Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 22

Văn bản gốc(Tây Tạng)

Trang 13 / 24 (50.000 ký tự/trang)
་པ་ཉིད་ཀྱི་སེམས་གང་ལ་ཡོད་པའི་རྣལ་འབྱོར་པ་དེ་དམ་ཚིག་སེམས་དཔའོ། །དེ་ཡང་ལེའུ་བཅུ་གཅིག་པ་ལས། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དབང་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་གཟུགས་ཅན་ནོར་
བུ་འདྲ། །ཞེས་པ་དང་། མཁའ་འགྲོ་ལས་ཀྱང་། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་ཉིད་ཡིན་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་ཐ་མལ་པའི་རྟོག་པ་སྤོང་བ་དང་། ཚོགས་གཉིས་
རྫོགས་པ་དང་། བར་ཆད་མེད་པ་དང་། བག་མེད་པའི་གནས་ལས་ལྡོག་པ་དང་། གོང་ནས་གོང་དུ་ཟབ་པའི་དོན་རྟོགས་པར་བྱ་བའི་ཕྱིར་རོ། །འོ་ན་བདེན་པ་གཉིས་ཀྱི་རྒྱུ་དེ་ཅིས་མཚོན་ཞེ་ན། དེ་བསྟན་པའི་ཕྱིར། དེ་ནས་གོ་ཆ་གཉིས་ཤེས་ནས། །ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་

ཧ་ལ་སོགས་པ་དཔའ་བོའི་གོ་ཆ་དྲུག་དང་། ཨོཾ་བཾ་ལ་སོགས་པ་དཔའ་མོའི་གོ་ཆ་དྲུག་གོ། །དེ་ལ་ལྷ་དང་སྔགས་དབྱེར་མེད་པའི་ཕྱིར་རྣམ་པ་ཡི་གེ་ལ་རང་བཞིན་ལྷའི་ང་རྒྱལ་བྱའོ། །མི་འགྱུར་བའི་དོན་དང་། ཤེས་སྐྱོབ་ཀྱི་ངེས་ཚིག་དང་ལྡན་པའི་ཕྱིར་རོ། །གནས་
གང་དུ་བསྒོམ་པ་ནི་གོ་སླའོ། །ཡང་ན་སྔགས་ལས་སྐྱེས་པའི་ལྷ་བསྒོམ་པ་སྟེ། ཕྱག་མཚན་ལ་སོགས་པ་ནི་མན་ངག་ལས་ཤེས་པར་བྱའོ། །ད་ནི་ཡེ་ཤེས་སེམས་དཔའ་དང་གཉིས་མེད་དུ་བསྲེ་བ་བསྟན་པའི་ཕྱིར། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །ཞེས་པ་ལ་སྔགས་དང་ཞེས་
པས་མདོར་བསྟན་ནས་རྒྱས་པར་བསྟན་པ་ནི། མཛུབ་མོ་མདུད་བྱས་ལ་སོགས་པ་ནི། ལུས་ཀྱི་ཕྱག་རྒྱ་དང་། ངག་གི་ཕྱག་རྒྱ་དང་། སེམས་ཀྱི་ཕྱག་རྒྱ་དང་ལྡན་པས་སྔོན་གྱི་སྤྱོད་པས་གྲུབ་པའི་དཔའ་བོ་ཉི་ཤུ་རྩ་ལྔ། དཔའ་མོ་སུམ་ཅུ་རྩ་བདུན་མདུན་དུ་སྤྱན་དྲངས་པ་ནི་འགུགས་པའོ། །གང་
ནས་ཤེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་སོ། །ཐབས་ནི་ཕྱག་རྒྱ་གསུམ་གྱིས་སོ། །དེ་རྣམས་མངོན་དུ་བལྟས་ལ་མཆོད་དེ། སྙིང་པོའི་ཕྱག་རྒྱ་བསྟན་ལ། ཛཿཧཱུཾ་བཾ་ཧོཿཞེས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ཏེ། གཉིས་སུ་མེད་པར་
བསྲེས་ལ་དེའི་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་ཡོ་ག་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཡོ་ག་ཤུདྡྷཿསྟེ་དག་པའི་བདག་ཉིད་ཅན་ཏེ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་དག་པ་དང་། དོན་དམ་པར་སྐྱེ་མེད་དུ་དག་པའོ། །གང་དག་ཅེ་ན། སརྦྦ་ངྷརྨཱཿསྟེ་ཆོས་ཐམས་ཅད་དེ་ཕུང་པོ་ལ་སོགས་པའོ། །ཅིར་
དག་ཅེ་ན་སྙིང་རྗེ་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་དག་གོ། །དེ་ཡང་མཁའ་འགྲོ་ལས། བྱང་ཆུབ་སེམས་ཆེན་རྣལ་འབྱོར་གང་། །རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ། །བྱང་ཆུབ་སེམས་འདི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །ཞེས་གསུངས་སོ། །ཡེ་
ཤེས་སྒྲོན་མའི་རྒྱུད་ལས་ཀྱང་། རྒྱལ་བའི་ཡེ་ཤེས་འཁོར་ལོ་ནི། །དམ་ཚིག་འཁོར་ལོ་ལ་མྱུར་གཞུག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཐོབ་པར་འགྱུར་གྱིས་གཞན་དུ་མིན། །ཞེས་པ་དང་། ཡང་མཁའ་འགྲོ་ལས། འདི་ཡིས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་

ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པའང་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་སོ། །དེ་ལྟར་ན་ཐ་དད་ཀྱི་རྟོག་པ་འགག་པ་དང་། ང་རྒྱལ་བརྟན་པ་དང་། བྱིན་གྱིས་རློབ་པའོ། །འགྲུབ་པའི་ཡན་ལག་དབང་བསྐུར་བ་བསྟན་པའི་ཕྱིར། ཇི་ལྟར་
བལྟམས་པ་ཙམ་གྱིས་ཀྱང་། །ཞེས་པ་ལ་སོགས་པ་ལ་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་ལྷ་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་མཆོད་དེ། དབང་ལྷ་ལ་གསོལ་བ་བཏབ་པ་དང་། བཀའ་བསྒོ་བརྒྱད་ཀྱིས་བགེགས་སྐྲོད་པ་དང་། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་དང་། དཔའ་མོ་རྣམས་ཀྱིས་གླུ་དང་།
ཡུམ་བཞི་དང་། ཕག་མོ་དང་ལྔས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་པས་བུམ་པའི་དབང་དང་། ཡུམ་བཞི་རྡོ་རྗེ་ཕག་མོ་ལ་ཐིམ་ནས་སྙོམས་པར་ཞུགས་པའི་གསང་བ་ལྕེ་ལ་ཐིམ་པ་གསང་བའི་དབང་དང་། རྡོ་རྗེ་ཕག་མོ་ཕྱག་རྒྱར་གནས་ཏེ་སྙོམས་པར་ཞུགས་པས་བདེ་བ་མྱོང་བ་
ཤེས་རབ་ཡེ་ཤེས་དང་། དཔལ་ཧེ་རུ་ཀ་བཞི་པ་བསྟན་པ་བཞིའོ། །དེ་ནས་དབང་བསྐུར་བའི་ལྷ་རྣམས་བདག་ལ་ཐིམ་པར་བསམ་མོ། །དེ་ཡང་ངེས་བརྗོད་ལས། བདེ་ཆེན་ཡེ་ཤེས་དགྱེས་ནས་ནི། །དམ་ཚིག་དམ་ཚིག་ཅན་ལ་གཞུག །ཡེ་ཤེས་རོ་གཅིག་བསྒོམས་ནས་ནི། །རོ་གཅིག་འཁོར་
ལོ་དེ་བཞིན་བསྒོམ། །རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། །ཞེས་གསུངས་པས་སོ། །དེ་ནས་རྒྱས་གདབ་པ་ནི། འབྲས་བུ་ལ་རྒྱུས་རྒྱས་གདབ་པའི་ཕྱིར་མི་བསྐྱོད་པ་དང་། ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུས་རྒྱས་གདབ་པའི་ཕྱིར་རྣམ་པར་སྣང་མཛད་དང་། རིགས་ངེས་པ་ཅན་དུ་བྱས་པའི་
ཕྱིར་ཡུམ་བཞི་ལ་རིན་ཆེན་འབྱུང་ལྡན་དང་། འཁོར་ལོ་གསུམ་ལ་མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་དང་། བཀའ་བསྒོ་ལ་དོན་ཡོད་གྲུབ་པ་བསམ་པར་བྱའོ། །དེ་ལྟར་ན་བགེགས་དང་སྒྲིབ་པ་དང་ཐེག་པ་དམན་པ་སེལ་བ་དང་། བཟླས་སྒོམ་གྱི་སྣོད་དུ་རུང་བ་
དང་། ལས་རྣམས་ཀྱིས་བྱ་བ་ལ་མཐུ་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཉམས་པ་བསྐོང་བ་དང་། དམ་ཚིག་དང་སྡོམ་པ་ཉམས་པ་བསྐོང་བ་དང་། མ་འོངས་པ་ན་སངས་རྒྱས་ཀྱི་དབང་བསྐུར་བའོ། །དབང་དང་རྗེས་སུ་མཐུན་པའི་དམ་ཚིག་བསྟན་པའི་ཕྱིར། མཆོད་པ་ལ་སོགས་པ་བྱ་སྟེ།

བུམ་པའི་དབང་དང་འབྲེལ་པ་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ནའི་མཆོད་པའོ། །གསང་བ་དང་འབྲེལ་པ་བདུད་རྩི་མྱང་བ་དང་། ཤེས་རབ་ཡེ་ཤེས་དང་འབྲེལ་པ་དགའ་བ་བརྩམ་པ་སྟེ། དེ་ཡང་ལེའུ་བརྒྱད་པ་ལས། ཡི་གེ་དྱཱ་ནི་སྣ་རྩེར་ཡང་དག་སྦྱོར། །བྱཱ་ནི་མཚན་ལ་
དགོད་པ་སྟེ། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་དང་བཅས་པས་བྱིན་གྱིས་བརླབ། །ལྟེ་བ་སྙིང་ག་དག་ཏུ་རྣལ་འབྱོར་མ། །སངས་རྒྱས་མཁའ་འགྲོའི་སྔགས་ཀྱིས་ནི། །ཨ་བ་དྷཱུ་ཏཱི་གཉིས་ནི་དཔའ་བྱིན་བརླབ། །རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཡིན། །དང་པོར་དགའ་བ་དཔའ་
བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །རབ་ཏུ་དགའ་བ་མ་ལུས་ཉིད། །དེ་བདེ་ཐབས་ནི་ཀུན་རིག་པའོ། །ཞེས་བྱ་བ་གསུངས་སོ། །དྱཱ་དང་བྱཱས་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ། དཔྲལ་བ་དང་ཁ་ལ་དཔའ་བོའི་སྙིང་པོ་དང་ཉེ་བའི་སྙིང་པོ་དགོད་པའོ། །སྙིང་ག་དང་ལྟེ་བ་ལ་ཡུམ་གྱི་
སྙིང་པོ་དང་ཉེ་བའི་སྙིང་པོ་དགོད། དེ་ནས་སྙོམས་པར་ཞུགས་པ་ལས་དགའ་བ་ལ་སོགས་པ་མྱོང་བར་བསམ་མོ། །དེ་ལ་འདིར་མན་ངག་ནི་འདི་ཡིན་ཏེ། དང་པོར་རྣལ་འབྱོར་པས་དུར་ཁྲོད་བརྒྱད་ཀྱི་དབེན་པ་ལ་བརྟེན་ནས་འཁོར་བའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་རྟོགས་པར་བྱ་སྟེ། དེ་
ཡང་མཁའ་འགྲོ་ལས། གང་ཚེ་འདུས་བྱས་ཚུལ་རྣམས་ནི། །གློག་དང་ཆུ་བུར་ལྟར་སྨིན་པ། །གང་གིས་ཇི་ལྟར་མཐོང་གྱུར་པ། །དེ་ཚེ་ཤེས་རབ་བསྟེན་པ་མིན། །ཞེས་གསུངས་པས། རྣལ་འབྱོར་པ་གང་གིས་འདུས་བྱས་ཏེ། བདག་དང་ཁམས་གསུམ་གློག་ལྟར་མི་རྟག་པ་དང་། ཆུ་བུར་ལྟར་
སྡུག་བསྔལ་དུ་མཐོང་བར་བྱས་པ་སྟེ། དེ་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་རྟག་པ་དང་སྡུག་བསྔལ་དུ་མཐོང་བས་ཁམས་གསུམ་པའི་འགྲོ་བ་རྣམས་ལས་དང་ཉོན་མོངས་པའི་ཞགས་པ་དམ་པོས་ནི་བཅིངས། འཁྲུལ་འཁོར་བསྐོར་བའི་རྣམ་ཤེས་ཀྱིས་
ནི་བསྐོར། ཟོ་ཆུན་ལྟར་ནི་འཁོར། འཁོར་བའི་ཁྲོན་པ་གཏིང་རིང་པོར་ནི་ལྷུང་། ངོ་བོ་ཉིད་ཀྱིས་འོག་ཏུ་འགྲོ་བ་ལ་ནི་ཕྱོགས། ཅི་ཞིག་ལྟར་སྟེང་དུ་བྱུང་ཡང་ཤེས་རབ་ཀྱི་མིག་དང་ནི་བྲལ། ཐབས་ཀྱི་རྐང་པ་ནི་མེད། བརྟེན་པའི་འཁར་བ་བླ་མ་ནི་བྲལ་བའི་དབང་གིས་ཡང་འོག་ཏུ་འགྲོ་བ་

