Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 22

Văn bản gốc(Tây Tạng)

Trang 9 / 24 (50.000 ký tự/trang)
་གྱུར་ཅིག །ཅེས་བྱ་བ་ནི་སྨོན་ལམ་མོ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅི་ལྟར་
མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འགྲོ་བའི་དོན་དུ་གཤེགས། །མུཿཞེས་པས་ནི་གཤེགས་སུ་གསོལ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཨུཏྤལའི་ཕྱག་རྒྱ་བཅས་
ལ་གཏོར་མ་བཏང་ངོ་། །དཔལ་རྗེ་བཙུན་ཧེ་རུ་ཀའི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་བྲམ་ཟེ་བྷྲྀངྒ་རའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་གཞོན་ནུ་བུམ་པའི་ཞབས་ཀྱིས་བསྒྱུར། སླད་ཀྱི་པཎྜི་ཏ་སུ་མ་ཏི་ཀཱི་རྟིའི་ཞལ་སྔ་ནས།
ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏིག་བྱས་པའོ།། ༄༅༅། །རྒྱ་གར་སྐད་དུ། སཔྟ་ཨ་ཀྵ་ར་སཱ་དྷ་ན། བོད་སྐད་དུ། ཡི་གེ་བདུན་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཀུན་དུ་རྟོག་པ་ཡོངས་སུ་སྤངས་པའི་ཆོས་སྐུར་

གང་གསུངས་དང་། །དཔེ་མེད་བདེ་བ་རྩལ་གྱིས་མཛེས་པ་ལོངས་སྤྱོད་རྫོགས་སྐུ་དང་། །གང་གི་གནས་ལ་ཕན་པར་མཛད་པ་ལས་ནི་སྤྲུལ་པའི་སྐུ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེ་ཡིས་ཁྱེད་ལ་བདེ་ལེགས་ཤོག །གང་གི་ཕྱག་ན་ཁ་ཊྭཱཾ་ག་དང་ཌ་མ་རུས་ནི་ཆེར་སྒྲོགས་པ་
ཡིས་གར་མཛད་གང་། །འཇིག་རྟེན་གསུམ་པ་འགུལ་བཞིན་པ་ཡིས་རི་ཡི་རྩེ་མོ་བསྐྱོད་པས་ཆུ་ཡི་ཕུང་པོ་འཁྲུགས། །མཛེས་པའི་སྤྱན་དང་ཞལ་རྣམས་མངའ་བས་ཞབས་མནན་རྒྱ་མཚོ་ནང་གི་ས་ནི་དམར་གྱུར་པ། །རྣལ་འབྱོར་མ་ཡི་ཚོགས་ལྡན་དཔལ་ལྡན་ཁྲག་འཐུང་འདི་དེ་
ས་སྟེངས་རྟག་ཏུ་རྒྱལ་གྱུར་ཅིག །ཞལ་གསུམ་ཕྱག་དྲུག་སྔོན་པོ་ལ། །རང་སྣང་ཤེས་རབ་ལུས་འཇར་བ། །ཧཱུཾ་སྐྱེས་ལྷ་མོ་དྲུག་གི་མགོན། །བཏུད་ནས་སྒྲུབ་ཐབས་བྲི་བར་བྱ། །རྣལ་འབྱོར་པ་སྔ་བར་ལངས་ལ། དམ་ཚིག་གི་རིལ་བུ་ཁར་བཅུག་ནས། རི་བོ་དང་ཚང་ཚིང་
ལ་སོགས་ཉམས་དགའ་བའི་གནས་སུ་སྣ་ཚོགས་རྡོ་རྗེའི་གདན་ལ་འདུག་སྟེ། སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་སྔོན་པོ་བལྟས་ལ་ཡི་གེ་ཧཱུཾ་དེ་ལས་འོད་ཟེར་རྣམ་པ་ལྔ་ནམ་མཁའི་ཁོངས་སུ་ཁམས་གསུམ་པ་མངོན་པར་ཁྱབ་པར་ཀུན་ནས་སྤྲོས་ཏེ། འོད་ཟེར་དེ་རྣམས་
ཀྱིས་འོག་མིན་གྱི་གནས་ན་བཞུགས་པའི་བཅོམ་ལྡན་འདས་འཆད་བཞིན་པའི་མདོག་དང་ཕྱག་དང་མཚོན་ཆ་དང་། རྣལ་འབྱོར་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཏིལ་གྱི་གང་བུ་ལྟ་བུ་སྤྱན་དྲངས་ནས། ནམ་མཁའི་ཕྱོགས་སུ་མདུན་དུ་ཡང་དག་པར་བཞུགས་སུ་
གསོལ་ལ། འོད་ཟེར་དེ་རྣམས་ཀྱང་རང་གི་ས་བོན་ལ་བསྡུའོ། །དེ་ནས་རང་གི་ས་བོན་ལས་ཡང་དག་པར་སྤྲོས་པའི་ཕྱི་དང་། ནང་དང་། གསང་བ་དང་། དེ་ཉིད་མཆོད་པའི་ཁྱད་པར་རྣམས་ཀྱིས། བཅོམ་ལྡན་འདས་དང་རྣལ་འབྱོར་མ་དང་། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་རྣམས་ཆོ་ག་ཇི་ལྟ་བར་མཆོད་པར་བྱ་ཞིང་ཕྱག་འཚལ་ལོ། །དེ་ནས་དེ་རྣམས་ཀྱི་སྤྱན་སྔར་སྡིག་པ་བཤགས་པ་དང་། སྡིག་པ་མི་བྱ་བའི་ཕྱིར་བསྡམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་

འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བདག་གིས་དངོས་པོ་དབུལ་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་བྱས་ནས། དེའི་འོག་ཏུ་ཚངས་པའི་གནས་བཞི་བསྒོམ་མོ། །དེ་ནས་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་དེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་
བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་སྡུད་པར་བྱེད་པའི་སྔགས་ཀྱི་དེ་ཁོ་ན་མངོན་དུ་བྱེད་ཅིང་། དེ་མ་སྐྱེས་མ་འགགས་པ་འོད་གསལ་བའི་ཏིང་ངེ་འཛིན་ལ་ཡུད་ཙམ་རབ་ཏུ་མི་གནས་པའི་ངོ་བོར་ཡང་དག་པར་གནས་པར་བྱའོ། །དེ་ནས་སྔར་གྱི་སྨོན་ལམ་གྱི་ཤུགས་ཀྱིས་
ནུས་པས་འོད་གསལ་བའི་གནས་ལས་ལངས་ལ། རྨི་ལམ་དང་སྒྱུ་མ་ལྟ་བུ་སྣ་ཚོགས་ལ་བལྟ་ཞིང་། འགྲོ་བའི་དོན་དུ་བདག་ཉིད་དཔལ་ཧེ་རུ་ཀ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ། །ཡཾ་རཾ་བཾ་ལཾ་ཡོངས་སུ་གྱུར་པ་ལས་གཞུ་དང་ཟུར་གསུམ་པ་དང་ཟླུམ་པོ་དང་གྲུ་བཞི་པ་སྔོན་པོ་དང་དམར་པོ་
དང་དཀར་པོ་དང་སེར་པོ་འབྱུང་བ་བཞིའི་དཀྱིལ་འཁོར་གོང་ནས་གོང་དུ་བལྟའོ། །དེའི་སྟེང་དུ་ཡི་གེ་སུཾ་ལས་བྱུང་བའི་རི་རབ་གྲུ་བཞི་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྩེ་མོ་བརྒྱད་ཀྱིས་ཉེ་བར་མཛེས་པའོ། །དེའི་སྟེང་དུ་ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་
ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། སྔགས་ཀྱི་ཚིག་དེ་དག་གིས་རྡོ་རྗེའི་ས་གཞི་ལ་སོགས་པ་རྣམ་པ་དྲུག་བྱས་ལ། དེའི་ནང་གྲུ་བཞི་ལ་སོགས་པའི་ཁང་པ་བརྩེགས་མ་རྣམ་པར་བསྒོམ་པར་བྱའོ། །དེའི་དབུས་སུ་སྣ་ཚོགས་པདྨ་ལ་
གནས་པའི་འཁོར་ལོ་རྩིབས་དྲུག་པ་རྡོ་རྗེ་དང་པདྨ་འཁོར་ལོའི་ཕྲེང་བས་ཡོངས་སུ་བསྐོར་བར་བསམ་མོ། །དེའི་ནང་དུ་པདྨའི་ལྟེ་བ་ལ་གནས་པ། རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ། ཨ་ཚར་དང་ཀ་ཚར་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་ཁ་སྦྱར་བའི་དབུས་ན་གནས་པའི་ཡི་གེ་
ཧཱུཾ་སྔོན་པོ་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་ཉིད་བསྒོམ་མོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཧཱུཾ་ལས་བྱུང་བ་ཕག་མོ་ལ་འཁྱུད་པ་བདེ་བ་ཆེན་པོ་མན་ངག་ཇི་ལྟ་བ་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད། ཕྱག་དྲུག་པ་ཞལ་

