Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 23
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
གས་ཀྱི་ཕྲེང་བ་དཀར་པོ་ཁ་ནས་འཐོན་ནས་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་བླངས་ཏེ་ལྟེ་བའི་བུ་གར་ཞུགས་པ་ལས་བཟླས་པར་བྱའོ། །བསོད་ནམས་ཡོངས་སུ་བསྔོ་བ་ལ་སོགས་པ་བྱ་སྟེ། ལངས་ནས་དེའི་ གཟུགས་ཀྱིས་རྒྱུན་དུ་བྱའོ། །ཐུན་མཚམས་གཞན་ཡང་དེ་བཞིན་བྱའོ། །ཨ་ལས་གྱུར་པའི་ལྕེ་པདྨའི་རྣམ་པ་ལ་ཡི་གེ་ཧཱུཾ་འཕྲོས་པས་ཇི་སྲིད་འདོད་ཀྱི་བར་དུ་ཐུན་བཞིར་སྔགས་ཟློས་པའི་རྣལ་འབྱོར་བསྒོམ་པར་བྱའོ། །དེ་ལྟར་བསྟན་བཅོས་ཐམས་ཅད་ལ་མཁས་ཤིང་རྩོད་པ་ཆེན་པོར་འགྱུར་ རོ། །དུག་ལ་སོགས་བདུད་རྩིར་འགྱུར་རོ། །དབང་དུ་བྱས་པ་ལ་སོགས་པ་དེའི་ས་བོན་དམར་པོ་དང་ཁ་དོག་དམར་པོས་སྔོན་བཞིན་དུ་བྱའོ། །རྣལ་འབྱོར་མ་ཡི་འཁོར་ལོ་གཙོ། །རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས། །བྱས་ལས་དགེ་བ་གང་ཐོབ་པ། །དེས་ནི་བདག་དང་སེམས་ཅན་རྣམས། །དུས་ ཡུན་རིང་ལ་མི་ལྟོས་པར། །བླ་མེད་བྱང་ཆུབ་རྒྱལ་གྱུར་ཅིག །རྡོ་རྗེ་ཕག་མོའི་སྒྲུབ་ཐབས། །སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའོ། །དེའི་སྟེང་དུ་ཡི་ གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་གཞུའི་ཚུལ་རྒྱལ་མཚན་གྱིས་བརྒྱན་པའོ། །ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་འབར་བས་མཚན་པའོ། །ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་ བུམ་པས་མཚན་པའོ། །ཡི་གེ་ལཾ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་ཟུར་བཞི་པ་ལྗང་གུ་རྡོ་རྗེས་མཚན་པའོ། །ཡི་གེ་སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ལྷུན་པོ་ཟུར་བཞི་པ་རིན་པོ་ཆེ་བཞི་ལས་གྲུབ་པ་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་དབུས་སུ་ཡི་གེ་བཾ་ཡོངས་སུ་ གྱུར་པ་ལས་སྣ་ཚོགས་པདྨའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །དེའི་དབུས་སུ་ཨཱ་ལི་ཀཱ་ལིའི་སྦྱོར་བའོ། །དེའི་དབུས་སུ་ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྟེ། དེའི་ལྟེ་བ་ལ་ཡི་གེ་བཾ་མོ། །དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་རྡོ་རྗེ་ཕག་མོ་སྐུ་མདོག་ དམར་པོ་སྐྲ་བཤིག་པ་གཅེར་མོ། །འོག་པག་དུམ་བུས་བརྒྱན་པ། མིའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་དཔྱངས་པ། ཕྱག་གཡོན་པའི་ཐོད་པ་ན་སྡང་བ་བདུད་ལ་སོགས་པའི་ཁྲག་བསྣམས་པ། གཡས་པ་ཕྱོགས་ཐམས་ཅད་དུ་སྡང་བ་ལས་བསྡིགས་པའི་རྡོ་རྗེ་ཅན་གྱིས་སྡིགས་མཛུབ་མཛད་པ། བསྐལ་པའི་མེ་བཞིན་ཆེར་འབར་བ། ཁྲག་ལ་དགྱེས་པ་ཁྲག་འཛག་པ། གཡས་བརྐྱང་པས་གདན་ལ་བཞུགས་པ། མཁའ་འགྲོ་དེ་བཞིན་ལཱ་མ་དང་། དུམ་སྐྱེས་མ་དང་གཟུགས་ཅན་མ། འདིའི་བཟླས་པའི་སྔགས་ནི་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་སརྦ་བུདྡྷ་ ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །དཔལ་ཨུ་རྒྱན་རྡོ་རྗེ་རྣལ་འབྱོར་མའི་གནས་ནས་རྣམ་པར་བྱུང་བ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་བནྡེ་མར་བ་ཆོས་ཀྱི་དབང་ཕྱུག་ཉིད་ཀྱིས་བསྒྱུར་བའོ།། །།