རྣམས་ལ་བལྟས་ཏེ། བྱམས་པ་དང་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས་ལོགས་སུ་བསྒོམ་པར་བྱའོ། །དེ་ལྟར་གཞན་དོན་དུ་དཔལ་ཧེ་རུ་ཀ་འདོད་པའི་བློ་དང་ལྡན་པའི་རྣལ་འབྱོར་པས་དང་པོ་ཚངས་པའི་གནས་བཞི་བསྒོམ་སྟེ། དེ་ཡང་ཤེས་རབ་ཀྱི་མིག་གིས་མཐོང་བ་དེ་རྣམས་ལ་
དམིགས་ཏེ། བདེ་བར་འདོད་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། དེ་རྣམས་དཔལ་ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པའི་དགའ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་དགོད་པར་འདོད་པའི་བཏང་སྙོམས་བསྒོམ་པར་བྱའོ། །དེ་
ནས་བདག་གིས་ཕུང་པོ་ལ་སོགས་པའི་རྡུལ་ཕྲ་རབ་ལ་དམིགས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ་ཧེ་རུ་ཀ་དང་དྲུག །ཁམས་ལྔ་ལ་ལྷ་མོ་ལྔ་དང་། སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔར་སྐད་ཅིག་གིས་བསྒོམ་པར་བྱའོ། །དེ་ནས་བདག་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་
སྟེང་དུ་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བར་བསམས་ལ། དེའི་འོད་ཀྱིས་བགེགས་རྣམས་ཐམས་ཅད་བསྐྲད་པར་བྱ་སྟེ། བདག་དང་ཁམས་གསུམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལ་སོགས་པ་ལྟར་སྣང་བ་ཙམ་དུ་རྟོགས་པར་བྱས་ནས། ཚུར་འདུས་བདག་ཉིད་ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་ཕྱག་
དྲུག་པ་བསམ་པར་བྱའོ། །དེ་ནས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཤར་དུའོ། །ཨོཾ་གྲྀཧྞ་ལ་སོགས་པ་བྱང་དུའོ། །ཨོཾ་གྲྀཧྞཱ་པ་ཡ་ལ་སོགས་པ་ནུབ་ཏུའོ། །ཨོཾ་ཨཱ་ན་ཡ་ལ་སོགས་པ་ལྷོར་རོ། །ས་གཞི་ལ་ཡི་གེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའོ། །དེའི་འོད་ཀྱིས་རྡོ་རྗེའི་ར་བ་དང་། དྲ་བ་དང་། བླ་རེ་དང་། མདའི་དྲ་བ་དང་།
མེའི་ར་བའོ། །རྡོ་རྗེའི་ར་བ་གྲུ་བཞི་པ་བསམས་པའི་ཤར་ལ་སོགས་པའི་ཕྱོགས་སུ་བཀའ་བསྒོ་བརྒྱད་སྟེང་ཁྭ་གདོང་འོག་ཁྱི་གདོང་སྟེ་བཅུའོ། །བསྐལ་པའི་མེ་འབར་བའི་ཀློང་ན་བཞུགས་པ་བུད་མེད་ཀྱི་གཟུགས་ཀྱིས་སྒེག་པ་བསྒོམ་པར་བྱའོ། །དེ་ནས་ཡང་ཨོཾ་སུམྦྷ་ལ་སོགས་པའི་སྔགས་བརྗོད་པ་
དང་། འདོད་པའི་རྒྱལ་པོ་ལྕགས་ཀྱུ་ཞགས་པ་ཐོགས་པ་སྤྲོས་པས་ཕྱོགས་སྐྱོང་བཅུ་བཀུག་ལ་བཀའ་བསྒོ་རྣམས་ཀྱི་མདུན་དུ་གནས་པར་བསམ་མོ། །དེ་ནས་ཨོཾ་གྷ་གྷ་ལ་སོགས་པ་བརྗོད་ཅིང་ཁྲོ་མོ་རྣམས་ཀྱིས་ཕུར་པ་བཏབ་ལ། ཨོཾ་བཛྲ་མུངྒ་ར་ལ་སོགས་པས་ཐོ་བས་ཕུར་བུ་བརྡུང་བར་བྱའོ། །དེ་ནས་

བདག་ཉིད་སླར་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསྒྱུར་ལ། དེའི་སྙིང་གར་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་འོད་ཀྱི་ཕྲེང་བ་འཕྲོ་བ་བསམས་ལ། དེའི་འོད་ཀྱི་སྣང་བས་དཔལ་ཧེ་རུ་ཀ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་བླ་མ་བསམས་ལ། ཡང་སྙིང་གའི་ཧཱུཾ་ལས་
འོད་འཕྲོས་ཏེ་བླ་མའི་དྲིན་དྲན་པའི་ཚུལ་གྱིས་བཞུ་ལ་འོད་ཀྱི་གོང་བུར་བསམ་མོ། །དེ་བཞིན་དུ་ལྷ་ཡང་འོད་ཀྱི་གོང་བུར་བསམས་ལ། དེ་གཉིས་འདྲེས་པས་ལྷ་སུམ་ཅུ་རྩ་བདུན་གསལ་བར་བསམས་ཏེ། འདོད་པ་དང་། དང་བ་དང་། ཡིད་ཆེས་པའི་དད་པས། དང་པོར་ཨོཾ་སརྦྦ་ཏ་ཐཱ་
ག་ཏ་པཱ་ད་བནྡ་ནཱཾ་ཀ་རོ་མི་ཞེས་པས་ཕྱག་བྱའོ། །དེ་ནས་སྙིང་གའི་ཧཱུཾ་ལས་མེ་ཏོག་མ་དཀར་མོ་དང་། བདུག་པ་མ་དུ་བའི་མདོག་ཅན་དང་། མར་མེ་མ་དམར་སེར་དང་། བྱུག་པ་མ་ལྗང་གུ་དང་། ཞལ་ཟས་མ་སྣ་ཚོགས་པའི་མདོག་ཅན་ཏེ། ཕྱག་བཞིའི་དང་པོ་རྣམས་ན་རྡོ་རྗེ་དང་དྲིལ་བུ་
བསྣམས་པ། གཉིས་པ་རྣམས་ན་རིན་པོ་ཆེའི་སྣོད་རང་རང་གི་མཆོད་པའི་སྤྲིན་གྱིས་བཀང་བ་དང་། གཟུགས་རྡོ་རྗེ་མ་དཀར་མོ་དང་། སྒྲ་རྡོ་རྗེ་མ་སྔོན་མོ་དང་། དྲི་རྡོ་རྗེ་མ་དཀར་མོ་དང་། རོ་རྡོ་རྗེ་མ་དམར་མོ་དང་། རེག་རྡོ་རྗེ་མ་ལྗང་གུ་སྟེ། ཕྱག་བཞི་མ་ཕྱག་དང་པོ་ན་བསྣམས་པ་ནི་ཁ་ཊྭཱཾ་ག་དང་
ཐོད་པ་དང་། གཞན་རྣམས་རང་རང་གི་མཚན་མ་ཐོགས་པ། གཟུགས་དང་ལང་ཚོ་དང་། རྒྱན་ཕུན་སུམ་ཚོགས་པ་བུད་མེད་ཀྱི་ཉམས་དང་ལྡན་པས་མཆོད་པར་བྱའོ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་
ནི་བི་དྱེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་སརྦ་བི་ཤིཥྚ་པྲ་ས་ར་པཱུ་ཛ་མེ་གྷ་ས་མུ་དྲ་ཨཱཿཧཱུཾ་སྭཱ་ཧཱ། དེ་ལས་འདོད་ཡོན་ལྔ་དང་། རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་དང་། རྡོ་རྗེའི་གླུ་དང་། སྒྲ་ལ་སོགས་པས་མཆོད་པའི་སྔགས་སོ། །
ཡང་སྙིང་གའི་ཧཱུཾ་ལས་ལྷ་མོ་བཅུ་གཉིས་སྤྲོས་ཏེ་བདུད་རྩི་ལྔས་མཆོད་པར་བྱའོ། །དེ་རྣམས་ལས་ཡུམ་བཞི་རྡོ་རྗེ་ཕག་མོ་ལ་སྤྲོས་ལ་ཐིམ་པས་བདེ་བའི་མཆོད་པ་བྱའོ། །དེ་ནས་སྔ་མ་ལྟར་དད་པས་སྤྱན་དྲངས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་ནས་

གང་དག་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བ་རྣམས་ལ་དམིགས་ཏེ་སྙིང་རྗེ་ཆེན་པོས་དེ་དག་མྱ་ངན་ལས་འདའ་བའི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བརྟན་པོར་བསྐྱེད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་དགེ་བའི་རྩ་བ་རྫོགས་པའི་
བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནས་བཟོད་པར་གསོལ་ལ་གཤེགས་སུ་གསོལ་ལོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་ལན་གསུམ་དུ་བརྗོད་དེ། རང་གི་སེམས་བརྫུན་པའི་བག་ཆགས་ཀྱིས་བསྒོས་པ་ཁམས་གསུམ་པོ་འདི་དག་རྨི་ལམ་ལ་སོགས་པ་སྣང་བ་ཙམ་དུ་ཤེས་པར་
བྱའོ། །དེ་ལྟར་སྣང་བ་ཙམ་པོ་དེ་ཡང་སྙིང་གའི་འོད་ཀྱིས་བསྡུས་ལ་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་འོད་གསལ་དུ་མོས་པ་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་ཨེའི་ཆ་བྱད་
བཟང་པོ་ལ། དབུས་སུ་བཾ་ཐབས་ཀྱིས་བརྒྱན་པའི་ཕྱིར་ཡིག་འབྲུ་ཙམ་ལས་འབྱུང་བ་བཞིའི་དཀྱིལ་འཁོར་དང་། རི་རབ་མཚན་པའི་ཡི་གེ་དང་བཅས་པ་བསམ་པར་བྱའོ། །དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང་། རཾ་ལས་ཉི་མ་དང་། སྣ་ཚོགས་རྡོ་རྗེ་དང་། དེའི་སྟེང་དུ་ཉི་མའོ། །དེའི་སྟེང་དུ།
ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཉི་མའི་དཀྱིལ་འཁོར་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དེ་གཉིས་ཀྱི་
བར་དུ་ཧཱུཾ་འོད་ཀྱི་ཕྲེང་བ་འཕྲོ་བ་དེ་ལས་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་དང་བཅས་པ་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་སོ། །དེ་ལས་འོད་ཟེར་སྤྲོས་པས་ཁམས་གསུམ་པ་རྣམས་ཀྱི་སྒྲིབ་པ་སྦྱངས་ཏེ། ལྷ་སུམ་ཅུ་རྩ་བདུན་དུ་བྱས་ལ། སླར་རྡོ་རྗེ་ལ་ཐིམ་པས་བྱ་བ་སྒྲུབ་པའི་ཡེ་ཤེས་དང་།
ཐམས་ཅད་ཡོངས་སུ་གྱུར་པ་ཆོས་ཀྱི་དབྱིངས་དག་པ་ལས་བྱང་ཆུབ་པ་སྟེ། དཔལ་ཧེ་རུ་ཀ་རྟེན་དང་བརྟེན་པར་བཅས་པ་རྣམས་སྐུ་མདོག་དང་། རྒྱན་དང་། བཞུགས་ཚུལ་དང་། ཕྱག་མཚན་རྣམས་ལེགས་པར་བསམ་པར་བྱའོ། །དེ་ནས་དེ་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་རང་བཞིན་དུ་བསམ་པར་

བྱའོ། །དེ་ནས་ལུས་ཀྱི་དཀྱིལ་འཁོར་བསྒོམས་ཏེ། གསང་བའི་པདྨར་ཕག་མོ། སྤྱི་གཙུག་ལ་ཧེ་རུ་ཀའོ། །སྙིང་གར་མཁའ་འགྲོ་མ། མགྲིན་པར་ལཱ་མ། ལྟེ་བར་ཁཎྜ་རོ་ཧ། དཔྲལ་བར་གཟུགས་ཅན་མ། མགོ་བོ་ལ་སོགས་པ་གནས་ཉི་ཤུ་རྩ་བཞིར་རབ་ཏུ་
གཏུམ་མོ་ལ་སོགས་པ་བསྒོམ་པར་བྱའོ། །ཁ་ལ་ཁྭ་གདོང་མ། སྣ་གཡས་པར་འུག་པའི་གདོང་ཅན་མ། བཤང་ལམ་དུ་ཁྱི་གདོང་མ། སྣ་གཡོན་པར་ཕག་གདོང་མ། རྣ་བ་གཡོན་པར་གཤིན་རྗེ་བརྟན་མ། གཡས་པར་ཕོ་ཉ་མ། མིག་གཡས་པར་མཆེ་བ་མ། གཡོན་པར་འཇོམས་མ་
བསམ་པར་བྱའོ། །དེ་ནས་ཨོཾ་ཀ་ར་ཀ་ར་ལ་སོགས་པ་ལས་མཆོད་ཕྱིར་ཐོགས་བསམ་པར་བྱའོ། །དེ་ནས་ཁམས་ཉི་ཤུ་རྩ་བཞིའི་ཕྲ་རབ་རྣམས་དཔའ་བོ་ཉི་ཤུ་རྩ་བཞིར་བསམ་པར་བྱའོ། །དེ་ནས་ཨོཾ་ཧ་ལ་སོགས་པ་ལས་ཕྱག་རྒྱ་དྲུག་བསྐྱེད་པར་བྱའོ། །རྡོ་རྗེ་ཕག་མོའི་སྔགས་རིང་ལས་མགུལ་
རྒྱན་བསྐྱེད་པར་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ལ་སོགས་པས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ། །ཡི་གེ་བདུན་པས་རྣ་རྒྱན་དང་། ཡུམ་གྱི་སྙིང་པོས་གླང་པོའི་པགས་པ་དང་། དཔའ་མོའི་གོ་ཆའི་སྔགས་ཀྱིས་སྐ་རགས་དང་། མཁའ་འགྲོ་མ་རྣམས་སོ་སོའི་སྔགས་ཀྱིས་སོ་སོའི་ཕྱག་གི་ཐོད་པ་དང་།
ཡུམ་གྱི་ཉེ་བའི་སྙིང་པོས་ཐོད་པའི་དབུ་རྒྱན་དང་། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། གོ་ཆའི་སྔགས་ཀྱི་གོ་ཆ་དང་། སྙིང་གའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་དེ་བསྲེ་བ་དང་། ཨོཾ་ཡོ་ག་ཤུདྡྷཿས་གཉིས་
སུ་མེད་པའི་ང་རྒྱལ་བྱའོ། །དེ་ནས་ཡང་སུམ་ཅུ་རྩ་བདུན་སྤྱན་དྲངས་ལ་མཆོད་དེ། དེ་ནས་ལྷ་དེ་དག་གིས་ཀྱང་བཀའ་བསྒོ་རྣམས་ཀྱིས་བགེགས་བསྐྲད། དཔའ་མོ་རྣམས་ཀྱིས་གླུ་ལེན། དབང་བསྐུར་རོལ་མོའི་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། །དགྱེས་ཆེན་སྩོལ་བའི་བདེ་ཆེན་པོ། །གསོལ་
མཛད་བདེ་བ་ཆེན་པོ་སྟེ། །ཨ་ལ་ལ་ཧོ། །མཆོག་ཏུ་གྱུར་པ་བདེ་ཆེན་པོ། །མཁའ་འགྲོ་དྲ་བའི་བདེ་ཆེན་པོ། །ཨ་ལ་ལ་ཧོ། ཞེས་པའི་གླུ་དང་། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་དང་། ཡུམ་བཞི་ཕག་མོ་དང་ལྔས་ནམ་མཁའ་ནས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བླངས་ནས།

