྡོ་རྗེ་རྫོགས་བྱང་ཆུབ། །སྒྲ་དང་སྒྲ་མིན་རྣམ་དཔྱད་པ། །ཐུགས་ཀྱི་རྡོ་རྗེ་རྫོགས་བྱང་ཆུབ། །གནས་པའི་རྡོ་རྗེ་རྣམ་དཔྱད་པ། །ཞེས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདིའི་རྟོག་པ་བསྒྲུབ་པ་གསུངས་པ། དེ་ནས་ཞེས་བྱ་
བ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་རྡོ་རྗེ་འཆང་གི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པ་ནམ་མཁའ་ལྟ་བུར་སྦྱར་ནས་རང་བཞིན་མེད་པ་ཉིད་རྟོགས་པས་ཆེད་དུ་བརྗོད་པ་འདི་གསུངས་སོ། །འདི་ཞེས་བྱ་བ་ལ་སོགས་པ་ལ།
ཀུན་དུ་བཟང་པོ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམ་པར་དག་པ་སྟོན་པ་པོའི་དོན་དམ་པ་ཉིད་དུ་དེ་བཞིན་ཉིད་གཅིག་གི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའོ། །ཀུན་རྫོབ་ཏུ་གདུལ་བྱའི་སྐྱེ་བོའི་དབང་གིས་རྨི་ལམ་བཞིན་དུ་འདིར་སྐྱེ་བར་བསྒྲགས་ཏེ་བསྟན་ཏོ། །གང་སྐྱེ་བ་
མེད་པ་ལས་ཐ་མི་དད་པ་ཉིད་སྐྱེ་བ་མེད་པ་ཞེས་བྱ་བ་ནི་ངོ་མཚར་རོ། །ད་ནི་འདི་གང་རིགས་མ་ངེས་པའི་དབང་དུ་བྱས་ན་སྤྱིའི་བྱང་ཆུབ་ཀྱི་སེམས་འདི་གསུངས་ལ། དེ་ཉིད་མ་འོངས་པའི་རིགས་ངེས་པའི་ཆེད་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དབྱེ་བ་དྲུག་བསྟན་ཏེ་རང་གི་ངོ་བོ་ལ་ནི་དབྱེ་བ་མེད་དོ། །
གང་ཡང་གསུངས་པ། སངས་རྒྱས་སངས་རྒྱས་ཐམས་ཅད་ལས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་དེ་ནི་ལྷག་པའི་ལྷ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བྱའི་དབང་གིས་མཛད་པ་དྲན། །ཞེས་སོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་དཔལ་རྡོ་རྗེ་འཆང་གི་བྱང་ཆུབ་ཀྱི་སེམས་ཉེ་བར་དགོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་ནི་ཤིན་ཏུ་རྣམ་པར་དག་པ་ལ་སོགས་པའི་ཡེ་ཤེས་ལྔའོ། །དེའི་ཚུལ་
ནི་ཐབས་ཏེ་རྡོ་རྗེ་འཆང་གི་ཏིང་ངེ་འཛིན་ཏོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་འཆང་ལ་དམིགས་པ་སེམས་རྩེ་གཅིག་ཏུ་མཛད་ནས་དེ་ནས་བྱང་ཆུབ་ཀྱི་སེམས་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་ལ་སྒོམ་པ་མེད། །ཞེས་བྱ་བ་ནི།
དངོས་པོ་གང་ལ་དོན་ཞེས་བྱ་བ་ནི་དངོས་པོ་སྟེ། གཉིས་ཀྱི་རྣམ་པའི་སེམས་སོ། །དངོས་པོ་དེ་མེད་པས་ན་དངོས་མེད་དེ་གཉིས་སུ་མེད་པའི་རྣམ་པའི་སེམས་སོ། །དེ་ལ་མེད་པ་ཡིན་ཏེ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཡེ་ཤེས་ལའོ། །སྒོམ་པ་ནི་གང་ཞིག་
རྡོ་རྗེ་འཆང་སྣང་བའི་མཚན་ཉིད་དོ། །གང་གི་ཕྱིར་དོན་དམ་པ་མེད་པ་སྟེ། དེའི་ཕྱིར་འགྲོ་བའི་དོན་དུ་སོ་སོར་སྣང་བའི་དངོས་པོ་རྡོ་རྗེ་འཆང་བ་ལ་སོགས་པའི་གཟུགས་སོ། །དོན་དམ་པར་སྐྱེ་བ་མེད་པ་ཉིད་ཀྱིས་དངོས་པོ་མེད་པར་འགྱུར་རོ། །དེས་ན་དངོས་པོ་ནི་དངོས་པོ་མེད་པར་མི་
འགྱུར་རོ། །འདིས་བཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བས་ན་གང་དེ་བསྒོམ་པར་བྱ་བ་སྟེ། དེ་ཡང་སྒོམ་པ་དམིགས་སུ་མེད་པ་སྟེ། རང་རིག་པ་ཙམ་གྱི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་གསུངས་པ། གང་ལ་སྒོམ་བྱེད་ཅུང་ཟད་མེད། །བསྒོམ་པ་ཅུང་ཟད་
ཡོད་མ་ཡིན། །བསྒོམ་པར་བྱ་བ་ཉིད་ཀྱང་མེད། །དེ་ནི་འདི་ཉིད་བསྒོམ་པར་བརྗོད། །ཅེས་བྱའོ། །ཡང་ན་དངོས་པོ་རྣམས་ལ་ཚད་མས་གནོད་པ་ཉིད་ཀྱིས་དངོས་པོ་མེད་པ་ཉིད་ལ་གང་བསྒོམ་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་པ་དེའི་མངོན་པར་ཞེན་པ་དེའི་ངོ་བོ་ཡོད་པ་དེ། སྟོང་
པ་ཉིད་ཀྱི་དངོས་པོ་ཞེས་ངེས་པར་བཟུང་བའོ། །དེར་ལན་ཡང་གསུངས་པ། བསྒོམ་པ་ཉིད་ནི་བསྒོམ་པ་མིན། །ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་དངོས་པོ་སྟོང་པ་ཉིད་དུ་མངོན་པར་ཞེན་པའི་རང་བཞིན་བསྒོམ་པར་བརྗོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་རང་

ཉིད་དངོས་པོ་མེད་པ་ཡིན་ན་གང་ལས་དེའི་སྟོང་པ་ཉིད་དུ་འགྱུར་ཏེ། ཆོས་ཅན་ཡོད་པ་ལས་ཆོས་སུ་འགྱུར་ཞེས་བྱ་བའི་རིགས་པ་ལས། དེའི་ཕྱིར་ཞེས་པ་ཉེ་བར་བསྡུ་བའོ། །གང་གི་ཕྱིར་འདི་ལྟར་དེའི་ཕྱིར་དངོས་པོ་དངོས་པོར་མི་འགྱུར་ཏེ་དེའི་ཕྱིར་དངོས་པོ་དང་དངོས་པོ་
མེད་པར་མི་འགྱུར་རོ་ཞེས་བྱའོ། །དེ་ཡང་གསུངས་པ། སྟོང་པ་ཉིད་དུ་བསྒོམ་བྱ་མིན། །མི་སྟོང་པ་ཡང་བསྒོམ་བྱ་མིན། །སྟོང་ཉིད་མི་སྤོང་རྣལ་འབྱོར་པས། །མི་སྟོང་པ་ཡང་སྤང་མི་བྱ། །སྟོང་དང་མི་སྟོང་གང་འཛིན་པ། །བརྗོད་ཀྱིས་མི་ལང་རྟོག་པ་སྐྱེ། །རྟོག་པ་ཡོངས་སུ་
སྤངས་པས་ན། །དེ་ཕྱིར་འདི་ལ་གཉིས་ནི་སྤངས། །ཞེས་སོ། །དེའི་ཕྱིར་བསྒོམ་པར་བྱ་བ་དང་། སྒོམ་པ་ཡང་མེད་དོ་ཞེས་བྱ་བར་གསུངས་པ། སྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །གང་གི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དང་། དངོས་པོའི་དངོས་པོ་མེད་པ་བསྒོམ་
པར་བྱ་བ་མ་ཡིན་པ་དེའི་ཕྱིར་སྒོམ་པ་ཡང་མེད་དོ། །འདིས་ནི་དངོས་པོ་ཐམས་ཅད་ཉེ་བར་དམིགས་པ་གསལ་བར་བཤད་པས་སྨོན་པར་བྱ་བ་དང་། སྨོན་པར་བྱེད་པ་དང་། སྨོན་ལམ་མི་དམིགས་པས་བར་ཆོད་པའི་འབྲས་བུ་བཀག་པས་རང་གི་སེམས་ཉིད་མངོན་པར་བྱང་ཆུབ་པ་ཡིན་
པར་བསྟན་ཏོ། །དེ་ཡང་གསུངས་པ། སེམས་ཉིད་དངོས་གྲུབ་ཆེན་པོ་སྟེ། །སེམས་ཉིད་ཐུབ་པ་ཆེན་པོ་ཡིན། །སེམས་ཉིད་ཡིད་བཞིན་ནོར་བུར་བརྗོད། །སེམས་ཉིད་བདེ་བ་ཆེན་པོ་ཡིན། །ཞེས་གསུངས་སོ། །ཡང་ན་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དམིགས་
སུ་མེད་པས་ན་བསྒོམ་པར་བྱ་བ་ཡོད་པ་མེད་པ་སྟེ། ཆོས་ཅན་ལ་བརྟེན་ནས་ཆོས་གནས་པའོ། །གང་ཡང་རྟོག་པས་སྦྱར་བའི་དངོས་པོ་ཡང་བསྒོམ་པ་མ་ཡིན་ཏེ། དེ་ཡང་དེ་ཁོ་ན་ཉིད་མ་ཡིན་པ་ལ་བརྟེན་ནས་བསྒོམ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དངོས་པོ་ཉིད་
གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་མེད་པར་འགྱུར་ཏེ། འདིའི་ཡང་རང་བཞིན་དུ་གྲུབ་པའི་ཕྱིར་སྒོམ་པ་ཐ་དད་པ་དམིགས་སུ་མེད་པ་གང་གིས་དེ་བསྒོམ་པར་བྱའོ། །དེ་ཡང་གསུངས་པ་ཐམས་ཅད་གསང་བ་ལས། དངོས་པོ་མིན་པ་བསྒོམ་

