Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 12 / 24 (50.000 ký tự/trang)
སུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ཅིང་ཨོཾ་ཨཱཿབཛྲོ་ད་ཀཱ་བྷི་ཥིཉྩ་ཧཱུཾ་སུ་ར་སྟྭཾ་ཨ་ཧཾ། ཞེས་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་ཆུའི་དབང་ངོ་།། །།དེ་ནས་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བླ་མ་ལ་གསོལ་བ་བཏབ་པར་ གྱུར་པའི་སློབ་མ་མཱཿདང་རིན་པོ་ཆེ་ལས་སྐྱེས་པའི་རིན་ཆེན་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁའ་ལ་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་ པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་རང་གི་རིགས་ཀྱི་བདག་པོ་གཙོ་བོར་གྱུར་པའི་མཁའ་འགྲོ་ལྔས་བྱིན་གྱིས་བརླབས་པ་སློབ་མའི་མགོ་བོར་བསྐོན་ཞིང་ཨོཾ་ ཨཱཿབཛྲ་མུ་ཀུ་ཊཱ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་དབང་བསྐུར་ནས་བཛྲ་ཏུ་ཥྱ་ཧོཿཞེས་ཡོངས་སུ་དགྱེས་པར་བྱའོ་ཞེས་བྱ་བ་ནི་ཅོད་པན་གྱི་དབང་ངོ་། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བ་འདིས་དཔྲལ་བར་དར་དཔྱངས་བཅིང་བར་བྱ་སྟེ། དེ་བཞིན་དུ་གསོལ་བ་བཏབ་པར་གྱུར་པ་ཧྲཱིཿ དང་པདྨ་ཡོངས་སུ་གྱུར་པ་ལས་སློབ་མ་པདྨ་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ལ་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་ རྣམས་ཀྱིས་མཆོད་པ་དང་བཀྲ་ཤིས་ཀྱི་གླུ་ལེན་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ ཏུ་གྲུབ་ཕྱིར་རྡོ་རྗེ་གཟུང་། །ཞེས་སློབ་མའི་སྙིང་ག་དང་མགྲིན་པ་དང་མགོ་བོར་རེག་ནས་པདྨ་མཁའ་འགྲོའི་བདག་ཉིད་ཅན་གྱི་རྡོ་རྗེ་དེ་ལག་པ་གཡས་པར་སྦྱིན་ནོ་ཞེས་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བའོ།། །།དེ་ཁོ་ན་བཞིན་དུ་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཁཾ་དང་རལ་ གྲི་ལས་སྐྱེས་པའི་ལས་ཀྱི་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་ནམ་མཁར་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་ བཀྲ་ཤིས་ཀྱི་གླུ་ལེན་པས། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། ཨོཾ་བཛྲཱ་དྷི་པ་ཏི་ཏྭཱ་མ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་དྲིལ་བུ་སྣ་ཚོགས་མཁའ་འགྲོའི་བདག་ཉིད་ཅན་ལག་པ་གཡོན་པར་བྱིན་ནས། ཨོཾ་བཛྲ་ གྷཎྚེ་ཨཿཨཿགྲི་ཧཱི་ཏོ་སི་མ་ཡཱ་བྷ་ག་ཝཱན་མ་ཡི་སནྣི་ཧི་ཏོ་བྷ་བ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དྲིལ་བུའི་དབང་གི་ཆོ་གའོ།། །།དེ་ནས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་འཁོར་ལོའི་མཁའ་འགྲོའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་ དང་དབྱེར་མེད་པ་ལ་ནམ་མཁའ་ལ་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་གྱུར་པ་ན་པི་ཝང་མ་ལ་སོགས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་ཀྱི་གླུ་ལེན་པས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་ཡང་དག་པར་བཟུང་སྟེ། དབང་བསྐུར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས། ཨོཾ་བཛྲ་སཏྭ་ཏྭཱ་མ་བྷི་ཥིཉྩཱ་མི་བཛྲ་ནཱ་མཱ་བྷི་ཥེ་ཀ་ཏ། ཀྱེའི་ཆེ་གེ་མོ་རྡོ་རྗེ་ནི་ཁྱོད་དོ་ཞེས་འཁོར་ལོ་ཅན་མིང་གི་དབང་བསྐུར་བར་བྱ་སྟེ། རིགས་དང་རྗེས་སུ་མཐུན་པ་ལས་སོ་ཞེས་བྱ་བ་ནི་མིང་གི་ དབང་བསྐུར་བའོ། །ལྔ་པོ་འདི་རྣམས་ཀྱིས་དབང་བསྐུར་བས་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ། །མ་རིག་པའི་མི་མཐུན་པའི་ཕྱོགས་ཉིད་ཀྱི་ཕྱིར་རིག་པའི་དབང་ཞེས་བརྗོད་པར་བྱའོ།། །།དེ་ནས། རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེའི་གཏེར་ ཀྱེ་བདག་ལ་སྩོལ། །གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་པར་འགྱུར། །འཁོར་ལོ་ཕྱིར་མི་ལྡོག་པའི་དང་། །མགོན་པོས་བདག་ལ་སྩལ་ནས་ཀྱང་། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ངེས་པར་སློབ་དཔོན་འགྱུར། །ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མའི་སྟེང་དུ་གདུགས་དཀར་པོ་གཞག་ཅིང་སེང་གེའི་གདན་ལ་བཀོད་ནས་རིགས་ ལྔའི་མཚན་མས་མཚན་པའི་འདབ་མ་སྣ་ཚོགས་པའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་འདུག་ཏུ་བཅུག་སྟེ་རྣམ་པར་བཀྲ་བའི་གོས་དང་རྒྱན་གྱིས་བརྒྱན་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་དམིགས་ནས། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བ་འདིས་རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་དེ་ཁོ་ན་ཉིད་ཀྱིས་གཟུང་བར་ བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་དམ་ཚིག་གོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་རྣམས་བཞེད། །ཅེས་བརྗོད་ཅིང་ཨཱཿཡིག་ལས་སྐྱེས་པའི་དྲིལ་བུ་དེ་ཁོ་ན་ཉིད་ ཀྱིས་གཟུང་བར་བྱའོ། །དེ་ནི་དེ་རྣམས་ཀྱིས་དཀྲོལ་བར་བྱ་སྟེ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །མཆོག་གི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་དྲིལ་བུའི་དམ་ཚིག་གོ། །ཡིད་ཀྱི་ལུས་ ནི་རྟེན་བྱེད་པས། །ཕྱག་རྒྱའི་དམ་ཚིག་ཏུ་ནི་བཤད། །ལུས་ནི་ཐམས་ཅད་རྟེན་བྱེད་པ། །གང་ཡིན་དེས་ན་ཕྱག་རྒྱར་གྲགས། །ཞེས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབས་པའི་ཕྱིར་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པས་ཕྱག་རྒྱ་ཆེན་མོ་ལ་སོགས་པའི་དངོས་གྲུབ་ ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱིན་ནས་ཁ་སྦྱོར་གྱི་རིམ་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ་ཞེས་བྱ་བ་ནི་ཕྱག་རྒྱ་མའི་དམ་ཚིག་གོ། །དེ་ལྟར་དམ་ཚིག་གསུམ་དང་ལྡན་པའི་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་ཅན་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས་བཀུག་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་དབང་བསྐུར་བར་དམིགས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་དེ་རྣམ་པར་ རྒྱལ་བའི་བུམ་པའི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་མི་བསྐྱོད་པ་ཅོད་པན་དུ་རྣམ་པར་བསམས་ནས་དེ་བཞིན་གཤེགས་པ་གཞན་རྣམས་དང་ལྷ་མོ་རྣམས་ཀྱང་ཡེ་ཤེས་སེམས་དཔའི་ངོ་བོས་བཞུགས་པར་བྱའོ། །ཨོཾ་སུ་པྲ་ཏིཥྛ་ཏ་བཛྲེ་ སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་ལ་མཆོད་པར་བྱའོ། །དེ་སྐད་དུ་ཡང་ཤེས་རབ་བཅུ་དྲུག་ལོན་པ་ལ། ལག་པ་དག་གིས་ཡང་དག་འབྱུང་། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་སོ། །དེའི་རྗེས་སུ་མདོར་བསྡུས་པས་དཀྱིལ་ འཁོར་གྱི་དེ་ཁོ་ན་ཉིད་དང་རྣམ་པར་དག་པ་ཡང་བརྗོད་པར་བྱའོ། །དཀྱིལ་འཁོར་པདྨ་ཞེས་བཤད་དེ། །ཡིད་ཀྱི་དཀྱིལ་འཁོར་མཆོག་ཡིན་ནོ། །ཁང་པ་བརྩེགས་པ་ཞེས་བྱ་བ། །ཡེ་ཤེས་སེམས་དག་བརྩེགས་ཤིང་བསྡུས། །ཕུང་པོ་ལྔ་ནི་མདོར་བསྡུས་ནས། །སངས་ རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་སོ། །དོན་དམ་པར་ནི་རང་བཞིན་མེད་པའི་བདག་ཉིད་ཅན་གྱི་དེ་བཞིན་ཉིད་ཁོ་ན་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དོ་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་ངོ་།། །།དེ་ནས་སློབ་དཔོན་གྱིས་སྙིང་པོ་ལ་སོགས་པའི་སྔགས་ ལན་གསུམ་བཟླས་ནས། བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །དེས་ནི། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་སྔགས་བཟུང་ནས་ ལན་གསུམ་བཟླ་བར་བྱའོ་ཞེས་བྱ་བ་ནི་སྔགས་གཏད་པའོ།། །།དེ་ནས་གསེར་གྱི་ཐུར་མས་དེའི་སྣོད་ན་གནས་པའི་མར་དང་སྦྲང་རྩིའི་མིག་སྨན་སློབ་མའི་མིག་ལ་སྲཾ་ཡིག་བསམས་ནས་ཨོཾ་བཛྲ་ནེ་ཏྲཱ་བ་ཧ་ར་པ་ཊ་ལཾ་ཧྲཱིཿཞེས་བརྗོད་ཅིང་མིག་སྨན་བྱུག་པའི་ཚུལ་བྱས་ནས་ འདི་བརྗོད་པར་བྱ་སྟེ། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བྱ་བ་ནི་མིག་སྨན་ནོ།། །།དེ་ནས་སློབ་མ་ལ་ཨཱཿཡིག་བཟླས་པའི་མེ་ལོང་བསྟན་ ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །གང་ཕྱིར་སྐྱོབ་རྣམས་སྲས་སུ་སྐྱེས། །ཞེས་བྱ་བ་ནི་མེ་ལོང་ངོ་།། །།དེ་ནས་ཧོཿཡིག་ལས་བྱུང་བའི་ གཞུ་ཧོཿཡིག་གིས་བྱིན་ནས་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཡ་སྭ་ཞེས་བརྗོད་དེ། སློབ་མ་རྣམས་ཀྱིས་ཀྱང་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཡཱ་མི་ཞེས་བརྗོད་ཅིང་བགེགས་ཐམས་ཅད་འབིགས་པར་བསམས་ནས་ཕྱོགས་བཞིར་མདའ་བཞི་འཕང་བར་བྱ་སྟེ། སྟེང་དུ་གཅིག་ དང་འོག་ཏུ་གཞན་ནོ་ཞེས་བྱ་བ་ནི་མདའ་འཕང་བའོ།། །།དེ་ནས་བྷྲཱུཾ་ཡིག་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་སློབ་མའི་ལག་པ་གཡས་སུ་ཨཱཿཡིག་ལས་སྐྱེས་པའི་དུང་ཨོཾ་བཛྲ་བྷ་ཥ་རཾ་ཞེས་བརྗོད་ཅིང་གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་གླེགས་ བམ་དབྱངས་དང་པོ་བརྗོད་པས་དང་། དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ། དབྱངས་ཐ་མ་བརྗོད་ཅིང་བྱིན་ནས་དྲིལ་བུ་དཀྲོལ་དུ་གཞུག་སྟེ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པར་སྦྱོར་བ་ལས། ། ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་དེའི་རྗེས་སུ་འདི་སྐད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་བཅས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །ཐམས་ཅད་དུ་ཡང་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། ། དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱོད་པའི་ཚུལ་མཆོག་གང་། །འཇིག་རྟེན་ལ་ནི་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་པ། །བྱས་པ་ཤེས་པར་ཉེ་བར་བརྗོད། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྣམ་པ་ཀུན་དུ་བསྲུང་། །ཞེས་སོ། ། དེ་བཞིན་དུ་ཐུན་མོང་གི་རྗེས་སུ་གནང་པ་བྱིན་ནས་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་དམིགས་ཏེ་སློབ་མ་ལ་བརྗོད་པར་བྱ་སྟེ། འཇིག་རྟེན་ཀུན་དུ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་ བས་སྣ་ཚོགས་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཤེས་རབ་ཐམས་ཅད་རང་བཞིན་བདག །ཡིད་བཞིན་ནོར་ལྟར་མཐོ་བ་ཡིས། །དོགས་དང་བྲལ་ཞིང་ཟད་མིན་པར། །སེམས་ཅན་དོན་ནི་ཕུན་ཚོགས་བྱས། །ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང་། རིན་ པོ་ཆེ་དང་པདྨ་དང་། ལས་ཀྱི་སྒྲ་བཅུག་ནས་རྗེས་སུ་གནང་བ་རྣམ་པ་ལྔ་སྦྱིན་པར་བྱའོ། །སློབ་མས་ཀྱང་བླ་མའི་ཞབས་ཀྱི་པདྨ་གཉིས་ལ་ཕྱག་བྱས་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བགྱིའོ་ཞེས་བརྗོད་དོ། །ཞེས་བྱ་བ་ནི་རྗེས་སུ་གནང་བའོ།། །། དེ་ནས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་འདིས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་བྱིན་ལ་སློབ་ མས་ཀྱང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི་བཛྲ་སཏྭ་ཧྲཱིཿཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་གཟུང་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སོ།། །།དེ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་ཆོས་གོས་ཀྱི་རྣ་བ་གཡོན་པའི་ཁུ་ཚུར་ གྱིས་གཟུང་བ་བྱས་ཤིང་གཡས་པ་མི་འཇིགས་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདི་ནི་ང་ཡིས་ལུང་བསྟན་བྱ། །ཀྱེའི་ཆེ་གེ་མོ་བཛྲ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་སྟྭཾ་ བྷུར་བྷུ་བ་སྭཿཞེས་བྱ་བ་འདིས་སློབ་མ་མེ་ཏོག་ཕོག་པ་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པའི་གཟུགས་སུ་བྱའོ། །གང་ཡང་དྲངས་ཤིང་འཕགས་པའི་ཕྱག་རྒྱས་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་འཁོར་ དང་བཅས་པའི་དཀྱིལ་འཁོར་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ་ཕྱག་རྒྱ་དང་གསང་སྔགས་འདི་ཉིད་རབ་ཏུ་བསྒོམས་སོ་ཞེས་དད་པར་བྱའོ་ཞེས་བྱ་བ་ནི་ལུང་བསྟན་པའོ།། །།དེ་ནས་སློབ་ མའི་སྙིང་གར་སྔགས་ཐམས་ཅད་ཀྱིས་མངོན་པར་བསྔགས་ནས་ལག་པ་གཡོན་ལ་ཀཾ་ཀ་ཎ་བཅིངས་ཤིང་མགོ་བོར་གདུགས་བཟུང་བས་སྐོར་བ་བྱེད་དུ་བཅུག་ནས་ཐལ་མོ་སྦྱར་བ་དང་བཅས་པ་དཀྱིལ་འཁོར་གྱི་སྒོར་གདུགས་ཕུབ་ནས། རྒྱུད་རྣམས་འཛིན་པར་ འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་བ་བཏབ་ནས་སློབ་མའི་སྙིང་ལ་འབབ་པའི་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་ པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར། །དེང་ནི་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པའི་མཐའ་ནི་ཤིན་ཏུ་གྲུབ། །དེང་ཁྱོད་སྐྱེ་བ་འབྲས་ བུར་བཅས། །གང་ལ་ལེགས་པར་རབ་ཏུ་གནས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །འགྱུར་བ་ལ་ནི་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་བས། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེའི། །བདག་པོ་ཉིད་དུ་ཁྱོད་ ངེས་སོ། །དེ་རིང་བདུད་རྣམས་ལས་རྒྱལ་ནས། །གྲོང་ཁྱེར་མཆོག་ཏུ་ཁྱོད་ཞུགས་ཏེ། །དེ་རིང་སངས་རྒྱས་ཉིད་འཐོབ་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་ བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །མྱུར་བས་ཁྱོད་ནི་ཅི་ལས་འཇིགས། །ཤ་ལྔ་བདུད་རྩི་བཟའ་བྱ་སྟེ། །དེ་ཕྱིར་དམ་ཚིག་གཞན་ཡང་བསྲུངས། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་རིན་ ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་ གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །གཞན་ཡང་ཆོས་ཉིད་འདི་དང་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་གང་ཡིན་པ་ལ་དགེ་བའི་ཕྱིར་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བུ་སྡུག་པ་བཞིན་དུ་རབ་ཏུ་དང་བའི་ཐུགས་ཀྱིས་དགོངས་པར་འགྱུར་རོ་ཞེས་བྱ་བ་ནི་དབུགས་དབྱུང་བའི་ཆོ་གའོ།། །།དབང་བསྐུར་བ་དེ་རྣམས་ལ་བུམ་པ་བྱེད་པ་ཉིད་ཡིན་པའི་ཕྱིར་བུམ་པའི་དབང་བསྐུར་བའོ། །དེ་ནས་ཡོལ་བ་དང་སྣམ་བུ་ ལ་སོགས་པ་རྣམས་ཀྱིས་འགོལ་བར་བྱས་པའི་གནས་སུ་སློབ་མ་རང་གི་སེམས་དགའ་བའི་ཤེས་རབ་མ་བཅུ་གཉིས་ལོན་པའམ་བཅུ་དྲུག་ལོན་པ་ཡང་རུང་། གཟུགས་དང་མཚན་ཕུན་སུམ་ཚོགས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་པ་བླ་མ་ལ་ཕུལ་ནས་པུས་མོའི་ལྷ་ང་ས་ལ་ བཙུགས་ཏེ། ལག་པ་སྦྱར་ནས་བླ་མ་ལ་རྡོ་རྗེ་སེམས་དཔར་མངོན་སུམ་དུ་མོས་པ་བྱས་ནས། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ཅེས་གསོལ་བ་གདབ་ བོ། །བླ་མས་ཀྱང་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་མཐར་དཔལ་སྡོམ་པའི་སྐུ་དང་ཤེས་རབ་ཕག་མོའི་གཟུགས་སུ་བསྐྱེད་ནས་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པར་བྱ་ཞིང་ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ བརྗོད་ཅིང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཕྱོགས་བཅུར་གནས་ཤིང་སྙོམས་པར་ཞུགས་པའི་དཔའ་བོ་དང་མཁའ་འགྲོ་རྣམས་ཡིད་ཀྱིས་བཅུག་ནས། འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་ཨ་ཝ་དྷཱུ་ཏཱི་ནས་འོང་བས་དགའ་བ་ལ་སོགས་པའི་རིམ་ གྱིས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་རང་ཉིད་ཀྱིས་རིག་པར་བྱས་ནས་མཐེ་བོང་དང་སྲིན་ལག་གིས་ནོར་བུ་བཙིར་ནས་རྡོ་རྗེ་ནམ་མཁའི་ཁམས་སུ་རྣམ་པར་བསམ་པའི་ཤེས་རབ་ཀྱི་པདྨ་ལས་བྱུང་ནས་སློབ་མ་གསུང་རྡོ་རྗེའི་གཟུགས་ཅན་གྱི་ཁར། འདས་པའི་རྡོ་རྗེ་འཆང་ སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ཀྱི་བཟའ་བ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །ཞེས་དང་རྩ་བའི་སྔགས་ཀྱང་བརྗོད་ལ་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །ཤེས་རབ་གདོང་ཡང་བཅིང་བ་དང་། །ཐབས་ཀྱི་ གདོང་ཡང་དེ་བཞིན་ཏེ། །མཐེ་བོ་མིང་མེད་དག་གིས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེས་ཀྱང་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཞུ་བ་ནི་འདི་ཡིན་ནོ་ཞེས་མོས་པར་བྱས་ནས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་ བར་བྱའོ། །ཤེས་རབ་མ་ལངས་ལ་གོས་མེད་པ་ཉིད་དུ་པདྨ་ན་གནས་པའི་བདུད་རྩིའི་ཐིག་ལེ་རྣམས་དེའི་ཁར་གཞུག་སྟེ། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱའོ། །ཤེས་རབ་དང་ཐབས་དག་གིས་ཀུན་རྫོབ་པའི་གསང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ བའི་ཕྱིར་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བར་བྱའོ།། །།དེ་ནས་འདོད་པའི་ཤེས་རབ་དེ་ཉིད་ལས་ཐ་དད་པ་གཞན་ཡང་རུང་སི་ལ་ག་ཕུར་དང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་ཕྱག་རྒྱ་མ་གཏད་པར་འོས་པ་སྟེ། གང་གིས་བདག་ནི་ཁྱོད་ དྲིན་ལས། །ལྷན་སྐྱེས་ཡེ་ཤེས་ཐོབ་གྱིས་ཏེ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །དབང་ཕྱུག་མཆོག་གིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པར་གྱུར་པ་དེ་ལས་སློབ་མའི་ལག་པ་གཡོན་པ་སྟེ་དེ་གཉིས་རང་གི་ལག་པ་གཡོན་པས་བཟུང་ལ། གཡས་པས་སློབ་མའི་སྤྱི་བོ་རྡོ་རྗེ་བཟུང་ནས། འདིར་ནི་ཁྱོད་རྣམས་དབང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དཔའ་བོ་དང་མཁའ་འགྲོ་མ་རྣམས་དཔང་དུ་བྱས་ནས། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་ སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་བགྱི། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་ མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་ཤེས་རབ་མ་གཏད་པར་བྱའོ། །དེས་ཀྱང་དྲི་བཟང་པོ་དང་མེ་ཏོག་གི་ཕྲེང་བས་ལུས་ཉེ་བར་མཛེས་པར་བྱས་ཤིང་དགོད་ཅིང་དགའ་བའི་རང་བཞིན་གྱི་ མདངས་ཀྱིས། །བུ་ཁྱོད་སྤྲོ་བ་ཉིད་དམ་ཅི། །བཤང་གཅི་ལ་སོགས་ཟ་བ་དང་། །ཤ་ཁྲག་ཁུ་བ་དེ་བཞིན་ཏེ། །བུད་མེད་ལ་གུས་དེ་བཞིན་གཞན། །བྷ་གའི་པདྨར་འོ་བྱེད་པར། །ཇི་ལྟར་བདེ་བ་བུ་ཡིས་སྨྲོས། །དེ་ལྟར་འདོད་པའི་མཚན་མ་བརྗོད། །དེས་ཀྱང་ འདི་སྐད་དུ་སྨྲ་བར་བྱ་སྟེ། ལྷ་མོ་བདག་ནི་ཅིས་མི་སྤྲོ། །ཁུ་ཁྲག་ལ་སོགས་པ་བཟའ་སྟེ། །ལུས་ཀྱིས་རྟག་ཏུ་བུད་མེད་གུས། །བྷ་ག་ལ་ཡང་འོ་བྱེད་དོ། །དེ་ནས་དེ་དགའ་ཞིང་གུས་པས་ཙནྡན་དང་གུར་གུམ་ལ་སོགས་པ་རྣམས་ཀྱིས་རང་གི་འོད་བཞིན་དུ་ དྲིས་བྱུགས་ནས་གཅེར་བུར་སློབ་མ་ལ་ཆུ་སྐྱེས་སྟོན་པར་བྱེད་དོ། །ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་སྟོན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་ དགྲོལ་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །དངོས་པོ་ཀུན་ལ་རྣམ་པར་གནས། །སངས་རྒྱས་མཆོད་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ན་ནི་རྟག་ཏུ་བཞུགས། །བྷཾ་ཛ་མོཀྵ་ཧོཿཞེས་སོ། །དེ་ནས་རང་ ཉིད་འཁོར་ལོ་སྡོམ་པའི་སྐུ་དང་ཤེས་རབ་ཕག་མོའི་གཟུགས་སུ་བསྐྱེད་ནས་ཧྲཱིཿཧཱུཾ་དག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་ཨཱཿཨོཾ་ཡིག་ལས་སྐྱེས་པའི་ལྟེ་བ་དང་ནོར་བུར་བསམས་ནས་རྡོ་རྗེའི་ཁ་ཕཊ་ཡིག་སེར་པོ་དང་ཤི་ཡིག་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་གཡོན་ ན་གནས་ཤིང་འདུག་པ་སོར་མོས་ཅུང་ཟད་བསྐུལ་བས་ཤེས་ནས་དེ་བླ་མས་བརྗོད་པ་ལགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་། བླ་མས་ཉེ་བར་བསྟན་པའི་དགའ་བའི་དབྱེ་བ་རྣམས་རང་གི་སྙིང་གའི་ས་བོན་གྱིས་བཀུག་པའི་དཔའ་བོ་ དང་མཁའ་འགྲོ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་བླ་མས་བྱིན་པའི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པས་བྱིན་གྱིས་བརླབས་པའི་ཡིད་ཀྱི་དགའ་བ་བརྩམ་པར་བྱའོ། །རྡོ་རྗེ་པདྨར་རབ་བཞག་ནས། །བྱང་ཆུབ་སེམས་ནི་དབྱུང་མི་བྱ། །བསྐྱོད་པར་ བྱས་ནས་དེ་དགའ་བའི། །སེམས་ཀྱིས་གང་བར་བསྒོམ་པར་བྱ། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །བྱང་ཆུབ་སྙིང་པོ་མཁའ་འདྲ་བ། །རྡུལ་བྲལ་ཐར་སྟེར་ཞི་བ་ཉིད། །ཁྱེད་ཀྱི་ཕ་ཡང་རང་ཉིད་དོ། །རྣལ་འབྱོར་པ་ཡིས་ཇི་སྲིད་དུ། །བྱང་ཆུབ་སེམས་ འདོར་མི་བྱེད་བྱ། །དེ་སྲིད་རྒྱུན་མི་འཆད་པ་ཡི། །དགའ་བ་ཅི་ཡང་འཐོབ་པར་འགྱུར། །བྱང་ཆུབ་སེམས་ནི་ལྟུང་གྱུར་ན། །དངོས་གྲུབ་ཀུན་གྱི་གཏེར་ཡིན་པས། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་སྦྱོར་ བ་ལས། །རེག་པའི་བདེ་བ་རྨད་བྱུང་ཆེ། །གང་དེ་མཆོག་ཏུ་དགའ་བ་ཡི། །བྱེད་པ་པོ་སྟེ་བསྐྱེད་པར་བྱ། །མཆོག་དང་དགའ་བྲལ་དག་གི་དབུས། །བརྟན་པོར་མཚོན་ལ་བརྟན་པར་བྱ། །པདྨའི་ནམ་མཁར་ནོར་བུ་ཡི། །ལྟེ་བ་བསྡམས་པའི་གནས་ སུའོ། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་པར་བལྟ། །གང་གང་ཡེ་ཤེས་སྐྱེ་འགྱུར་བ། །ཡེ་ཤེས་རང་བཞིན་དེ་ཡིས་ཆོག །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་ཡང་ནི་མི་དམིགས་ཏེ། །རྣལ་འབྱོར་ གང་ཚེ་ཡེ་ཤེས་མཐོང་། །བདེ་བ་བརྟན་བྱ་འགྱུར་བའང་མིན། །ཐུན་ནམ་ཡང་ན་ཉིན་མོ་གཅིག །ཟླ་བའམ་ཟླ་ཕྱེད་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང་། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །སློབ་མས་ ཆ་ཤས་བཟུང་ནས་ནི། །པདྨའི་ལྟེ་བར་ཕྱུང་བ་ན། །དེ་ནས་རོ་མ་ཡིས་ནི་སེམས། །བྱང་ཆུབ་སྔོན་དུ་འགྲོ་བས་གཟུང་། །ཤེས་རབ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་སོ།། །།དེ་ནས་ཇི་སྐད་བཤད་པའི་ཆོ་གས་ཤེས་རབ་ ཡེ་ཤེས་ཀྱི་དབང་བསྐུར་བ་ཉིད་ལ་འབྲས་བུར་གྱུར་པ་བཞི་པའི་དབང་སྦྱིན་པར་བྱའོ། །ཡང་གསུངས་པ། ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་བ། །སྦྱིན་ནས་སློབ་མའི་མོས་པ་ཡིད་ཀྱིས་བརྟག །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན། །དབང་བསྐུར་ རིན་ཆེན་ཚིག་གིས་སྦྱིན་པར་བྱ། །འོ་ན་འདི་རྒྱ་ཆེ་བ་ལ་མོས་པའམ་ཡང་ན་མ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་པ། །བྱང་ཆུབ་སེམས་དཔའ་ཡི་ནི་རིགས། །བློ་དང་ལྡན་པས་མཚན་མས་ ཤེས། །བཞིན་གྱི་ཆུ་སྐྱེས་རབ་དང་ཞིང་། །དགའ་བས་ལུས་ཀྱི་སྤུ་ལྡང་བ། །དེ་ཉིད་མཐོང་ནས་མཁས་པ་ཡིས། །སློབ་མ་དམ་པ་རྗེས་གཟུང་བྱ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་པ། སྒྲིབ་ པ་མེད་པ་ཉིད་དང་ལྡན་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནི་བཞི་པའི་དོན་ཡིན་ནོ། །ཡང་གསུངས་པ། དེར་ནི་ཐོག་མ་དབུས་ མཐའ་མེད། །སྲིད་མིན་མྱ་ངན་འདས་པ་མིན། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་དེ་མཆོག་ཏུ་བདེ་ཆེན་པོ། །ཡང་གསུངས་པ། རྒྱུ་དང་བྲལ་ཞིང་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་པར་གསུངས་པ་ན། །ཐམས་ཅད་མཁྱེན་ པའང་ཚིག་གིས་དབུལ་འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག །བླ་མས་བསྟན་པ་མ་ཡིན་ན། །སློབ་མས་གོ་བ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པ་བདུད་རྩིའི་རོ། །སུ་ལ་སུ་ཞིག་གིས་ནི་བརྗོད། །བློ་ཡི་སྤྱོད་ཡུལ་མ་ཡིན་པས་ན་ཚིག་གི་ གདགས་པ་མེད། །རྒྱ་ཆེན་པོ་ལ་བླ་མས་གཞག་པ་གཏམ་གྱི་འཇུག་པ་གཞི། །དེ་ནི་རིམ་གྱིས་སྙིང་རྗེ་ལ་སོགས་ཡོན་ཏན་ལ་འདོམས་ཏེ། །དད་ལྡན་རྣམས་ཀྱི་སྙིང་གི་གནས་སུ་རང་ཉིད་འབྱུང་བ་ཡིན། །འོ་ན་བྱང་ཆུབ་ཀྱི་སེམས་སྐྱེས་པའི་མཚན་ཉིད་ཅི་ཞེ་ན། གཉིད་ལོག་པ་ཡི་དབང་པོ་བཞིན། །ཡིད་ནི་སྣང་མེད་ཐིམ་འདྲ་བ། །གཡོ་མེད་བཞིན་དུའང་སྣང་བ་ཡིན། །ལུས་ནི་དམ་པའི་བདེ་བས་རྒྱལ། །དབང་པོའི་སྡེ་རྣམས་འཇུག་པ་མེད་པ་དང་། །སྲིད་པའི་ས་བོན་རྣམ་རྟོག་མཐའ་དག་ཉམས། །ཀུན་དུ་དགའ་བ་ འདི་དེ་མཁའ་མཚུངས་ཀྱང་། །བསིལ་བ་ཐོབ་པའི་མྱོང་བ་ཨ་ལ་ལ། །འདིར་ནི་དབང་པོ་ཐིམ་པར་གྱུར། །བདག་ཀྱང་དེ་བཞིན་སོང་བའི་ཚེ། །ལྷན་སྐྱེས་དགའ་བ་སྦྱིན་བྱེད་པ། །བླ་མའི་ཞབས་ལ་གསལ་བར་དྲིས། །དེ་ཉིད་གསུངས་པ། གང་ཞིག་ ཤར་དུས་ཚེ་ན་དབང་པོ་དང་། །ཡུལ་རྣམས་མཉམ་དུ་ནུབ་གྱུར་དེ་ལ་འདུད། །མཁས་དང་འགྲོ་བའི་སྙིང་ལ་ཅི་ཡང་གནས། །ཕྱིས་ནི་མངོན་དགའ་རྒྱལ་བའི་མཛེས་སྐུ་གཅིག །དེ་བས་ན། འདི་ན་དམ་པའི་བདེ་བའི་སྟོབས་ལས་བློ། །གང་གི་རྣམ་པར་ རྟོག་པ་མཐའ་དག་བཅོམ། །མཁས་པ་དེ་ནི་བྱ་བ་བྱས་པ་སྟེ། །གཞན་པ་དེ་རྣམས་རྐང་གཉིས་ཕྱུགས་ཡིན་ནོ། །གང་དུ་དངོས་དང་དངོས་མེད་བྲལ་ཞིང་དབེན། །རང་གསལ་འཛག་པའི་དགའ་བའི་རང་བཞིན་རྒྱས། །འདི་ནི་ནམ་མཁའི་མཐའ་ཡང་ཁྱབ་ པར་བྱེད། །རྣམ་པ་ཐམས་ཅད་དང་བྲལ་དྲི་མ་མེད། །དཀྱིལ་འཁོར་ཕལ་ཆེར་དེ་ཡིས་གསལ་བ་མཐོང་། །བདེ་བ་ཐམས་ཅད་ཀྱི་ནི་གཞིར་གྱུར་ཏེ། །ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པར་བརྗོད། །དེའི་ཕྱིར་ཐེ་ཚོམ་མེད་པར་སྐུ་གསུམ་གྱི་རྗེས་སུ་འཇུག་པ་ མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཁོ་ན་བཞི་པར་ཤེས་པར་བྱའོ་ཞེས་བྱའོ། །དེ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མས་བྱ་བ་བྱས་པ་འདི་བརྗོད་པར་བྱ་སྟེ། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གསོན་པ་ཡང་འབྲས་བུར་ བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ཞེས་སོ། །དེ་ནས་བླ་མ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཡོན་དབུལ་བར་བྱ་སྟེ། སྣ་ཚོགས་པའི་རྒྱན་དང་གོས་ལ་སོགས་པ་དང་། ཁྱད་པར་དུ་ཡང་རང་གི་ ལུས་སོ་ཞེས་བྱ་བ་ནི་མངོན་པར་དབང་བསྐུར་བའི་ཆོ་གའོ།། །།དེ་ནས་སློབ་དཔོན་གྱིས་རྒྱས་པ་དང་ཞི་བའི་ཕྱིར་ཆོ་ག་བཞིན་སྦྱིན་སྲེག་བྱའོ། །དེ་ལ་མེའི་ལྷ་མེ་ལ་བསྐྱེད་པར་གྱུར་པ་ན་སློབ་མའི་མཐེ་བོང་ནས་བཟུང་ནས་ཁ་དོག་ལྔའི་སྲད་བུས་ཡང་དག་པར་ བཅིངས་པས་སམ། རང་ཉིད་རྒྱས་པ་དང་ཞི་བའི་སྦྱིན་སྲེག་བྱ་སྟེ། མེ་ལ་མར་གྱིས་བཀང་བའི་མཐར་ཐུག་པ་བྱས་ནས་རྣམ་པ་སྣ་ཚོགས་པའི་མཆོད་པའི་རྫས་རྣམས་ཀྱིས་དཀྱིལ་འཁོར་རྒྱ་ཆེན་པོ་མཆོད་ཅིང་གར་དང་གླུ་དང་རོལ་མོ་ལ་སོགས་པའི་ཡོ་བྱད་དང་ བཅས་པའི་དམ་ཚིག་གི་ཀུན་དུ་སྤྱོད་པས་གཏོར་མའི་ཆོ་ག་རྣམས་ཀྱིས་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོ་ཚིམ་ཞིང་ཡང་དག་པར་མཆོད་ནས་སྦྱིན་སྲེག་གི་བྱ་བ་རྫོགས་པར་བྱས་ཏེ། སློབ་མའི་འདོད་པས་ཡོན་སྦྱིན་པ་སྔོན་དུ་འགྲོ་ བའི་མཆོད་པས་དགྱེས་པ་དང་། དེ་ནས་འཐོན་ནས་ཕྱི་རོལ་དུ་གཞག་པའི་ཕྱོགས་ཀྱི་གཏོར་མའི་མཐར་ཞུགས་ནས་འཁོར་ལོ་ལ་ཕྱག་བྱས་ཏེ། འཁོར་ལོའི་དབང་པོ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་བསྔོས་ཏེ། དཀྱིལ་འཁོར་ལ་ལན་གསུམ་ དུ་བསྐོར་ནས་ཤར་སྒོར་འདུག་སྟེ་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང་། མ་རྙེད་ཅེས་བྱ་བ་ལ་སོགས་པས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་བྱ་ བས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་དམ་ཚིག་གི་འཁོར་ལོ་བདག་ཉིད་ལ་ནང་དུ་བཅུག་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿཞེས་བརྗོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་དཀྲོལ་ ཞིང་ལག་པར་གནས་པའི་རྡོ་རྗེས་དང་པོར་སྒོ་ནས་བརྩམས་ཏེ་ཚངས་པའི་ཐིག་གི་ལམ་གཙོ་བོའི་གནས་ཇི་སྲིད་པར་དབྱི་ཞིང་རང་གི་སྤྱི་བོར་རྡུལ་ཚོན་ཅུང་ཟད་ཙམ་བཞག་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ། དེ་ནས་སྒོ་རྣམས་དང་མཚམས་རྣམས་ཀྱང་ལག་པར་ གནས་པའི་རྡོ་རྗེས་དབྱི་བར་བྱའོ། །དེ་ནས་རྡོ་རྗེ་བཅིངས་པའི་མཐེ་བོང་གཉིས་བཅུག་སྟེ་སྡིགས་མཛུབ་གཉིས་བསྟན་པ་བཞིན་དུ་འཁྱིལ་པ་བྱས་ནས། ཨོཾ་བཛྲ་ཀཱི་ལ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལཱ་ནཾ་བཛྲ་དྷ་རཱཛྙཱ་ཡཱ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿཞེས་འདོན་ཞིང་ཧཱུཾ་གི་ཡི་གེ་བཞི་པའི་ སྔགས་ཀྱིས་ཕུར་བུ་རྣམས་བསྐྱེད་ནས། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦཱརྠྠ་སྭཱ་ཧཱ། ཞེས་བརྒྱད་དང་བཅས་པའི་བརྒྱ་བཟླས་ནས་འོ་མས་བཀྲུ་བར་བྱ་ཞིང་ཕུར་བུའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ཏེ་ཁུང་བུ་ཡང་དགང་བར་བྱའོ། །ཞི་བ་ ལ་སོགས་པ་དོན་དུ་གཉེར་བ་ཡོད་ན་སྦྱིན་ཞིང་རྡུལ་ཚོན་ལྷག་མ་རྣམས་ནི་རྣམ་པར་རྒྱལ་བའི་བུམ་པར་བླུགས་ནས་གླང་པོ་ཆེ་ལ་སོགས་པའི་བཞོན་པའི་སྟེང་དུ་བཀོད་ནས་གོས་ལ་སོགས་པས་བརྒྱན་ཞིང་། རྣལ་འབྱོར་མ་རྣམས་ཀྱིས་གཟུང་བའི་འདོ་ལི་ ལ་གནས་པའི་སློབ་དཔོན་ནམ་སློབ་མས་དྲིལ་བུ་དང་བཅས་པའི་སྒྲ་བཀྲ་ཤིས་ཀྱི་གླུ་དང་སིལ་སྙན་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་སྣོད་ཀྱི་རྣམ་པ་རྣམས་ཀྱིས་ཆུ་ཀླུང་ལ་སོགས་པ་རྣམས་ཀྱི་འགྲམ་དུ་བཞག་ནས་གནས་གཙང་མར་དཀར་པོའི་དྲིས་ པདྨ་འདབ་མ་བརྒྱད་པ་བྱས་པའི་ལྟེ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞག་ནས། དེའི་སྟེང་དུ་དམིགས་པས་རྡོ་རྗེ་སེམས་དཔའ་ཆོ་ག་བཞིན་ཡང་དག་པར་མཆོད་ནས་འདབ་མ་ལས་ཕྱི་རོལ་གྱི་ཆར་བྱེ་མའི་རང་བཞིན་གྱི་ཀླུ་བརྒྱད་རྣམས་འདུ་བྱས་ནས་དེ་རྣམས་ཀྱི་དོན་ གྱི་ཕྱིར་འོ་མའི་གཏོར་མ་བརྒྱད་ཁམ་ཕོར་གཙང་མར་འབྲས་ཀྱིས་གང་བ་སྟེགས་བུ་ལ་གཏོར་མ་དང་མེ་ཏོག་དཀར་པོས་མཆོད་ཅིང་བ་དན་དཀར་པོ་དང་། ལྷ་བཤོས་ཆེན་པོ་ལ་སོགས་པ་རྣམས་འདབ་མ་རྣམས་ལ་གཞག་པར་བྱའོ། །དེ་ནས་སློབ་དཔོན་ གྱིས་རྡོ་རྗེ་སེམས་དཔའ་ལྷག་པའི་གཙོ་བོར་དབུས་སུའོ། །ཤར་གྱི་འདབ་མ་ལ་མཐའ་ཡས། ལྷོར་པདྨ། ནུབ་ཏུ་འཇོག་བོ། བྱང་དུ་བཱ་སུ་ཀི །དབང་ལྡན་དུ་པདྨ་ཆེན་པོ། མེར་དུང་སྐྱོང་། བདེན་བྲལ་དུ་ཀརྐྐོ་ཊ། རླུང་དུ་རིགས་ལྡན། ཕྱི་རོལ་དུ་ཀླུ་ཐམས་ཅད་ཀྱིས་གང་བར་ བསམས་ནས་དེ་ནས་མེ་ཏོག་དཀར་པོས་མཆོད་ཅིང་། ཨོཾ་ཨཱཿབཛྲ་སཏྭཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨ་ནནྟཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཔདྨཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཱ་སུ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་པདྨཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀརྐྐོ་ ཊ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་རྣམས་ཀྱིས་མངོན་པར་བསྔགས་པའི་མེ་ཏོག་ལ་སོགས་པས་མཆོད་ནས་ལག་པ་གཡོན་པས་གདེངས་ཀའི་ཚུལ་གྱིས་གཟུང་བའི་མེ་ཏོག་ལག་པ་གཡས་པ་བརྐྱང་ནས། ཨོཾ་ཨ་ནནྟ་བཱ་སུ་ཀི་ཏཀྵ་ཀ་ ཀརྐྐོ་ཊ་ཀ་པདྨ་མ་ཧཱ་པདྨ་ཤཾ་ཁ་པཱ་ལ་ཀུ་ལི་ཀ་བཱ་ལ་དེ་བ་ཏི་མ་ཧཱ་དེ་བ་ཏི་སོ་མཱ་ཤི་ཁི་མ་ཧཱ་ཤི་ཁིཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར་ཨ་ས་ལཱ་ལ་ཧུ་ལུཎྜ་ནནྡོ་པ་ནན་ད་སཱ་ག་ར་མ་ཧཱ་སཱ་ག་ར་མ་ཏཔྟ་ཤྲཱི་ཀཱནྟི་མ་ཧཱ་ཀཱནྟི་རཏྣ་ཀཱནྟི་སུ་རུ་ས་བྷ་དྲཱ་ཧི་ཀ་མ་ཧོ་ད་ར་ཤི་ལི་ཤི་ལི་མ་ཧཱ་ཤི་ལི། ཨོཾ་བྷཉྫ་བྷཉྫ་ཨ་ གཙྪ་ཨཱ་གཙྪ་མ་ཧཱ་ནཱ་གཱ་དྷི་པ་ཏི་སརྦྦ་བྷུརྦྷུ་བ་སྭཿ། ཞེས་བརྗོད་ཅིང་ཀླུ་རྣམས་ལ་འོ་མའི་གཏོར་མ་བྱིན་ནས་མཆོད་དེ་སྒེག་པའི་དྲིལ་བུས་མཆོད་ཅིང་ཡི་གེ་བརྒྱ་པ་བརྗོད་ནས་བཟོད་པར་གསོལ་བར་བྱའོ། །དེའི་ཚེ་སློབ་མས་ཆུ་ཕྲ་མོའི་རྒྱུན་འབབ་པའི་ཀླུང་རྣམས་སུ་ རྙོག་པ་མེད་པས་བཟུང་ནས་རྡུལ་ཚོན་གྱི་བུམ་པ་རྣམས་རབ་ཏུ་གཡོ་བ་དང་བཅས་པས་བཟུང་ནས་ཀླུ་རྣམས་ལ་གཏང་པར་བྱའོ། །ཨོཾ་མི་ལི་མི་ལི་ཧཱུཾ་ཛཿསྭཱ་ཧཱ་ཞེས་བརྗོད་ཅིང་གཤེགས་སུ་གསོལ་བར་བྱའོ། །ཀླུའི་དབང་པོ་རྣམས་ཀྱིས་ས་འོག་གི་མཐིལ་དུ་སྤྱན་དྲངས་པར་བསམ་ པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཆུ་ཀླུང་དུ་ཀླུའི་བ་དན་དཀར་པོ་བཙུགས་ནས་དཱུར་ཝ་དང་། མེ་ཏོག་ཀུནྡ་དང་ལྡན་པའི་འོ་མའི་རྒྱུན་དབབ་པར་བྱ་སྟེ་གཤེགས་སུ་གསོལ་བར་བྱའོ། །སློབ་མས་ནི་ཀུནྡ་དེ་ཉིད་རང་གི་ལག་པར་བཟུང་ནས་དེ་ཉིད་ཀྱིས་ བཀྲུས་པའི་བུམ་པས་སོ་སོར་བླངས་ནས་བུམ་པ་དེ་ཆུས་གང་བར་བྱས་ཤིང་བཀྲ་ཤིས་ཀྱི་གླུས་བླ་མའི་སྤྱན་སྔར་འགྲོ་བ་བྱས་ནས། ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་དཀྱིལ་འཁོར་གྱིས་ལ་འོ་མས་བྱས་པའི་མཎྜལ་ལ་བུམ་པ་གཞག་པར་བྱའོ། ། བླ་མས་ནི་ཞི་བའི་དོན་དུ་དེས་དཀྱིལ་འཁོར་གྱི་ས་ལ་གཏོར་ནས་རང་ཉིད་ཀྱིས་ཀྱང་བཟུང་སྟེ་གཞན་ལ་ཡང་བྱིན་ནས་ཁྱིམ་ལ་སོགས་པ་བསྟེན་པར་བྱའོ། །དེས་བ་བྱུང་གིས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་གཞོན་ནུ་མ་རྣམས་འོ་ཐུག་ལ་སོགས་ རྣམས་ཀྱིས་ཚིམ་པར་བྱ་ཞིང་མཆོད་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའོ།། །།དེ་ནས་འཁོར་ལོ་བྱས་ནས་གཏོར་མ་དབུལ་བ་བྱས་ཏེ། སྐྱེ་བོ་དམ་པ་ཚོགས་པའི་སྟོན་མོ་བྱའོ། །དེ་ནས་བྱས་པ་རྣམས་ཀྱིས་མགོན་པོ་རྣམས་ལ་ཡང་གཏད་ པར་བྱའོ། །འགྲོ་ལ་ཕན་པའི་བྱ་བ་བཀོད་དེ་ཆོས་ལ་ཐུགས་གཅིག་པ། །ཆེས་མཁས་བློ་ཡི་དབང་པོ་ཆོས་ཀྱི་བློ་གྲོས་མི་ཡི་དབང་། །དེ་ཡིས་བདག་ལ་གསོལ་བ་བཏབ་ལས་དཀྱིལ་འཁོར་ཆོ་ག་རྣམས། །ཆེར་གསལ་འདི་བྱས་པ་ནི་སྐྱེ་བོ་གཞན་ལ་ཕན་ ཕྱིར་རོ། །ཞེས་པ་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དཔལ་བ་ན་རཏྣའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།འདི་ནི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བློ་གྲོས་ཅན་བསོད་ནམས་རྒྱ་མཚོའི་སྡེས་ ཀུ་སུམྦྷའི་ཀེ་ས་རའི་མེ་ཏོག་དང་བཅས་ཏེ་བསྐུལ་བ་ལས། རྗེ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་འབངས་སུ་གྱུར་པ་གཞོན་ནུ་དཔལ་ཞེས་བྱ་བས་ལྗང་པུ་བཀྲ་ཤིས་དགོན་པའི་དབེན་གནས་སུ་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་བི་བྷངྒི་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཇིག་དུས་བསྐལ་པའི་མེ་ལྟར་འབར། །དག་པ་རྣམ་པ་བཅུ་གཉིས་ལྡན། །བདེན་དོན་ རྣམ་པ་བཅུ་གཉིས་ལྡན། །ཧེ་རུ་ཀ་དཔལ་དེ་ལ་འདུད། །གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་གྱུར་པ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མིང་གི་རྒྱུད་ནི་འབུམ་སྡེ་ལས། །སྡོམ་པ་བཏུས་པར་གྱུར་པ་ཡིན། །ནམ་མཁའ་དང་ནི་མཉམ་ པའི་རྒྱུད། །འབུམ་གཅིག་ནང་ནས་དེ་སྐད་བཤད། །ངེས་དོན་ཟབ་མོ་རིམ་ཕྱེ་ཡང་། །མིག་བྲལ་ངེས་པ་མ་རྙེད་པ། །ངེས་བརྗོད་མངོན་འབྱུང་མཁའ་འགྲོ་ལས། །སྙིང་པོ་བསྡུས་པ་བདག་གིས་བཤད། །དེ་ལ་འདིར་བཤད་བྱ་ནམ་མཁའ་དང་མཉམ་པའི་རྒྱུད་ཆེན་པོ་དང་། འཆད་བྱེད་རྒྱུད་བཞི་དང་ལྡན་པའི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་བརྗོད་བྱ་ངེས་དོན་ལམ་གྱི་རིམ་པ་ནི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་རྣམ་པར་དག་པ་དང་། སྒྲུབ་བྱེད་དབང་དང་། གང་གིས་བསྒྲུབ་པ་དང་། གང་ལ་བསྒྲུབ་པའོ། །ཤེས་རབ་ལ་གཉིས་ཏེ། དམིགས་པ་ དང་བཅས་པའི་ཤེས་རབ་དང་། དམིགས་པ་མེད་པའོ། །ཤེས་རབ་གཉིས་ཀྱིས་མཐོང་བ་དང་མཐུན་པར་དེ་ལ་བློ་འཇོག་པ་དང་། སྤྱོད་པའི་སྒོ་ནས་གཉིས་མེད་ཟུང་འཇུག་ཏུ་བསྒོམ་པའོ། །དེ་ཡང་སྒྲུབ་བྱེད་དབང་བཞིའི་སྒོ་ནས་ཏེ། བུམ་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་ དང་། གསང་བ་སྔོན་དུ་སོང་བའི་ཤེས་རབ་ཡེ་ཤེས་ཀྱིས་དོན་དམ་པ་དང་། བཞི་པས་གཉིས་མེད་ཟུང་འཇུག་ཏུ་རྟོགས་པ་བསྒྲུབ་པའོ། །དེ་ཡང་བླ་མ་ལ་རག་ལས་པས་དེ་མཉེས་པ་ལས་ཐོབ་པའི་ཕྱིར་རོ། །དེ་ལྟར་བསྒྲུབས་པས་སྒྲུབ་པ་པོའི་མཚན་ཉིད་དུ་གྱུར་པ་ནི། དང་པོ་ སྙིང་རྗེའི་སྟོབས་ལས་བྱུང་། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱས། །བུམ་པ་གསང་སོགས་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡང་དག་ཐོབ། །ཅེས་པ་ལ་སོགས་པའོ། །དེ་ཡང་སྒྲུབ་པའི་གནས་དང་། གྲོགས་དང་། ཡན་ལག་དང་། ཚུལ་ཇི་ལྟར་བསྒྲུབ་པའོ། ། གནས་ནི་དུར་ཁྲོད་ལ་སོགས་པའོ། །གྲོགས་ནི་ལེའུ་བཅུ་གསུམ་པ་ལས། དབང་གི་ལྷ་མོ་མཆོད་བྱ་སྟེ། །དཔའ་བོའི་ལྷ་མོ་བཀའ་བསྒོ་སྐྱེས། །ལོངས་སྤྱོད་ཡན་ལག་ཀུན་སྤྱོད་མ། །འཁོར་བ་ལས་སྒྲོལ་གཙོ་བོ་ཡིན། །ཞེས་གསུངས་པའི་ཕྱིར། སྒྲུབ་པའི་ཡན་ལག་ བསྟན་པའི་ཕྱིར་དང་པོ་རེ་ཞིག་ཅེས་བྱ་བ་ལ་སོགས་པའོ། །ཚུལ་ཇི་ལྟར་བསྒྲུབ་པ་ནི་སྐྱེ་བ་མེད་པར་ཤེས་པའི་ཚུལ་གྱིས་ཏེ། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །གང་ཡང་ལས་རྣམས་ཐམས་ཅད་ལ། །ཤེས་རབ་དང་ནི་སྦྱར་བྱ་སྟེ། །དེ་ཡང་སྟོང་པའི་གནས་སུ་སྦྱར། །ཞེས་ གསུངས་པས། ལས་རྣམས་ནི་འདིར་ཚངས་པའི་གནས་བཞི་བསྒོམ་པ་ལ་སོགས་པའོ། །ཤེས་རབ་དང་སྦྱར་བ་ནི་ཤེས་རབ་ཀྱི་མིག་གིས་བལྟ་བའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཡང་སྟོང་པའི་གནས་ཏེ་བློ་གང་གིས་རྣམ་པར་སྐྱེ་བ་དེ་རྟེན་འབྲེལ་ཡིན་པའི་ཕྱིར་སྟོང་པ་ཉིད་དུ་ ཤེས་པའི་ཚུལ་གྱིས་བསྒོམ་པའོ། །དང་པོར་རེ་ཞིག་ནི་རྣལ་འབྱོར་པས་བྱ་བའི་རིམ་པ་བསྟན་པའོ། །རྣལ་འབྱོར་པའི་དབང་ཕྱུག་ནི་དབང་བཞིས་སྣོད་དུ་བྱས་པའོ། །ཚངས་པའི་གནས་བཞི་ནི་བྱམས་པ་ལ་སོགས་པའོ། །བསྒོམ་པ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ ལྡན་པར་འདོད་པ་དང་། གང་དག་སྡུག་བསྔལ་བ་ལ་དམིགས་ནས་དེ་དང་བྲལ་བར་འདོད་པ་དང་། ཧེ་རུ་ཀའི་གོ་འཕང་ལ་དགོད་པར་འདོད་པ་དང་། མི་དགེ་བའི་ཕྱོགས་མ་ལུས་པ་ཟད་པར་བྱ་བའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་མ་ལུས་པ་ལ་དགོད་པར་འདོད་ པའོ། །ད་ནི་འདིར་རྣལ་འབྱོར་བསྲུང་བ་སྟེ། རྣལ་འབྱོར་ནི་འདིར་སྙིང་རྗེ་དང་སྟོང་པ་གཉིས་མེད་ཡིན་པར་དགོངས་སོ། །གང་ལས་བསྲུང་ཞེ་ན། མི་མཐུན་པའི་ཕྱོགས་ཏེ། གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཐེག་པ་དམན་པ་ལ་འདོད་པ་དང་། དགེ་བའི་རྩ་བ་ ཐམས་ཅད་ཟད་ཅིང་མི་འཕེལ་བའོ། །ཇི་སྲིད་དེ་ཡོད་པ་དེ་སྲིད་དུ་སྔར་བྱས་པ་འཇིག་ཅིང་ཕྱིས་མི་སྐྱེ་བ་དང་། ཐེག་པ་ཆེན་པོའི་གནས་ལས་ཉམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་མི་འབྱུང་བའི་ཕྱིར་རོ། །དེ་ནས་ཕུང་པོ་ལྔའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཞེས་བྱ་ བ་ལ། འདི་ལྟར་བདག་ཏུ་མངོན་པར་ཞེན་པ་ལ་བརྟེན་ནས་ངར་འཛིན་པ་འབྱུང་ལ། བདག་གིར་མངོན་པར་ཞེན་པ་ལ་བརྟེན་ནས་ང་ཡིར་འཛིན་པར་འགྱུར་བས། གང་གི་ཕྱིར་བདག་ཏུ་ཞེན་པ་མེད་ན་དེའི་ཕྱིར་ངར་འཛིན་མེད་ལ། བདག་གི་ཞེན་པ་མེད་ན་དེའི་ ཕྱིར་ང་ཡིར་འཛིན་པ་མེད་པར་འགྱུར་རོ། །དེར་ཞེན་པའི་གཞི་བསྒྱུར་བའི་ཕྱིར་གཟུགས་ཀྱི་ཕུང་པོའི་རྡུལ་ཕྲ་རབ་རྣམས་རྣམ་པར་སྣང་མཛད་ཀྱིས་སྦྱངས་ཏེ། དེ་ཡང་ཞལ་གཅིག་པ་ཕྱག་གཉིས་པ་པདྨ་དང་ཟླ་བ་དང་སེང་གེའི་གདན་ལ་བཞུགས་པ། གཡས་འཁོར་ལོ་གཡོན་དྲིལ་བུ་ དཀུར་བརྟེན་པའོ། །དེ་བཞིན་དུ་ཕུང་པོ་བཞིའི་ཚོགས་ལ་རྡོ་རྗེ་ཉི་མ། པདྨ་གར་དབང་། རྡོ་རྗེ་རྒྱལ་པོ། །རྡོ་རྗེ་སེམས་དཔའ་སྟེ། ཞལ་གཅིག་པ། ཕྱག་གཉིས་པ། གཡས་རྣམས་ན་རང་རང་གི་མཚན་མ་འཛིན་པ། གཡོན་ཐམས་ཅད་ན་དྲིལ་བུ་དཀུར་བརྟེན་པ། རྟ་དང་། རྨ་བྱ་དང་། ནམ་ མཁའ་ལྡིང་དང་། གླང་པོ་དང་། པདྨ་དང་ཉི་མའི་གདན་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་དཔལ་ཧེ་རུ་ཀའོ་ཞེས་པ་ལ་རོའི་གདན་ལ་བཞུགས་པ་སྐུ་མདོག་ནག་པོ་རྡོ་རྗེ་དྲིལ་བུ་ཅན་ནོ། །འདིར་རིགས་ལྔ་ནི་ཕུང་པོ་ལྔ་ལ་སོགས་པ་བྱེ་ བྲག་གི་དག་པ་ཡིན་ལ། ཧེ་རུ་ཀ་ནི་སྤྱིའི་དག་པའོ། །གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་དག་ལ། དོན་དམ་སྐྱེ་མེད་དུ་དག་པ་དཔལ་ཧེ་རུ་ཀའོ། །དེ་ཡང་། ཧེ་ནི་རྒྱུ་སོགས་རྣམ་པར་སྤངས། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། ། ཞེས་གསུངས་པས། རྒྱུ་ལ་སོགས་པ་ནི། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་པ་ལས་སྐྱེ་བ་སྤངས་པའོ། །ཚོགས་ནི་གནས་པ་དང་འཇིག་པའི་ཚོགས་དང་བྲལ་བའོ། །སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་བཞིན་ དུ་རྡོ་རྗེ་མཁའ་འགྲོ་ལས་ཀྱང་། གཟུགས་ནི་ཐམས་ཅད་སྟོང་པ་ཉིད། །སྟོང་པའི་ཚུལ་གྱིས་མིག་གིས་ནི། །དོགས་པ་མེད་པར་བསྒོམ་པའི་མཆོག །རྣམ་པར་མི་རྟོག་པ་ཡིས་བལྟ། །ཞེས་གསུངས་པས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ལྷར་ བསྒོམས་ལ་དོན་དམ་པར་སྟོང་པ་ཉིད་དོ། །དེ་བཞིན་དུ་མིག་ལ་སོགས་པ་ལ་གཏི་མུག་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་དང་། སེར་སྣ་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཕྲག་དོག་རྡོ་རྗེ་དང་། དབང་ཕྱུག་རྡོ་རྗེ་སྟེ། དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ཡང་དཀར་པོ་སྟེ། ཕྱག་མཚན་ནི་བདག་པོ་དང་མཐུན་ནོ། །ཡང་ས་ལ་སོགས་པའི་ཁམས་ལ་ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་དང་། པདྨའི་དྲ་བ་ཅན་ཏེ་སེར་མོ་དང་། ནག་མོ་དང་། དམར་སེར་དང་། དམར་མོ་དང་། སྔོན་མོ་ སྟེ་རང་རང་གི་དཀྱིལ་འཁོར་ལ་བཞུགས་པ། ཞལ་གཅིག་པ། ཕྱག་བཞི་པ། གཡས་ཀྱི་དང་པོ་རྣམས་ན་འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། རལ་གྲིའོ། །ཐ་མ་རྣམས་ནི་གྲི་གུག་གོ། །གཡོན་ན་ཐོད་པ་དང་ཁ་ཊྭཱཾ་གའོ། །པདྨའི་དྲ་བ་ཅན་ཉི་མ་ལ་བཞུགས་པ་ཞལ་གསུམ་ པ་ཕྱག་དྲུག་པ་སྟེ། གཡས་པ་གསུམ་ན་ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཞགས་པའོ། །གཡོན་ན་ལྕགས་ཀྱུ་དང་། ཚངས་པའི་མགོ་དང་། གྲི་གུག་གོ། །དེ་ལྟར་ན་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་འབྱིན་པར་བྱེད་པ་དང་། སྤྲོས་པ་གསོད་པ་དང་། ལྷན་ཅིག་སྐྱེས་ པའི་བདེ་བ་འདྲེན་པ་དང་། མི་དམིགས་པའི་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པའོ། །དབྱིངས་དང་ཡེ་ཤེས་དང་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལས་ལྷའི་འཁོར་ལོ་རྫོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། གང་དག་པ་ཕུང་ པོ་ལ་སོགས་པ་དང་། གང་གི་རང་བཞིན་དུ་དག་པ་སྒྱུ་མ་ལྟ་བུའི་ལྷ་དང་། ཇི་ལྟར་དག་པ་སྐྱེ་མེད་དུ་དག་པའོ། །བདག་གིར་འཛིན་པ་དག་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེའི་ར་བ་བསམ་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བདག་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་འོད་ཟེར་ གྱི་ཕྲེང་བ་འཕྲོ་བར་བསམས་ལ། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་བདག་དང་ཁམས་གསུམ་པའི་དངོས་པོ་ཐམས་ཅད་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་པར་བྱས་ནས། ཚུར་འདུས་པས་བདག་ཁམས་གསུམ་རྣམ་རྒྱལ་དུ་བསམ་པ་སྟེ། བདག་གིར་ཞེན་པ་ལས་རྣམ་པར་ རྒྱལ་བའི་ཕྱིར་རོ། །དེ་ལྟར་བདག་མེད་པའི་ཤེས་རབ་དེའི་ལས་དང་མཚན་ཉིད་བསྟན་པའི་ཕྱིར་ར་བ་ལ་སོགས་པ་བསམ་པ་སྟེ། དེ་ཡང་ཨོཾ་སུམྦྷ་ལ་སོགས་པའི་སྔགས་བཞི་ཕྱོགས་བཞིར་བསམ། དེ་ལས་རྡོ་རྗེའི་ར་བ་གྲུ་བཞི་པ་བསམ་པར་བྱའོ། །ས་གཞི་ནི་ཧཱུཾ་ལས་ སྣ་ཚོགས་རྡོ་རྗེར་བསམས་ལ། དེའི་འོད་ཀྱི་སྣང་བས་བླ་རེ་དང་། གུར་དང་། མདའི་དྲ་བ་དང་། མེའི་ར་བ་བསམ་པར་བྱའོ། །དེ་ནས་རྡོ་རྗེའི་ར་བ་དང་མེའི་ར་བའི་བར་དུ་ཤར་དུ་ཁྭ་གདོང་། བྱང་དུ་འུག་གདོང་། ནུབ་ཏུ་ཁྱི་གདོང་། ལྷོར་ཕག་གདོང་མ་བཞི། མཚམས་རྣམས་སུ་མཚམས་མ་ བཞི། སྟེང་ཁྭ་གདོང་དང་། འོག་ཁྱི་གདོང་ཅན་བསྒོམ་པར་བྱའོ། །དེ་ཡང་ལེའུ་བཅུ་བདུན་པ་ལས། ཁྲོ་བོ་རྣམ་རྒྱལ་ལ་སོགས་པ། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཆེན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད། །ཅེས་པས་སྣ་ཚོགས་ འདུལ་བའི་ཐབས་ནི་བུད་མེད་ཀྱིས་འདུལ་བ་རྣམས་ལ་བཀའ་བསྒོ་རྣམས་སུ་སྤྲུལ་པའི་ཕྱིར་རོ། །དེ་རྣམས་ཀྱི་ཕྱག་ན་ཁྲོ་བོའི་ཕུར་པ་བསྣམས་པར་བསམས་ལ། ཡང་སྔགས་ཚན་བཞི་བརྗོད་པ་དང་། ཧཱུཾ་གི་འོད་ཟེར་གྱི་སྒོ་ལས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་རྣམས་ ཀྱིས་ཕྱོགས་བཅུ་ནས་བགེགས་ཐམས་ཅད་བཀུག་པ་ལ་ཕུར་བུས་གདབ་པ་སྟེ། ཨོཾ་གྷ་གྷ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་མུཏྒ་རས་བརྡུང་བར་བྱའོ། །དེ་ལྟར་ན་ཤེས་རབ་དེ་ཉིད་ཀྱི་ལས་དང་མཚན་ཉིད་མི་ཕྱེད་ཅིང་འབྱེད་པ་དང་། རྟོགས་པ་དང་། ལྷན་ཅིག་མི་གནས་ པ་དང་། དེ་ཉིད་བསྲེག་པའི་ཕྱིར་རྡོ་རྗེ་ར་བ་དང་། ཁྲོ་བོའི་ར་བ་དང་། མེའི་ར་བའོ། །ཞེ་སྡང་གིས་བསླང་བའི་བརྡེག་པ་ནི་མ་ཡིན་ནོ། །འོ་ན་ཀུན་རྫོབ་ཏུ་གནོད་བྱ་གནོད་བྱེད་མེད་དོ་ཞེ་ན་ནི་རྒྱུ་འབྲས་ལ་སྐུར་པ་ཡང་ཡིན་ལ། ཡང་ན་ནི་ཐ་དད་ཀྱི་ཚུལ་གྱིས་བཟློག་པ་ལ་འགལ་བ་མེད་ དོ་ཞེ་ན། ཀུན་རྫོབ་ཏུ་རྒྱུ་འབྲས་མེད་པ་མ་ཡིན་གྱི། འོན་ཀྱང་ཞེ་སྡང་གིས་བསླང་བའི་སྦྱོར་བས་བཟློག་པར་བྱ་བ་མ་ཡིན་ཏེ། ཀུན་རྫོབ་ཉིད་དུ་ཡང་བྱམས་པ་ལ་སོགས་པའི་གོ་ཆ་དང་དོན་དམ་པར་སྐྱེ་མེད་དུ་ཤེས་པས་སོ། །དེ་ཡང་ཅི་ཞེ་ན། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སེམས་ཙམ་ ལས་གཞན་མ་ཡིན་ཏེ། དེ་བས་ན་སེམས་ལོག་པར་གཡོ་བ་ཉིད་བདུད་དང་བགེགས་ཡིན་ནོ། །དེ་ཡང་ངན་སོང་སྦྱོང་བའི་རྒྱུད་ལས། ཇི་སྲིད་ཡིད་ཀྱིས་ལོག་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །སེམས་གཉེན་པོ་ལས་འཁྱར་བ་ཉིད་བདུད་ལ་སོགས་ པ་ཡིན་ནོ། །འོ་ན་སངས་རྒྱས་ལས་ཆེས་མཁས་པ་ཡོད་པ་མ་ཡིན་པ་ནི་ཐམས་ཅད་ལ་གྲགས་པ་ཡིན་ལ། དེས་རྒྱུད་ལས་བཤད་པ་ཅི་ཞེ་ན། དེ་ནི་བདེན་མོད་ཀྱི་རང་དོན་དུ་གནས་པ་གང་ཡང་མེད་དོ། །དེའི་ཕྱིར་ངེས་བརྗོད་ལས། མི་གསོད་གསོད་པ་མེད་པ་ཡིན། །གང་གིས་ རང་སེམས་ཐུལ་བ་ཡིས། །བདག་གི་སེམས་ནི་བཅིངས་པ་ཡིན། །གང་ལ་གང་གིས་གསོད་པ་ཡོད། །ཅེས་པ་དང་། ཡང་། བྱམས་པའི་གོ་ཆ་བགོས་པ་དང་། །སྙིང་རྗེ་ཆོས་ཀྱི་གོ་ཆ་ཡིན། །ཤེས་རབ་མཚོན་ཆར་ལྡན་པ་ཡིས། །ཉོན་མོངས་བདུད་རྣམས་བཟློག་པར་བྱ། །བཀའ་ ཡི་འཁོར་ལོ་སྲུང་བ་ཆེ། །ཕུར་བུས་བགེགས་མེད་དངོས་གྲུབ་འགྱུར། །སྲུང་བའི་ཆོ་ག་འདི་དག་གིས། །སྒྲུབ་པ་པོ་ལ་བྱང་ཆུབ་སྩོལ། །གཙོ་བོའི་བཀའ་ནི་བླང་བར་གྱིས། །རྣལ་འབྱོར་པ་ནི་གར་གནས་པར། །བགེགས་རྣམས་ཐམས་ཅད་མེད་པར་མཐོང་། །ཞེས་གསུངས་པའི་ ཕྱིར་རོ། །དེ་ལྟར་མ་ཡིན་པར་བཀའ་ལ་ལོག་པར་རྟོགས་ཏེ་ངན་པའི་ལས་དང་ལྡན་པ་ངོ་བོ་ཉིད་ཀྱིས་འོག་ཏུ་འགྲོ་བ་ལ་ཕྱོགས་པ་ཉོན་མོངས་པ་ལ་སོགས་པའི་ཞགས་པས་བཅིངས་པ་ཟོ་ཆུན་ལྟར་འཁོར་བ་རྣམས་དང་ཁྱད་པར་མེད་པས་ལམ་ལ་གནས་པའི་རྣལ་འབྱོར་པ་ཡང་མ་ ཡིན་ནོ། །དེ་ལྟར་བདག་མེད་པའི་ཤེས་རབ་དང་ལྡན་པའི་རྣལ་འབྱོར་པ་ལ་ཁྱད་པར་ཅན་གྱི་ཚོགས་སྐྱེ་བས་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་ཡུལ་གང་ལ་བརྟེན་ནས་རྫོགས་པ་ནི་ལྷ་དང་བླ་མ་ལས་ཏེ། དེ་ནས་ཞེས་པ་ནི་ཁམས་གསུམ་རྣམ་རྒྱལ་ཧེ་རུ་ཀར་བསྒྱུར་ལ། དེའི་སྙིང་ གར་ཨ་ལས་ཟླ་བ་དེའི་སྟེང་དུ་ཧཱུཾ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམ་པའོ། །ཧཱུཾ་དེའི་འོད་ཀྱི་སྣང་བས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་སུམ་ཅུ་རྩ་བདུན་ནོ། །བླ་མ་ནི་དེར་དབང་བཞི་བསྐུར་བའོ། །སོགས་པ་ནི་བླ་མ་གཞན་དང་མགྲོན་གྱི་ལྷ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །བལྟས་ལ་ཞེས་པ་ནི་ཐ་མི་དད་པར་བལྟ་སྟེ། དེ་ཡང་སྙིང་གའི་འོད་ཟེར་གྱིས་བླ་མའི་དྲིན་དྲན་པའི་ཚུལ་གྱིས་བཞུ་ལ་ཧེ་རུ་ཀའི་དཀྱིལ་འཁོར་ལ་བསྟིམ། དེ་ལྟར་ལྷ་དང་བླ་མ་ཐ་དད་མེད་པ་ལ་མཆོད་པ་ལ་སོགས་ བྱའོ། །གང་གི་དོན་དུ་ཞེ་ན་སྡུག་བསྔལ་གྱི་མེ་འབར་བ་རྣམས་ཀྱི་དོན་དུའོ། །ཚུལ་ཇི་ལྟར་རྫོགས་ཞེ་ན་སྐྱེ་མེད་དུ་ཤེས་པའི་ཚུལ་གྱིས་སོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ལ་ཡེ་ཤེས་ཀྱི་ཚོགས་སྐྱེ་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསྟེ་རང་ བཞིན་དག་པའོ། །གང་དག་ཅེ་ན། སརྦ་དྷརྨཱཿསྟེ་ཆོས་ཐམས་ཅད་དོ། །ཅིའི་རང་བཞིན་དུ་དག་ཅེ་ན། སྒྱུ་མ་ལ་སོགས་པར་རོ། །དེ་ལ་དོན་ནི་འདི་ཡིན་ཏེ། གཟུང་འཛིན་ལ་སོགས་པ་དང་བྲལ་བ་བརྫུན་པའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་བག་ཆགས་ཀྱིས་བསྒོས་པའི་ རང་གི་སེམས་སྣང་བ་རྨི་ལམ་ལ་སོགས་པ་དང་། ཁམས་གསུམ་པོ་འདི་དག་ཁྱད་པར་མེད་པར་བརྟགས་ལ། སྣང་བ་ཙམ་པོ་དེ་ཡང་སྟོང་པ་ཉིད་དུ་བསམ་པའི་ཕྱིར། ཡང་ནི་སྟོང་ཉིད་བསམ་བྱ་སྟེ། །ཞེས་པ་ལ་སོགས་པ་ལ་ཡང་གི་སྒྲ་ནི་སྔར་སྒྱུ་མ་ལྟ་བུར་བསྒོམ་པ་ལས་ལྟོས་ སོ། །གང་སྟོང་པ་ཉིད་དུ་བསྒོམ་ཞེ་ན། བྱང་ཆུབ་ཀྱི་ཚོགས་ལ་སོགས་པ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་དང་། རྣམ་པར་བྱང་བ་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་གྱི་ཚོགས་སོ། །དེ་ཡང་རང་གི་སེམས་ཙམ་ལས་གཞན་མིན་ལ་དེ་ཉིད་མིག་ཡོར་ལྟར་སྣང་བའོ། ། དེ་ཉིད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་ནས་ཨོཾ་ཤཱུ་ནྱ་ལ་སོགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་བརྫུན་པའི་རྣམ་པར་རྟོག་པ་གོམས་པའི་དབང་གིས་རང་གི་སེམས་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྣོད་བཅུད་ཀྱི་འཇིག་རྟེན་དུ་རྣམ་པར་འཕྲུལ་པའི་དྲི་མ་སྦྱང་བའི་ཕྱིར་ཇི་ལྟར་ནམ་ མཁའ་སྒྲིབ་གཡོགས་ནི། རྡུལ་དང་། ཁུག་རྣ་དང་། དུ་བ་དང་། ཁ་བ་དང་། སྤྲིན་དང་བྲལ་བའི་སྟོན་ཀའི་ཉི་མ་ཕྱེད་ཀྱི་དཀྱིལ་ལྟར། འཇིག་རྟེན་གསུམ་པོ་མ་ལུས་པ་ཐམས་ཅད་སྟོང་པ་འོད་གསལ་པའི་རང་བཞིན་དུ་བསྒོམ་པ་ནི། ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་དང་། ཨེའི་ཆ་ བྱད་བཟང་པོའོ། དེ་ལྟར་སྔགས་རྣམ་པ་གཉིས་ལན་གསུམ་དུ་བརྗོད་པ་ནི་སྟོང་པ་ཉིད་རྟོགས་ནུས་པ་དང་། སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང་། གནས་པ་བརྟན་པ་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་། ཐ་མལ་པའི་ལུས་ངག་ཡིད་གསུམ་སྤོང་བ་དང་། རྟེན་དང་བརྟེན་པ་ཐམས་ ཅད་སྟོང་པ་ཉིད་ཀྱི་རྣམ་འཕྲུལ་དུ་རྟོགས་པའི་ཕྱིར་རོ། །ད་ནི་ཨེ་ཡི་ཆ་བྱད་ལ། །དབུས་སུ་བཾ་གྱིས་བརྒྱན་པའི་ཕྱིར། །དེ་ནས་ལངས་ལ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་བ་བཞི་དང་རི་རབ་བསྐྱེད་པ་ནི་གོ་སླའོ། །དེ་ནས་རྟེན་དང་བརྟེན་པར་བཅས་པའི་ལྷ་བསྐྱེད་པའི་ཕྱིར། དེའི་དབུས་སུ་ཨཱ་ལི་ཀཱ་ལི་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་བཅུ་དྲུག་ཤེས་རབ་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ཟླ་བའི་དཀྱིལ་འཁོར་དང་། ཀཱ་ལི་སུམ་ཅུ་རྩ་བཞི་ཐབས་ཀྱི་རང་བཞིན་ཡོངས་སུ་གྱུར་པ་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ནི་ཉི་ ཟླའི་བར་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཅན་དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ཀྱི་ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་སྦྱངས་ནས། ཟག་མེད་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་བྱས་ཏེ་སླར་བསྡུས་ལ། དེ་ཡོངས་སུ་གྱུར་པ་ནི་དེ་རྣམས་ལས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་རྟེན་དང་བརྟེན་པར་བཅས་པ་བསམ་པར་བྱའོ། །ཟླ་བ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉི་མ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཧཱུཾ་འོད་ཟེར་གྱི་ཕྲེང་བ་འཕྲོ་བ་སོ་སོར་རྟོག་པའི་ཡེ་ཤེས་དང་། འོད་ཟེར་གྱིས་ གཞན་དོན་བྱས་པ་བྱ་བ་གྲུབ་པའི་ཡེ་ཤེས་དང་། རྫོགས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཟླ་བ་ལ་ཆོས་ལྔ་སྟེ། དཀར་བ་དང་། ཆ་བཅུ་དྲུག་པ་དང་། མུན་པ་སེལ་བ་དང་། ཚ་བའི་གདུང་བ་ཞི་བར་བྱེད་པ་དང་། འཇིག་རྟེན་གྱིས་མཐོང་ ན་དགའ་བའོ། །དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་དཀར་བ་དང་། ཆ་བཅུ་དྲུག་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གསལ་བར་བྱེད་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱིས་གདུང་བ་ཞི་བར་བྱེད་པ་དང་། སེམས་ཅན་དགའ་བ་སྐྱེད་པའོ། །དེ་བཞིན་དུ་དོན་དམ་པ་ བྱང་ཆུབ་ཀྱི་སེམས་ཀྱང་ཉེས་པའི་སྐྱོན་མེད་པས་དཀར་བ་དང་། ནང་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་སྟོན་པས་ཆ་བཅུ་དྲུག་དང་། མ་རིག་པའི་མུན་པ་སེལ་བ་དང་། ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་། འོད་གསལ་མཐོང་བས་དགའ་བ་བསྐྱེད་པའོ། ། ཉི་མ་ལ་ཆོས་གསུམ་སྟེ། དམར་བ་དང་། འདམ་རྫབ་སྐེམས་པ་དང་མྱུ་གུ་ལ་སོགས་པ་སྨིན་པར་བྱེད་པའོ། །དེ་བཞིན་དུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་ཐིག་ལེ་དམར་བ་དང་། འདོད་ཆགས་ལ་སོགས་པ་ཞི་བར་བྱེད་པ་དང་། བུ་ཚ་ལ་སོགས་པ་འཕེལ་བར་བྱེད་པའོ། །དེ་བཞིན་དུ་ སྙིང་རྗེས་སེམས་ཅན་ལ་ཆགས་པས་དམར་བར་ཆོས་མཐུན་པ་དང་། ཉོན་མོངས་པའི་འདམ་རྫབ་སྐེམས་པ་དང་ཐབས་དགེ་པའི་མྱུ་གུ་ལ་སོགས་པ་སྨིན་པར་བྱེད་པའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ལ། རྒྱུ་འབྲས་བྱང་ཆུབ་ཀྱི་སེམས་ཆ་གཉིས་སྟོན་པས་ཆ་གཉིས་དང་། གདུལ་བྱའི་ རྒྱུད་ལ་འཕོ་བས་འཁོར་ལོ་དང་། སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་རྩིབས་བརྒྱད་དང་། མིའི་སེང་གེར་གྱུར་པས་སེང་ཐོད་དང་། གདུལ་བྱ་འདུལ་བས་ཁྲོ་ཞལ་དང་། སེམས་ཅན་སྨིན་པར་བྱེད་པ་ལ་ཆགས་པས་པདྨ་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པས་ཉི་ཟླ་དང་། སྙིང་རྗེས་སེམས་ཅན་མི་གཏོང་བས་ཆུ་སྲིན་གྱི་ཁ་ནས་བྱུང་བའོ། །ཐུགས་རྗེས་ཁྱབ་པའི་ཕྱིར་ཁ་གྱེས་པ་དང་། ཡེ་ཤེས་བཞི་ཆོས་ཀྱི་དབྱིངས་སུ་འདུས་པས་རྩེ་མོ་ནང་དུ་འདུས་པའོ། །བྱང་ཆུབ་སེམས་དཔས་ཆོས་ཉིད་དངོས་སུ་མ་བྱས་པས་ནི་ཅུང་ཟད་ཁ་གྱེས་པའོ། །དེ་བཞིན་གཤེགས་ པས་ཆོས་ཀྱི་དབྱིངས་ཇི་ལྟ་བར་ཐུགས་སུ་ཆུད་པས་རྡོ་རྗེ་རྩེ་མོ་འདུས་པའོ། །སེམས་ཅན་དང་སངས་རྒྱས་རང་བཞིན་མི་མཉམ་པ་མེད་པས་དབུས་རྩེ་མོ་ཐལ་བྱུང་དུ་བྱུང་བའོ། །ལུས་ངག་ཡིད་གསུམ་ཡོངས་སུ་དག་པས་ཆ་གསུམ་པའི་ཆང་ཟུངས་དང་ལྡན་པའོ། །འོད་ཟེར་སྤྲོ་བསྡུ་ལ་ཆོས་བཞི་ དང་ལྡན་པས་ཆོས་མཐུན་བཞི་ཡིན་ཏེ་ནམ་མཁའ་ལས་བྱུང་བ་དང་། རང་གཞན་གསལ་བར་བྱེད་པ་དང་། མུན་པ་འཇོམས་པ་དང་། ཐམས་ཅད་ལ་ཁྱབ་པའོ། །དེ་བཞིན་དུ་སྤྲོ་བསྡུས་འགྲོ་དོན་བྱེད་པ་ཡང་། རྒྱུ་སྟོང་པ་ཉིད་ལས་བྱུང་བ་དང་། འོད་ཟེར་ལྔ་དང་ལྡན་པ་དང་། ཉོན་ མོངས་པ་ལྔ་འཇོམས་པ་དང་། སེམས་ཅན་རང་གི་འདོད་པའི་ལྷར་གྱུར་པའི་ཕྱིར་ཁྱབ་པའོ། །ད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པའི་མཚན་ཉིད་བསྟན་པའི་ཕྱིར། དཔལ་ཧེ་རུ་ཀ་ཉི་མ་ལ་བཞུགས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པའོ་ཞེས་བྱ་བ་ལ། དུར་ཁྲོད་བརྒྱད་ནི་གཏུམ་དྲག་དང་། ཚང་ཚིང་དང་། འབར་བས་ཁྱབ་པ་དང་། ཀེང་རུས་ཅན་འཇིགས་སུ་རུང་བ་དང་། ཧ་ཧར་དགོད་དང་། དཔལ་འཛིན་དང་། མུན་ཆེན་དང་། ཅ་ཅོ་སྒྲོགས་པའོ། །ཞིང་སྐྱོང་བརྒྱད་ནི། སེང་གེའི་གདོང་ ཅན་སེར་པོ་དང་། ཅེ་སྤྱང་གི་གདོང་ཅན་དཀར་པོ་དང་། ཁྱིའི་གདོང་ཅན་དམར་པོ་དང་། སྟག་གི་གདོང་ཅན་ལྗང་གུ་དང་། ཁྲའི་གདོང་ཅན་སེར་པོ་དང་། ཀྱུང་ཀའི་གདོང་ཅན་སྔོན་པོ་དང་། ཁྱུ་མཆོག་གི་གདོང་ཅན་སེར་པོ་དང་། ཨུག་ཤུད་ཀྱི་གདོང་ཅན་སེར་པོའོ། །དེ་དག་མིའི་གཟུགས་ ཅན་ཤིང་ལས་རོ་སྟོད་ཕྱུང་བའོ། །དེ་ལ་ཞིང་སྐྱོང་བརྒྱད་ནི། སངས་རྒྱས་རབས་བདུན་དང་བྱམས་པ་སྟེ་བརྒྱད་དོ། །གདུལ་བྱ་ལ་གདོང་ཐ་དད་པར་བསྟན་པའོ། །བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་དང་། ཉོན་མོངས་པ་བརྒྱད་དང་། སྤྲིན་བརྒྱད་དང་། ཡེ་ཤེས་བརྒྱད་དང་། འཇིག་ རྟེན་སྐྱོང་བ་བརྒྱད་ཐུགས་རྗེ་ཆེན་པོའོ། །དེ་ལ་རྣལ་འབྱོར་པ་དུར་ཁྲོད་བརྒྱད་ཀྱིས་དབེན་པར་གནས་པ་ནི། ངེས་འབྱུང་གི་ཡན་ལག་མི་རྟག་པ་དང་། སྡུག་བསྔལ་རྟོགས་པར་བྱེད་པ་དང་། འཇིག་རྟེན་གྱི་ཆོས་ལ་ཆགས་པ་སྤོང་བའི་ཕྱིར་རོ། །དེ་ལ་བརྟེན་ནས་ངེས་འབྱུང་གི་ལམ་སྐྱེ་མེད་ རྟོགས་པའི་ཕྱིར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་ནང་དུ་གནས་པའོ། །དེ་བས་ན་མི་རྟག་པ་དང་། སྡུག་བསྔལ་རྟོགས་པ་ལ་བརྟེན་ནས། རང་གི་མཚན་ཉིད་སྐྱེ་མེད་རྟོགས་པས་དེ་གཉིས་ཕྱི་ནང་དུ་གནས་པའོ། །ལམ་དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་བརྟན་ ཅིང་སྤྱད་ལ་སངས་རྒྱས་པས་སངས་རྒྱས་ཀྱིས་བསྟན་པའི་གོ་རིམས་དང་ཆོས་འདྲེའོ། །ཞལ་བཞི་ནི་རྣམ་པར་ཐར་པའི་སྒོ་བཞིའོ། །དུས་གསུམ་མཁྱེན་པས་སྤྱན་གསུམ་དང་སྲིད་པའི་ཡན་ལག་བཅུ་གཉིས་དག་པ་ནི་ཕྱག་བཅུ་གཉིས་སོ། །འཁོར་བ་དག་པས་ཞབས་གཡས་བརྐྱང་ བ་དང་། འདོད་ཆགས་དང་ཞེ་སྡང་དག་པས་མི་གནས་པའི་མྱ་ངན་ལས་འདས་པ་ནི་འཇིགས་བྱེད་དང་དུས་མཚན་མནན་པའོ། །ཐབས་ཀྱིས་དགེ་བའི་ཆོས་མཐའ་དག་སྡུད་པ་ནི་རྡོ་རྗེའོ། །ཤེས་རབ་ཀྱིས་དེའི་མི་མཐུན་པའི་ཕྱོགས་གཅོད་པས་དྲིལ་བུའོ། །དེ་ ཡང་། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་པའི་ཕྱིར་རོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་ལ་གཉིས་སུ་འཛིན་པ་རྣམ་རྟོག་གི་གདོན་ཡིན་པས་དེ་བསད་ནས་གཉིས་སུ་མེད་པའི་ཚུལ་ གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱེད་པ་ནི། གླང་པོའི་པགས་པ་སྟེ། དེ་ཡང་། རྣམ་པར་རྟོག་པ་གདོན་ཆེན་པོ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །དངོས་པོ་ཐམས་ཅད་རྟེན་འབྲེལ་ ཡིན་པའི་ཕྱིར་སྐྱེ་བ་མེད་ལ། གང་དེ་མ་ཡིན་དུ་རྟོག་པ་ལ་སྟོང་ཉིད་ཀྱི་སྒྲ་སྒྲོགས་པ་ནི་རྡེའུ་ཆུང་ངོ་། དེ་ཡང་། ཤེས་རབ་ཌ་མ་རུ་ཡི་སྒྲ། །ཞེས་པས་སོ། །དངོས་པོ་ཐམས་ཅད་སྐད་ཅིག་མ་དང་མི་རྟག་པ་ལ་གང་དེ་མ་ཡིན་དུ་རྟོག་པ་གཅོད་པ་ནི་དགྲ་སྟའོ། །དེ་ཡང་། རྟོག་པ་གཅོད་ཕྱིར་ དགྲ་སྟའོ། །ཞེས་སོ། །འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་མེད་པའི་དངོས་པོ་ལ་བརྟགས་ནས་སེམས་ལ་ཉོན་མོངས་མེད་པར་བྱེད་ལ་དེ་གཅོད་པ་ནི་གྲི་གུག་གོ། །དེ་ཡང་། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། །གཅོད་པས་གྲི་གུག་ཅེས་བྱའོ། །ཞེས་པས་སོ། །ཉོན་མོངས་པ་ གསུམ་བཅོམ་ནས་བཟོད་པ་གསུམ་དང་ལྡན་པ་ནི་རྩེ་གསུམ་མོ། །དེ་ཡང་། ཉོན་མོངས་འཇོམས་ཕྱིར་རྩེ་གསུམ་མོ། །ཞེས་པས་སོ། །གཉིས་མེད་ཟུང་འཇུག་ཏུ་རྟོགས་པས་ཤེས་རབ་གཉིས་མེད་དང་། དེས་ལུས་ངག་ཡིད་གསུམ་དག་པ་ནི་ཁ་ཊྭཱཾ་གའོ། །དེ་ལྟར་མ་རྟོགས་ཤིང་ལོག་པར་ རྟོག་པ་ལ་རྒྱུ་མི་རྟག་པ་དང་། འབྲས་བུ་སྡུག་བསྔལ་དང་ལྡན་པ་ལ་དམིགས་ཏེ། དེ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་གཉིས་ནི་ཁྲག་གིས་བཀང་བའི་ཐོད་པ་དང་ཞགས་པའོ། །དེ་ལྟར་ལམ་རྒྱུད་ལ་སྐྱེས་ཀྱང་རློམ་པ་མེད་པ་ནི་ཚངས་པའི་མགོ་བོའོ། །འདོད་ཆགས་ལ་དགའ་བ་ཉིད་ལ་འཛུད་ པས་རལ་བ་དང་། དྲག་པོ་ལ་སོགས་པས་མི་ཐུབ་པས་ཅོད་པན་གྱིས་བརྒྱན་པ་དང་། རིགས་ལྔའི་རྒྱ་དང་ལྡན་པས་ཐོད་པའི་ཕྲེང་བ་དང་། བྱང་ཆུབ་ཀྱི་སེམས་དང་དེས་འཕགས་པའི་ལས་སྣ་ཚོགས་མཚོན་པ་ནི་ཟླ་བ་ཕྱེད་པ་དང་། སྣ་ཚོགས་རྡོ་རྗེའོ། །མ་རུངས་པ་སྐྲག་པར་མཛད་པས་ ཞལ་རྣམ་པར་གྱུར་པའོ། །མ་རུངས་པ་དང་ཉོན་མོངས་པ་འཇོམས་པས་མཆེ་བ་གཙིགས་པའོ། །སྒེག་པ་ལ་སོགས་པའི་ཉམས་དགུ་ནི་སྒེག་པ་ནི་ཕྱག་གཉིས་ཤེས་རབ་ལ་འཁྱུད་དེ་འགྱིང་བག་དང་བཅས་པ་སྟེ། དེ་ནི་ཐབས་ཤེས་རབ་མི་ཕྱེད་པའི་བརྡའོ། །ཞབས་གཡས་བརྐྱང་བས་ བདུད་དང་། སྒྲིབ་གཉིས་དང་། མྱ་ངན་ལས་འདས་པ་དམན་པ་གཉིས་ལས་རྒྱལ་བ་ནི་དཔའ་བའོ། །ལོག་པར་ལྟ་བ་ལ་མ་རངས་པས་བཞིན་མི་སྡུག་པ་དང་། ངོ་ཚ་མེད་པའི་འདུག་སྟངས་ནི་མི་སྡུག་པའོ། །རྔམ་པའི་སྒྲས་འགྲོ་བ་འདུལ་བ་ནི་དགོད་པའོ། །སྨིན་མ་གཉེར་བ་དང་མཆེ་བ་ གཙིགས་པ་ལ་སོགས་པས་ཉོན་མོངས་པ་སྐྲག་པར་མཛད་པ་ནི་ཁྲོ་བའོ། །མི་སྡུག་པ་དང་མ་རུངས་པའི་ཐོད་པའི་ཕྲེང་བ་དང་སྟག་གི་པགས་པ་ལ་སོགས་པ་ནི་འཇིགས་སུ་རུང་བའོ། །དེ་ནི་ཤེས་རབ་ཀྱིས་དངོས་པོར་རྟོག་པ་གཅོད་པའི་ཕྱིར་རོ། །འཇིགས་བྱེད་དང་དུས་མཚན་མནན་ ཡང་མ་ཤི་བ་ནི་སྙིང་རྗེའོ། །འགལ་བའི་ཆོས་དང་ལྡན་པས་རྔམ་པ་སྟེ། འདོད་ཆགས་ཀྱིས་འཁྱུད་ལ་ཞེ་སྡང་གིས་མཚོན་བསྣམས་པ་སྟེ་འགལ་བའི་ཆོས་འཆང་བའོ། །སྐུ་དྲང་བ་དང་དང་བ་དང་། སྣུམ་པ་དང་། བརྟགས་ན་ཞི་བ་སྟེ། མདོར་ན་སྤྲོས་པའི་མཐའ་བརྒྱད་དང་བྲལ་ བའོ། །བྱམས་པའི་ཐུགས་དང་ཆོས་ཉིད་མི་འགྱུར་བས་སྐུ་མདོག་མཐིང་གའོ། །རྣམ་རྟོག་བཅོམ་པས་སྟག་གི་པགས་པའོ། །འཇིག་རྟེན་པའི་སེམས་རྣམས་བཅོམ་པས་ཐོད་རློན་གྱི་ཕྲེང་བའོ། །རྣ་ཆ་ནི་བཟོད་པའོ། །གདུ་བུ་ནི་ཚུལ་ཁྲིམས། མགུལ་རྒྱན་ནི་བརྩོན་འགྲུས། སྤྱི་གཙུག་གི་ ནོར་བུ་ནི་སྦྱིན་པའོ། །མཆོད་ཕྱིར་ཐོགས་ནི་བསམ་གཏན་ནོ། །ཐལ་བའི་རྒྱ་ནི་ཤེས་རབ་བོ། །གཅེར་བུ་ཐབས་ཤེས་རབ་གཉིས་མེད་དེ་སྒྲིབ་པ་ལ་སོགས་པ་དང་ལྷན་ཅིག་མི་གནས་པའོ། །དེའི་སྤྱན་སྔར་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ཞེས་བྱ་བ་ལ་སོགས་པ་ལ། སྟོང་པ་ཉིད་ལ་ ཡེ་ཤེས་སྐྱེར་འཇུག་པས་སྐུ་མདོག་དམར་པོའོ། །ཆོས་ཐམས་ཅད་དོན་དམ་པའི་བདེན་པར་རོ་གཅིག་པས་ཞལ་གཅིག་པའོ། །ཤེས་རབ་ཀྱིས་ཐབས་དབང་དུ་བྱས་པས་ཕྱག་གཉིས་པའོ། །ཆོས་ཀྱི་དབྱིངས་ལ་ཡེ་ཤེས་སྐྱེར་འཇུག་པས་སྐྲ་གྲོལ་བའོ། །གསུང་རབ་བཅུ་ གཉིས་ཀྱི་ཆོས་སྟོན་པས་དུམ་བུའི་སྐ་རགས་སོ། །སྙིང་རྗེ་དང་སྟོང་པ་མཚོན་པའི་ཕྱིར་ཁྲག་གིས་བཀང་བའི་ཐོད་པའོ། །སྤྲོས་པས་བསྡིགས་པས་སྡིགས་མཛུབ་དང་། སྤྲོས་པ་གཅོད་པས་གྲི་གུག་གོ། །སྟོང་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་བསྲེགས་པས་བསྐལ་བའི་མེ་ལྟ་བུའི་གཟི་ བརྗིད་དང་ལྡན་པའོ། །འཁོར་བ་བཅོམ་ཞིང་སྤངས་པས་ཁྲག་ལ་དགྱེས་ཤིང་འཛག་པའོ། །ཐབས་ཤེས་རབ་མཉམ་པའི་བསམ་གཏན་དང་ལྡན་པས་བྱིན་པ་གཉིས་འཁྱུད་པས་བདེ་བ་ཆེན་པོའོ། །དཔལ་ཧེ་རུ་ཀ་དང་ཕག་མོ་གཉིས་ཁ་སྦྱར་དུ་བཞུགས་པ་ནི་འདོད་ཆགས་དང་ཞེ་སྡང་ཕན་ཚུན་འཕྲོག་ པའོ། །མཁའ་འགྲོ་མ་ལ་སོགས་པ་བཞི་ཡང་སྒྲུབ་ཐབས་ཇི་ལྟ་བ་བཞིན་དུ་དམིགས་པར་བྱའོ། །དེ་བཞིན་དུ་འཁོར་ལོ་གསུམ་དང་བཀའ་བསྒོ་རྣམས་ཀྱང་སྐུ་མདོག་ལ་སོགས་པ་སྒྲུབ་ཐབས་ལས་བཤད་པ་ལྟར་དམིགས་ཏེ་གོ་སླའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་གཟུགས་ གཉིས་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས་གཟུགས་གཉིས་སོ། །འཆི་བ་བསྲེག་པ་དང་། འཆིར་མི་སྟེར་བ་དང་། འཆི་བ་ཟོས་པ་དང་། འཆི་བ་གཏན་བཅོམ་པ་སྟེ། འཆི་བ་ནི་འདིར་རྟོག་པའི་འཆི་བ་དང་། མྱ་ངན་ལས་འདས་པའི་འཆི་བའོ། །གཉིས་སུ་མེད་པའི་ ཡེ་ཤེས་དང་། རིགས་དྲན་པའི་ཕྱིར་དཔྲལ་བར་རྡོ་རྗེའི་ཕྲེང་བའོ། །དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷ་དང་སྦྱར་བ་ནི། དཔལ་ཧེ་རུ་ཀའི་ལྷ་རྣམས་ཆོས་ཀྱི་སྐུའི་རང་བཞིན་དུ་བསྟན་པ་དང་། དེར་ཞེན་པ་བཟློག་པ་དང་། སྒྱུ་མ་དང་སྟོང་པ་གཉིས་མེད་མཚོན་པ་དང་། ཅིག་ཅར་ལམ་དུ་བྱས་པས་ཐེག་པའི་ཁྱད་པར་རོ། །འདིར་རྣལ་འབྱོར་པས་ཕུང་པོ་ལྔ་སྒྱུ་མ་ལྟར་སྐྱེ་མེད་དུ་ཤེས་ལ། དེའི་དོན་མ་བརྗེད་པ་ནི་དྲན་པ་ཉེ་བར་གཞག་པ་སྟེ། དེ་ཉིད་མཁའ་འགྲོ་མ་བཞིའོ། །ཤེས་རབ་དེ་བརྩོན་འགྲུས་ཀྱི་གྲོགས་དང་བཅས་པས་ནི་དགེ་བའི་ཆོས་མ་ སྐྱེས་པ་བསྐྱེད་ལ། སྐྱེས་པ་བསྲུང་བ་དང་། མི་དགེ་བའི་ཆོས་སྐྱེས་པ་སྤོང་བ་དང་། མ་སྐྱེས་པ་མི་བསྐྱེད་པ་སྟེ་དེ་ནི་མཚམས་མ་བཞིའོ། །ཤེས་རབ་དེ་ཏིང་ངེ་འཛིན་གྱིས་གྲོགས་བྱས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། རབ་གཏུམ་མོ་ལ་སོགས་པའོ། །སྙིང་རྗེ་ཤེས་རབ་དབྱེར་ མེད་པའི་བྱང་ཆུབ་ཀྱི་སེམས་དེ་དབང་པོ་ལྔས་དབང་བྱས་པས་བརྟན་པའི་བློ་མ་ལ་སོགས་པ་ལྔའོ། །ལྔ་པོ་དེ་མཐར་ཐུག་པ་ལ་སྟོབས་ཞེས་བྱ་སྟེ། དེ་ནི་འཇིགས་བྱེད་ཆེན་མོ་ལ་སོགས་པ་དེ་མཐར་ཐུག་པའི་འབྲས་བུ་ཏིང་ངེ་འཛིན་རྩེ་གཅིག་པ་ཉིད་བྱང་ཆུབ་ཀྱི་རྒྱུའམ་མཚན་ཉིད་དེ། དེ་ནི་ཧ་ཡ་ ཀརྞའོ། །དེ་ལེ་ལོའི་སྐབས་མི་འབྱེད་པ་དང་། དགེ་བ་ཡོངས་སུ་འཛིན་པ་དང་། དེ་ལ་སེམས་ལས་སུ་རུང་བ་དང་བདག་མེད་པའི་རང་བཞིན་ངེས་པར་འཛིན་པ་དང་། བརྗེད་པ་མེད་པའི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་ཁ་ག་ན་ལ་སོགས་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་དོན་ཕྱིན་ཅི་ མ་ལོག་པར་རྟོགས་པ་དང་། བརྩམས་པ་མཐར་ཕྱིན་པར་བྱེད་པ་དང་། བརྫུན་དང་བྲལ་བ་དང་། དགེ་བ་བཅུ་དང་བྱང་ཆུབ་ཀྱི་སེམས་ལས་མི་འདའ་བར་རིམ་གྱིས་སྤྱོད་པ་དང་། གཞན་ལ་ཐོ་འཚམས་པ་མེད་པར་འཚོ་བ་དང་། བྱང་ཆུབ་སེམས་ལ་རྩོལ་བ་དང་། སངས་རྒྱས་ཀྱི་གསུང་ རྗེས་སུ་དྲན་པ་དང་། དཔལ་ཧེ་རུ་ཀ་ཟུང་འཇུག་གི་སྐུ་ལ་དམིགས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཅན་གྱི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་ནང་ལུས་ཀྱི་དཀྱིལ་འཁོར་ལ་བསྒོམ་པ་བསྟན་པའི་ཕྱིར། སྐུ་ཡི་དཀྱིལ་འཁོར་མཆོག་ གྱུར་པ། །ཞེས་བྱ་བ་ལ་སོགས་པ་ལ། སྐུ་ནི་དཔལ་ཧེ་རུ་ཀར་གྱུར་པའི་ལུས་ལ་གནས་པའི་མཁའ་འགྲོ་མ་རྣམས་སོ། །གནས་ཀྱི་རིམ་པ་ནི་ཉི་ཤུ་རྩ་བཞིའོ། །ས་བཅུ་ནི་གོ་བར་ཟད་དོ། །མགོ་བོ་ལ་སོགས་པའི་གནས་དེ་རྣམས་སུ་མཁའ་འགྲོ་མ་རྣམས་སྐད་ཅིག་གིས་བསྒོམ་པར་བྱའོ། ། སེམས་ལ་རྟེན་མེད་པས་ནམ་མཁའ་ལ་རྒྱུ་བའོ། །ཚོགས་པའི་དངོས་གྲུབ་ལ་བརྟེན་པས་ས་ལ་སྤྱོད་པའོ། །སྤྲུལ་པའི་འཁོར་ལོ་ལ་བརྟེན་པས་ས་འོག་ན་གནས་པའོ། །དེ་ནས་སོ་དང་སེན་མོ་ལ་ནི་ཁཎྜ་ཀ་པཱ་ལའོ་ཞེས་བྱ་བ་ལ་སོགས་པས་ཁམས་ཉི་ཤུ་རྩ་བཞིའི་རྡུལ་རྣམས་དཔའ་བོ་ ཉི་ཤུ་རྩ་བཞིར་དག་པར་སྐད་ཅིག་གིས་བསམ་པར་བྱའོ། །དཔའ་བོའི་རྩ་བའི་སྔགས་སོགས་གང་ནི་ཀ་ར་ཀ་ར་སྟེ་དེ་ལས་མཆོད་ཕྱིར་ཐོགས་བསམ་པའོ། །དཔའ་བོའི་གོ་ཆ་ནི་ཨོཾ་ཧ་ལ་སོགས་པ་སྟེ། དེ་ལས་ཕྱག་རྒྱ་དྲུག་བསྐྱེད་པར་བྱའོ། །རྡོ་རྗེ་ཕག་མོ་སྔགས་ གང་ནི་སྔགས་རིགས་ཏེ། དེ་ལས་མགུལ་རྒྱན་བསྐྱེད་པར་བྱའོ། །དཔའ་བོའི་སྙིང་པོའི་སྔགས་ནི་ཡི་གེ་ཉི་ཤུ་རྩ་གཉིས་པ་སྟེ། དེ་ལས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ། །གསང་སྔགས་ཡི་གེ་བདུན་ནི་ཨོཾ་ཧྲཱིཿལ་སོགས་པ་སྟེ་དེས་རྣ་བའི་རྒྱན་བསྐྱེད་པར་བྱའོ། །སངས་རྒྱས་ཀུན་གྱི་ མཁའ་འགྲོ་ནི། །ཨོཾ་སརྦྦ་བུདྡྷ་ལ་སོགས་པ་སྟེ་དེས་གླང་པོའི་པགས་པ་བསྐྱེད་པར་བྱའོ། །རྣལ་འབྱོར་མ་དྲུག་གི་སྔགས་ནི་ཨོཾ་བཾ་ལ་སོགས་པ་སྟེ་དེས་སྐ་རགས་བསྐྱེད་པར་བྱའོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་ནི་སུམ་ཅུ་རྩ་བདུན་ནོ། །སྔགས་ནི་ཨོཾ་པྲ་ཙཎྜེ་ལ་སོགས་པ་སྟེ། དེས་ མཁའ་འགྲོ་མ་རྣམས་ཀྱི་ཕྱག་གི་ཐོད་པ་བསྐྱེད་པར་བྱའོ། །བཻ་རོ་ཙ་ནའི་སྔགས་ཨོཾ་བཛྲ་བཻ་རོ་ལ་སོགས་པ་སྟེ་དེས་ཐོད་པའི་ཕྲེང་བ་བསྐྱེད་པར་བྱའོ། །དེ་ལྟར་སྔགས་རྣམས་ལས་རྒྱན་བསམ་པ་ནི། རྣལ་འབྱོར་པ་དེའི་ཡིད་ལོག་པར་གཡོ་བ་ལས་སྐྱོབ་པ་དང་། སྔགས་དང་ལྷ་རྒྱུ་འབྲས་ཐ་མི་ དད་པ་དང་ལྷའི་ང་རྒྱལ་བརྟན་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་མ་རྣམས་ཀྱི་སྔགས་ལ་ཕྱག་གི་ཐོད་པ་བསྐྱེད་པ་ནི་ལྷ་དེ་ཐམས་ཅད་བདག་མེད་པར་བསྟན་པ་དང་། ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བསྟན་པའི་ཕྱིར་རོ། །ད་ནི་བསྐྱེད་པའི་རིམ་པ་དེ་དག་གི་བསྡུ་བའི་མན་ངག་བསྟན་པའི་ཕྱིར། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །ཞེས་བྱ་བ་ལ་སོགས་པ་ལ། སྐད་ཅིག་གིས་ནི་སྐུ་གཅིག་འགྱུར་ནི་སྟོང་པ་ཉིད་སྔོན་དུ་སོང་བའི་བྱང་ཆུབ་པ་ལྔ་ལས་རྟེན་དང་བརྟེན་པའི་ལྷ་དུས་གཅིག་ལ་གྲུབ་པའོ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་བདག་ནི་དཔལ་ཧེ་རུ་ཀའི་མཚན་ཉིད་ཚང་བར་དམིགས་ པའོ། །སྐད་ཅིག་ཕྱག་རྒྱའི་རྣམ་པ་ཅན་ནི་ཡུམ་གསལ་བར་དམིགས་པའོ། །སྐད་ཅིག་གིས་ནི་སྐུ་འཆང་ཞིང་། །ཞེས་པ་ནི་ཡེ་ཤེས་སེམས་དཔའ་དང་། ཀུན་ནས་ཀུན་དུ་སྐད་ཅིག་ནི་ཏིང་ངེ་འཛིན་སེམས་དཔའོ། །སྐད་ཅིག་གིས་ནི་གསང་སྔགས་འདོན་པ་ནི་སྐུ་གསུང་ཐུགས་ལ་ གནས་པའི་ཡི་གེ་གསུམ་སྐད་ཅིག་ལ་གྲུབ་པའོ། །མགོ་བོ་དང་། ལྐོག་མ་དང་། སྙིང་གར་ཨོཾ་དཀར་པོ་དང་། ཨཱཿདམར་པོ་དང་། ཧཱུཾ་སྔོན་པོའོ། །དེ་ནས་ཡི་གེ་བཞིའི་འོད་ཀྱིས་སྐུ་གསུང་ཐུགས་དང་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་སོ་སོ་ལ་ཐིམ་པར་བསམས་ཏེ། སྔགས་ ཀྱིས་དེའི་ང་རྒྱལ་བརྟན་པར་བྱའོ། །དེ་ནས་སྔར་བཞིན་ཕུང་པོ་ལ་སོགས་པ་ལྷར་བསམ་པར་བྱའོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་བྱང་ཆུབ་པ་ཞེས་བྱ་སྟེ། དེ་ལས་འདིར་ཆོས་ནི་ཕུང་པོ་ལ་སོགས་པའོ། །དབྱིངས་ནི་རྒྱུའི་དོན་ཏེ་རྟོགས་པའི་རྒྱུ་དང་། མི་རྟོགས་ པའི་རྒྱུའོ། །རྣམ་པར་དག་པ་ནི་ཀུན་རྫོབ་ཀྱི་དག་པ་དང་། དོན་དམ་པའི་དག་པའོ། །ཡེ་ཤེས་ལས་ཞེས་བྱ་བ་ནི་ཡེ་ཤེས་ལྔའོ། །བྱང་ཆུབ་པ་ནི་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་བཞིན་དུ་སེམས་སྣང་བའོ། །དེ་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་ཞེས་བྱ་སྟེ། འདིར་ས་མ་ཡ་སཏྭ་ཡའི་རྐྱེན་མི་སྣང་བར་བྱས་ནས་ས་མ་ཞེས་བྱ་བའི་སྒྲ་ནི་མཉམ་པ་ལ་འཇུག་སྟེ། ཅིར་མཉམ་ཞེ་ན། བདག་དང་ཁམས་གསུམ་པ་རྣམས་ཀུན་རྫོབ་ཏུ་ལྷར་མཉམ་ལ། དོན་དམ་པར་སྐྱེ་མེད་དུ་མཉམ་པའོ། །ཡའི་རྐྱེན་བྱིན་ན་འདའ་བར་མི་བྱ་བ་སྟེ་མཉམ་ཉིད་ལས་ སོ། །སཏྭ་སྟེ་བདེན་པ་གཉིས་མཉམ