ལག་པས་དབང་བསྐུར་བར་བསམ་མོ། །དེ་ནས་ཡུམ་བཞི་ཕག་མོ་ལ་ཐིམ་སྟེ། དཔལ་ཧེ་རུ་ཀ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གསང་བའི་དབང་བསྐུར་བར་བྱའོ། །དེ་ནས་ཧེ་རུ་ཀས་ཕག་མོ་མུ་དྲར་གནང་སྟེ་སྙོམས་པར་ཞུགས་པས་རླུང་ཐིམ། དེ་ལ་བརྟེན་ནས་ལྷན་ཅིག་སྐྱེས་
པ་མྱོང་བར་བསམ་མོ། །དེ་ནས་དཔལ་ཧེ་རུ་ཀས་རིགས་ཀྱི་བུ་ཁྱེད་ཀྱིས་མུ་དྲ་དང་གཉིས་སྤྲོད་པ་ལ་བརྟེན་ནས་མྱོང་བ་སྣང་བ་ཐོབ་པའི་ཤེས་རབ་དེ་འོད་གསལ་བར་སྒོམས་ཤིག །དེ་ནི་རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ལུས་དང་ངག་དང་སེམས་མེད་
པ་ལས་དང་། སྐྱེ་བ་ལས་གྲོལ་བ། ཟླ་བ་དང་། ཉི་མ་དང་། མེ་དང་། ནོར་བུ་ལྟར་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག །དེ་ལྟར་གང་གི་ཡང་རང་བཞིན་དུ་མ་
མཐོང་བ་དེ་འོད་གསལ་བ་མཐོང་བ་ཡིན་ནོ། །དེ་ལྟར་འོད་གསལ་བ་དེའི་དོན་རྒྱུ་འབྲས་གང་ཡང་མེད་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་དང་སེམས་ཙམ་ལས་ལྷ་སུམ་ཅུ་རྩ་བདུན་མེ་ལོང་གི་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་དང་བཅས་པ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་
ལྟོས་ཤིག །དེ་ནི་རྒྱུ་རྐྱེན་ལ་ལྟོས་ནས་སྐྱེས་པས་ཀུན་རྫོབ་བོ། །དེ་ལྟར་བདེན་པ་གཉིས་མི་ཕྱེད་པ་ཟུང་དུ་འཇུག་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་བཞི་པའོ། །དེ་ནས་དབང་བསྐུར་བའི་ལྷ་རྣམས་བདག་ལ་ཞུགས་པར་བསམས་ལ་སོ་སོར་རྒྱས་གདབ་སྟེ། སྔ་མ་ལྟར་མཆོད་བྱ་མཆོད་བྱེད་མཆོད་པ་
རྣམས་སྐྱེ་མེད་དུ་ཤེས་པར་བྱས་ལ་མཆོད་པར་བྱའོ། །དེ་ནས་བདུད་རྩི་མྱང་སྟེ། ཡཾ་རཾ་ལས་མེ་རླུང་ཨ་ལས་ཐོད་པ་དེའི་ནང་དུ། གོ་ཀུད་ཧ་ན་རྣམས་ལས་ཤ་ལྔ་དང་། བི་མུ་ཤུ་མར་རྣམས་ལས་བདུད་རྩི་ལྔའོ། །དེ་རྣམས་ཀྱི་སྟེང་དུ་ཧཱུཾ་ཨོཾ་ཏྲཱཾ་ཧྲཱི་ཨ་སྟེ་རིགས་ལྔའོ། །ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་
འཁོར་གྱིས་ཁ་དགབ་པར་བྱའོ། །དེའི་སྟེང་དུ་ཨོཾ་ཨཱཿཧཱུཾ་གསུམ་སྟེ་རིགས་གསུམ་མོ། །དེའི་སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་དགུ་པ་ཧཱུཾ་འོད་ཀྱི་ཕྲེང་བ་ཅན་གྱིས་མཚན་པ་ནི་གསང་བ་ཆེན་པོ་དྲུག་པའོ། །དེ་ནས་ཡི་གེ་བཞི་ལས་འོད་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་

ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་སོ་སོ་ལ་ཐིམ་པར་བསམ་མོ། །དེ་ནས་རླུང་མེས་བསྐོལ་རྡོ་རྗེས་དཀྲུགས་པས་ཤ་ལ་སོགས་པ་དང་ཟླ་བ་དང་ཡི་གེ་དང་རྡོ་རྗེ་རྣམས་བཞུ་སྟེ་ཧཱུཾ་གིས་སྦྱངས། ཨཱཿས་དག་པར་བྱས། ཨོཾ་གྱིས་སྤེལ་ཏེ་བཏུང་བར་བྱའོ། །ཨོཾ་ཨ་མྲྀ་ཏ་སྭ་ད་ན་སྭ་བྷཱ་བ་
ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་སྔ་མ་ལྟར་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་དང་། འཁོར་ལོ་བཞི་དང་གཉིས་ལ་ཡི་གེའི་འཁོར་ལོ་བཀོད་དེ་དགའ་བ་བཞི་མྱོང་བར་བསམས་ལ་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་བཛྲ་ཀཱ་མི་ནི་སརྦྦ་བཛྲ་བྷཀྵ་ཤོ་དྷ་ཡ་གུ་ཧྱཾ་བཛྲི་ཎི་ཧཱུཾ། ཞེས་བརྗོད་དོ། །དེ་ནས་སྒྱུ་
མ་ལྟ་བུའི་ལྷ་སུམ་ཅུ་རྩ་བདུན་ལ་དམིགས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་དཔྱད་ཅིང་བསྒོམ་པར་བྱའོ། །དེ་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཤེས་རབ་ཐབས་ནི་མ་རྟོགས་པར། །གང་ཚེ་སེམས་གཞན་མི་གཡོ་ན། །དེ་ཚེ་བྱང་ཆུབ་ཆེན་པོ་ནི། །ངེས་པར་སྟེར་བ་ཉིད་དུ་བཤད། །ཅེས་
གསུངས་པས། ཤེས་རབ་ཀྱི་མིག་གིས་ཇི་ལྟར་མཐོང་བ་དེ་ཐབས་དྲན་པ་ལ་སོགས་པས་དབང་དུ་བྱས་ལ་བསྒོམ་པར་བྱའོ། །གང་གི་ཚེ་དབང་པོ་ལྔས་དབང་བྱས་པས་སེམས་གཞན་ཏེ། འཇིག་རྟེན་པའི་སེམས་རྣམས་སུ་མི་གཡོ་ན་དེའི་ཚེ། རྒྱུ་འབྲས་ཕྱིན་ཅི་མ་ལོག་པས། །བྱང་ཆུབ་ཆེན་པོ་
ངེས་པར་འཐོབ། །ཅེས་བྱའོ། །བརྩོན་འགྲུས་དང་ཏིང་ངེ་འཛིན་བསྟན་པ་ནི། རྣམ་པར་མི་རྟོག་རྗེས་འཇུག་ལ། །རྣལ་འབྱོར་པ་ནི་མངོན་བརྩོན་ལ། །དེ་ནི་ཐམས་ཅད་འབྱུང་བ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཞེས་བྱ་སྟེ་མི་རྟོག་པ་ནི་ཏིང་ངེ་འཛིན་ནོ། །རྗེས་སུ་འཇུག་པ་ནི་དྲན་པ་དང་
དད་པའོ། །མངོན་བརྩོན་ནི་བརྩོན་འགྲུས་ཏེ། ངེས་པའི་བྱ་བ་ལས་བརྩོན་པའོ། །དེ་ལྟར་ཤེས་རབ་ཀྱི་མིག་གིས་མཐོང་བའི་ཡུལ་དེ་དྲན་པ་ལ་སོགས་པས་དབང་དུ་བྱས་ནས་བསྒོམས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་
མོ། །ཤེས་རབ་ཀྱི་མིག་གིས་གང་བལྟ་ཞེ་ན། གང་ཚེ་འདུས་བྱས་ཚུལ་རྣམས་ནི། །རྣམ་པར་མི་རྟོག་སེམས་ཀྱིས་སུ། །མེ་ལོང་ལྟ་བུར་རབ་ཤེས་པ། །དེ་ནི་ཤེས་རབ་བརྟེན་པ་ཡིན། །ཞེས་པ་དང་། ཇི་ལྟར་བལྟ་ཞེ་ན། མེ་ལོང་ནང་གི་གཟུགས་བརྙན་དང་། །རྨི་ལམ་མིག་འཕྲུལ་དྲི་ཟའི་གྲོང་། །

མིག་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ཡིན་པར་བརྗོད། །ཅེའོ། །འདིར་འདུས་བྱས་ཀྱི་ཚུལ་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་གཞག་པའོ། །དེ་གཉིས་ཀ་ཡང་གཟུགས་བརྙན་ལ་སོགས་པ་དཔེ་བརྒྱད་ཀྱིས་གཏན་ལ་ཕབ་པ་བསྒོམ་པའོ། །ཡང་
དོན་དེ་བསྟན་པ་ནི། རྣམ་པར་མི་རྟོག་སེམས་ཀྱིས་ནི། །ཤེས་རབ་དང་ནི་མཚུངས་གཟུགས་ལ། །དོགས་པ་མེད་པའི་ཀུན་སྤྱོད་ལ། །དེ་ནི་དཀའ་ཐུབ་བདག་ཆེན་ཡིན། །ཞེས་བྱ་སྟེ། འདིར་མི་རྟོག་པའི་སེམས་ཀྱིས་འཇིགས་པ་མེད་པར་རྟེན་དང་བརྟེན་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པ་ནི་
དཀའ་ཐུབ་ཆེན་པོ་ཞེས་བྱའོ། །དེ་ལྟར་སྤྱོད་ཅིང་ཡང་དང་ཡང་དུ་གུས་པ་དང་། རྒྱུན་མི་འཆད་པ་ལ་སོགས་པའི་ཚུལ་གྱིས་རྒྱུན་མ་ཆད་པར་བསྒོམ་པར་བྱའོ། །དེས་ཀྱང་སྐྱོན་སེམས་དབུགས་དབྱུང་བའི་ཕྱིར་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཞེས་བྱ་བ་ལ་སོགས་ཏེ། འདིར་སྙིང་སྐུལ་བར་བྱེད་
པས་སྙིང་པོ་སྟེ། སྙིང་རྗེས་ཤེས་རབ་དང་ཐབས་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ལ་སེམས་སྐུལ་བར་བྱེད་པས་སྙིང་པོ་དང་། སེམས་ཉེ་བར་བསྐུལ་བས་ཉེ་བའི་སྙིང་པོའོ། །དེ་ཉིད་ཀྱིས་འཇིག་རྟེན་པའི་སེམས་ལས་སྐྱོབ་པས་གསང་སྔགས་ཞེས་བྱའོ། །དེ་ལྟར་ཡང་དང་ཡང་
དུ་བསྐུལ་བས་ཤེས་རབ་ཁྱད་པར་ཅན་སྐྱེ་བས་རིག་སྔགས་སོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དྲན་པ་སྐྱེད་པས་གཟུངས་སྔགས་ཞེས་བྱའོ། །དེ་ལྟར་སྔགས་འགྲུབ་པའི་རྒྱུ་དང་མི་འགྲུབ་པའི་རྒྱུ་གཉིས་སུ་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་བཤད་དེ། ལེ་ལོའི་ཉེས་པ་ཕན་མིན་གདམས་ངག་དང་། །སྤྲོ་བ་
ཉམས་དང་ཡུལ་ལ་ཆགས་པ་དང་། །དད་པ་དང་བྲལ་དགེ་བའི་རྩ་བ་ཉམས། །དེ་དག་ཐུབ་པའི་བཀའ་ནི་འགྲུབ་མི་འགྱུར། །ཞེས་སོ། །འདིར་སྨད་པ་དང་སྙོམ་ལས་ཀྱིས་བྱང་ཆུབ་སེམས་ཀྱི་དྲན་པ་ཤོར་བ་དང་། འདི་འབྲས་བུ་ལ་དམིགས་པས་ཕྱི་མ་ལ་ཕན་པའི་མཚན་ཉིད་དང་མི་ལྡན་པ་དང་། ཡུལ་བྱང་
ཆུབ་ཀྱི་སེམས་ལ་སྤྲོ་བ་མེད་པ་དང་། འཇིག་རྟེན་པའི་ཆོས་ལ་སེམས་ཤོར་ཏེ་ཆགས་པ་དང་། བྱང་ཆུབ་ཀྱི་སེམས་ལ་འདོད་པ་དང་། དང་བ་དང་། ཡིད་ཆེས་པ་མེད་པ་དང་། དམ་ཚིག་དང་། སྡོམ་པ་ཉམས་པ་རྣམས་སོ། །བཟློག་པས་ལེ་ལོ་མེད་པར་བྱང་ཆུབ་ཀྱི་སེམས་མ་བརྗེད་པ་དང་། ཕྱི་མའི་