པ་མིན། །སྒོམ་པ་ཉིད་ནི་བསྒོམ་པ་མིན། །སྒོམ་པ་དང་ནི་དངོས་པོ་མེད། །རང་གི་སེམས་ཀྱིས་ཡོངས་སུ་བརྟགས། །ཞེས་སོ། །སྐུ་ལ་སོགས་པ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཀྱི་སེམས་ཉེ་བར་དགོད་པར་གསུངས་པ། དེ་ནས་ཞེས་བྱ་བ་
ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། འདིས་ཤེས་པར་བྱ་བ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པར་བྱེད་པ་ནི་ཤེས་པར་བྱེད་པས་སོ། །དེ་ཉིད་རྡོ་རྗེ་ཞེས་བྱ་སྟེ། གང་ལ་རྣམ་པར་སྣང་མཛད་
ཀྱི་རྣམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསུངས་སོ་ཞེས་བྱ་བར་འབྲེལ་ཏོ། །དངོས་པོ་ཐམས་ཅད་ནི་བདག་ལ་སོགས་པར་བརྟགས་པ་སྟེ། དེ་རྣམས་ལ་ཚད་མས་གནོད་པའི་ཕྱིར་དེ་དང་འབྲེལ་ཏོ། །འོ་ན་ནི་ཕུང་པོ་ལ་སོགས་པའི་ངོ་བོར་འགྱུར་རོ་ཞེ་ན། ཕུང་པོ་
ཞེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ནི་གཟུགས་ལ་སོགས་པ་ལྔའོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པའི་དབྱེ་བས་ཁམས་བཅོ་བརྒྱད་དོ། །དབང་པོ་དང་ཡུལ་གྱི་དབྱེ་བས་སྐྱེ་མཆེད་བཅུ་གཉིས་སོ། །གཟུང་བ་ནི་ཡུལ་ལོ། །འཛིན་པ་ནི་རྣམ་པར་ཤེས་པའོ། །དེ་རྣམས་
ཀྱིས་སྟོང་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའོ། །ཅིའི་ཕྱིར་ཞེ་ན། ཆོས་བདག་མེད་པ་མཉམ་པ་ཉིད་པས་ཞེས་ཏེ། ཆོས་རྣམས་ནི་ཕུང་པོ་ལ་སོགས་པའོ། །བདག་མེད་པ་ནི་རྣམ་པར་དཔྱད་ན་རང་བཞིན་མེད་པའོ། །
དེའི་ངོ་བོ་ཉིད་ཀྱིས་གང་མཉམ་པ་ཉིད་གཅིག་པའི་ངོ་བོའི་སེམས་རྒྱུར་གྱུར་པས་སོ། །རང་གི་སེམས་ནི་མཐར་ཕྱིན་པའི་རང་བཞིན་ནོ། །རྒྱུ་དང་འབྲས་བུ་སྟོང་པ་ཉིད་ཀྱི་གཞན་གྱི་དབང་དང་བྲལ་བའི་ཕྱིར་རོ། །གདོད་མ་ནས་མ་སྐྱེས་པའོ། །བརྟགས་པའི་ངོ་བོ་སྟོང་པ་ཉིད་ཀྱི་རང་
བཞིན་ཞེས་བྱའོ། །ཡང་ན་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི་མ་རིག་པའི་དབང་ལས་བྱུང་བའི་དངོས་པོ་སྟེ། སྣ་ཚོགས་པའི་བདག་ཉིད་དུ་བརྟགས་པའོ། །དེ་དང་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་དང་བྲལ་བ་དེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ལྟར་ན་ཕུང་པོ་ལ་

སོགས་པ་རྣམ་པར་དག་པས་གྲུབ་པ་ཡིན་ན་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔར་འགྱུར་ཞེ་ན། གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ། ཕུང་པོ་ལ་སོགས་པའི་རང་བཞིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུང་བ་དང་འཛིན་པ་ཉིད་
དོན་དམ་པར་མེད་པས་སོ། །དེས་ན་ཆོས་བདག་མེད་པ་མཉམ་པ་ཉིད་པས། །རང་གི་སེམས་ཐོག་མ་ནས་སྐྱེ་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད། །འདི་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ངོ་བོས་སྣང་བའོ། །ཅི་སྟེ་གཟུང་བ་དང་འཛིན་པ་དང་བྲལ་བའི་གང་ཟག་
གཞན་གྱི་ངོ་བོར་ཡོད་པ་དེ་ནི་བདག་ཅག་ལ་སོགས་པས་རེ་ཞིག་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །གཞན་དུ་ན་དེ་ཁོ་ན་ཉིད་མཐོང་བས་གྲོལ་བར་ཐལ་བར་འགྱུར་བས་སོ། །འབྲས་བུས་ཀྱང་མིག་ལ་སོགས་པ་བཞིན་དཔོག་པ་མ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་
ཤེས་ལ་འབྲས་བུ་མེད་པའི་ཕྱིར་གཉིས་ཀྱིས་རྣམ་པར་སྣང་བ་ཡང་། རི་བོང་གི་རྭ་དང་མཚུངས་པའི་ཕྱིར་དངོས་པོ་མ་ཡིན་ནོ་ཞེ་ན་སྐྱོན་ཡོད་པ་མ་ཡིན་ཏེ། འཛིན་པ་བཀག་ནས་ནང་གི་རྟོག་པའི་ངོ་བོ་མ་བཀག་སྟེ། འདི་ལྟར་གང་རྣམ་པར་ཤེས་པ་ལས་ཐ་དད་པ་ལྟ་བུ་སྔོན་པོ་
ལ་སོགས་པའི་རྟོག་པ་དེ་རྣམ་པར་དཔྱད་མི་བཟོད་པས་ཡོད་པའི་ངོ་བོ་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་ལས་གཟུང་བ་ཡོད་པ་མ་ཡིན་པའི་ཕྱིར་དེ་ལ་ལྟོས་པའི་ཡང་རྟོག་པའི་ངོ་བོ་བྱེད་པ་པོ་ཡང་མེད་དེ། བྱེད་པ་པོ་དང་ལས་ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར་རོ། །རྟོག་
པའི་ངོ་བོ་ནི་ཕན་ཚུན་ལྟོས་པ་དང་བཅས་པ་མ་ཡིན་ཏེ། རང་གི་ངོ་བོ་ཉིད་དེ་བཞིན་དུ་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་ཀྱི་ངོ་བོ་རང་རིག་པ་ཙམ་དུ་རྣམ་པར་གནས་ཏེ་ཇི་སྐད་དུ་བརྗོད་པ་གཟུང་འཛིན་དང་བྲལ་བའི་ཕྱིར་གཉིས་སུ་མེད་པ་བརྗོད་པར་བྱ་སྟེ་ཆོས་ཅན་བཀག་པས་མ་
ཡིན་ནོ། །ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་གྲོལ་བར་ཐལ་བར་འགྱུར་བ་མེད་དེ། དེ་ཉིད་གཟུང་བ་ཡང་མ་བཟུང་བ་དང་འདྲ་བ་སྟེ། འཁྲུལ་པའི་ས་བོན་དང་ལྡན་པས་དེ་བཞིན་དུ་མ་རྟོགས་པའི་ཕྱིར་རོ། །གཞན་དག་ནི་དེ་ལྟ་བུར་གྱུར་པ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཁས་