གསུམ་པ། རྩ་བ་དང་གཡས་དང་གཡོན་ནག་པོ་སེར་པོ་དང་ལྗང་གུ། སྤྱན་གསུམ་པ་ཁྱབ་བདག་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་འཁྱུད་པའི་ཕྱག་དག་གིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཕྱག་ཅིག་ཤོས་དག་གིས་སྟེང་ནས་མིའི་པགས་པ་འཕྱང་བ། ཕྱག་གཡོན་ན་ཁ་ཊྭཱཾ་ག་
བརྟེན་པ་དང་ཐོད་པ་ཁྲག་གིས་གང་བ་ཅན། གཡས་པས་མདུང་རྩེ་གསུམ་པ་འཛིན་པ། ཐོད་པའི་རྒྱན་འབར་བ། ཕྱག་རྒྱ་དྲུག་གིས་རྣམ་པར་ཀླུབས་པ། རྐེད་པར་སྟག་གི་པགས་པའི་ན་བཟའ་གསོལ་བ། རལ་པའི་ཚོགས་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་བརྒྱན་པ་སྟེ། སྣ་ཚོགས་པདྨ་དང་
ཉི་མའི་དབུས་ན་གནས་པའི་སྲིད་པ་དང་མྱ་ངན་ལས་འདས་པའི་རང་བཞིན་འཇིགས་བྱེད་དང་། དུས་མཚན་མོའི་མགོ་བོའི་རྣ་བ་གཡོན་པ་དང་ནུ་མ་གཡས་བརྐྱང་བའི་ཞབས་ཀྱིས་མནན་པར་བསྒོམ་མོ། །མགོན་པོ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་ཕག་མོའི་མདོག་དང་ཕྱག་ལ་སོགས་པ་ཡིན་ནོ། །འོན་ཀྱང་མིའི་
པགས་པ་སྤངས་ནས་ཕྱག་དེ་དག་གིས་མདའ་དང་གཞུ་འཆང་བས་ཏེ། ལྷ་མོ་ནི་བཅོམ་ལྡན་འདས་ལ་པུས་མོ་གཉིས་ཀུན་ནས་འཁྱུད་དེ་མཆོག་ཏུ་དགའ་བས་མྱོས་པར་བསམ་མོ། །དེ་ནས་རྩིབས་དྲུག་པོ་དག་ལ་ཡང་གཡོན་སྐོར་དུ་ལྷ་མོ་དྲུག་བལྟའོ། །དེ་ལ་ཤར་གྱི་རྩིབས་ལ་ཡི་གེ་ཕཊ་
ལས་བྱུང་བ་དང་པོ་ལྷ་མོ་དཔལ་ཁྲག་འཐུང་མ་མདོག་སྔོན་མོ། རྩིབས་གཞན་ལ་ཡི་གེ་ཧཱུཾ་ལས་བྱུང་བ་གཉིས་པ་རྡོ་རྗེ་འཇིགས་བྱེད་མ་མདོག་སེར་མོ། རྩིབས་གཞན་ལ་ཡི་གེ་ཧ་ལས་སྐྱེས་པ་གསུམ་པ་གཏུམ་དྲག་མོ་མདོག་དམར་བ། རྩིབས་གཞན་ལ་ཡི་གེ་ཧ་ལས་བྱུང་བ་རྡོ་རྗེ་
སྣ་ཕྱེད་མ་ལྗང་གུ། རྩིབས་གཞན་ལ་ཡི་གེ་ཧྲིཿལས་ཡང་དག་པར་སྐྱེས་པ་ལྔ་པ་རྡོ་རྗེ་དྲག་མོ་དུ་བའི་མདོག །རྩིབས་གཞན་ལ་ཡི་གེ་ཨོཾ་ལས་གྲུབ་པ་དྲུག་པ་རྡོ་རྗེ་མཁའ་འགྲོ་མ་མདོག་དཀར་མོའོ། །ལྷ་མོ་དེ་དག་ཞལ་གཅིག་མ་ཕྱག་བཞི་མ་གཉིས་ཀྱིས་ཌ་མ་རུ་དང་དྲིལ་བུ་སྒྲ་སྒྲོགས་ཤིང་
འཛིན་པ། དེ་ལས་གཞན་པ་དག་གིས་མིའི་པགས་པ་སྟེང་ནས་འཛིན་པ། ཐམས་ཅད་དྲག་མོ་ཆེན་མོ་སྤྱན་གསུམ་མ། སྐྲ་བཤིག་མ། ཕྱོགས་ཀྱི་གོས་ཅན་ཡི་དགས་དང་ཉི་མའི་སྟེང་ན་གནས་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན། གཡོན་བརྐྱང་བས་གདན་ལ་བཞུགས་པ། ཕྱག་