འབྲས་བུ་ལ་དམིགས་པ་དང་། སྤྲོ་བ་དང་བཅས་པ་དང་། ཡུལ་ལ་སེམས་མ་ཤོར་བ་དང་། བྱང་ཆུབ་ཀྱི་སེམས་ལ་དད་པ་དང་། སྡོམ་པ་ལ་སོགས་པ་དང་ལྡན་པའོ། །དེ་ལྟར་འགྲུབ་པའི་རྒྱུ་དང་ལྡན་པས་ཇི་སྲིད་མི་སྐྱོ་བ་དེ་སྲིད་དུ་བཟླས་པར་བྱའོ། །དྲན་པའི་རྟེན་བཟླས་པའི་ཐབས་
དུ་མ་ནི་བློ་དམན་པ་རྣམས་ལ་ཕན་པ་སྟེ་གོ་སླའོ། །དེས་ཀྱང་སྐྱོན། རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །ཅེས་བྱ་སྟེ། སྒྱུ་མ་ལྟ་བུའི་བློ་དང་མ་བྲལ་བར་མཆོད་པ་དང་། གླུ་དང་བསྟོད་པ་ལ་སོགས་པ་བྱ་སྟེ། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་བྱས་ལ་གཞལ་ཡས་ཁང་ཚུན་
ཆད་རིམ་གྱིས་བསྡུས་ལ་ཐ་མ་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པར་ལངས་པ་སྟེ། དེའི་ཕྱིར། དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །ཞེས་བྱའོ། །དེ་ལ་ཅི་བྱ་ཞེ་ན། ཚམ་དམ་སྔགས་ཀྱིས་ངེས་པར་བསྲུང་། །ཞེས་བྱ་སྟེ། གོ་ཆའི་སྔགས་དང་ཧཱུཾ་བཞི་པོས་བསྲུང་བར་བྱའོ། །དེ་ཡང་
ལེའུ་དགུ་པ་ལས། བསྡུས་ལ་སྤྱོད་ཚུལ་ཁྱད་པར་གྱིས། །རྣལ་འབྱོར་སྦྱོར་དང་བྲལ་མི་བྱ། །སྤྱོད་པའི་རྣལ་འབྱོར་པ་འདི་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའི་ཕྱིར། ཚངས་པར་སྤྱོད་པ་རྟག་གྱུར་ན། །ཞེས་བྱ་བ་ལ། ཚངས་པར་སྤྱོད་པ་ནི་བྱང་ཆུབ་
ཀྱི་སེམས་སོ། །རྟག་པ་ནི་དེ་ལ་བློ་བརྟན་པར་གྱུར་པའོ། །དེའི་སྤྱོད་པ་ནི་གཉིས་ཏེ། སྔགས་ཀྱི་སྤྱོད་པ་ལམ་དང་མཐུན་པ་དང་། ཀུན་དུ་སྤྱོད་པ་ཐོབ་པ་དང་མཐུན་པའོ། །དང་པོ་ནི་རྟེན་གཉིས་ཀས་ཀྱང་ཐེག་པ་ཆེན་པོས་ལས་བྱ་བ་དང་བྱ་བ་མ་ཡིན་པ་གནང་བ་དང་བཀག་པ་ཇི་ལྟར་བྱ་བ་དང་མཐུན་པར་
སྤྱོད་པའོ། །ཇི་ལྟར་སྤྱད་པ་བསྟན་པའི་ཕྱིར། །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། ཞེས་བྱ་བ་ལ་སོགས་པ་ལ། འཇིགས་པ་ནི་རུང་བ་དང་མི་རུང་བ་ལ་སོགས་པའི་བློ་སྤངས་པའོ། །འོ་ན་ཡེ་མི་སྤྱད་དམ་ཞེ་ན། བློ་ལྡན་སེང་གེ་བཞིན་དུ་བྱ་བར་འབྲེལ་ཏེ་སེང་གེ་དེ་རྩལ་དང་ལྡན་པ་དང་། བག་
ཚ་བ་མེད་པ་དང་། གཞན་སྐྲག་པར་བྱེད་པའི་ཆོས་དང་ལྡན་པ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་བཟོད་པའི་གོ་ཆ་དང་། ཤེས་རབ་ཀྱི་མཚོན་དང་བརྩོན་འགྲུས་ཀྱི་དཔའ་དང་ལྡན་པས་སྤྱད་དོ། །དེའི་ཕྱིར། དེ་ལྟར་བདག་ཉིད་རྣམ་བསམས་ཏེ། །འཁོར་ལོ་བདེ་མཆོག་བདེ་བའི་མཆོག །བློ་ལྡན་ཆོ་ག་

རྣམ་པར་སྤྱོད། །ཅེས་བྱ་སྟེ། ཆོས་གསུམ་དང་ལྡན་པས་སྤྱོད་པའོ། །རིགས་ལྔ་དག་ཏུ་ཀུན་སྤྱོད་པ། །ཞེས་བྱ་བ་ནི་ཐ་མལ་པ་དང་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་ཞུགས་པའི་རྣལ་འབྱོར་པ་རྣམས་ནི་རིགས་ཐ་དད་དུ་འཛིན་པ་ལས་མ་ལོག་པར་སྤྱོད་པ་ཡིན་ལ། རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་ནི་རིགས་ཐ་
དད་ལས་བློ་བཟློག་སྟེ། གསང་ཆེན་རིགས་གཅིག་ཏུ་ཤེས་པའོ། །དེའི་ཕྱིར་འདོད་ཡོན་ལ་སྤྱད་དུ་ཡང་གནང་ངོ་། །ཇི་ལྟར་སྤྱད་ཅེ་ན། རྣམ་པར་མི་རྟོག་བདག་ཉིད་སེམས། །ཞེས་བྱ་སྟེ། འཇིགས་པ་མེད་དེ་མི་རྟོག་པའི་སེམས་ཀྱིས་སོ། །གང་ལ་ཞེ་ན་འདོད་ཡོན་ལའོ། །ཇི་ལྟར་སྤྱད་པའི་དོན་
འདི་ཉིད་རྡོ་རྗེ་མཁའ་འགྲོ་ལས། ལས་རྣམས་ཀུན་ལ་ཐབས་བཅས་ཤིང་། །དོགས་པ་མེད་པར་གང་སྤྱོད་པ། །རྣམ་པར་མི་རྟོག་བསྒོམ་པ་ནི། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །ལས་རྣམས་ཀུན་ལ་ཀུན་དུ་ནི། །རྣམ་པར་མི་རྟོག་སྒོམ་བྱེད་ཅིང་། །དོགས་པ་མེད་པར་ཀུན་དུ་སྤྱོད། །དེ་ནི་
དཀའ་ཐུབ་རྣམས་ཀྱི་མཆོག །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །སྐྲ་ཟླ་ལ་སོགས་རྗེས་དངོས་ཀྱི། །ཡུལ་རྣམས་མ་ལུས་རྟེན་བྱེད་པ། །དཀའ་ཐུབ་ཤིན་ཏུ་འདའ་དཀའོ། །ཞེས་གསུངས་པས། དེ་ལ་འདིར་ལས་རྣམས་ནི་ཞི་བ་ལ་སོགས་པ་དང་། ཕྱག་དང་མཆོད་པ་ལ་སོགས་པ་རྣམས་སྐྱེ་མེད་
དུ་ཤེས་པའི་ཚུལ་གྱིས་སྤྱད་པའོ། །དཔེར་ན་མེའི་མཚན་ཉིད་དུ་སྐྱེས་ཕན་ཆད་མཚན་ཉིད་ཚ་ཞིང་བྱེད་པར་བསྲེག །ཁ་དོག་དམར། དེ་བཞིན་དུ་ཕྱི་ནང་གི་དངོས་པོ་ལ་བརྟེན་ནས་ཤེས་རབ་སྐྱེས་ཕན་ཆད་མཚན་ཉིད་སྐྱེ་མེད་བྱེད་པ་ཉོན་མོངས་པ་མི་སྐྱེ་བ་དང་དེ་ཁོ་ན་གསལ་བའོ། །དེའི་
ཕྱིར་དོགས་པ་ཐམས་ཅད་ཅེས་བྱ་བ་གོ་བར་ཟད་དོ། །དེ་ནས་ཡང་ཐུན་མཚམས་སུ་སྔ་མ་ལྟར་མི་རྟག་པ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་དང་། རྟེན་དང་བརྟེན་པ་སྐད་ཅིག་གིས་བསམས་ལ་དབང་དང་། མཆོད་པ་དང་། བདུད་རྩི་མྱང་བ་དང་། དགའ་བ་བརྩམ་པ་བྱས་ལ་སྔ་མ་ལྟར་བསྒོམ་པར་
བྱའོ། །ཐུན་ཐ་མ་ལ་བསྡུ་བའི་ཐབས་ཀྱིས་འོད་གསལ་དུ་མོས་པས་ཉལ་ལ་ནང་བར་དེ་ལས་ལངས་ཏེ་སྔ་མ་ལྟར་བསྒོམ། དེ་ནི་ཀུན་རྫོབ་དང་འདུས་བྱས་དང་། སྒྱུ་མ་དང་བསྐྱེད་པའི་རིམ་པ་སྟེ། དམིགས་པ་དང་བཅས་པའི་ཤེས་རབ་དང་དེ་བཞིན་གཤེགས་པའི་དབུགས་དབྱུང་བསྟན་པའོ། །

ད་ནི་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཡུལ་རྫོགས་པའི་རིམ་པ་བསྟན་པའི་ཕྱིར། ཟླ་བའི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕོ་ཉའི་ལམ་ནི་བླ་མ་ལས་ཤེས་པར་བྱའོ། །དེ་ལས་གཞན་པའི་དབང་དུ་བྱས་ནས། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སྣོད་བཅུད་
བསྡུས་ཏེ་ཚུར་འདུས་པས་སྲུང་བའི་འཁོར་ལོ་ལ་སོགས་པ་གཙོ་བོ་ལ་ཐིམ། གཙོ་བོ་ཡབ་ཡུམ་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དེའི་མཚན་ཉིད་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་དེ་ཡང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའོ། །ཡི་གེའི་མཆོག་ནི་ཏིང་ངེ་འཛིན་སེམས་
དཔའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེ་ཅན་ཏེ་ཡེ་ཤེས་སེམས་དཔའོ། །དེ་ཡང་ཡུམ་ཡབ་ལ་ཐིམ། ཡབ་ཡི་གེ་ལ་ཐིམ། ཡི་གེ་ཡང་རིམ་གྱིས་ཐིམ་པར་བསམ་ཞིང་སེམས་གཏད་པར་བྱའོ། །དེ་ནི་གཟུགས་ལས་འདས་པ་ནི་སེམས་སྣང་བ་གསུམ་རིམ་གྱིས་ཐིམ་པར་བསམ་མོ། །དེའི་མཚན་
ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པའི་སེམས་ཉིད་ཡིན། །ཞེས་བྱའོ། །དེ་ཡང་བསམ་གྱིས་མི་ཁྱབ་བསམ་ནི་འོད་གསལ་དུ་བསྒོམ་པའོ། །སེམས་ཉིད་བརྟག་པར་མི་བྱའོ་ཞེས་བྱ་བ་ནི། དེ་ལ་སེམས་གཞག་ཐབས་དང་དཔེ་དང་ཉམས་བསྟན་པའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། རྒྱུ་ཀུན་
རྫོབ་འབྲས་བུའི་དོན་དམ་པ་ལ་གཞུག་པའི་ཕྱིར་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ལྔ་སྤྲོས་པས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་འོད་ལྔར་བཞུ་སྟེ། དེ་ཡང་འདུས་པ་ལས། སྲུང་བའི་འཁོར་ལོ་ལ་ཐིམ། དེ་གཞལ་ཡས་ཁང་ལ་ཐིམ། དེ་བཀའ་བསྒོ་བརྒྱད་ལ་ཐིམ། དེ་ནས་སྐུ་
གསུང་ཐུགས་ལ་རིམ་གྱིས་ཐིམ་པ། མཁའ་འགྲོ་མ་བཞི་ལ་ཐིམ་པར་བསམ། དེ་གཙོ་བོའི་ཞལ་བཞི་ལ་ཐིམ། གཙོ་བོ་ཡབ་ཡུབ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཡང་རིམ་གྱིས་ཇེ་ཕྲ་ཇེ་ཕྲར་བསམས་ཏེ། སེམས་བསྒྲིམས་ལ་ཕྲ་བར་གཏད་དེ་བསྒོམ་པར་བྱའོ། །
སེམས་དེ་ཡང་འོད་གསལ་བ་རྣམ་པར་ཤེས་པ་གསུམ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ལུས་དང་། ངག་དང་སེམས་མེད་པ། ལས་དང་སྐྱེ་བ་ལས་གྲོལ་བ། ཟླ་བ་དང་ཉི་མ་དང་། མེ་དང་ནོར་བུའི་འོད་ལྟར་ཤིན་ཏུ་གསལ་བ། རྟག་ཏུ་གསལ་བའི་མཚན་ཉིད་ཅན། དེ་ལ་གཞག་ཐབས་