མི་ལེན་པ་རྣམ་པར་ཤེས་པ་ནི་དངོས་པོ་འཛིན་པ་སྤངས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་གྲོང་ཁྱེར་དུ་འཇུག་པའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཀྱི་ལམ་ལ་བརྟེན་པ་ཞེས་སོ། །སེམས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒོ་ནས་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་
ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། མི་ཟད་པར་མཛད་པས་ཞེས་བྱའོ། །དེ་ཉིད་རྡོ་རྗེ་སྟེ་ཏིང་ངེ་འཛིན་གང་ལ་མི་བསྐྱོད་པའི་རྣམ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་པོ་འདི་རྣམས་མ་སྐྱེས་པས། །
ཞེས་བྱ་བ་ནི། མི་བསྐྱོད་པ་ལ་སོགས་པའི་ངོ་བོས་སོ། །གང་གི་ཕྱིར་ཞེ་ན། གསུངས་པ། ཆོས་དང་ཆོས་ཉིད་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱ་བ་དེ་ཁོ་ན་ཉིད་ཀྱིས་མེད་པར་བྱེད་པའི་
ཕྱིར་ཡོངས་སུ་གཅོད་པར་བྱེད་པའི་རྣམ་པར་ཤེས་པ་མེད་དོ། །དེའི་མཚན་ཉིད་ཀྱང་སྐྱེ་བ་མེད་པ་སྟེ། དེའི་ཕྱིར་འདི་ཐམས་ཅད་མཚན་གཞི་དང་མཚན་ཉིད་སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཙམ་མོ། །འོ་ན་ཇི་ལྟར་ཞེ་སྡང་གི་རིགས་བསྐྱེད་པ་ཡིན་ཞེ་ན་གསུངས་པ། ནམ་
མཁའ་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ན་ནམ་མཁའ་ཐོགས་པར་བྱེད་པའི་རྫས་དང་བྲལ་བ་ཙམ་སྣ་ཚོགས་པ་མེད་པ་ཉིད་དུ་རྣམ་པར་གནས་པ་ཡང་བུམ་པའི་ནམ་མཁའ་ལ་སོགས་པའི་སྒྲས་སོ་སོར་སྣང་བ་བཞིན་ཉེ་བར་བསྟན་ཏེ། དེ་བཞིན་དུ་ཞེ་སྡང་གི་རིགས་ཀྱང་བལྟ་བར་བྱའོ། །
འདི་ཞེས་བྱ་བ་ནི་གསུངས་མ་ཐག་པའི་ཀུན་རྫོབ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །བྱང་ཆུབ་ཚུལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་སོ། །མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་སྐྱོབ་པར་མི་ནུས་པའི་ཕྱིར་བསྟན་པའོ། །ཚོར་བ་ལ་
སོགས་པ་སྐྱེ་བ་མེད་པའི་ཕྱིར་རིན་ཆེན་འབྱུང་བའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པས་སོ། །རིན་ཆེན་འབྱུང་བའི་རྣམ་པ་ཅན་

གྱི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོས་རྣམས་ཐམས་ཅད་དངོས་མེད་ཅིང་། །ཞེས་བྱ་བ་ནི་འདི་རྣམས་ཀྱི་དངོས་པོ་མེད་པ་སྟེ། ཇི་ལྟར་བརྟགས་པའི་དངོས་པོ་མེད་པ་སྟེ། རིན་པོ་ཆེའི་རིགས་ཀྱི་ལྷའི་བདག་ཉིད་ཀྱི་དངོས་པོ་རྣམས་སོ། །གང་
གི་ཕྱིར་ཞེ་ན་གསུངས་པ། ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས། །ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པ་སྤྱིའི་མཚན་ཉིད་དང་། ཉམས་སུ་མྱོང་བ་ལ་སོགས་པ་ཁྱད་པར་གྱི་མཚན་ཉིད་རྣམ་པར་སྤངས་པ་སྟེ། རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །ཇི་ལྟར་རིན་པོ་ཆེའི་རིགས་སྐྱེད་ཅེ་ན་
གསུངས་པ། བདག་མེད་ཆོས་ལས་ཀུན་དུ་འབྱུང་། །ཞེས་བྱ་བ་སྟེ། ཆོས་བདག་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དེ་ནམ་ཞིག་ན་བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་ཞེས། སྨོན་ལམ་དང་ལྷན་ཅིག་པ་ལས་གདུལ་བྱའི་སོ་སོར་སྣང་
བའི་སྟོབས་ཀྱིས་བྱུང་བའོ། །རྟོག་པ་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། སྣང་བ་མཐའ་ཡས་ཀྱི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འོད་ཟེར་དང་ལྡན་པ་ནི་འོད་ཆེན་པོ་དང་ལྡན་པས་སྒྲོན་མ་སྟེ་
གསལ་བར་བྱེད་པས་སྒྲོན་མའོ། །ཡེ་ཤེས་ཉིད་ཤེས་བྱ་མཐའ་དག་གི་སྒྲིབ་པའི་མུན་པ་སེལ་བས་འོད་ཟེར་སྒྲོན་མའོ། །དེ་ཉིད་སྣང་བ་མཐའ་ཡས་ཀྱི་རྣམ་པས་རྡོ་རྗེ་སྟེ་མི་ཕྱེད་པའོ། །གང་ལ་ཏིང་ངེ་འཛིན་དེ་མངོན་སུམ་དུ་མཛད་པ་དེ་ལ་དེ་སྐད་ཅེས་བྱ་བའི་དོན་ཏོ། །མ་སྐྱེས་
པའི་ཆོས་རྣམས་ལ་ཞེས་བྱ་བ་ནི། སྣང་བ་མཐའ་ཡས་ལ་སོགས་པ་དམིགས་པའི་མཚན་ཉིད་རྣམས་ལ་རྣམ་པར་དཔྱད་པ་མི་བཟོད་པའི་ཕྱིར་དེ་ཁོ་ན་ཉིད་ཀྱིས་མ་སྐྱེས་པར་ཡོད་པ་རྣམས་ལའོ། །ངོ་བོ་མེད་ཅེས་བྱ་བ་ནི་སྣང་བ་མཐའ་ཡས་ལ་སོགས་པར་ཡོད་པ་མེད་པའོ། །
སྒོམ་པ་ཡང་མེད་ཅེས་བྱ་བ་ནི་ཆོས་རྗེས་སུ་འཇུག་པའི་སེམས་ཀྱང་མེད་ཅེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་སྣང་བ་མཐའ་ཡས་བསྐྱེད་པ་ཡིན་ཞེ་ན་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་མེད་པ་ཡང་ནམ་མཁའ་སྟེ། ཇི་ལྟར་གནས་ཏེ་སྒྲ་དང་

ལྷན་ཅིག་ཏུ་འབྲེལ་པར་རྟོགས་པ་ཡིན་ལ་དེ་བཞིན་དུ་དེ་རྣམས་ཀྱང་བསྐྱེད་པ་དེ་ཁོ་ན་ཉིད་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་ནམ་མཁའ་དང་ལྷན་ཅིག་ཏུ་རྐང་པ་ལ་སོགས་པའི་སྦྱོར་བས་ཐོགས་པ་མེད་པའི་ངོ་བོ་དེ་བཞིན་དུ་སྣང་བ་མཐའ་ཡས་ལ་སོགས་པའི་མཚན་ཉིད་དུ་དངོས་
པོར་བསྒྲགས་པ་སྟེ། གཟུང་བ་ལ་སོགས་པའི་རྣམ་པ་ནི་མ་ཡིན་པའི་དོན་ཏོ། །སེམས་ལས་བྱུང་བ་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་གྱིས་དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་
གནོན་པ་ནི། སེམས་ལས་བྱུང་བའི་ཆོས་ཐམས་ཅད་དམིགས་སུ་མེད་པ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སངས་རྒྱས་ཀྱི་མིང་ཡང་སྒྲིབ་པ་ཡིན་ཞེས་བྱ་བའི་ཚིག་ལས་སོ། །དེ་ཉིད་རྡོ་རྗེ་སྟེ་དོན་ཡོད་པར་གྲུབ་པའི་ངོ་བོས་བརྟན་པ་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རང་
བཞིན་འོད་གསལ་ཞེས་བྱ་བ་ལ། རང་བཞིན་ནི་ངོ་བོས་དམིགས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྣང་བའི་ངོ་བོ་ཡིན་པའི་ཕྱིར་འོད་གསལ་བའོ། །དོན་ཡོད་གྲུབ་པ་ལ་སོགས་པ་ཆོས་ཀྱི་ངོ་བོ་ཉིད་དེ་རྒྱུ་གསུངས་པ། གདོད་ནས་དག་པ་སྟེ། རྟག་ཏུ་ཉོན་མོངས་པ་དང་། ཉེ་བའི་
ཉོན་མོངས་པའི་དྲི་མས་ཉོན་མོངས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། ནམ་མཁའ་བཞིན་ཞེས་བྱ་སྟེ་ནམ་མཁའ་བཞིན་དུ་རང་བཞིན་མེད་པའི་ཕྱིར་ཅུང་ཟད་དང་སྦྱོར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་པ་སྟེ་གཉིས་སུ་
མེད་པའི་ཡེ་ཤེས་ཀྱི་གནས་སྐབས་ལ་གཉིས་ཡང་དག་པར་མི་རིགས་པའི་ཕྱིར་རོ། །འདིས་རྒྱུ་དང་འབྲས་བུའི་དམིགས་པ་གསལ་བར་འགྱུར་རོ། །དེ་ཡང་གསུངས་པ། དངོས་དང་དངོས་མེད་རྣམ་སྦྱངས་པས། །ཟད་པ་མྱ་ངན་འདས་པར་འདོད། །ཅེས་སོ། །ད་ནི་བྱང་
ཆུབ་སེམས་དཔའ་རྣམས་ཀྱིས་རྟོགས་ནས་སེམས་དད་པས་ཆེད་དུ་བརྗོད་པའི་སྔོན་དུ་སོང་བའི་བསྟོད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ། །དེའི་ཆོས་ནི་ཕུང་