རྒྱ་ལྔ་འཆང་བ། དངོས་གྲུབ་ཉེ་བར་མཛད་མ་རྣམས་བསམ་མོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་སྙིང་གའི་ས་བོན་ལས་རྣམ་པར་བྱུང་བའི་འོད་ཟེར་རྣམས་དང་། ཡི་གེ་ཛཿཡིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་། ཡི་གེ་ཧཱུཾ་གིས་དམ་ཚིག་གི་འཁོར་ལོར་ཆུ་ལ་ཆུ་བཞིན་དུ་གཞུག་སྟེ།
ཡི་གེ་བཾ་གྱིས་འཆིང་བ་དང་། ཡི་གེ་ཧོཿཡིས་མཉེས་པར་བྱའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་བསམས་ནས། ལཾ་མཾ་པཾ་ཏཾ་ཁཾ་ཞེས་བྱ་བ་རྣམས་ཀྱིས་ཁམས་ལྔ་བྱིན་གྱིས་བརླབ་བོ། །ཡི་གེ་ཨོཾ་ཨཱཾ་ཧྲི་ཧོ་ཧཱུཾ་ཧི་རྣམས་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཀྱང་ངོ་། །ཡི་གེ་བྷྲཱུཾ་ཧཱུཾ་ཁཾ་ཨ་
ཧཾ་ཧེ་རྣམས་ཀྱིས་སྐྱེ་མཆེད་རྣམས་སྦྱང་ངོ་། །དེ་ནས་ལྷ་དྲུག་གི་བདག་ཉིད་ཀྱི་གོ་ཆ་རྣམས་ཀྱིས་བདག་ཉིད་བགོ་སྟེ། ཨོཾ་ཧ་སྙིང་གར། ན་མ་ཧི་མགོ་བོ་ལ། སྭཱ་ཧཱ་ཧུ་སྤྱི་གཙུག་ཏུ། བཽ་ཥཊ་ཧེ་ཕྲག་པ་གཉིས་ལ། ཧཱུཾ་ཧཱུཾ་ཧོ་མིག་དག་ལ། ཕཊ་ཧཾ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །ལྷ་མོ་དྲུག་གི་དག་པའི་སྔགས་
ཀྱི་ཚིག་རྣམས་ཀྱིས་བཅོམ་ལྡན་འདས་མ་གོ་བགོ་སྟེ། ཨོཾ་བཾ་ལྟེ་བར། ཧཾ་ཡོཾ་སྙིང་གར། ཧྲིཾ་མོཾ་ཁ་ལ། ཧྲེཾ་ཧྲིཾ་སྤྱི་བོར། ཧཱུཾ་ཧཱུཾ་སྤྱི་གཙུག་ཏུ། ཕཊ་ཕཊ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །དེའི་རྗེས་ལ་བཅོམ་ལྡན་འདས་མའི་སྐུ་དང་གསུང་དང་ཐུགས་ཀྱི་ལམ་དག་ལ་ཨོཾ་ཨཱཿཧཱུཾ་དགོད་དོ། །དེ་ནས་རང་གི་སྙིང་
གའི་ས་བོན་ལས་རྣམ་པར་བྱུང་བའི་འོད་ཟེར་རྣམས་ཀྱིས་བསྐུལ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། དབང་བསྐུར་བར་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ་ཞེས་སོ། །དེ་བཞིན་གཤེགས་པ་སངས་རྒྱས་རྣམས་ཀྱི་
སྤྲུལ་པའི་གཟུགས་དུ་མ་ལ་སོགས་པས་བདུད་རྩི་ལྔས་བཀང་པའི་བུམ་པ་ལག་ན་ཐོགས་པ་དབང་བསྐུར་བའི་ཚུལ་དུ་བྱེད་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་སྦྱིན། །ཨོཾ་སརྦྦ་ཏ་
ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བརྗོད་ནས་དབང་བསྐུར་བ་ན་སེམས་ཀྱི་དབང་བདག་ཅོད་པན་དུ་གྱུར་པར་བྱའོ། །ཞེ་སྡང་དང་ཕྲ་མ་དང་ཕྲག་དོག་དང་འདོད་ཆགས་དང་གཏི་མུག་དང་ཆོས་ཀྱི་དབྱིངས་ཀྱི་ཅོད་པན་རྣམས་ལྷ་མོ་རྣམས་ལ་རིམ་པ་ཇི་ལྟ་བར་འཁྲུང་བ་ཞེས་བསམ་མོ། །ཡི་གེ་ཧཱུཾ་ལས་

སྐྱེས་པའི་རྡོ་རྗེ་དང་། ལྷ་མོ་ལ་ཡི་གེ་ཨེ་ལས་སྐྱེས་པའི་པདྨ་འདབ་མ་གསུམ་པར། ཨ་ལས་སྐྱེས་པའི་སྙིང་པོ། ཨོཾ་ལས་སྐྱེས་པའི་ཟེའུ་འབྲུ་བསྒོམ་མོ། །རྡོ་རྗེ་ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་དྲངས་པའི་པདྨའི་སྣ་རྩེར་མྱོས་བྱེད་ཤིན་ཏུ་མྱོས་པར་རྗེས་སུ་ཆགས་པར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་
ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྒྲ་རྣམས་ཀྱིས་བསྐུལ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་ཏེ་རྗེས་སུ་ཆགས་པར་བྱས་ནས་སྙིང་གར་ཞུ་བར་བྱས་ལ། རྡོ་རྗེའི་ལམ་ནས་པདྨའི་ལྟེ་བར་སྤྲོ་བར་བྱའོ། །མཆོད་པའི་ལྷ་མོ་བཅུ་དྲུག་པ་བ་སྤུའི་ཁུང་བུའི་རྩེ་མོའི་མཚམས་
རྣམས་ཀུན་ནས་སྤྲོས་ལ། ཆོ་ག་བཞིན་དུ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དབུལ་ལོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་ཨཉྩ་མ་ཎཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཕྱི་ནས་མཁའ་འགྲོ་མ་རྣམས་ཀྱིས་དྲི་རྣམས་དང་མེ་ཏོག་རྣམས་ཀྱིས་མཆོད་པར་
བྱ་ཞིང་བསྟོད་པར་བྱའོ། །དེ་ནས་བདུད་རྩི་མྱང་བ་བསམ་པར་བྱ་སྟེ། ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་མགོ་བོ་གསུམ་ལ་གནས་པ་ཡི་གེ་ཨ་དམར་པོ་ལས་སྐྱེས་པ་པདྨའི་སྣོད། དེའི་དབུས་སུ་བྷྲཱུཾ་ཏྲཱཾ་ཛྲཱྀཾ་ཁཾ་
ཧཱུཾ་ལཾ་མཾ་པཾ་ཏཾ་དེ་དག་ཡོངས་སུ་གྱུར་པས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རང་རང་གི་ས་བོན་གྱིས་མཚན་པ་དེའི་ཁ་ཆོད་ཡི་གེ་ཨོཾ་དེའི་སྟེང་དུ་ཡི་གེ་ཨཱཿལས་སྐྱེས་པའི་རི་བོང་ཅན། དེ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ས་བོན་དེས་མཚན་པའོ། །རླུང་གིས་མེ་སྦར་ཏེ་སྐྱེས་པས་དག་པ་དང་། དེ་བཞིན་གཤེགས་
པ་ཐམས་ཅད་དང་ཡི་གེ་ཨོཾ་དང་ཟླ་བ་དང་རྡོ་རྗེ་རྣམས་ཞུ་བར་གྱུར་ནས་ཐོད་པ་དེར་ལྷུང་བ་དང་། དེ་ལས་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ལ། ལྷ་ཐམས་ཅད་ཀྱི་བདུད་རྩི་བཀུག་ནས་དེ་ཉིད་དུ་གཞུག་གོ། །འདི་ཉིད་ཀྱིས་བྱིན་གྱིས་བརླབས་ལ་ལྕེའི་རྩེ་མོར་ཧཱུཾ་ལས་བྱུང་བ་ནས་ཀྱི་འབྲས་བུའི་ཚད་རྡོ་རྗེ་དཀར་
པོ་སྟེ། རྡོ་རྗེའི་སྦུ་གུས་བདུད་རྩི་དེ་མྱང་བར་བྱའོ། །བཅོམ་ལྡན་འདས་དང་ལྷ་མོའི་ཚོགས་ལ་ཞལ་དུ་སྦྱིན་པར་བྱའོ། །དེ་ནས་བསམ་གཏན་གྱིས་སྐྱོན་བདེ་མཆོག་གི་ང་རྒྱལ་འཆང་ཞིང་སྔགས་བཟླས་ཏེ། དེ་ལ་འདི་ནི་སྔགས་ཏེ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། བཟླས་པས་སྐྱོན་དག་པ་དྲན་པར་བྱ། དྲན་

པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་ཧེ་རུ་ཀའོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་ཁྲག་འཐུང་མའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་རྡོ་རྗེ་འཇིགས་བྱེད་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་
ཡན་ལག་ནི་རྡོ་རྗེ་སྣང་བྱེད་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་དྲག་མོའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྡོ་རྗེ་མཁའ་འགྲོ་མའོ། །མགུལ་ཆུ་དང་གདུ་གུ་དང་དཔུང་རྒྱན་དང་གདུབ་ཀོར་དང་ཐལ་བ་དང་སྐུད་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་
པར་རྟོགས་པར་བྱའོ། །གཏོར་མ་ཉེ་བར་སྦྱོར་བ་སྔོན་དུ་འགྲོ་བར་ཐུན་གསུམ་དུ་བཅོམ་ལྡན་འདས་བསམ་པར་བྱའོ། །དེ་ལ་འདི་ནི་གཏོར་མའི་རིམ་པ་ཡིན་ཏེ། རྣལ་འབྱོར་གཡས་བརྐྱང་པའི་ཞབས་ཀྱིས་གནས་པ། གནས་མཐོན་པོ་ལ་བརྟེན་ཞིང་ཁ་ལྷོར་བལྟས་པ་གཅེར་བུ་སྐྲ་བཤིག་པས་
ནམ་ཕྱེད་ན་རྐང་པ་མནན་ཅིང་གྱེན་དུ་བལྟ་བ། གྱེན་དུ་ཕེཾ་ཞེས་སྒྲོགས་པས་འབར་བའི་ཕྱག་རྒྱ་བྱས་ནས་བསྐོར་ཞིང་བསྐོར་བས་དཔའ་བོ་དང་རྣལ་འབྱོར་མ་བཀུག་ལ། དེའི་རྗེས་ལ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་བྱས་ནས། ཨོཾ་ཨཱཿབཛྲ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཡ་ཧོཿདེ་ལྟར་
ལན་གཅིག་གཉིས་གསུམ་བཞི་ལྔར་བརྗོད་ལ་སྔགས་བཟླའོ། །དེའི་རྗེས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་སཾ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད། ཨ་པསྨ་ར་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཾ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ། པྲ་ཡཙྪནྟུཡ་ཐཻ་བཾ། ཡ་ཐེཥྚཾ། བྷུཉྫ་ཐ། པི་བ་ཐ། ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་
སརྦྦ་ཀཱརྟ་ཡ། སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདིས་གཏོར་མ་སྦྱིན་ནོ། །གཏོར་མ་བྱིན་ནས་ངག་ཇི་ལྟ་བ་བཞིན་དུ་བསྡུ་བ་བྱས་ནས། རྣལ་འབྱོར་པས་དཔལ་འཁོར་ལོ་བདེ་མཆོག་གི །གཟུགས་ཀྱི་དབང་པོའི་སྤྱོད་ཡུལ་དུ་སྣང་བའི་རྣམ་པ་མ་བཟློག་པར་འགྲོ་བ་སྒྱུ་མ་ལྟ་བུར་
མོས་ཤིང་ཅི་ལྟར་བདེ་བར་གནས་པར་བྱའོ། །ཡི་གེ་བདུན་པའི་སྒྲུབ་ཐབས་གང་། །གཉིས་མེད་གཉིས་སུ་མེད་པས་བྱས། །དགེ་བ་ཐོབ་པ་གང་ཡིན་དེས། །འཇིག་རྟེན་འཁོར་ལོ་སྡོམ་པར་ཤོག །ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་

མཁས་པ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སཱ་དྷ་ནཾ་རཏྣ་དཱི་པ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་ཞིག་རྣམ་དག་ཀུན་དུ་རྟོག་
ཡངས་མཁའ་འདྲའི་ཆོས་སྐུ་དང་། །དཔེ་མེད་ཕུན་ཚོགས་བདེ་བས་རྣམ་མཛེས་ལོངས་སྤྱོད་རྫོགས་སྐུ་ཉིད། །ས་རྣམས་ཀུན་དུ་ཕན་མཛད་རབ་གསལ་སྤྲུལ་པའི་སྐུར་བརྗོད་གང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེ་ཡིས་ཁྱེད་ལ་བདེ་ལེགས་ཤོག །དང་པོར་རེ་ཞིག་རྣལ་འབྱོར་པ་དཔལ་འཁོར་ལོ་
སྡོམ་པའི་དབང་བསྐུར་བ་དང་ཡང་དག་པར་ལྡན་པས་ཡིད་དང་རྗེས་སུ་མཐུན་ཞིང་དབེན་པར་བདེ་བའི་སྟན་ལ་འདུག་སྟེ། དམ་ཚིག་བརྟན་པར་བྱས་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་བལྟས་ལ་བླ་མའི་མན་ངག་ཇི་བཞིན་པས་སྔགས་བཀོད་པའི་ལག་པ་གཡོན་པས། དམ་ཚིག་གི་
རྫས་སྦྱངས་ཤིང་བླངས་ཏེ། ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་བཞི་དང་བདག་ཏུ་བྱས་པ་ལ་གཏོར་བ་དང་ཡན་ལག་ལ་ཡང་དགོད་པར་བྱ་ཞིང་བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་དྲི་ཞིམ་པོ་དང་བཅས་པའི་ཆུས་མདུན་དུ་མཎྜལ་བྱས་ཏེ། བདུད་རྩི་ལྔ་དང་དམ་ཚིག་ཅན་
གྱིས་བྱུགས་ལ། དེའི་དབུས་སུ་གཡོན་པའི་མིང་མེད་ཀྱིས་མནན་ཏེ། པུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིས་རྣམ་པར་དག་པ་དང་། གནས་ལ་སོགས་པ་བཅུའི་མིང་ཅན་ས་བཅུར་མོས་པ་བརྗོད་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་དེ་སྐད་ཅིག་ཙམ་གྱིས་འབྱུང་བ་ཆེན་པོ་བཞི་ལ་གནས་
པའི་རི་རབ་ཀྱི་སྟེང་དུ། གཞལ་ཡས་ཁང་དུར་ཁྲོད་དང་བཅས་པ་བསྐྱེད་དེ། དེའི་ནང་དུ་སྣ་ཚོགས་པདྨའི་གེ་སར་ལ་ཉི་མའི་སྟེང་དུ་རང་གི་སྙིང་གའི་ས་བོན་གྱི་འོད་ལས་འཕྲོས་པའི་རྡོ་རྗེ་འཛིན་པ་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་ལོ་ཡོངས་སུ་རྫོགས་པ་དང་བཅས་པའི་
བདག་ཉིད་བཅོམ་ལྡན་འདས་མ་དང་སྙོམས་པར་འཇུག་པར་བལྟ་བར་བྱའོ། །དེའི་འོག་ཏུ་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཕྲེང་བ་རྣམས་ཀྱིས་འཁོར་ལོ་བསྐུལ་ཏེ། ནམ་མཁའི་ཕྱོགས་སུ་གནས་པ་ལ་མངོན་དུ་ཕྱོགས་ནས་མཆོད་པར་བྱས་ལ། སྔགས་དང་བཅས་པས་དམ་ཚིག་གི་འཁོར་ལོ་