ལྔ་དང་དཔེ་དང་ཉམས་དང་ལྡན་པར་བསྒོམ་པར་བྱ་སྟེ་ཞིབ་ཏུ་བླ་མ་ལས་ཤེས་པར་བྱའོ། །དེ་ནས་དོན་དམ་པ་དང་འདུས་མ་བྱས་དང་། རྫོགས་པའི་རིམ་པ་དང་། རྡོ་རྗེ་འཆང་གི་དབུགས་དབྱུང་དང་། དམིགས་པ་མེད་པའི་ཤེས་རབ་ཀྱི་ཡུལ་བསྟན་པའོ། །ད་ནི་གཉིས་སུ་མེད་པའི་ཕྱག་རྒྱ་
ཆེན་པོ་ཟུང་འཇུག་བསྟན་པའི་ཕྱིར། བསམ་གྱིས་མི་ཁྱབ་དེ་བསམས་ནས། །ཞེས་བྱ་བ་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པ་ནི་འོད་གསལ་ལོ། །འོད་གསལ་བའི་ངང་ལས་སྔར་གྱི་སྒྱུ་མ་ལྟ་བུའི་ལྷའི་སྐུའི་དྲན་པ་ཐོབ་པ་ལ་གཟུངས་ཞེས་བྱའོ། །གཟུངས་ཐོབ་པ་ནི་སྒྱུ་མ་ལྟ་བུའི་སྐུར་
ལངས་པའོ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་མན་ངག་བསྟན་པ་སྟེ་རྒྱུད་དུ་ཤེས་པར་བྱའོ། །དེ་ཉིད་རྒྱས་པར་བསྟན་པ་ནི། མྱ་ངན་འདས་བྱུང་དཔའ་བོ་རྣམས། །ཞེས་བྱ་བ་ལ་སོགས་པ་ལ་མྱ་ངན་ལས་འདས་པ་ནི་འོད་གསལ་ལོ། །དེ་ལས་བྱུང་བའི་དཔའ་བོ་ནི་ཉི་ཤུ་
རྩ་ལྔའོ། །ཡན་ལག་ནི་དྲུག་ཅུ་སྟེ་ཐབས་ཤེས་རབ་ཀྱི་ལྷ་དྲུག་ཅུ་རྩ་གཉིས་སོ། །དེ་གང་ལ་བརྟེན་ནས་ཤེ་ན་སེམས་གསུམ་རླུང་དང་བཅས་པ་ལས་སྤྲུལ་པའོ། །དེ་ཡང་དོན་དམ་པའི་བདེན་པའི་སྤྲུལ་པ་ཕག་མོའི་གཟུགས་སུ་བསྟན་ལ། ཀུན་རྫོབ་ཀྱི་བདེན་པ་སྤྲུལ་པ་གཙོ་བོ་ལ་སོགས་པའོ། །
དེ་གཉིས་མེད་དུ་བསྟན་པའི་ཕྱིར། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། གཉིས་མེད་ཡེ་ཤེས་ནི་ཟུང་འཇུག་གོ། །རྒྱུ་སོགས་ནི་བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་སྐྱེ་བ་རྣམ་པར་སྤངས་པའོ། །ཚོགས་ནི་གནས་པ་དང་འཇིག་པའི་ཚོགས་དང་བྲལ་
བའོ། །གང་དུའང་མི་གནས་པ་ནི་མཐའ་གཉིས་ལ་མི་གནས་པ་སྟེ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། འོད་གསལ་བའི་ངང་ལ་སེམས་གནས་པར་ནུས་ཚད་དུ་གཏད་དེ་བསྒོམ་ལ་དེའི་ངང་ལ་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷར་ལངས་ལ། དེ་ལ་ཤེས་རབ་ཀྱིས་
དཔྱད་ཅིང་གོམས་པར་བྱའོ། །ད་ནི་ཏིང་ངེ་འཛིན་དེའི་ཕན་ཡོན་བསྟན་པའི་ཕྱིར། སེམས་ལ་རྣམ་གནས་རྣལ་འབྱོར་པ། །ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་སེམས་ལ་རྣམ་པར་གནས་པའི་རྣལ་འབྱོར་པ་ལ་མྱ་ངན་ལས་འདས་པ་མི་སྟོན་ཞེས་བྱའོ། །དེ་ལ་རྒྱུ་མཚན་གཉིས་

ཏེ། མྱ་ངན་ལས་འདས་པ་སྟེ་འོད་གསལ་འབའ་ཞིག་མི་སྟོན་པ་དང་། དོན་དམ་པར་འཆི་བ་མེད་པའི་ཕྱིར་མི་སྟོན་པའོ། །འོད་གསལ་འབའ་ཞིག་མི་སྟོན་པ་ཅི་ཞེ་ན། དཔལ་རྡོ་རྗེ་མཁའ་འགྲོ་ལས། གཞན་དུ་གལ་ཏེ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུར་འདའ། །
ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ནི་མར་མེ་ཤི་བ་ལྟར་རང་གཞན་གྱི་དོན་གསལ་བ་མེད་པའི་ཕྱིར་རོ། །དེ་བས་ན་བདེན་པ་གཉིས་ཀྱི་ཚུལ་ལ་གནས་ནས་གཞན་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར། ཇི་སྲིད་འཁོར་བའི་གནས་སུ་ནི། །མཁས་མཆོག་འདུག་པར་གྱུར་པའི་
བར། །དེ་སྲིད་སེམས་ཅན་མཚུངས་མེད་དོན། །མྱ་ངན་མི་འདའ་བར་ནི་མཛད། །དེ་ནི་འཇིགས་པ་སྣ་ཚོགས་པའི་གནས་ཡིན་པའི་ཕྱིར་གནས་ས་མ་ཡིན་ནོ་ཞེ་ན་གནས་ཀྱང་མི་གནོད་པའི་ཕྱིར། དེ་ལྟར་སེམས་ཅན་དམ་པ་རྣམས། །སྲིད་པའི་ཞགས་པས་འཇིགས་མེད་པར། །མི་སྐྱོ་བར་ནི་
བརྩོན་འགྲུས་ཀྱིས། །རྟག་ཏུ་སེམས་ཅན་རྣམས་དོན་མཛད། །ཅེའོ། །དེ་ཡང་ཇི་སྲིད་དུ་ཞེ་ན། ནམ་མཁའ་གནས་པའི་མཐར་ཐུག་པའོ། །ཅི་བྱེད་ཅེ་ན། སྨོན་ལམ་རྣམ་པར་སྦྱོང་བྱེད་པའི། །སེམས་ཅན་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོ་སྲིད་པ་སྦྱོང་བར་མཛད། །ཅེའོ། །འཆི་བ་མེད་པ་ནི་དེ་ཁོ་
ན་ཉིད་མཐོང་བས་རྟག་ཆད་ལ་སོགས་པའི་ལྟ་བ་འགགས་པའི་ཕྱིར་འཆི་བ་མེད་པ་སྟེ། དེའི་རྒྱུ་དེ་ཡིན་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཏུ་ཡང་འཆི་བ་མེད་དམ་ཞེ་ན། ཐ་སྙད་དུ་ཡོད་པར་བསྟན་པའི་ཕྱིར། འཕོ་བའི་ཚེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཕུང་པོ་ལ་སོགས་པ་ནི་ཕ་རོལ་ཏུ་མི་འཕོ་སྟེ། རྟག་པའི་སྐྱོན་
དུ་ཐལ་བའི་ཕྱིར་རོ། །ཕ་རོལ་འཆི་བ་ལས་གཞན་ཡང་མ་ཡིན་ཏེ། རྒྱུ་མེད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། དཔེར་ན་མར་མེ་ལས་མར་མེ་དང་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ཡང་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་མི་
འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །མྱ་ངན་འདའ་བར་བསྟན་པ་ཡིན། །ཞེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས། །སྐྱེ་བ་མེད་ཅིང་འགག་པ་མེད། །བརྟགས་པའི་རྐྱེན་རྣམས་ཁོ་ན་ནི། །སྐྱེ་

ཞིང་འགག་པར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར། རེ་ཞིག་འཕོ་བ་རྣམ་པར་དག་པ་བརྗོད་པར་བྱའོ། །འདིར་གོང་མ་ལྟ་བུའི་རྣལ་འབྱོར་པ་དེ་ཁམས་གོང་མ་གཉིས་སུ་ཡིད་ཀྱི་རང་བཞིན་གྱི་ལུས་འཕོས་ནས་དོན་བྱེད་པ་སྟེ། དེ་ཡང་། རྟག་ཏུ་འདོད་པས་མྱོས་པ་ཡི། །ལྷ་ཡི་བུ་འདི་རྣམས་
དང་ནི། །ཞེས་གསུངས་པའི་ཕྱིར། ཇི་ལྟར་འཕོ་ཞེ་ན། འཕོ་བའི་ཚེ་ན་རྣལ་འབྱོར་པ། །ཞེས་བྱ་བ་ནི་རྟེན་འདི་འདོར་བའོ། །གང་ཞེ་ན། བདེན་པ་གཉིས་ལ་གནས་པའི་རྣལ་འབྱོར་པ་དེ་གང་གིས་སྤྱན་འདྲེན་ཞེ་ན། དཔལ་ལྡན་ཁྲག་འཐུང་ལ་སོགས་ཏེ་དཔའ་བོ་ཉི་ཤུ་རྩ་ལྔའོ། །རྣལ་འབྱོར་མ་ནི་སུམ་
ཅུ་རྩ་བདུན་ནོ། །དེ་རྣམས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་དང་། རོལ་མོའི་སྒྲ་དང་། རྡོ་རྗེའི་གླུ་དང་བཅས་པའི་ཚིག་ཏུ་ཡང་། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་བརྗོད་ཅིང་། མཁའ་སྤྱོད་དུ་སྤྱན་འདྲེན་པར་བྱེད་དོ། །དེར་ཡིད་ཀྱིས་ལུས་ཀྱི་ལྷའི་བུ་ཆགས་པ་ཅན་རྣམས་ཀྱི་དོན་བྱས་ནས།
ཡང་འདིར་འོངས་ནས་སྐྱེ་བོ་ཆགས་པ་ཅན་རྣམས་ཀྱི་འདོད་ཆགས་དག་པར་བྱ་བའི་ཕྱིར་ཡང་སྲིད་པ་ལེན་པར་བྱེད་དོ། །དེ་བས་ན། གཞན་ཡང་སྐྱེ་བོ་ཆགས་ཅན་ཕྱིར། །འདོད་ཆགས་ཐམས་ཅད་དག་པར་མཛད། །ཅེས་པ་དང་། དེའི་ནང་དུའང་མངོན་ཞེན་དང་། །གང་དུའང་གནས་པ་ཡོད་
མ་ཡིན། །ཞེས་བྱའོ། །འོ་ན་ཆོས་ཐམས་ཅད་བདེན་པ་གཉིས་དང་མི་ཕྱེད་པ་ཟུང་འཇུག་ཏུ་རྟོགས་ནས། དེ་གོམས་པར་བྱེད་པ་ལ་འཇིག་རྟེན་པའི་སེམས་ལ་སོགས་པ་འབྱུང་ངམ་མི་འབྱུང་ཞེ་ན། དེ་ལྟར་ཡང་དག་འབྱུང་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་འཇིག་རྟེན་
ཕལ་པ་ལ་ཇི་ལྟར་འབྱུང་བ་དེ་ལྟར་ཡང་དག་པར་འབྱུང་མོད་ཀྱི་འོན་ཀྱང་འདོད་པར་བྱ་བར་འབྲེལ་ལོ། །འདོད་པར་བྱ་བ་ཅི་ཞེ་ན། སྒྱུ་མ་ལྟ་བུའི་དངོས་དག་ནི། །ཞེས་བྱ་བ་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་པར་འདོད་པས་འདོད་པར་བྱ། ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བ། །ཞེས་བྱ་བ་ནི་
སྐྱེ་མེད་དུ་ཤེས་པས་སོ། །བདེ་བའི་ཡོངས་སུ་འགྱུར་བཞིན་པས། །ཞེས་བྱ་བ་ནི་ཕལ་པ་ལྟར་སྡུག་བསྔལ་གྱི་རྒྱུར་མི་འགྱུར་བས་སོ། །འབྲས་བུ་ཁྱད་འཕགས་ཐོབ་འགྱུར་བས་ནི་ཞེས་བྱ་བ་ལ་འབྲས་བུ་ལ་གཉིས་ཏེ། ཤེས་རབ་གསུམ་གྱི་འབྲས་བུ་གོང་ནས་གོང་གི་རྟོགས་པ་ཡིན་ལ།

མཐར་ཐུག་གི་འབྲས་བུ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ཡི་ཕྱིར་ན་འདོད་པར་བྱ། །ཞེས་བྱའོ། །དེའི་ཕྱིར། དེ་ལྟར་ཡང་དག་འབྱུང་མོད་ཀྱི། །སྒྱུ་མ་ལྟ་བུའི་དངོས་དག་ནི། །ལོངས་སྤྱོད་ཁྱད་འཕགས་སྐྱེ་འགྱུར་བ། །བདེ་བའི་ཡོངས་སུ་འགྱུར་
བཞིན་པས། །འབྲས་བུ་ཁྱད་འཕགས་ཐོབ་འགྱུར་བས། །ཅི་ཡི་ཕྱིར་ན་འདོད་མི་བྱ། །ཞེས་བྱའོ། །ད་ནི་ལམ་ཁྱད་པར་ཅན་ལ་གནས་པའི་ཕན་ཡོན་དང་། རྒྱུ་འབྲས་ཕྱིན་ཅི་མ་ལོག་པ་ལ་གདམས་པ་བསྟན་པའི་ཕྱིར་རྡོ་རྗེ་མཁའ་འགྲོ་ལས། སྒོམ་པ་ཁྱད་པར་ཅན་གང་ཞིག །གོམས་
པའི་སྟོབས་ནི་རྫོགས་པ་ན། །ཡིད་འོང་བདེ་བའི་འབྲས་བུ་ནི། །བླ་མེད་གསལ་བ་བློ་ཡི་མཐུ། །ཞེས་པ་ལ། སྒོམ་པ་ཁྱད་པར་ཅན་ནི་མི་མཐུན་པ་དང་གཉེན་པོར་རོ་གཅིག་པར་ཤེས་པའོ། །གོམས་པའི་སྟོབས་ནི་ཤེས་རབ་གསུམ་རིམ་གྱིས་གོམས་པའོ། །རྫོགས་པ་ནི་ཁྱད་པར་དུ་གྱུར་པའོ། །
བདེ་བའི་འབྲས་བུ་ནི་གནས་སྐབས་མཐར་ཐུག་གི་འབྲས་བུའོ། །དེ་ལྟ་བུའི་བླ་ན་མེད་པའི་འབྲས་བུ་གསལ་བ་ནི་བློ་སྟེ་ཤེས་རབ་ཀྱི་མཐུའོ། །དེའི་ཕྱིར་བསམ་པ་དང་བསྒོམ་པའི་ཤེས་རབ་ལ་ནན་ཏན་གྱིས་སྒྲུབས་ཤིག་པའོ། །རྒྱུ་འབྲས་མ་ནོར་བ་ལ་གདམས་པ་ནི། འབྲས་བུ་དོན་གཉེར་རྒྱུ་བསྒྲུབས་
ན། །དེར་ནི་ལྷ་མོ་སུ་ཞིག་འགོག །ཅེས་བྱ་བ་ལ་སངས་རྒྱས་དོན་དུ་གཉེར་བར་རྒྱུ། ཤེས་རབ་གསུམ་ཕྱིན་ཅི་མ་ལོག་པར་བསྒྲུབས་ན་དེར་འབྲས་བུ་ལ་གེགས་མེད་པའི་ཕྱིར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་མ་རྡོ་རྗེ་ཕག་མོ་ལ་བོས་ནས་གདམས་པའོ། །དེའི་ཕྱིར། དེ་བས་འབད་པ་ཐམས་
ཅད་ཀྱིས། །ཀུན་དུ་འགྲོ་མ་མཆོད་པར་བྱ། །ཞེས་བྱ་སྟེ། ཤེས་རབ་གསུམ་ལ་ནན་ཏན་དུ་གདམས་པའོ། །མཐུན་པའི་རྐྱེན་མ་ཚང་བ་ནི་མི་འགྲུབ་པའི་རྒྱུ་ཡིན་པས་དེའི་ཕྱིར། དཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་
གཡེང་ན། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ལུས་དང་སེམས་ནི་བརྟན་འགྱུར་ན། །བདེ་བ་ཐམས་ཅད་བརྟན་འགྱུར་བ། །སྡུག་བསྔལ་གྱིས་ནི་གཡོ་འགྱུར་བས། །ཤིན་ཏུ་འགོག་པར་འགྲོ་བར་འགྱུར། །དེས་ན་ལུས་དང་ངག་སེམས་རྣམས། །བརྟན་པར་བྱས་ན་བྱང་ཆུབ་འཐོབ། །