པོ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཡི་གེ་རྣམས་ནི་རང་གི་ངོ་བོ་རྟོགས་པར་བྱེད་པའི་ཚིག་རྣམས་སོ། །ཨེ་མ་ཧོ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སྟོན་པ་པོ་དང་བསྟན་པར་བྱ་བ་དང་། བསྟན་པ་རྙེད་པར་དཀའ་བར་སྟོན་པའོ། །སངས་རྒྱས་
བྱུང་ཡང་འདི་ལྟ་བུའི་ཆོས་ཉིད་བདག་ཅག་རྣམས་ཀྱིས་ནམ་ཡང་ཐོས་པ་མེད་དོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་དང་རྨད་དུ་གྱུར་པ་ཐོབ་པའོ། །བཅུ་བདུན་པ་ལས་ཀྱང་འདིའི་ཆོས་བསྟན་པ་སྔོན་བྱུང་བ་རྣམས་ཀྱིས་ཀྱང་སྔར་བསྟན་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ནོ། །དག་པ་དེ་
ཉིད་དོན་དག་སྟོན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས། བདག་མེད་ཆོས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་ཡང་དེ་ལ་ཕྱག་བྱས་པའོ་ཞེས་གཞན་དག་འདོད་
དོ། །དག་པ་ནི་གཉིས་པ་མེད་པ་སྟེ་དེ་ཁོ་ན་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །གང་གི་དོན་དེ་ལ་དེ་སྐད་ཅེས་བྱ་སྟེ་མི་བསྐྱོད་པའོ། །ཕྱིན་ཅི་མ་ལོག་པས་དག་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐུས་སོ། །གང་ལ་དོན་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྣམ་པར་སྣང་མཛད་དོ། །
བདག་མེད་ཆོས་ལས་ཡང་དག་བྱུང་བ་ནི་རིན་ཆེན་ཏོག་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་མཐའ་དག་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གདུལ་བྱ་ཐམས་ཅད་ཀྱི་སངས་རྒྱས་བྱང་ཆུབ་རྫོགས་མཛད་པ་སྟེ་སྣང་བ་
མཐའ་ཡས་སོ། །དགྲ་དང་བཤེས་ལ་སོགས་པ་ཐ་དད་པར་མི་རྟོག་པར་འགྲོ་བ་མ་ལུས་པའི་དོན་རྫོགས་པར་མཛད་པས་ན་རྣམ་པར་མི་རྟོག་པའི་དོན་ཡོད་གྲུབ་པའོ། །དེ་ཙམ་གྱིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཡེ་ཤེས་ལྔའི་རང་བཞིན་དུ་གསུངས་སོ། །དམིགས་པ་མེད་པའི་
བྱམས་པ་ཆེན་པོས་རང་བཞིན་མཱ་མ་ཀཱིའི་རྣམ་པས་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བ་སྐྱེད་པའི་ཕྱིར་དམིགས་སུ་མེད་པའོ། །ཞི་བ་ལ་སོགས་པའི་ལས་ཀྱིས་འཇིག་རྟེན་མ་ལུས་པ་རྗེས་སུ་གཟུང་བའི་ཕྱིར་སྤྱན་གྱི་རྣམ་པས་ཀུན་དུ་བཟང་པོའོ། །སེམས་ཅན་ཐམས་ཅད་ཀྱི་

ཆོས་དང་ལུས་དང་དོན་རྒྱས་པར་བྱེད་པས་དགའ་བ་བསྐྱེད་པས་གོས་དཀར་མོའི་རྣམ་པ་ཀུན་གྱི་དོན་ཏོ། །དབང་དུ་བྱེད་པས་སྒྲོལ་མའི་རྣམ་པར་རྫོགས་པའི་བྱང་ཆུབ་ལ་སེམས་ཅན་རྣམས་སྦྱོར་བར་བྱེད་པས། བྱང་ཆུབ་སེམས་ནི་རབ་བསྐོར་བའོ། །སའི་སྙིང་པོ་ལ་སོགས་པ་དང་།
སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། འདི་ལ་སྤྱོད་པ་ཡོད་པས་བྱང་ཆུབ་སྤྱོད་པ་ཡིན་ནོ། །དམ་པའི་ཤེས་རབ་ཀྱི་རང་བཞིན་གཟུགས་རྡོ་རྗེ་ལ་སོགས་པའི་ངོ་བོས་ཉོན་མོངས་པ་ཐམས་ཅད་ཀྱི་རི་བོ་གཅོད་པར་བྱེད་པའི་ཕྱིར་རྡོ་རྗེ་ཆེའོ། །དད་པ་ལ་
སོགས་པའི་རྒྱུ་མཐུན་པ་ལས་གཤིན་རྗེ་མཐར་བྱེད་ཀྱི་རྣམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྐྱེད་པར་བྱེད་པས་དེ་བཞིན་གཤེགས་པའི་ཐུགས་སོ། །བརྩོན་འགྲུས་མཆོག་ཏུ་གྱུར་པས་ཉོན་མོངས་པ་མཐའ་དག་གི་དྲི་མ་བསལ་བའི་ཕྱིར་དག་
པའི་རང་བཞིན་གྱི་གཞན་གྱིས་མི་ཐུབ་པའི་ངོ་བོའོ། །རྣམ་པར་དག་པའི་དྲན་པའི་རང་བཞིན་གྱིས་འཆི་བའི་འཇིགས་པ་བསལ་ནས་སྐུ་ལ་སོགས་པ་དང་ཐ་མི་དད་པར་འཛིན་པའི་ཕྱིར་པདྨ་མཐར་བྱེད་ཀྱི་ངོ་བོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཛིན་ནོ། །པདྨའི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་
རྣམ་པར་གཡེང་བ་ལ་སོགས་པ་བགེགས་མཐའ་དག་གི་གཉེན་པོར་གྱུར་པའི་ཕྱིར། མཐར་ཐུག་པའི་སངས་རྒྱས་དང་བྱང་ཆུབ་ལ་སེམས་ཅན་རྣམས་ཁྲིད་པར་བྱེད་པ་བདུད་རྩི་འཁྱིལ་པའི་ངོ་བོས་སངས་རྒྱས་དང་བྱང་ཆུབ་རབ་ཏུ་སྟོན་པའོ། །འདི་ཞེས་པས་སྲུང་བའི་འཁོར་ལོ་ལ་དབང་
བའི་ཁྲོ་བོའི་ཚོགས་ཀྱི་ངོ་བོ་དང་དཔའ་བོ་རྡོ་རྗེ་ལ་སོགས་པ་དུ་མའི་རང་བཞིན་གྱིས་སྣང་བ་ལ་ཡང་། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་ལྷ་མཐའ་དག་གི་བདག་ཉིད་དུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཅན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་བའི་གཞི་
བྱས་པ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དཔལ་གསང་བ་འདུས་པའི་དཀའ་འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་བཤད་པའོ།། །།བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བའི་ལྷ་དགོང་པ་རྫོགས་པའི་བྱང་ཆུབ་བསྐྱེད་

པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྟན་པའི་རྗེས་ལ་རྡོ་རྗེ་བཀོད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲོ་བ་ནི་སྤྲུལ་པ་དུ་མ་མཛད་པའོ། །དེ་ཉིད་
སྤྲིན་ཏེ་ནམ་མཁའ་མ་ལུས་པར་ཁྱབ་པར་བྱེད་པའི་ཕྱིར་རོ། །བསྡུས་ནས་དཀྱིལ་འཁོར་པའི་ལྷའི་རྣམ་པས་རྣམ་པར་བརྟགས་པའི་ཕྱིར་བཀོད་པའོ། །འདི་ཞེས་བྱ་བ་ནི་རྩོམ་པའོ། །རྡོ་རྗེ་བཀོད་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ནི་རྣམ་པར་སྣང་མཛད་
ལ་སོགས་པའི་ཁྱད་པར་གྱིས་བརྟགས་པའི་ཏིང་ངེ་འཛིན་ཡིན་ཏེ། དེ་བརྗོད་པར་བྱ་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་གསུངས་སོ་ཞེས་བྱ་བར་སྦྱར་རོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་སྔགས་སོ། །དེ་ལ་
ཨོཾ་ཞེས་བྱ་བ་ནི་ཁས་ལེན་པ་སྟེ། དེ་ལྟར་འདི་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཕྱིར་ཤཱུ་ནྱ་ཏཱ་ཛྙཱ་ན་སྟེ་དེ་ཉིད་དབྱེར་མེད་པས་ན་བཛྲའོ། །དེའི་སྭ་བྷཱ་བ་ནི་རྣམ་པར་རྟོག་པ་མེད་པའོ། །དེའི་ཨཱཏྨ་རང་བཞིན་གང་ལ་ཡོད་པ་དེ་ཨ་ཧཾ་སྟེ་
བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རང་བཞིན་ང་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དངོས་པོ་རྣམས་ཐོག་མ་ནས་སྐྱེ་བ་མེད་པའི་ཕྱིར་དང་། རྟོག་པ་དང་བྲལ་བའི་ཕྱིར་དང་། སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་ཡང་ཨོཾ་ཞེས་བྱ་བ་སྟེ་ཡི་གེའི་བརྡས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གསུངས་སོ། །
ཤཱུ་ནྱ་ཏཱ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཛྙཱ་ན་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །བཛྲ་ཞེས་བྱ་བ་ནི་སྤྲོ་བ་བསྟན་པའི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྭ་བྷཱ་བ་ཨཱཏྨ་ཀོ་ཞེས་བྱ་བ་ནི། ཆོས་རྣམས་ཀྱི་རང་བཞིན་ཉོན་མོངས་པ་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཤིན་
ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཨ་ཧཾ་ཞེས་བྱ་བ་ནི། ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ངོ་བོས་བདག་ཉིད་ངེས་པར་བསྟན་པའོ། །དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་དུ་བདག་ཉིད་ངེས་པར་བྱས་ནས། རང་གི་ལྷག་པའི་ལྷ་བསྒོམ་པར་བྱའོ་ཞེས་སྟོན་ཏོ། །དེ་ཡང་

དགོངས་པ་ལས་གསུངས་པ། ཨོཾ་ཞེས་བྱ་བ་དང་པོར་ལྡན། །གཉིས་པ་ཤཱུ་ནྱ་ཏཱ་ཞེས་བྱ། །གསུམ་པ་དེ་བཞིན་ཛྙཱ་ནའོ། །བཞི་པ་བཛྲ་ཞེས་བྱའོ། །སྭ་བྷཱ་བ་ཨཱཏྨ་ཀོ་ལྔ། །དྲུག་པ་ཨ་ཧཾ་ཞེས་སུ་བརྗོད། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །
སྐྱེ་བོ་མཆོག་ལ་བསྟན་པ་ཡིན། །ཞེས་སོ། །རྟེན་སྔོན་དུ་སོང་བའི་བརྟེན་པ་རྣམ་པར་གཞག་པའི་ཕྱིར་རྟེན་གྱི་དཀྱིལ་འཁོར་ཉེ་བར་བསྟན་པ་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་དང་རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་སྟེ།
དོན་གཞན་མ་ཡིན་ནོ། །དེའི་དབུས་སུ་གནས་པ་ནི་ཇི་ལྟར་འགྱུར་བ་ཡིན་པ་དེ་བཞིན་དུ་བསྒོམ་པ་ཡིན་ནོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དེས་སྐྱེད་པའི་ཕྱིར་རོ། །གང་ཡང་གསུངས་པ། བཅུ་གསུམ་པ་ལས། ནམ་མཁའི་རྡོ་རྗེ་དབུས་གནས་པར། །ཆོས་ཀྱི་
སྣང་མཛད་སྐུ་མཆོག་ལས། བྱུང་བ་སྐུ་གསུམ་དམ་ཚིག་སྟེ། བསམ་གནས་སྟན་དུ་དེ་རབ་བརྟག །ཅེས་སོ། །དེའི་ཕྱིར་ཡེ་ཤེས་ཞབས་ཀྱིས་ཀྱང་། །བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི། །རྣམ་པར་སྣང་མཛད་ཡན་ལག་ཡང་དག་འབྱུང་། །ཞེས་སོ། །འདིས་
ནི་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་བ་གསུངས་སོ། །འོད་ཟེར་སྤྲིན་ནི་སྤྲུལ་པ་རྣམས་སོ། །བཀོད་པ་ཆེན་པོ་ནི་རེ་རེ་ལས་མཐའ་ཡས་པ་སྤྲུལ་པ་གང་ལ་ཡོད་པ་དེའི་འོད་ཀྱི་སྤྲིན་གྱི་ཚོགས་ཆེན་པོའོ། །དེས་ན་འདི་ཉིད་ཀྱི་ཁྱད་པར་གཞན་བསྟན་པ་གསུངས་པ། སངས་
རྒྱས་འབར་བ་འོད་མཉམ་མེད། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པས་འབར་བ་གང་ལ་ཡོད་པ་དེ་སངས་རྒྱས་འབར་བ་སྟེ། དེས་ན་དེ་ཉིད་དང་འོད་མཉམ་པ་མེད་པའོ། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་དང་། ཆོས་
མཐུན་པས་ཡེ་ཤེས་ལྔའི་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱིས་དཀར་པོ་ལ་སོགས་པའི་འོད་ཟེར་གྱི་རྩེ་མོ་ལ་སྟོན་པ་དང་ལྡན་པའི་ཕྱིར་རོ། །གང་ཡང་གསུངས་པ། ཡེ་ཤེས་ཞབས་ཀྱིས་ཀྱང་། ཐུབ་དབང་འོད་ཀྱིས་དཀྱིལ་འཁོར་སྣ་ཚོགས་པའི། །

འོད་ཀྱིས་ཕྱོགས་མཚམས་མ་ལུས་ཀུན་དུ་ཁྱབ། །ཅེས་བྱའོ། །ཀུན་ནས་ཡོངས་སུ་ཟླུམ་པོར་ཏེ། །ཞེས་བྱ་བ་ནི་ཟླུམ་པོར་ཏེ། འདི་ཡང་སྙིང་པོའི་དཀྱིལ་འཁོར་དུ་གསུངས་སོ། །ཕྱིའི་ནི་ཡང་གྲུ་བཞི་ཉིད་དོ། །གླེང་གཞིའི་ལེའུ་ལས་དམ་ཚིག་ཆེན་པོའི་དཀྱིལ་
འཁོར་གྲུ་བཞི་ཞེས་བྱ་བས་འདིའི་མཚན་ཉིད་བསྟན་པའི་ཕྱིར་ཕྱིའི་ཁྱམས་ཟླུམ་པོ་མི་སྲིད་དོ། །དེ་ལྟ་བས་ན་བསྒོམ་པའི་དཀྱིལ་འཁོར་ལ་རིམ་པ་གཅིག་པ་གསལ་ལོ། །འདོད་པའི་ཡོན་ཏན་ལྔ་ཡིས་ཁྱབ། །ཅེས་བྱ་བ་ནི་འདོད་པར་བྱ་བ་སྟེ། དམ་པའི་བདེ་བ་སྐྱེད་པའི་རྒྱུ་ཡིན་
པའི་ཕྱིར་དང་ལྷའི་གཟུགས་ཀྱི་ཡོན་ཏན་དུ་བྱེད་པ་གོམས་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །དེས་ཁྱབ་པ་ནི་རང་རང་གི་གནས་སུ་རྣམ་པར་གནས་པ་དང་ལྡན་པའོ། །མཆོད་པ་རྣམ་ལྔས་བརྒྱན་པ་ཞེས་བྱ་བ་ནི་ཁྱམས་ལ་བརྟེན་པའི་
མཆོད་པའི་ལྷ་མོའི་གཟུགས་རྣམས་ཀྱིས་བརྒྱན་པའོ། །འདིས་ནི་དཀྱིལ་འཁོར་པ་ཉིད་ཐམས་ཅད་བསྟན་པ་ཡིན་ལ་ལྷག་མ་ནི་ཡེ་ཤེས་སྒྲོན་མ་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞིར་བསྟན་པའི་ཕྱིར་རོ། །དེ་ལྟར་ན་རྟེན་དང་བརྟེན་པ་དང་བཅས་པ་བསྟན་པའོ། །ད་ནི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་རེ་ཞིག་གཙོ་བོ་རྣམས་བསྐྱེད་པའི་ཁ་དོག་དང་མཚོན་ཆ་ངེས་པར་བསྟན་པ་གསུངས་པ། བསྒོམས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་བསྟན་མ་ཐག་པའི་དཀྱིལ་འཁོར་ལ་མདོར་བསྡུས་ནས་བསྒོམ་པར་བྱས་ནས་སོ། །
གཟུགས་ནི་དབུས་སུ་བསྒོམ་པར་བྱ། །ཞེས་བྱ་བ་ནི་བདག་པོའི་སྐུའི་དཀྱིལ་འཁོར་གྱི་དབུས་སུ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ། ཡོངས་སུ་གྱུར་པ་ལ་སྔོན་དུ་སོང་བ་ཅན་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །གང་གསུངས་པ་བཅུ་གསུམ་པ་ལས། སངས་རྒྱས་གཟུགས་ནི་རབ་
བསྒོམས་ནས། །རྣམ་པར་སྣང་མཛད་རབ་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚིག་གིས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་གཟུགས་ཐ་དད་པ་ཉིད་སྟོན་ཏོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ཁ་དོག་དང་མཚན་མ་ལྡན་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱིས་མཚན་