བཅུག་ནས་རོ་མཉམ་པར་བྱ་བ་དང་། མཆོད་པ་རྣམས་ཀྱིས་མཉེས་པར་བྱ་སྟེ། དེ་ཡང་རྣམ་པར་བྱང་བའི་ལག་པ་གཡོན་པས་ཡི་གེ་གསུམ་གྱི་སྔགས་དཀྱིལ་འཁོར་གྱི་དབུས་སུ། དང་པོ་བཅོམ་ལྡན་འདས་ཉིད་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །འདི་ལྟ་སྟེ། བཅོམ་
ལྡན་འདས་ཀྱི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་། བཅོམ་ལྡན་འདས་མའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ཉིད་ཀྱིས་བྱའོ། །དེ་བཞིན་དུ་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མ་ལ་སོགས་པའི་མཐར་ཐུག་དཔའ་བོའི་དབང་ཕྱུག་མ་བཅུ་གཉིས་མན་ངག་བཞིན་དུ་རང་རང་གི་སྔགས་ཀྱིས་
ཕྱོགས་རྣམས་སུ་གཡོན་སྐོར་དུ་དགོད་ཅིང་། མཚམས་རྣམས་སུ་ནི་གཡས་སུ་བསྐོར་བས་གནས་ཇི་ལྟ་བ་བཞིན་དེ་དག་ལ་མཆོད་པར་བྱའོ། །དེ་ནས་ཡིད་ལས་བྱུང་བའི་མཆོད་པའི་ལྷ་མོ་བཅུ་དྲུག་དང་། བདུད་རྩི་དང་། ཏེ་ཏེ་དགའ་བའི་གླུས་ཉེ་བར་མཆོད་པར་བྱའོ། །དེ་བཞིན་དུ་ལག་
པ་གཡོན་པའི་མཐིལ་དུ་པདྨ་ལྔ་པ་ལྟེ་བ་དང་བཅས་པའི་གཞིར་དཔའ་མོ་དྲུག་རྣམས་ལ་གོ་རིམས་བཞིན་དུ་དམར་མོ་དང་། སྔོན་མོ་དང་། དཀར་མོ་དང་། སེར་མོ་དང་། ལྗང་གུ་དང་། དུ་བའི་མདོག་ཅན་རྣམས་དགོད་ལ། འཁོར་ལོས་སྒྱུར་བ་དྲུག་ཀྱང་དཀར་པོ་དང་། སྐྱ་བོ་དང་། སེར་པོ་དང་། ནག་པོ་
དང་། དམར་པོ་དང་། ལྗང་གུ་རྣམས་སྔགས་ཀྱིས་གཟུགས་སུ་ཕྱོགས་ཇི་ལྟ་བ་བཞིན་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་དགོད་པ་སྔོན་དུ་འགྲོ་བས་ཆོ་ག་བཞིན་དུ་མཆོད་པ་དབུལ་བར་བྱའོ། །འཁོར་ལོ་དེ་ཡང་ལག་པའི་རྒྱབ་ཏུ་མེ་ལོང་དང་བའི་ངོས་གཉིས་པའི་གཟུགས་བརྙན་བཞིན་དུ་གསལ་
བར་སྣང་བར་བལྟའོ། །དེ་ནས་དེའི་དཀྱིལ་འཁོར་གྱི་སྔགས་རྣམས་ནི། ས་ལ་སོགས་པའི་ཁམས་རྣམས་ཀྱི་རང་བཞིན་ལྟུང་བྱེད་མ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་ཀྱི་ངོ་བོ་ཉིད་དུ་ལྷག་པར་མོས་པར་བྱ་སྟེ། ཁུ་བ་བྱིན་གྱིས་བརླབས་པས་བསང་གཏོར་བྱས་ལ་འཁོར་ལོ་དེ་ཉིད་
དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དཀྱིལ་འཁོར་ལ་འཁོར་ལོ་གསུམ་གྱི་རང་བཞིན་དུ་མོས་པར་བྱས་ཤིང་རྐང་པ་བརྒྱད་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་མེ་ཏོག་ཕྲེང་བའི་སྔགས་བརྗོད་པའི་མཐར་དཀྱིལ་འཁོར་དུ་དོར་ཏེ། སྙིམ་པས་བླངས་

ནས་ཕྲེང་སྔགས་སྔོན་དུ་བརྗོད་པས་མགོ་བོར་དགོད་པར་བྱའོ། །ཡེ་ཤེས་ཀྱི་འཁོར་ལོ་དེ་ཡང་བདག་ཉིད་ལ་བཅུག་པར་བསམས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་ཆོ་ག་བཅུ་གསུམ་གྱིས་རྣམ་པར་དག་པར་ཡང་བྱའོ། །དེའི་འོག་ཏུ་བདག་པོ་
རྣམས་ལ་བདུད་རྩི་མྱང་བ་ལྟ་བུའི་ཆོ་གས་གཏོར་མ་སྦྱིན་པའང་ཤེས་པར་བྱའོ། །གལ་ཏེ་འབྱོར་ན་རྣལ་འབྱོར་པ་རྣམས་འདུས་ཏེ་ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་མདུད་པ་བྱས་ཏེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་
ནི་ཚོགས་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་ཉིད། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་གཙོ། །རྡོ་རྗེ་འཛིན་མཆོག་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །
ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་པ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བས་བསྟོད་པར་བྱའོ། །ཆོ་གའི་བྱ་བ་མ་ཚང་བ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་
སྐྱོང་རྣམས་བཟོད་པར་གསོལ། །ཞེས་བྱ་བས་བཟོད་པར་གསོལ་ལོ། །དེ་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་ཚིག་ནི་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་གདབ་པར་བྱ་སྟེ།
འདི་ནི་ཕྱི་རོལ་གྱི་མཆོད་པའི་ཆོ་གའོ། །དེ་ནས་ནང་གི་རྣལ་འབྱོར་ལ་བརྩོན་པར་འདོད་པའི་སྔགས་པས། ཡང་སྙིང་གའི་ས་བོན་གྱི་འོད་ཟེར་ཕྲེང་བའི་ལྕགས་ཀྱུས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱིས་བཅོམ་ལྡན་འདས་དཀྱིལ་འཁོར་དང་བཅས་པ་བསྐུལ་ཏེ། ནམ་མཁའ་ལ་
བལྟས་ལ། ཕྱག་འཚལ་བ་དང་མཆོད་པ་སྔོན་དུ་འགྲོ་བས་དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་ནི། །ཐོག་མེད་ནས་བསགས་སྡིག་དང་བག་ཆགས་མཐུས། །རྣམ་སྨིན་སྡུག་བསྔལ་བསྐྱེད་ཅིང་བརྟས་གྱུར་པའི། །སྡིག་དང་ཉོན་མོངས་ཇི་སྙེད་མཆིས་གྱུར་པ། །བཅོམ་