གཞན་དུ་དུས་མིན་འཆི་བ་དང་། །དམྱལ་བར་ངེས་པར་བསྲེག་འགྱུར་ཞེས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཞེས་བྱ་སྟེ་ཚིག་དོན་ནི་གོ་སླའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་གང་ཡིན་པ། །དེས་དོན་བརྗོད་བྱ་བཀྲོལ་བ་ལ། །འཕགས་དང་མཁའ་འགྲོས་བཟོད་
པར་མཛོད། །ངེས་དོན་ཟབ་མོ་བརྒྱུད་པའི་རིམ། །བླ་མའི་ལུང་བཞིན་གསལ་ཕྱེ་བས། །མིག་མེད་ལམ་ནོར་རྣམས་ཀྱི་ནི། །མིག་འབྱེད་ལམ་རྟོགས་རྒྱུར་གྱུར་ཅིག །རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཡི་པས་རིགས་དྲུག་པ་ཧེ་རུ་ཀའི་སྒྲུབ་ཐབས་རྩ་བའི་དཀྱིལ་འཁོར་ཆེན་པོ་མཛད་པའི་དོན་རྒྱུད་
ལྟར་བཀྲོལ་བ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཁོར་ལོ་
སྡོམ་པའི་སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ནང་པར་ཐོ་རངས་ཀྱི་དུས་སུ་སྟན་བདེ་བ་ལ་འདུག་སྟེ་རང་ཡི་དམ་གྱི་ལྷ་བསྒོམ་པར་བྱའོ། །བདག་ཉིད་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་ཚད་མེད་པ་བཞི་རིམ་གྱིས་བསྒོམས་ལ། ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ།
གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དང་། ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའ་ཡས་དང་། འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པ་དང་། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་
ཀའོ། །དེ་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ནག་པོ་བསམས་ལ། དེ་ལས་འོད་ཟེར་འཕྲོས་ཏེ་སླར་འདུས་པ་ལས། བདག་ཉིད་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ག་ཞལ་གསུམ་པ་ཕྱག་དྲུག་པ། ཞལ་གཡས་ལྗང་གུ། གཡོན་སེར་པོ། ཕྱག་དང་
པོ་གཉིས་ཀྱིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་། རང་སྣང་གི་རིག་མ་ལ་འཁྱུད་པ། གཡོན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པ། གཡས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། ཕྱག་རྒྱ་ལྔ་དང་ལྡན་པར་བསྒོམ་མོ། །དེ་ནས་སུམྦྷའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་

ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི། སརྦྦ་བིགྷྣཱཾ་ཀཱ་ཡ་བཱ་ཀ་
ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཀྱིས་བགེགས་རྣམས་བསྐྲད་ལ། རྡོ་རྗེ་ར་བ་ལ་སོགས་པ་བསམ་པར་བྱའོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསགས་པ་སྔོན་དུ་འགྲོ་བས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་ཀྱི་
ངང་ལས་ཐིག་ལེ་དཀར་པོ་ཡུངས་ཀར་གྱི་ཚད་ཙམ་བསམ་མོ། །དེ་ནས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཡཾ་གྱིས་མཚན་པ་དང་། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རཾ་གྱིས་མཚན་པ་དང་། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བཾ་གྱིས་མཚན་པ་དང་། དེའི་སྟེང་དུ་ལཾ་ལས་དབང་ཆེན་སའི་
དཀྱིལ་འཁོར་ལཾ་གྱིས་མཚན་པ་དང་། དེའི་སྟེང་དུ་སུཾ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་ལྔའི་རང་བཞིན་ཅན་ལྕོག་ཆེན་པོ་བརྒྱད་ཀྱིས་མཛེས་པར་བྱས་པ། དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་ཉི་མའི་དཀྱིལ་
འཁོར། དེའི་སྟེང་དུ་མངོན་པར་བྱང་ཆུབ་བའི་གཞལ་ཡས་ཁང་དང་། བརྟེན་པའི་དཀྱིལ་འཁོར་ལྷ་བཅུ་གསུམ་སྐད་ཅིག་གིས་བསམ་མོ། །དེའི་དབུས་སུ་བཅོམ་ལྡན་འདས་ཞལ་བཞི་པ། སྐུ་མདོག་མཐིང་ག །སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། གཡས་བརྐྱང་བའི་རྣམ་པས་
བཞུགས་པས་འཇིགས་བྱེད་ཆེན་པོ་དང་དུས་མཚན་ཞབས་ཀྱིས་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྟེང་གི་ཕྱག་གཉིས་ཀྱིས་གླང་པོ་ཆེའི་པགས་པ་འཛིན་པ། གཡས་པའི་གསུམ་པ་ན་ཅང་ཏེའུ། བཞི་པ་ན་གྲི་གུག །ལྔ་པ་ན་དགྲ་སྟ་
དང་། དྲུག་པ་ན་མདུང་རྩེ་གསུམ་པ་འཕྱར་བ། གཡོན་གྱི་ཕྱག་གསུམ་པ་ན་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ན་ཁྲག་གིས་བཀང་བའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་འཆང་བ། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། དབུ་ལ་ཐོད་པའི་ཕྲེང་བ་དང་ཟླ་བ་

ཕྱེད་པས་མཚན་པ། སྣ་ཚོགས་རྡོ་རྗེས་མཚན་པའི་ཅོད་པན་ཅན་ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། དབུས་མཐིང་ག །ཞལ་གཡས་སེར་བ། ནུབ་པདྨ་རཱ་གའི་མདོག་འདྲ་བ། གཡོན་མརྒ་ཏ་ལྟ་བུའི་མདོག་
དང་མཚུངས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོའི་ཕྲེང་བརྒྱུ་མ་དང་བཅས་པ་འཛིན་པ། མགུལ་རྒྱན་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། སྤྱི་གཙུག་གི་ནོར་བུས་བརྒྱན་པ། མཆོད་ཕྱིར་ཐོགས་འཆང་བ། ཐལ་བ་དང་ཕྱག་རྒྱ་དྲུག་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་
པས་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། སྐྲ་གྲོལ་པ། གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། གཡོན་པ་འཁྱུད་པའི་ཕྱག་གིས་གདུག་པ་ལ་སོགས་པའི་ཁྲག་
གིས་བཀང་བའི་ཐོད་པ་འཆང་བ། གཡས་རྡོ་རྗེས་མཚན་པའི་གྲི་གུག་ཕྱོགས་ཐམས་ཅད་དུ་འཇིགས་པར་བྱེད་པའི་རང་བཞིན་གྱི་སྡིགས་མཛུབ་ཅན་བསྐལ་པའི་མེ་བཞིན་འཇིགས་པ་ཆེ། ཁྲག་ལ་དགྱེས་ཤིང་ཞལ་ནས་ཁྲག་འཛག་པ་བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད་པ། བདེ་ཆེན་ཐུགས་
རྗེའི་བདག་ཉིད་བསྒོམ། ཕྱོགས་ཀྱི་འདབ་མ་བཞི་ལ་མཁའ་འགྲོ་མ་ལ་སོགས་པ་བཞི། སྒོ་བཞིར་ཁྭ་གདོང་མ་ལ་སོགས་པ་བཞི། མཚམས་བཞིར་གཤིན་རྗེ་བརྟན་མ་ལ་སོགས་པ་བཞི། ཐམས་ཅད་ཀྱང་ཞལ་གཅིག་པ་ཕྱག་བཞི་པ། གཡོན་ཁ་ཊྭཱཾ་ག་དང་ཐོད་པ། གཡས་ཌ་མ་རུ་དང་
གྲི་གུག་བསྣམས་པའོ། །རྣལ་འབྱོར་མ་དེ་དག་ཀྱང་ཡི་དགས་ཀྱི་གདན་ལ་བཞུགས་པའོ། །དེ་དག་གི་དཔྲལ་བར་རྡོ་རྗེ་ཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །མགོ་ལ་ཨོཾ་དཀར་པོ་དང་། ལྐོག་མར་ཨཱཿདམར་པོ་དང་།
ནུ་མ་གཉིས་ཀྱི་བར་དུ་ཧཱུཾ་ནག་པོ་དང་། ཐུགས་ཀར་ཧཱུཾ་སྔོན་པོ་བསམ་པར་བྱའོ། །དེ་ནས་ཡི་གེ་བཞི་ལས་འོད་ཟེར་འཕྲོས་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་སེམས་དཔའ་དང་ཐུགས་རྡོ་རྗེ་བསྐུལ་ཏེ། ཡི་གེ་བཞི་ལ་སོ་སོར་ཐིམ་པར་བསམ་མོ། །ཨོཾ་ཨཱཿ

ཧཱུཾ་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ། །དེ་ནས་གོ་ཆ་གཉིས་བརྟན་པར་བྱ་སྟེ་ཧེ་རུ་ཀའི་ཐུགས་ཀར་ཨོཾ་ཧ་དཀར་པོ། དབུ་ལ་ན་མ་ཧི་སེར་པོ། སྤྱི་གཙུག་
ཏུ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་བཽ་ཥཊ་ཧེ་ནག་པོ། མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་པོ། ཡན་ལག་ཀུན་ལ་མཚོན་ཆ་ནི་ཕཊ་ཧཾ་ལྗང་གུའོ། །ཡུམ་གྱི་ལྟེ་བ་ལ་ཨོཾ་བཾ་དམར་མོ། ཐུགས་ཀར་ཧཾ་ཡོཾ་ནག་མོ། ཞལ་དུ་ཧྲིཾ་མོཾ་དཀར་མོ། དབུ་ལ་ཧྲེཾ་ཧྲིཾ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་གུ། ཡན་
ལག་ཐམས་ཅད་ལ་ཕཊ་ཕཊ་དུ་བའི་མདོག་ཅན་བསམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ནི་སྔགས་དང་ཕྱག་རྒྱ་དང་། སྔགས་ཀྱིས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་མོ། །སྙིང་པོའི་ཕྱག་རྒྱ་བསྟན་ཏེ་ལག་པ་གཡས་པ་
དང་གཡོན་པ་བསྐོར་ཞིང་། ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པས་དཀྱིལ་འཁོར་བ་དང་གཉིས་སུ་མེད་པར་བྱས་ནས། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ། །དེ་ནས་དབང་བསྐུར་བར་བྱ་བའི་ཕྱིར་སྙིང་གའི་ཡི་གེ་ཧཱུཾ་ལས་འོད་ཟེར་འཕྲོས་པས་རིགས་
ལྔའི་བདེ་བར་གཤེགས་པ་ནམ་མཁའ་ལ་བྱོན་པར་བསམ་མོ། །དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་དེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོག་གཉིས་སྩོལ་མཛད་ལྟར། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་
པར་བྱའོ། །དེ་ནས་མི་བསྐྱོད་རྡོ་རྗེ་གཙོ་བོར་གྱུར་པའི་ཐུགས་ཀ་ནས་མཁའ་འགྲོ་མ་ལ་སོགས་པ་བུམ་པ་ཐོགས་པ་བྱུང་བས། རྡོ་རྗེ་ཆེན་པོ་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པའི། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཇི་ལྟར་
བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཞེས་པས་དབང་བསྐུར་བར་བྱའོ། །དེ་དག་ཐམས་ཅད་ཀྱི་དབུ་ལ་མི་བསྐྱོད་པ་ས་གནོན་གྱི་ཕྱག་རྒྱ་ཅན་སྐུ་མདོག་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་