པའོ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །འདིས་ཀྱང་ཡན་ལག་བཞི་བསྒོམ་པའི་ས་བོན་གསུངས་ཏེ། ཡན་ལག་བཞིའི་རིམ་པ་རྫོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ཡང་འཆད་པར་འགྱུར་བ་ཀུན་ལ་སྦྱོར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་
ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །མི་བསྐྱོད་པ་ཞེས་བྱ་བ་ནི་ཞེ་སྡང་རྡོ་རྗེའོ། །ཚོགས་གཉིས་དང་ནི་ལྡན་པ་ཡིས། །ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པ་ཐབས་དང་ཤེས་རབ་སྙོམས་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ། །འདི་ཡང་སྔ་མ་དང་ཕྱི་མ་དག་
ཏུ་འབྲེལ་བའོ། །འོད་བྱེད་ཅེས་བྱ་བ་ནི་ཇི་ལྟ་བ་བཞིན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་ཤེས་པའི་མུན་པ་སེལ་བའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི། སངས་རྒྱས་བདག་པོའི་དཀྱིལ་འཁོར་ལའོ། །རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཡང་སངས་རྒྱས་
ཀྱི་དཀྱིལ་འཁོར་ཏེ། སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད། །ཅེས་བྱ་བའི་ཚིག་ལས་སོ། །འདིས་ནི་འདིར་བྱང་ཆུབ་སེམས་དཔའ་བདག་པོའི་དཀྱིལ་འཁོར་ཡོད་དོ་ཞེས་བསྟན་པ་ཡིན་ཏེ། ཡང་གསུངས་པ་བཅུ་དྲུག་པ་ལས། རྡོ་རྗེ་འཛིན་མཆོག་གང་ཡིན་པ། །དབུས་སུ་གཟུགས་
ནི་ལེགས་བྲིས་པ། །དེ་ཡི་དཀྱིལ་འཁོར་གནས་སུ་འགྱུར། །སྐུ་གསུང་ཐུགས་ཀྱི་གསུང་ལས་བྱུང་། །ཞེས་སོ། །ཐམས་ཅད་ལས་མཆོག་ཡིན་པའི་ཕྱིར། འདིར་དང་པོར་རྡོ་རྗེ་འཛིན་པར་བསྟན་པ་ཐོབ་པ་མ་ཡིན་ནམ་གང་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དག་གི་བར་དུ་
ཉེ་བར་བསྟན་ཞེ་ན། དེའི་ཁ་དོག་དང་མཚན་མ་ལ་སོགས་པའི་དོན་དུའོ། །དེས་ན་འདིའི་རྡོ་རྗེ་རྩེ་དགུ་པ་མ་ཡིན་ནོ། །རྣམ་པར་གཙིགས་པའི་རྣམ་པ་ཡིན་པའི་ཕྱིར་ན་རྣམ་པར་གཙིགས་པའི་སྟེ་སྐུའོ། །གདུག་པ་རྣམས་ཀྱིས་བཟོད་པར་མི་ནུས་པའི་སྔགས་སྨྲ་བ་ནི་འཇིགས་
པའི་ཚིག་གོ། །བདུད་རྣམས་ཐམས་ཅད་འཇོམས་པར་བྱེད་པའི་དགོངས་པ་མངའ་བའི་ཕྱིར་འཇིགས་པས་ཏེ་ཐུགས་ཀྱིས་སོ། །ཤེལ་ནི་རྡོའི་བྱེ་བྲག་གོ། །ཟླ་བ་ནི་རི་བོང་ཅན་ནོ། །དེ་དག་གི་འོད་ནི་དང་བ་དང་དཀར་བ་སྟེ་ཟླ་བའི་འོད་འདྲ་བར་རྣམ་པར་སྣང་མཛད་བསམ་ཞེས་

པའི་དོན་ཏོ། །ཕྱག་ན་འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པའི་མཚན་མ་དང་ལྡན་པའོ། །རལ་པའི་ཅོད་པན་གྱིས་བརྒྱན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཁྱད་པར་རོ། །འཛམ་བུའི་ཆུ་བོའི་གསེར་འོད་འདྲ་ཞེས་བྱ་བ་ནི། རྣམ་པར་དག་པའི་གསེར་དང་མཚུངས་
པ་སྟེ་རིན་ཆེན་འབྱུང་ལྡན་བསྒོམ་པར་བྱའོ། །རྩེ་མོ་དགུ་པ་རྡོ་རྗེ་ཆེ། །ཞེས་བྱ་བ་ནི་རིན་པོ་ཆེ་ཆ་དགུ་པ་ལ་རྡོ་རྗེ་ཆེ་ཞེས་བྱ་བ་སྟེ། དེའི་ཞེས་བྱ་བ་ནི་རིན་ཆེན་འབྱུང་བའོ། །མརྐ་ཏ་ཡི་འོད་འདྲ་བ། །ཞེས་པ་ནི་ཁ་དོག་ལྗང་གུའོ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་མི་
ཕྱེད་པའི་འབར་བས་ཡོངས་སུ་བསྐོར་བའོ། །ཕྱག་ན་རིན་ཆེན་རབ་བསྒོམས་པ། །ཞེས་བྱ་བ་ནི། དེ་ལྟར་རིན་ཆེན་དབང་ཕྱུག་ཡོངས་སུ་རྫོགས་པའོ། །ཀུན་དུ་འབར་བའི་སྤྲིན་ཞེས་བྱ་བ་ནི་འོད་ཟེར་ཕྱོགས་ཐམས་ཅད་དུ་ཁྱབ་པའོ། །འདིའི་དོན་ནི་རིན་ཆེན་དབང་ཕྱུག་འོད་ཟེར་དཔག་
ཏུ་མེད་པ་འཕྲོ་བ་བསྒོམ་སྟེ། དེ་ཡི་ཕྱག་ཏུ་བསྒོམ་པར་བྱ། །ཞེས་སོ། །པདྨ་རཱ་གའི་འོད་འདྲ་བ། །ཞེས་བྱ་བ་ནི་འོད་ཟེར་ཤིན་ཏུ་དམར་པོ་དང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདོད་ཆགས་འབར་བ་མངའ་བ་ཞེས་བྱ་བ་ནི། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཆགས་པའི་རང་
བཞིན་ཡིན་པའི་ཕྱིར་རོ། །འོད་ཟེར་སྣ་ལྔའི་འོད་འདྲ་བ། །ཞེས་བྱ་བ་ནི་ཁ་དོག་ལྗང་གུ་དོན་ཡོད་གྲུབ་པར་བལྟའོ། །གང་ཡང་གསུངས་པ་གླེང་གཞིའི་ལེའུ་ལས་ལྗང་གུ་ནག་པོ་དཀར་པོའི་ཚུལ་གྱིས་སོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་དང་སྒེག་པའི་གཟུགས་ཅན་ཏེ། འདི་ཡང་མི་
བསྐྱོད་པ་མ་གཏོགས་པ་ཐམས་ཅད་ཀྱི་ཁྱད་པར་རོ། །ལྷ་རྫོགས་པ་རྣམས་ལ་རྣམ་པར་བྱང་བར་མངོན་པར་ཞེན་པ་བསལ་བའི་ཕྱིར་ཆོས་ཀྱི་དབྱིངས་ནི་བྱིན་གྱིས་བརླབས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དྷརྨཱ་རྣམས་ཀྱི་དྷཱ་ཏུ་ནི་དེ་བཞིན་ཉིད་དོ། །སྭ་བྷཱ་བ་ཨཱཏྨ་
སྟེ་གང་ལ་ཡོད་པ་དེ་ནི་ཨ་ཧཾ་སྟེ་དེ་བཞིན་དུའོ། །དང་པོ་སྦྱོར་བ་རྫོགས་ནས། །སེམས་བརྟན་པའི་རྣལ་འབྱོར་པས་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་བྱ་སྟེ། གང་ཡང་གསུངས་པ། དེ་ཁོ་ན་ཉིད་བསྡུས་པ་ལས། བློ་ནི་བརྟན་འགྱུར་རྣལ་འབྱོར་པས། །དཀྱིལ་འཁོར་