ལྡན་འཁོར་ལོའི་གཙོ་ལ་སོ་སོར་བཤགས། །འདས་དང་མ་བྱོན་དེ་བཞིན་ད་ལྟའི་དུས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །འབྲས་བུ་གསང་སྔགས་སྒྲུབ་པ་ལྷུར་བྱེད་པའི། །དགེ་བ་མཛད་པ་ཀུན་ལ་རྗེས་ཡི་རང་། །ཁྱེད་འདིར་མི་འགྱུར་མཁའ་
ལྟར་རྟག་བཞུགས་ལ། །དོགས་པའི་ས་ལས་སེམས་ཅན་བསྒྲལ་བའི་ཕྱིར། །སྲིད་པ་ཇི་སྲིད་གཟུགས་སྐུ་རྣམ་གཉིས་སུ། །མྱ་ངན་མི་འདའ་བརྩེ་བས་བཞུགས་སུ་གསོལ། །འཁོར་བ་ཇི་སྲིད་བར་དུ་བཞུགས་ནས་ཀྱང་། །སེམས་ཅན་དམན་དང་མཆོག་དང་བར་མ་ལ། །གསང་
སྔགས་རྡོ་རྗེ་ཐེག་པ་བླ་མེད་པའི། །བདེ་བ་མཆོག་གི་འཁོར་ལོ་བཤད་དུ་གསོལ། །ལྷ་མོ་རྐང་གཉིས་གཙོ་བོ་ཐམས་ཅད་མཁྱེན། །དུས་གསུམ་གཤེགས་པ་སངས་རྒྱས་ངོ་བོ་ཉིད། །དུས་གསུམ་དབྱེར་མེད་ཡེ་ཤེས་དཔའ་བོའི་ཐུགས། །སངས་རྒྱས་གཙོ་ལ་གུས་པས་སྐྱབས་སུ་
མཆི། །ངན་འགྲོ་སྲིད་པའི་ཉོན་མོངས་དྲི་སེལ་བ། །རྣམ་དག་དུས་གསུམ་དམ་ཆོས་ངོ་བོ་ཉིད། །ཨཱ་ལི་ཀཱ་ལི་རོ་གཅིག་དཔའ་མོ་གསུངས། །སྐྱོབ་པའི་ཆོས་ལ་དང་བས་སྐྱབས་སུ་མཆི། །སྡིག་གྲོགས་ལོག་པར་ཁྲིད་ལ་ཐར་མཛད་པ། །དུས་གསུམ་ཚོགས་ཀྱི་དམ་པའི་རང་བཞིན་
དཔལ། །ཚོགས་གཉིས་རྣལ་འབྱོར་བདེ་ཆེན་ལྷ་ཡི་སྐུ། །དགེ་འདུན་ཆེ་ལ་ཡང་དག་སྐྱབས་སུ་མཆི། །སྲིད་པའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་བ་མཆོག་གི་ས་ལ་དགོད་པའི་ཕྱིར། །བགྲོད་པ་ཀུན་ཀྱང་འཁོར་ལོ་སྡོམ་པ་ཡི། །ལམ་ཆེན་འདི་ལ་དགའ་བས་བདག་
གནས་སོ། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ཏེ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་དང་ནི་ལས་ཀྱི་རིགས། །ཇི་བཞིན་ཇི་སྙེད་དམ་ཚིག་སྡོམ། །བདག་གིས་བརྟན་པོར་ཡང་དག་བཟུང་། །ནམ་ཡང་བརྩོན་པ་
མི་དོར་རོ། །དེ་ལྟ་བས་ན་མྱུར་དུ་བདག །མ་སྨིན་པ་རྣམས་སྨིན་པ་དང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་རྒལ་བ་རྣམས་བརྒལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །གནས་དང་ཉེ་ཞིང་ལ་སོགས་བཅུ་གཉིས་སུ། །དམ་ཚིག་

བརྡ་དང་བདེ་སྤྱོད་རོལ་བའི་ལམ། །དེ་རིང་ནས་བཟུང་རྟག་ཏུ་ལོངས་སྤྱོད་ཅིང་། །བདེ་ཆེན་ཡེ་ཤེས་རོལ་པས་ལེགས་གནས་ཤོག །ཐབས་དང་ཤེས་རབ་སྙོམས་འཇུག་རྣམ་མི་རྟོག །ལུས་ངག་ཡིད་འདིར་གསང་སྔགས་དགེ་སྤྱད་པ། །འགྲོ་བ་སྡུག་བསྔལ་མེ་ཚོགས་གཞིལ་སླད་དུ། །
མ་ལུས་བདག་གིས་དངོས་གྲུབ་མཆོག་ཏུ་བསྔོ། །ཞེས་བྱ་བ་འདི་དག་གིས་སོ། །དེའི་རྗེས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་ཚངས་པའི་གནས་བཞི་པོ་དག་བསྒོམས་ནས་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྐད་ཅིག་
གིས་གནས་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ཏིང་ངེ་འཛིན་དེ་ལས་ལངས་ནས་འགྲོ་བ་སྒྱུ་མ་ལྟ་བུར་བལྟས་ལ། ས་བོན་གྱི་ཡི་གེ་ཡཾ་རཾ་བཾ་ལཾ་སུཾ་ཡོངས་སུ་གྱུར་པ་ལས། གཞུ་དང་གྲུ་གསུམ་ཟླུམ་པོ་དང་། །གྲུ་བཞི་
དང་ནི་ལྷུན་པོ་སྟེ། །སྔོ་དང་དམར་དང་དཀར་དང་སེར། །འབྱུང་ཆེན་བཞི་ཡི་དཀྱིལ་འཁོར་བསྒོམ། །དེ་སྟེང་རིན་ཆེན་བཞིའི་རང་བཞིན། །རི་བོ་ལ་གནས་འཁོར་ལོ་སྤྲུལ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ལཾ་ཧཱུཾ། ཨོཾ་བཛྲ་པྲཱ་ཀ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བ་ཏཱི་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་
ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་འདིས་རྡོ་རྗེའི་ས་ལ་སོགས་པ་དྲུག་སྤྲུལ་པར་བྱའོ། །དེའི་ནང་དུ་ནི་སྣ་ཚོགས་པདྨ་གེ་སར་གྱི་སྟེང་དུ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་རྡོ་རྗེ་སེམས་དཔའི་བདག་ཉིད་
འོད་ཟེར་འཕྲོ་བ་དང་འདུ་བའི་བདག་ཉིད་ཅན་བསྒོམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཧེ་རུ་ཀ་གཞལ་ཡས་ཁང་དང་བཅས་པར་བདག་ཉིད་ཡང་དག་པར་བསམ་མོ། །དེ་ལ་བཅོམ་ལྡན་འདས་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་འཇིགས་བྱེད་དང་དུས་མཚན་གྱི་
དཔྲལ་བ་དང་ནུ་མར་གཡོན་བསྐུམ་ཞིང་གཡས་བརྐྱང་བས་བཞུགས་པ། ནམ་མཁའི་མདོག་ཅན་སྔོན་པོ་དང་ལྗང་གུ་དང་། དམར་པོ་དང་སེར་པོའི་ཞལ་བཞི་མངའ་བ་རེ་རེར་ཡང་སྤྱན་གསུམ་པ་ཅུང་ཟད་ཁྲོ་བའི་ངང་ཚུལ་ཅན། ཐོད་པ་ལྔས་བརྒྱན་པ། སྐུ་ལ་མགོ་བོ་རློན་པའི་ཕྲེང་བ་བརྒྱའི་