ཅན་བསམ་མོ། །དེ་ནས་ཅི་ནུས་སུ་བསྒོམ་མོ། །དེ་ལས་སྐྱོ་ན་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུཾ་ཕཊ།
ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་དྷཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚྲཱི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། དེ་ནས་ལྡང་བར་འདོད་
ན་དཀྱིལ་འཁོར་རང་གི་ཐུགས་ཀར་བསྡུ་བར་བྱའོ། །ཕྱག་དང་ཞལ་ཐམས་ཅད་རྩ་བའི་ཞལ་ལ་བསྡུ། ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ་བསྒོམ་མོ། །དེ་ལྟར་ཐུན་བཞིར་བསམ་མོ། །ཐུན་ཐ་མ་ལ་སྐད་ཅིག་མས་དཀྱིལ་འཁོར་དུ་ལྷ་རྣམས་ལ་དབང་
བསྐུར་བ་དང་། བདུད་རྩི་མྱང་བ། མཆོད་བསྟོད་བྱས་ལ། བསྒོམ་པ་དང་བཟླས་པ་བྱའོ། །དེ་ལྟར་ཐུན་བཞིར་བསྒོམས་ལ་ཐུན་ཐ་མ་ལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྣམས་རང་གི་སྙིང་གར་བསྡུས་ལ་ཉལ་ལོ། །ནང་པར་ནི་སྔར་བཤད་པ་ཐམས་ཅད་བྱའོ། །ལྷ་བཅུ་གསུམ་མའི་སྒྲུབ་ཐབས་
རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝ་ཏི་ཨ་བྷིས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་ཀྱི་
མངོན་པར་རྟོགས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོ་ཁོ་ནར་རྣལ་འབྱོར་པའི་དབང་ཕྱུག་གིས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཚོར་བའི་ཕུང་པོ་ནི་རིན་ཆེན་
འབྱུང་ལྡན་ནོ། །འདུ་ཤེས་ཀྱི་ཕུང་པོ་ནི་སྣང་བ་མཐའ་ཡས་སོ། །འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ། །དེ་དག་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀའོ། །མིག་གཉིས་ལ་ནི་སའི་སྙིང་པོའོ། །རྣ་བ་གཉིས་ལ་ནི་ཕྱག་ན་

རྡོ་རྗེའོ། །སྣ་ལ་ནི་ནམ་མཁའི་སྙིང་པོའོ། །ཁ་ལ་ནི་སྤྱན་རས་གཟིགས་སོ། །ལུས་ལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དབང་ཕྱུག་རྡོ་རྗེའོ། །སའི་ཁམས་ནི་སངས་རྒྱས་སྤྱན་ནོ། །ཆུའི་ཁམས་ནི་མཱ་མ་ཀཱིའོ། །མེའི་ཁམས་
ནི་གོས་དཀར་མོའོ། །རླུང་གི་ཁམས་ནི་དམ་ཚིག་སྒྲོལ་མའོ། །ནམ་མཁའི་ཁམས་ནི་པདྨའི་དྲ་བ་ཅན་ནོ། །དེ་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལྷའི་རྣམ་པར་དག་པའོ། །དེ་ནས་རང་ཧེ་རུ་ཀར་བསྐྱེད་པའི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་ཏེ་ཁམས་གསུམ་པའི་བགེགས་བསྐྲད།
དེ་ནས་འོད་དེ་ཚུར་འདུས་པ་ལས། བདག་ཉིད་ཁམས་གསུམ་རྣམ་པར་རྒྱལ་བ་ཞལ་གསུམ་ཕྱག་དྲུག་པ་བསྐྱེད་པར་བྱས་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་ཞལ་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་
ཕཊ། ཅེས་པའི་སྔགས་ཤར་ཕྱོགས་ལ་སོགས་པར་དགོད་པར་བྱའོ། །ཡིག་འབྲུ་གྱུར་པ་ལས་རྡོ་རྗེའི་གུར་དང་། དྲ་བ་དང་། བླ་རེ་དང་། མདའི་དྲ་བ་དང་། མེའི་ར་བ་དང་། རྡོ་རྗེའི་ས་གཞི་བསམ་པར་བྱའོ། །དེ་ལྟར་ཁྲོ་བོ་རྣམ་པར་རྒྱལ་བས་མཚམས་གཅད་པར་བྱའོ། །གནོད་མཛེས་
ཀྱི་ཕྱག་རྒྱས་དགུག་པ་དང་། བདུད་རྩི་འཁྱིལ་པའི་ཕྱག་རྒྱས་བརྡུང་བར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦྦ་དུཥྚཱན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཧཱུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ཕུར་བུ་གདབ་པའི་
སྔགས་སོ། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཕུར་བུ་བརྡུང་བའི་སྔགས་སོ། །དེ་ནས་རང་གི་སྙིང་གར་ཟླ་བའི་སྟེང་གི་ཧཱུྃ་གི་འོད་ཟེར་གྱིས་བླ་མ་ལ་སོགས་པ་སྤྱན་དྲངས་ལ་འོད་དུ་ཞུ་བ་ལས་བདེ་མཆོག་གི་ལྷའི་བདག་ཉིད་དུ་བསམས་ལ་མཆོད་པ་དང་བསྟོད་པ་བྱས་ལ། སྐྱབས་སུ་
འགྲོ་བ་དང་སེམས་བསྐྱེད་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྣང་བ་མེད་པ། སྣང་བ་རྣམ་པར་དག་པ་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་ངང་ལ་གཞག་པར་བྱའོ། །འོད་གསལ་དེའི་ངང་ལས་ཡཾ་ཡོངས་

སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ཁ་དོག་སྔོན་པོའོ། །དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ། དེའི་སྟེང་དུ་བཾ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོའོ། །དེའི་སྟེང་དུ་ལཾ་ཡོངས་སུ་གྱུར་པ་ལས་སའི་
དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོའོ། །དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལས་རི་རབ་ཟུར་བཞི་པ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་གྲུ་བཞིའི་རང་བཞིན་ཅན་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་
བཅས་པའོ། །དེའི་སྟེང་དུ་ཐབས་ཀྱི་རང་བཞིན་ཨཱ་ལི་ལས་ཟླ་བ། ཤེས་རབ་ཀྱི་རང་བཞིན་ཀཱ་ལི་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་མཐིང་ག་རྡོ་རྗེ་སེམས་དཔའི་རང་བཞིན་འོད་ཟེར་ལྔ་འཕྲོ་ཞིང་འདུ་བ་དང་བཅས་པའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་ཞལ་བཞི་པ་སྤྱན་གསུམ་
པ། ཕྱག་བཅུ་གཉིས་པ། སྐུ་མདོག་མཐིང་ག་དཔྲལ་བར་རྡོ་རྗེའི་ཕྲེང་བ་འཛིན་པ་གཡས་བརྐྱང་བས་བཞུགས་པ། འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དེའི་འོག་མའི་ཕྱག་གཉིས་ཀྱིས་
གླང་པོ་ཆེའི་པགས་པ་བརྒྱང་བ། གཡས་པའི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་པའི་གསུམ་པ་ན་ཁ་ཊྭཱཾ་ག །བཞི་པ་ན་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་མགོ་བསྣམས་པ། རལ་པ་དང་ཅོད་
པན་གྱིས་བརྒྱན་པའི་ཐོད་པ། ཐོད་པའི་ཕྲེང་བའི་ཐོད་ཅན། ཟླ་བ་ཕྱེད་པ་དབུ་ལ་འཇོག་པ། སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་རྒྱན་ཅན་ཞལ་རྣམ་པར་འགྱུར་བ། མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྒེག་པ་ལ་སོགས་ཉམས་དགུ་ལྡན་པ། ཞལ་གཡོན་མརྒ་ཏ་ལྟ་བུ་གཡས་
པའི་ཞལ་སེར་བ། རྒྱབ་པདྨ་རཱ་ག་ལྟ་བུའི་མདོག་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། མི་མགོ་རློན་པའི་ཕྲེང་བ་འཕྱང་བ། རྣ་ཆ་དང་། གདུ་བུ་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། སྤྱི་གཙུག་ནོར་བུ་རིན་པོ་ཆེས་བརྒྱན་པ། མཆོད་ཕྱིར་ཐོགས་འཕྱང་བ་ཐལ་བ་

དང་ཕྱག་རྒྱ་དྲུག་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་དག་པའི་ཕྱིར་ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པའོ། །དེའི་སྤྱན་སྔར་ཡུམ་སྐུ་མདོག་དམར་མོ་ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་གཉིས་པ། སྐྲ་གྲོལ་བ། གཅེར་བུ་དུམ་བུའི་སྐ་རགས་ཅན། ཕྱག་གཡོན་
ཐོད་པ་བསྣམས་ནས་ཡབ་ལ་འཁྱུད་པ། གཡས་པ་རྡོ་རྗེ་སྡིགས་མཛུབ་བྱས་པ། བསྐལ་པའི་མེ་ལྟ་བུའི་གཟི་བརྗིད་ཅན། ཁྲག་ལ་དགྱེས་ཤིང་ཞལ་ནས་ཁྲག་འཛག་པ། བྱིན་པ་གཉིས་ཀྱིས་ལེགས་པར་འཁྱུད་པ། བདེ་བ་ཆེན་པོའི་བདག་ཉིད་ཅན་ནོ། །ཕྱོགས་ཀྱི་འདབ་མ་བཞི་ལ་
ནི། མཁའ་འགྲོ་མ་དང་། ལཱ་མ་དང་། ཁཎྜ་རོ་ཧ་དང་། གཟུགས་ཅན་མ་ནི་དངོས་གྲུབ་སྟེར་བ་སྟེ། ནག་མོ་དང་། ལྗང་གུ་དང་། དམར་མོ་དང་། སེར་མོ་སྟེ་ཞལ་གཅིག་པ་ཕྱག་བཞི་པ། གཡས་ན་ཌ་མ་རུ་དང་གྲི་གུག་དང་། གཡོན་ན་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། སྤྱན་གསུམ་
པ། སྐྲ་གྲོལ་བ། གཅེར་བུ་གཡས་བརྐྱང་པས་བཞུགས་པ། ཞལ་མཆེ་བ་གཙིགས་པ་ཕྱག་རྒྱ་ལྔས་བརྒྱན་པ་བསྒོམ་པར་བྱའོ། །མཚམས་ཀྱི་འདབ་མ་རྣམས་ན་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྣོད་བཞིའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། མགོ་བོ་དང་། མགྲིན་པ་དང་།
ནུ་མའི་བར་དང་། སྙིང་ག་རྣམས་སུ། ཨོཾ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུཾ་ནག་པོ་དང་། ཧཱུཾ་སྔོན་པོ་བསམ་པར་བྱའོ། །དེ་ནས་ཡི་གེ་ལས་འོད་ཟེར་འཕྲོས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་ཏེ། ཡི་གེ་བཞི་ལ་སོ་སོར་ཐིམ་པར་བསམ་ཞིང་། ཨོཾ་ཨཱཿཧཱུཾ་སརྦྦ་བཱི་ར་ཡོ་
གི་ནཱི་ཀཱ་ཡ་ཝཱ་ཀཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ། །དེ་ནས་གོ་ཆ་བསམ་པར་བྱ་སྟེ། ཧེ་རུ་ཀའི་སྙིང་གར་ཨོཾ་ཧ་དཀར་པོ་དང་། མགོ་བོ་ལ་ན་མ་ཧི་སེར་པོ་དང་། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་དང་།
ཕྲག་པ་གཉིས་སུ་བཽ་ཥཊ་ཧེ་ནག་པོ་དང་། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་དམར་པོ་དང་། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་གུ །ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་པོ། སྙིང་གར་ཧཾ་ཡོཾ་ཡ་མི་ནི་སྔོན་མོ། ཁ་ལ་ཧྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། མགོ་བོ་ལ་ཧྲེཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ།

སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ །ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཙཎྜི་ཀ་དུ་བའི་མདོག་ཅན་ནོ། །དེ་ལྟར་གོ་ཆ་བགོས་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། སྔགས་དང་ཕྱག་རྒྱས་མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་ཞིང་། དམ་ཚིག་དང་ཡེ་ཤེས་པ་གཉིས་སུ་མེད་པར་བྱས་ནས།
ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ང་རྒྱལ་བརྟན་པར་བྱའོ། །དེ་ནས་དབང་བསྐུར་བའི་ཕྱིར་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ནས། ནམ་མཁའ་ལ་བྱོན་པར་བསམ་མོ། །དེ་ནས་ཕྱི་ནང་གསང་བ་གསུམ་གྱིས་མཆོད་ནས་གསོལ་བ་གདབ་སྟེ། བྱང་
ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོག་གཉིས་སྩོལ་མཛད་དང་། །བདག་ཀྱང་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་མི་བསྐྱོད་རྡོ་རྗེ་གཙོ་བོར་གྱུར་པའི་ཐུགས་ཀ་ནས་མཁའ་འགྲོ་མ་བཞི་ཡེ་ཤེས་ཀྱི་བུམ་པ་ཐོགས་ནས།
ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་བརྗོད་དེ་དབང་བསྐུར་བ་དང་། གཙོ་བོས་ཀྱང་། རྡོ་རྗེ་ཆེན་པོ་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པའི། །སངས་
རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ཅིང་དབང་བསྐུར་བས་ལུས་ཀྱི་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་མོ། །དབང་ཡོངས་སུ་རྫོགས་ནས་ནང་དབང་རྟགས་སུ་མི་བསྐྱོད་པ་ས་གནོན་གྱི་ཕྱག་རྒྱ་ཅན་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཅན་གྱིས་
དབུ་བརྒྱན་པའོ། །དེ་ལྟར་བསྐྱེད་པའི་རིམ་པ་ལས་སྐྱོན་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་ར་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཡུམ་གྱི་སྙིང་པོའོ། །བཛྲ་བཻ་རོ་ཙ་ནཱི་
ཡེ་ཧཱུྃ་ཧཱུྃ་ཕཊ། ཡུམ་གྱི་ཉེ་བའི་སྙིང་བོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧུྃ་ཧཱུྃ་ཕཊ། ཕྱོགས་ཀྱི་ལྷ་མོ་བཞིའོ། །དེ་ལྟར་སྔགས་ཀྱི་སྐྱོན་ཡོན་གཉིས་ཤེས་པས། ཇི་ཙམ་དུ་བླ་མའི་གདམས་ངག་གིས་བཟླས་པར་བྱའོ། །དེ་