མཆོག་ནི་བྲི་བར་བྱ། །ཞེས་སོ། །སེམས་བརྟན་པར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་སྒོམ་པ་གསུངས་པ། ལྔ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་ཁ་དོག་དཀར་པོ་ལ་སོགས་པ་དང་ལྡན་པའོ། །སྣའི་རྩེ་མོ་ཞེས་བྱ་བ་ནི་མན་ངག་ལས་པདྨའི་སྣ་སྟེ།
མཚན་མའི་ནང་དུ་རང་གི་ལྷའི་དཀྱིལ་འཁོར་དང་བཅས་པའོ། །གང་ཡང་འཆད་པར་འགྱུར་བ་ལས། འགྲོ་དང་མི་འགྲོ་ཡུངས་ཀར་ལས། །ཞེས་སོ། །ནན་ཏན་གྱིས་ཞེས་བྱ་བ་ནི་རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་སོ། །རྣལ་འབྱོར་པའི་ས་ཞེས་བྱ་བ་ནི་ཐབས་དང་
ཤེས་རབ་སྙོམས་པར་འཇུག་པས་སོ། །རྟག་པར་ཞེས་བྱ་བ་ནི་མཚན་མ་བྱུང་གི་བར་དུའོ། །གང་ཡང་གསུངས་པ་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་ཕྲ་མོ་བདེ་རེག་པ། །མཚན་མ་ནམ་ཞིག་བྱུང་བ་ན། །ཇི་སྲིད་ནམ་མཁའི་སྤྱོད་ཡུལ་དུ། །མཚན་མ་རྣམས་ཀྱང་སྤྲོ་བར་
བྱ། །ཞེས་སོ། །མཚན་མ་ཐོབ་པའི་མཚན་ཉིད་བཅོ་བརྒྱད་པ་ལས། སྨིག་རྒྱུ་ལྟ་བུ་དང་པོ་སྟེ། །ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ཉིད་འདིར་དགེ་བ་དང་མི་དགེ་བའི་མཚན་མ་རྣལ་འབྱོར་པས་ཤེས་པར་བྱའོ། །གང་གསུངས་པ་དེ་བཞིན་གཤེགས་པའི་དམ་ཚིག་གི་དེ་
ཁོ་ན་ཉིད་ལས་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་གྱིས་གང་ལ་མཚན་མ་བྱུང་བ་སྟེ། འདས་དང་ད་ལྟར་མ་འོངས་པའི། །དེ་ལ་མཐོང་དང་ཐོས་པ་ཤེས། །དེ་ལ་མཁའ་གནས་བློ་ལྡན་གྱིས། །དཀར་དང་སེར་འདྲའི་དཀྱིལ་འཁོར་མཐོང་། །འོད་ཟེར་ཕྲེང་བ་ངོ་མཚར་གྱུར། །རིགས་འདིའི་ཁ་དོག་
དབྱེ་བ་ཡིས། །དེས་ན་བློ་ལྡན་བདག་ཉིད་ཀྱང་། །ཡིད་ལ་བརྟགས་པར་དཀར་དང་དག །གང་ཞིག་ནག་པོ་མི་དགེ་བསྟན། །དམར་པོ་ཆགས་པ་རབ་ཏུ་གསུངས། །སེར་པོ་རྒྱས་པར་དེ་བཞིན་ནོ། །རྨོངས་པ་ཞེས་བྱ་ཆོ་ག་མིན། །སྤྲིན་གྱིས་བསྒྲིབས་པས་མཁས་པ་
ཡིས། །ཞེས་སོ། །བརྟན་པ་ཞེས་པ་ནི་བསྒོམས་པས་བརྟན་པར་གྱུར་པའོ། །སྤྲོ་ཞེས་བྱ་བ་ནི་སྤྲོ་བར་བྱའོ། །མཆོག་རབ་ནི་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་ཕྱིར་སངས་རྒྱས་ཞེས་བྱ་བའི་དོན་ཏོ། །འདི་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ། བར་མེད་པར་ནམ་མཁའ་

ཁྱབ་པས་སྤྲིན་ཏེ་སྤྲིན་བཞིན་ནོ། །ཁྱད་པར་ཅི་ཞེ་ན་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། ཤུབས་འཛིན་པ་ནི་རལ་གྲིའོ། །མཚན་མ་ཡང་དག་སྤྲོ་བར་བྱ། །ཞེས་ཁ་ཅིག་ཟེར་རོ། །སངས་རྒྱས་འབའ་ཞིག་མ་ཡིན་པར་གསུངས་པ། བྱང་
ཆུབ་སེམས་དཔའི་སྤྲིན་ཆེན་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་སྤྲུལ་པ་ཡང་སྤྲོ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་པ་ཡིན་ཏེ། གང་སེམས་བརྟན་པས་དཀྱིལ་འཁོར་སྤྲུལ་པར་འདོད་པ་ཡིན་ནོ། དེའི་ཚེ་རང་གི་རིག་མའི་པདྨའི་རླུང་དུ་ཇི་ལྟ་བ་བཞིན་ལྷའི་འཁོར་ལོ་རྫོགས་
པར་བྱས་ནས་དེ་ནས་ཆོ་ག་བཞིན་དུ་གདོན་པར་བྱའོ། །ཕྲ་མོའི་རྣལ་འབྱོར་བསྒོམས་པས་མཚན་མ་ཐོབ་པས་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་བར་སྟོན་ཏོ་ཞེས་ཁ་ཅིག་ཟེར་རོ། །སྤྲོས་པ་བསྡུས་པའི་རྣམ་པར་གཞག་པ་གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ།
ཆོས་འབྱུང་གི་ནང་དུ་ཆུད་པའི་གཞལ་ཡས་ཁང་དེའི་དབུས་སུ་གནས་པ་ཇི་ལྟ་བ་བཞིན་དུ་ཡིན་ནོ། །དེ་བཞིན་རྡོ་རྗེའི་དཀྱིལ་འཁོར་བྲི་བར་བྱ། །ཞེས་བྱ་བ་ནི་བསྡུས་ནས་མི་བསྐྱོད་པའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །བྲི་བར་བྱ་ཞེས་བྱ་བའི་ཚིག་གི་སྒྲའི་རྡུལ་ཚོན་གྱི་
དཀྱིལ་འཁོར་པའི་ལྷ་རྣམས་བཀོད་པ་ཡང་ཇི་ལྟ་བ་བཞིན་དུ་བྱ་ཞེས་བསྟན་པའོ། །གསང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་གཞལ་ཡས་ཁང་སྟེ། དེའི་དབུས་སུ་གནས་པ་ཇི་ལྟ་བ་བསྒོམ་པར་བྱ་སྟེ་དེ་ནི་གོང་འོག་གཉིས་
ཀར་སྦྱར་རོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་བདག་པོ་ཡིན་པས་སོ། །པདྨའི་དཀྱིལ་འཁོར་འདྲ་བ་ཞེས་བྱ་བ་ནི་བདག་པོ་དང་མཚུངས་པའི་ཉམས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཆད་པར་འགྱུར་ཏེ། ཆགས་པ་ཐམས་ཅད་འདོད་ཆགས་བདག །ཅེས་
བྱའོ། །འདི་སྐད་བསྟན་པ་ཡིན་ཏེ། དཀྱིལ་འཁོར་ཐམས་ཅད་ལ་རང་གི་བདག་པོ་དང་བཅས་པའི་ཉམས་དང་ལྡན་པ་དེ་ལྟར་དཀྱིལ་འཁོར་པ་ཐམས་ཅད་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །བཟླས་པ་བསྒོམ་པས་ཞེས་བྱ་བ་ནི་ལྷ་སྒོམ་པ་དང་འབྱིན་པའི་སྔགས་བརྗོད་པ་སྟེ། དེ་

ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་ངོ་། །རིན་ཆེན་བརྩོན་པས་ཞེས་བྱ་བ་ནི་རིན་ཆེན་འབྱུང་བའི་རྣལ་འབྱོར་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དཀྱིལ་འཁོར་ཐམས་ཅད་ལ་བདག་པོའི་རྣལ་འབྱོར་སྔོན་དུ་སོང་བས་ལྷ་རྣམས་དབྱུང་བར་བྱ་ཞེས་སྟོན་པར་བྱེད་དོ། །ནམ་མཁའ་
ཉེ་བར་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ། །སྦྱོར་བའི་སྒྲ་སྨོས་པས་འདི་ལྟར་ཤེས་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་པདྨའི་ནང་དུ་དཀྱིལ་འཁོར་རྫོགས་པར་བྱས་ནས་དབྱུང་བར་བྱ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ། འདིར་རྣམ་
པར་སྣང་མཛད་ཀྱི་གདན་ཟླ་བ་ཡིན་ལ། དེ་བཞིན་གཤེགས་པ་གཞན་རྣམས་ཀྱི་ཉི་མ་ཡིན་ནོ་ཞེས་ཟེར་ཏེ། དེ་ནི་རིགས་པ་མ་ཡིན་ཏེ། དྲུག་པ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བས་མི་བསྐྱོད་པའི་གདན་ཉི་
མ་ཡིན་པར་གསུངས་སོ། །དེའི་རྗེས་སུ་འབྲངས་ཤིང་མན་ངག་དང་ལྷན་ཅིག་པས་རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཡང་གདན་དེ་ཉིད་ཡིན་པར་ཤེས་པར་བྱའོ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་འདིས་རྣམ་པར་སྣང་མཛད་ཀྱི་གདན་ཟླ་བ་ཡིན་པར་
ལན་དུ་མར་གསུངས་སོ། །འདི་དག་སངས་རྒྱས་རབ་ཀྱི་མཆོག །ཅེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་དང་བཅས་པའོ། །ཅིའི་ཕྱིར་ཞེ་ན། སྐུ་ཞེས་བྱ་བ་ལ་སོགས་པ་ལ་སྐུ་ལ་སོགས་པ་སྒྲུབ་པར་བྱེད་པ་དམ་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་
འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལས་བྱུང་བ་ཡིས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་ངེས་པར་སྐྱེས་པའོ། །ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པ། །ཞེས་བྱ་བ་ལ། ཐམས་ཅད་མཁྱེན་པའི་ཚུལ་ཡོད་པ་ནི་ཐམས་ཅད་མཁྱེན་པ་གསུམ་པ་ཐོབ་པར་
བྱེད་པའི་རྒྱུའོ། །ཡང་ན་མཆོག་ཏུ་ཟག་པ་མེད་པའི་བདེ་བའི་ངོ་བོ་ཉིད་ནི་ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པ་སྟེ། ཐམས་ཅད་ལ་མཆོག་ཏུ་གྱུར་པའི་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གསུངས་པ། དཀྱིལ་འཁོར་སྙིང་པོ་བསྡུས་པ་སྟེ། །ཞེས་བྱ་