ཕྱེད་ཀྱིས་བརྒྱན་ཞིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པ། རལ་པའི་ཐོར་ཚུགས་ཅན། སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་པས་འཇིགས་པར་བྱེད་པ་སྟག་གི་པགས་པའི་ཤམ་ཐབས་ཅན། སྒེག་པ་ལ་སོགས་པའི་ཉམས་དང་
ལྡན་པ། རྡོ་རྗེ་ཡན་ལག་མས་ཉེ་བར་འཁྱུད་པ་དང་། ཕྱག་བཅུ་གཉིས་ཀྱིས་སྤྲས་པ་སྟེ། རྩ་བའི་གཉིས་ཀྱིས་རྡོ་རྗེ་དང་། །དྲིལ་འཛིན་བདེ་ཆེན་མ་ཉིད་འཁྱུད། །གཉིས་ཀྱིས་གླང་ཆེན་པགས་པ་འཛིན། །གཡས་ཕྱག་གསུམ་པ་བཞི་པ་དང་། །ལྔ་པ་དྲུག་པ་གོ་རིམས་བཞིན། །
ཅང་ཏེའུ་དགྲ་སྟ་གྲི་གུག་དང་། །རྩེ་གསུམ་རྡོ་རྗེའི་མདུང་བསྣམས་པའོ། །དེ་བཞིན་གཡོན་ཕྱག་གསུམ་པ་ཡི། །བཞི་པ་ལྔ་པ་དྲུག་རིམ་ལྟར། །ཁ་ཊྭཱཾ་ཐོད་པ་རྡོ་རྗེ་ཞགས། །ཚངས་པའི་མགོ་བོ་མཛེས་འཛིན་པ། །རྟེན་ཅིང་འབྲེལ་འབྱུང་རྣམ་དག་བདག །དེའི་མདུན་དུ་བཅོམ་ལྡན་
འདས་མ་བསྒོམ་པར་བྱ་བ་ནི་སྐུ་མདོག་དམར་མོ་སྤྱན་གསུམ་པ། ཞལ་གཅིག་པ་དུམ་བུའི་སྐེ་རགས་ཀྱིས་བརྒྱན་ཞིང་། ཁ་ཊྭཱཾ་གས་བརྒྱན་པའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་མགུལ་པ་ནས་འཁྱུད་པ་དང་། རྡོ་རྗེ་ཚངས་པའི་གྲི་གུག་རབ་ཏུ་འབར་བ་ཐོགས་པས་སྟེང་དུ་སྡིགས་
མཛུབ་ཆེར་བསྒྲེང་བ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་དཀྲིས་ཤིང་གཤིབས་ནས་ཕན་ཚུན་བཅུག་པས་འཁྱུད་དེ་བཞུགས་པའི་མཚན་ཉིད་རབ་ཏུ་གསལ་བར་བསྒོམ་པར་བྱའོ། །དེ་ནས་ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མདོག་ནག་མོ་དང་། གཡོན་གྱི་འདབ་
མ་ལ་ལཱ་མ་ལྗང་གུ་དང་། ནུབ་ཀྱི་འདབ་མ་ལ་དུམ་སྐྱེས་མ་དམར་མོ་དང་། གཡས་ཀྱི་འདབ་མ་ལ་གཟུགས་ཅན་མ་སེར་མོ་དང་། དེ་བཞིན་དུ་མཚམས་རྣམས་སུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་བཟང་པོ་དག་ཉེ་བའི་འདབ་མ་ཤར་ལ་སོགས་པ་བཞིར་ནི། ཁྭ་གདོང་མ་ལ་སོགས་པའི་ལྷ་
མོ་རྣམས་མཁའ་འགྲོ་མ་བཞི་པོ་དག་དང་འདྲའོ། །མཚམས་བཞིར་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་བཞི་ནི་ཕྱེད་ཀྱི་མདོག་ཅན་དུ་ཤེས་པར་བྱའོ། །རྣལ་འབྱོར་མ་དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་བསྐུམ་ནས་གཡོན་བརྐྱང་བའི་ཞབས་ཀྱིས་རོའི་གདན་ལ་

བཞུགས་པ། གོས་དང་བྲལ་བ་ཕྱག་རྒྱ་ལྔའི་རྒྱན་ཆ་ཅན་ཐོད་པ་རྡོ་རྗེ་ཕྲེང་བས་སྤྲས་པའི་དབུ་རབ་ཏུ་མཛེས་པ་ཉིད་དང་། མགོ་བོའི་ཕྲེང་བས་བརྒྱན་ཅིང་ཐོད་པ་དང་། ཁ་ཊྭཱཾ་ག་དང་གྲི་གུག་དང་ཅང་ཏེའུ་བསྣམས་པ་ཅུང་ཟད་དྲག་པོའི་མཚན་ཉིད་ཅན་དུ་བསམ་པར་བྱའོ། །དེའི་འོག་ཏུ་དེ་དག་ཐམས་ཅད་ཀྱི་
ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ལྟེ་བ་ལ་གནས་པའི་ས་བོན་ཨོཾ་ཨཱཿཧཱུཾ་ཞེས་པ་འདི་དགོད་དེ། ཇི་བཞིན་སྤྲོ་བ་དང་བསྡུ་བའི་འོད་ཀྱིས་སྦྱོར་བ་ཡོངས་སུ་སྦྱང་བར་བྱའོ། །དེ་ནས་རྡོ་རྗེ་གོ་ཆའི་སྔགས་ཀྱིས་བཅོམ་ལྡན་འདས་ལ་གོ་བསྒོ་བར་བྱ་སྟེ། ཨོཾ་ཧ། ན་
མ་ཧི། སྭཱ་ཧཱ་ཧུ། པཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཞེས་བྱ་བའི་འཁོར་ལོས་སྒྱུར་བ་དྲུག་གི་ངོ་བོ་འདི་དག་གིས་སྙིང་ག་དང་། སྤྱི་བོ་དང་། མགོ་བོ་དང་། ཕྲག་པ་གཉིས་དང་། སྤྱན་གསུམ་དང་། ཡན་ལག་ཐམས་ཅད་ལ་བསྲུང་བར་བྱའོ། །ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། །ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ། ཅེས་བྱ་བས་
དཔའ་མོ་དྲུག་གི་ངོ་བོ་འདི་དག་ནི། བཅོམ་ལྡན་འདས་མ་ལ་གོ་ཆ་བགོ་བར་བྱའོ། །ལྟེ་བ་དང་། སྙིང་ག་དང་། ཁ་དང་། དཔྲལ་བ་དང་། སྤྱི་བོ་དང་ཡན་ལག་ཐམས་ཅད་ལའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་རི་མོའི་ལྕགས་ཀྱུས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། དམ་ཚིག་པ་ལ་
སྔགས་སྔོན་དུ་འགྲོ་བས་གཞག་པར་བྱའོ། །བཅོམ་ལྡན་འདས་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ལས་སྤྲོས་པའི་བདུད་རྩི་ལྔས་གང་བའི་རིན་པོ་ཆེའི་བུམ་པ་འཛིན་པའི་ཡུམ་བཞི་པོ་དག་གིས། ཇི་ལྟར་བལྟམས་པ་ཙམ་ཉིད་ལ། །དེ་བཞིན་གཤེགས་ཀུན་
ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་སྔགས་བརྗོད་པས་དབང་བསྐུར་བར་བསམ་མོ། །ཆུ་དེ་ལས་བྱུང་བའི་རང་གི་རིགས་ཀྱི་ལྷས་ཅོད་པན་ཇི་ལྟར་རིགས་པ་ཉེ་བར་བརྒྱན་པར་བྱའོ། །
དེའི་རྗེས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གཟུགས་ལ་སོགས་པའི་ཡུལ་རྣམས་དང་། བཅོམ་ལྡན་འདས་མའི་ཐུགས་ཀའམ། པདྨའི་གེ་སར་ལ་བསྡུས་ནས་དེ་ལས་སྤྲོས་པའི་འོད་ཟེར་ལྷ་མོ་རྣམས་ཀྱིས་དམ་ཚིག་ལ་སོགས་པའི་རྫས་དཀྱིལ་འཁོར་དང་བཅས་པའི་བདག་པོ་ལ་ཉེ་བར་