ནས་མཉམ་གཞག་ལས་ལངས་ནས་རིམ་གྱིས་ལྷ་བསྡུས་ཏེ། དཔའ་བོ་གཅིག་པའི་ང་རྒྱལ་གྱིས་རྗེས་དང་སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ལ་འཇུག་པར་འདོད་པས། ཟླ་བ་ཕོ་ཉའི་ལམ་པ་དང་། །ཉི་མ་ལུས་ཀྱི་དཀྱིལ་འཁོར་ཏེ། །
ཐིག་ལེ་བཞི་ནི་ཡེ་ཤེས་ཡིན། །ཡོངས་སུ་དག་པ་འོད་གསལ་ཡིན། །དཔེར་ན་ནམ་མཁའི་མཚན་ཉིད་དོ། །རང་བཞིན་མེད་པ་ཟུང་འཇུག་སྟེ། །བདེ་ཆེན་རྣམ་པ་གསུམ་གྱིས་བསྟན། །བསྐྱེད་དང་རྫོགས་པའི་རིམ་པ་ནི། །རྣལ་འབྱོར་པ་ཡི་ལམ་ཁྱེར་རོ། །དཔལ་བདེ་མཆོག་འཁོར་
ལོ་ལྷ་ལྔའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་
གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྷན་ཅིག་སྐྱེས་པ་རང་གི་ལྷ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་ཕྱི་ནང་གི་དྲི་མ་དག་པར་བྱས་ལ་སྟན་བདེ་བ་ལ་འདུག་སྟེ། རང་སྐད་ཅིག་གིས་ཧེ་རུ་ཀར་བསྐྱེད་པའི་སྙིང་གའི་ཧཱུྃ་གི་འོད་ཀྱིས་གདུག་པ་ཅན་ཐམས་ཅད་ཞི་བར་བྱས་ཏེ།
འོད་ཚུར་འདུས་པ་ལས་སྲུང་བའི་འཁོར་ལོ་བསྒོམ་པར་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ་སྙམ་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་བྱ་སྙམ་པའི་སྙིང་རྗེ་དང་། ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པའི་
དགའ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་ལ་དགོད་པར་འདོད་པའི་བཏང་སྙོམས་ཚད་མེད་པ་བསྒོམ་པར་བྱའོ། །དེ་ནས་དད་པ་དང་གུས་པས་མདུན་གྱི་ནམ་མཁའ་ལ་བླ་མ་བརྒྱུད་པ་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་བསམས་ཏེ། དེ་དག་ཐམས་ཅད་འོད་ཀྱི་གོང་བུ་ལས། དཔལ་ཧེ་རུ་ཀར་གྱུར་པ་ལ་མཆོད་པ་དང་། བསྟོད་པ་དང་། སྡིག་པ་བཤགས་པ་དང་། སྡོམ་པ་གཟུང་བ་དང་། གསོལ་བ་གདབ་པ་ལ་སོགས་པ་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་

པས་སྟོང་པ་ཉིད་དུ་བསམ་པར་བྱའོ། །འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་པདྨ་ལ་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུྃ་འོད་ཟེར་ལྔ་འཕྲོ་བ་དང་འདུ་བ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔའ་བོ་གཅིག་པ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་
རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱང་བས་འཇིགས་བྱེད་མནན་པ། གཡོན་བསྐུམ་པས་དུས་མཚན་མ་མནན་པ་རལ་པ་ནག་པོ་གྱེན་དུ་གཡེངས་པའི་ཅོད་པན་ཅན། སྤྱི་གཙུག་གི་ནོར་བུ་དང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པའི་དབུ་རྒྱན་ཅན། མི་བསྐྱོད་པས་
དབུ་བརྒྱན་པ་དར་དཔྱངས་ཀྱི་ཅོད་པན་ཅན། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་ཞིང་ཤིན་ཏུ་འགྱིང་བག་དང་ལྡན་པ། སྟག་གི་པགས་པས་སྨད་དཀྲིས་ཤིང་། མི་མགོ་ལྔ་བཅུས་དོ་ཤལ་བྱས་པ། ཕྱག་རྒྱ་དྲུག་དང་ལྡན་པར་བསྒོམ་པར་བྱའོ། །དེའི་སྤྱན་སྔར་ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་
ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་པ་ཕྱག་གཡོན་ན་ཐོད་པ་བསྣམས་ནས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་སྡིགས་མཛུབ་བྱས་ནས་གདུག་པ་ཅན་སྐྲག་པར་བྱེད་པ། སྐྲ་གྲོལ་བ་གཅེར་བུ་དུམ་བུས་སྐེ་རགས་ཅན། མི་མགོ་སྐམ་པོའི་ཕྲེང་བས་སེ་རལ་
ཁར་འཕྱང་བ། ཞབས་གཡས་བྱིན་པ་ལ་འཁྲིལ་ཞིང་གཡོན་བརྐྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ་བདེ་བ་ཆེན་པོའི་བདག་ཉིད་ཅན། ཡབ་ཡུམ་སྣང་སྟོང་ཟུང་དུ་འཇུག་པ་བསྒོམ་པར་བྱའོ། །དེ་ལས་ལུས་སྐྱོ་ཞིང་སེམས་དུབ་ན་བསྐྱེད་རིམ་གྱི་ངང་ལས་བླ་མའི་མན་ངག་གིས་བཟླས་པར་
བྱའོ། །དེ་ཡང་ཧེ་རུ་ཀའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀ་ནས་ཏིང་ངེ་འཛིན་སེམས་དཔའི་ཡི་གེ་ཧཱུཾ་སྔོན་པོ་ལ་སྙིང་པོའི་སྔགས་ཀྱིས་བསྐོར་བ་ལ་སེམས་གཏད་དེ་བཟླས་པ་བྱའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། དེ་ལས་སྐྱོ་བར་གྱུར་ན་ཁམས་གསུམ་ཐམས་ཅད་འོད་ཀྱི་རང་བཞིན་དུ་
བྱས་ཏེ། འོད་ཟེར་ཡང་རིམ་གྱིས་བསྡུས་ནས། ཧེ་རུ་ཀ་ཡབ་ཡུམ་ལ། དེ་སྙིང་གའི་ཧཱུྃ་ལ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་དུ་བསྡུས་ལ། འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཇི་སྲིད་གནས་ཀྱི་བར་དུ་བསྒོམ་མོ། །དེ་ལས་ཀྱང་ལུས་སྐྱོ་སེམས་དུབ་ན། འོད་གསལ་ལས་ཟུང་

འཇུག་གི་སྐུར་ལངས་ཏེ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཁ་དོག་དང་བཅས་པ་འཇའ་ཚོན་ལྟ་བུ། སྒྲོ་སྐུར་དང་བྲལ་བ་ཆུ་ཟླ་ལྟ་བུར་ལངས་ཏེ་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །སྤྱོད་ལམ་དང་ཐུན་མཚམས་ཀྱི་རྣལ་འབྱོར་དང་ལྡན་པས་ཐུན་
བཞིར་ཉམས་སུ་བླང་ངོ་། །དཔལ་བདེ་མཆོག་འཁོར་ལོ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ཡུལ་བྷཾ་ག་ལའི་སློབ་དཔོན་བསོད་སྙོམས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་གདན་སྤོར་སངས་རྒྱས་དང་། །བླ་མ་རྡོ་རྗེ་འཛིན་དངོས་བདག་ཉིད་ཅན། །ཟབ་པའི་དོན་ལྡན་གླུ་འདི་སྟོན་གྱུར་
པ། །ཡོན་ཏན་ཀུན་རྫོགས་དེ་ལ་ཕྱག་འཚལ་ལོ། །ལུས་འདི་རྣམ་སྐམས་སེམས་ནི་ཉོན་མོངས་པའི། །དེ་འདྲའི་བྱེད་པ་མ་ལུས་ཡོངས་སྤངས་ནས། །དེས་ནི་འགྲོ་ཀུན་རང་བཞིན་རྣམ་དག་པར། །དཔལ་ལྡན་རྡོ་རྗེའི་གདན་ལ་སངས་རྒྱས་གྱུར། །མཛེས་མ་མཆོག་ལྡན་ཁྱེར་ནས་རབ་ཏུ་
མྱུར་བསྒྲུབས་པས། །ནཻ་རཉྫ་ནའི་འགྲམ་དུ་བདེ་བར་འཇུག་པས་འདུས། །བྱང་ཆུབ་ཤིང་རྩར་རྡོ་རྗེ་གདན་བཞུགས་ནས། །རྡོ་རྗེ་དཔེར་བྱས་ཏིང་ངེ་འཛིན་ལ་གནས། །ཏིང་འཛིན་བླ་ན་མེད་པའི་ལམ་འདིས་ཀྱེ། །བདུད་བཞིའི་འཇིགས་པ་ཆེན་པོ་གང་དེ་བཅོམ། །གཟུགས་ནི་མ་སྤངས་
ལྷན་ཅིག་རྣམ་རོལ་པས། །རང་བཞིན་བདག་མེད་མ་དང་འདུས་གྱུར་ནས། །དངོས་མེད་ཡིད་འོང་བདག་གི་བཙུན་མོ་དེ། །ཆགས་མེད་ཞི་བས་ཉོན་མོངས་མེད་གང་གིས། །སྐྱེ་དང་འཆི་བ་སྲིད་པའི་འཁྲུལ་པ་སྤོང་། །འཁྲུལ་མེད་བདེ་བ་ཆེན་པོར་ལེན་ཅིང་སྟེར། །དེ་ལ་ཁ་དོག་
དབྱིབས་དང་ཚད་ཀྱང་མེད། །བྱེད་མེད་འདོད་མེད་སྐྱེ་མེད་ང་རྒྱལ་མེད། །བདག་མེད་གང་ལ་སེམས་ནི་ཞུགས་གྱུར་ན། །བདག་གཞན་དབྱེ་བ་མ་ལུས་མི་མཐོང་ངོ་། །འགྲོ་དང་འོང་དང་གར་ཡང་གནས་པ་མེད། །ནམ་མཁའི་ངོ་བོ་ཡང་དག་ཇི་ལྟ་བར། །རྣལ་འབྱོར་ཐུབ་མཆོག་མ་

ལུས་རྣམ་པར་རོལ། །དེ་ནི་བདག་མེད་བཙུན་མོ་ཞེས་ང་སྨྲ། །ཆགས་མེད་བྱམས་དང་སྙིང་རྗེ་ལས་བྱུང་བའི། །བྱང་ཆུབ་སྨོན་པའི་སེམས་ནི་ལེགས་བརྟན་བྱེད། །རང་བཞིན་གོམས་པའི་ཡིད་ནི་གར་མི་གནས། །འདི་དེ་ཉིད་ནི་བླ་མེད་བྱང་ཆུབ་ལམ། །རབ་རིབ་ཅན་ནི་མཁའ་ལ་སྐྲ་
མཐོང་སྨྲ། །རབ་རིབ་ཅན་དང་འགྲོ་ཀུན་ཁྱད་མེད་ཀྱི། །སྐྱེ་མེད་གནས་མེད་འགྲོ་ཀུན་ཡང་དག་པར། །མིག་འཕྲུལ་ཇི་བཞིན་ངེས་པར་ཡོངས་སུ་སྣང་། །བརྟག་པའི་སྤྲོས་པས་བསྐྱེད་ལ་མ་ཆགས་ཤིག །བྱང་ཆུབ་བླ་མེད་ལམ་དུ་དེ་མི་འགྱུར། །སྣ་ཚོགས་རྣམ་རྟོག་ལས་གཞན་འཆིང་བ་
མེད། །དེ་ལས་སྐྱེ་འཆི་འཁོར་བ་གཞན་མ་ཡིན། །རྣལ་འབྱོར་འགྲོ་ལ་བདག་གིས་སྙིང་པོ་སྨྲས། །རྣམ་རྟོག་རྒྱུ་བས་གར་ཡང་མ་བལྟ་ཞིག །རྣམ་རྟོག་གཞན་མིན་གཏི་མུག་གཞན་མ་ཡིན། །ཆགས་དང་འཇིགས་དང་ཁྲོ་ལས་དེ་གཞན་མིན། །གང་གང་རྣམ་བརྟགས་དེ་བརྫུན་ཕྱིན་ཅི་ལོག །
ངེས་པར་རྣམ་བརྟགས་བདེ་བ་ཆེན་པོར་འདོད། །འདི་ལྟའི་ཏིང་འཛིན་བདེ་བ་ཆེན་པོར་སྨྲ། །སྐྱེ་དང་འཆི་བའི་འཇིགས་པས་གར་ཡང་གནོད་པ་མེད། །རི་དགས་སྨིག་རྒྱུ་ཆུར་མཐོང་ཡོངས་རྒྱུག་ཀྱང་། །དུབ་པས་འཆི་འགྱུར་གང་ཡང་བདེ་རྙེད་མེད། །ཀྱེ་ལགས་ཡིད་ཀྱི་རི་དགས་བདེ་བའི་ཆུ་འདོད་
པ། །ཡུལ་གྱི་སྨིག་རྒྱུ་ལ་ནི་མ་རྒྱུག་དང་། །ཡུལ་གྱི་སྨིག་རྒྱུ་གང་ལའང་བདེ་ཆུ་མེད། །བདེན་དངོས་མི་ཤེས་ཅི་ཞིག་འདོད་པས་རྒྱུག །གྲོང་དུ་ལོངས་སྤྱོད་བདེ་བ་ཚོལ་བའི་བྱོལ་སོང་གང་། །བྱོལ་སོང་དེ་ནི་སྐྲ་ཡི་ཞགས་པ་དམ་པོས་བཅིངས། །གང་གི་ངོ་བོ་ཤེས་པས་གར་ཡང་འགྲོ་མེད་པའི། །ཏིང་འཛིན་
རོལ་པས་བསམ་མི་ཁྱབ་པར་སྤྲོ། །གང་ལ་ཡིད་ཀྱི་བྱ་རྒོད་རྟེན་པའི་ཤིང་། །དེ་ལ་བདེ་བའི་མེ་ཏོག་ལོ་མ་སྐྱེ་བ་མེད། །ངེས་པར་ཡིད་ཀྱི་བྱ་རྒོད་བཅིངས་བསད་ན། །གཡོ་ཞིང་འགྱུར་བས་མ་ལེགས་བྱེད་པར་གང་ཞིག་འགྱུར། །གང་ཚེ་ཡིད་ཀྱི་བྱ་རྒོད་བཅིངས་ལས་གྲོལ་བས་ན། །ཤ་
ཁྲག་མང་པོ་འཐུང་ཞིང་ཟ་བས་བཀྲེས་པ་མེད། །གཉིས་སུ་མཐོང་བའི་ཕྱོགས་ནི་བཅོམ་པས་ཁྱོད། །ག