བ་དང་། དེ་ཉིད་བཅུ་བསྡུས་པ་ལས་ཀྱང་གསུངས་པ། ཤིན་ཏུ་རྫོགས་པ་ཐོབ་པ་ཡིས། །རྫོགས་པ་བདུད་རྩི་ཡི་ནི་གནས། །ཡེ་ཤེས་སྙིང་པོར་གྱུར་པའི་ཕྱིར། །དཀྱིལ་འཁོར་ཡོངས་སུ་བརྗོད་པར་བྱ། །ཞེས་སོ། །དེས་ན་འདི་སྒོམ་པར་བྱེད་པ་ཡང་དེ་
ལྟ་བུའི་ཡོན་ཏན་དང་ལྡན་པར་བསྟན་ཏོ། །རྡོ་རྗེ་བཀོད་པ་ལས་དམིགས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ། དེ་ལ་ནི་བརྗོད་པར་བྱ་བ་ཉིད་དུ་ལེན་པར་བྱེད་པ་སྟེ། ཡོངས་སུ་གཅོད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་བཤད་པ་ཉིད་དོ། །དཔལ་གསང་བ་འདུས་པའི་དཀའ་
འགྲེལ་རྒྱལ་བས་བྱིན་པས་མཛད་པ་ལས་ལེའུ་གསུམ་པའི་བཤད་པའོ།། །།ད་ནི་ཇི་ལྟ་བ་བཞིན་སློབ་དཔོན་གྱི་གོ་འཕང་ཐོབ་ནས་རྒྱུད་ཐམས་ཅད་ཀྱི་དོན་ཡང་དག་པར་རྟོགས་པ་དང་། ཕྲ་མོའི་རྣལ་འབྱོར་གོམས་པས་སྒོམ་པ་ལ་སེམས་བརྟན་པར་གྱུར་པས་ཀྱང་།
དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར་རམ་སློབ་མ་བསྡུ་བའི་ཕྱིར། དཀྱིལ་འཁོར་བྱེད་པ་སྣང་བ་ཉིད་དོ། །གང་ཡང་གསུངས་པ། དཀྱིལ་འཁོར་དག་དང་མི་ལྡན་ན། །སྔགས་ཀྱི་དངོས་གྲུབ་དམ་པ་མེད། །ཇི་ལྟར་རླུང་དང་བྲལ་བ་ཡིས། །འགྲོ་དང་འོང་བ་ལ་སོགས་མེད། །དཀྱིལ་འཁོར་
དམན་པར་གྱུར་པ་དང་། །དམ་ཚིག་ཀྱང་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་ན། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་སོ། །སྣང་བ་རྡོ་རྗེ་འཆར་བ་ལས་ཀྱང་གསུངས་པ། དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །དབང་བསྐུར་བ་ཡང་མ་ཐོབ་ལ། །བྱང་ཆུབ་
སེམས་དཔའི་བརྟུལ་ཞུགས་དང་། །མཚན་མ་རྣམ་པ་སྣ་ཚོགས་ནི། །སྦྱིན་མི་བྱ་བར་གང་གསུངས་པ། །དེའི་ཕྱིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་སོ། །དེ་ནས་བདག་དང་གཞན་ལ་བསྟན་པར་ནུས་པའི་དཀྱིལ་འཁོར་ཡིད་ཀྱིས་སྤྲུལ་པར་མི་ནུས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་
བར་ཉེ་བར་བསྟན་པ་གསུངས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བསྟོད་པའི་རྒྱལ་པོ་འདིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཡང་དག་པའི་ཡོན་ཏན་བརྗོད་ནས་གསོལ་བ་བཏབ་པའོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

བྱིན་གྱིས་བརླབས་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ཆོས་དང་། སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གོ་རིམས་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་དང་། སྐུའི་དཀྱིལ་འཁོར་དང་གསུང་གི་དཀྱིལ་འཁོར་གསུངས་སོ། །ཞེས་ཁ་ཅིག་
ཟེར་རོ། །ཆོས་ཀུན་བདག་མེད་པ་ཡི་མཆོག །ཅེས་ཕྱེ་ལ། དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ལ་སོགས་པའི་ཚིག་ཕྱེ་ནས། ཚིག་རྣམ་པ་ལྔས་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་གསུངས་སོ་ཞེས་གཞན་དག་འདོད་དོ། །བཤད་དུ་གསོལ་ཞེས་བྱ་བ་ནི་ཉེ་
བར་བསྟན་པ་སྟེ། འདིར་ནི་སྤྱིར་གསོལ་བ་འདེབས་པའོ། །སྐུའི་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་ཁྱད་པར་དུ་གསུངས་པ། མཚན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལས། མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་བྱ་བ་ནི་གྲུ་བཞི་པ་ལ་སོགས་པའི་
མཚན་ཉིད་ཐམས་ཅད་དང་ལྡན་པའོ། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཞེས་བྱ་བ་ནི་ཕྲ་བ་དང་། སྦོམ་པ་དང་། ཡོན་པོ་དང་། ཆད་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་རི་མོའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་བོད་པའོ། །སྐུའི་མཆོག་ཅེས་བྱ་བ་ནི། རྣམ་པར་སྣང་
མཛད་བདག་པོ་ཡིན་པས་སོ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་བ་ཞེས་བྱ་བ་ལ། ཞི་བའི་ཆོས་ཐམས་ཅད་བརྟགས་པའི་དམིགས་པ་མེད་པ་གང་ལ་ཡོད་པའི་སོ་སོར་རྟོག་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་མཆོག་ཉིད་ནི་གཙོ་བོས་སོ། །ཡང་དག་པར་འབྱུང་
བ་ནི་དེའི་རྒྱུ་མཐུན་པའི་ཕྱིར་རོ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་བྱེད་པའི་ཕྱིར་སྤྱོད་པ་ཡིན་ལ། སྔགས་ཀྱི་ཚུལ་དུ་བསྟན་པའི་རྣམ་པར་དག་པ་སྐྱེད་པར་བྱེད་པ་སྟེ། དེར་ཞུགས་པ་ཙམ་གྱིས་རྫོགས་པའི་བྱང་ཆུབ་ཀྱི་
སྒྲིབ་པའི་དྲི་མ་སྤངས་པ་ཐོབ་པའི་ཕྱིར་རོ། །གསུང་གི་མཆོག་ཅེས་བྱ་བ་ནི་གསུང་གི་དཀྱིལ་འཁོར་ཡིན་པའི་ཕྱིར་རོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ཆེན་པོ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ། །དེ་ཉིད་

འདིར་གསུངས་པ། དག་ཅིང་ཞེས་བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར། ཅིའི་ཕྱིར་ཞེ་ན་གསུངས་པ། རང་བཞིན་དྲི་མ་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཐུགས་ཏེ། དྲི་མ་
རྣམས་ནི་སྒྲོ་བརྟགས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་བསྟན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡང་ན་སེམས་ཅན་གྱི་སྒྲས་འདིར་རྫས་ཀྱི་ཚིག་སྟེ། ཕྱིའི་དངོས་པོ་ཐམས་ཅད་ལ་ཚད་མས་གནོད་པའི་ཕྱིར།
སེམས་ཅན་ཐམས་ཅད་ཉིད་སེམས་ཆེན་པོ་སྟེ། ཆེན་པོ་ཉིད་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །འདིས་ནི་གཟུང་བ་མེད་པར་བསྟན་ཏོ། །དེ་བས་ན་འཛིན་པ་ཡང་མེད་པས་བསྟན་པར་བྱ་བའི་ཕྱིར་གསུངས་པ། དག་པ་ཞེས་བྱ་བ་ནི་གཉིས་སུ་མེད་པ་འབའ་ཞིག་སྟེ། ཡང་
དག་པར་རིག་པ་ཙམ་མོ། །འདི་ཅིའི་ཕྱིར་ཞེ་ན་གསུངས་པ་རང་བཞིན་དྲི་མ་མེད་པ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་དེ་ཁོ་ན་ཉིད་ལ་རྟག་ཏུ་