མཆོད་པར་བྱའོ། །དེ་ནས་མ་ལུས་པ་ལྷ་མོ་དང་བཅས་པས་བསྟོད་པའི་དབྱངས་བརྗོད་པ་ནི། ཁྱོད་ནི་ཡེ་ཤེས་རང་བཞིན་བདེ་བ་ཆེ། །ཁྱོད་ནི་ཕན་མཛད་ཤིན་ཏུ་རོལ་པའི་སྐུ། །ཁྱོད་ནི་ས་རྣམས་མ་ལུས་ཉེར་འཚོ་སྟེ། །རྣལ་འབྱོར་མ་ཡི་ཚོགས་བདག་བདེ་ལེགས་
ཤོག །བདེ་ཆེན་དེར་ནི་བརྟན་གཡོའི་འཇིག་རྟེན་སྟོན། །ཐུགས་རྗེ་སྤྲུལ་པས་སེམས་ཅན་སད་མཛད་ཅིང་། །སྒྱུ་མའི་རྣམ་ཐར་སྤྲུལ་པ་དོན་ཀུན་སྒྲུབ། །མགོན་པོ་བདེ་ཆེན་དཔལ་ལྡན་དགྱེས་པས་བཞེངས། །ཞེས་བྱ་བས་སོ། །དེའི་རྗེས་ལ་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་
སྟེང་དུ། མགོ་བོ་གསུམ་ལ་གནས་པའི་ཨ་ལས་བྱུང་བའི་ཐོད་པའི་སྟེང་དུ། ས་བོན་ཇི་ལྟ་བ་བཞིན་ལས་སྐྱེས་པའི་བདུད་རྩི་ལྔ་སྟེ། སྟེང་དུ་ཨོཾ་བལྟའོ། །ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་ཁ་བཅད་དོ། །འོག་ཏུ་ནི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ལས། ཐམས་ཅད་འབར་བ་ལ་སོགས་
པའི་རིམ་གྱིས་བདུད་རྩིར་བསྒྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩི་དྲང་བ་དང་། རོ་མྱང་བའི་ངོ་བོ་ཉིད་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྕེས་མཚན་པས་མྱང་བར་བྱ་ཞིང་འཕྲོ་བའི་སྦྱོར་བས་ལྷ་མོའི་ཚོགས་ཀྱང་ཚིམ་པར་བྱའོ། །དེ་ནས་རྡོ་རྗེ་པདྨ་རྣམ་པར་སྦྱངས་
པའི་བརྡེབས་པ་ལས་དགའ་བའི་སྒྲས་དགའ་བ་ཆེན་པོས་དེ་བཞིན་གཤེགས་པའི་རིགས་ནང་དུ་ཞལ་ནས་བཅུག་སྟེ། ཞུ་བར་གྱུར་པ་ནོར་བུའི་ཟེའུ་འབྲུའི་དབུས་ཀྱི་ཐིག་ལེ་གཉིས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དུ་གནས་པར་བྱས་ལ། ལྷན་ཅིག་སྐྱེས་པའི་དོན་ལ་མངོན་དུ་ཕྱོགས་པས་ཏིང་ངེ་འཛིན་དུ་བྱའོ། །ཁ་
སྦྱོར་དབུས་ན་ས་བོན་གནས། །ཐིག་ལེ་གཉིས་པོ་མི་འགྱུར་བར། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །ཞེས་ཇི་སྐད་གསུངས་པ་བཞིན་ནོ། །ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་ལ། །ལྟེ་དབུས་གནས་
སུ་རྣམ་པར་བསྒོམ། །ཡི་གེ་གོ་འཕང་མཆོག་གྱུར་པ། །དེ་ཡི་དབུས་སུ་བསམ་པར་བྱ། །དེ་ནི་སྐུ་གསུང་ཐུགས་རྡོ་རྗེའི། །ལྷ་ཡི་ངོ་བོ་ཉིད་བསྒོམ་བྱ། །དེ་འདིར་ལུས་ལས་འདས་གྱུར་ཀྱང་། །སེམས་ཉིད་ཀྱང་ནི་མ་ཡིན་ནོ། །བསམ་མེད་བསམ་པར་བྱ་བའང་མེད། །བསམ་པ་དེ་ཡང་མི་ཤེས་སོ། །སེམས་དཔའ་ཡང་ནི་

བསམ་མི་ཁྱབ། །དེ་ནས་གཟུངས་ནི་ཐོབ་པར་འགྱུར། །ཞེས་གསུངས་པའོ། །དེའི་རྗེས་ལ་སྙིང་གའི་ས་བོན་གྱི་ཐིག་ལེ་ཉི་མའི་གཟུགས་ཀྱི་སྟེང་དུ་སྔགས་ཀྱི་ཕྲེང་བ་ཤིན་ཏུ་ཕྲ་མོ་མངོན་པར་བལྟས་ལ། བརྟན་པའི་སེམས་ཀྱིས་འཕྲོ་བ་དང་། འདུ་བའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱའོ། །
དེ་ལ་ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། བཛྲ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། རྗེ་བཙུན་གྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མཱ་
ཡཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧཱ་ཡཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་
སྭཱ་ཧཱ། དཔའ་མོ་རྣམས་ཀྱི་སྔགས་སོ། །ཨོཾ་ན་མོ་བྷ་ག་བ་ཏི་ཝཱི་རེ་ཤཱ་ཡ། མ་ཧཱ་ཀལྤཱགྣི་སཾ་ནི་བྷཱ་ཡ། ཛཱ་ཊ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎེ། བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷུམྦྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ།
རྩ་བའི་སྔགས་སོ། །ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྦི་ནི། གྲྀཧྞ་གྲྀཧྞ། སཔྟ་པཱ་ཏ་ལ་ག་ཏ་བྷུ་ཛཾ་གཾ་སརྦཾ་བཱ། ཏརྫ་ཡ་ཏརྫ་ཡ། ཨཱ་
ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཾ་ཧཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྲེང་སྔགས་སོ།། །།དེ་ནས་རྣལ་འབྱོར་པ་ཁ་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པས་ཇི་བཞིན་སྦྱངས་པའི་གཏོར་མ་སྦྱིན་པ་ནི། མཚན་མོ་སྐྲ་གྲོལ་
གཅེར་བུ་ཡིས། །མཐོན་པོའི་གནས་སུ་མཆོད་བརྩོན་པས། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །རྐང་པ་མནན་ཅིང་གནས་སུ་བལྟ། །གསང་བསྟོད་ཕེཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ནམ་

མཁའི་ངོས་ལ་ལེགས་བཞུགས་བྱ། །རྡོ་རྗེ་ཐལ་མོ་གྱེན་ཕྱེ་ལ། །དཔའ་བོ་རྣལ་འབྱོར་སྙན་གསན་དབབ། །སྔགས་ཀྱིས་བསྐུལ་བར་བྱས་ན་ནི། །དེ་ཡི་མོད་ལ་བྱོན་པར་འགྱུར། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོ་
རབ་ཏུ་སྦྱར། །རྒྱ་འདི་དཔྲལ་བའི་དབུས་སུ་ཉེར་བཞག་ནས། །བསྐོར་ཞིང་བསྐོར་བས་ཕན་ཚུན་ཀུན་དུ་བསྐོར། །གཡས་བརྐྱང་བ་ཡི་སྦྱོར་བ་ཡིས། །འབར་བའི་ཕྱག་ནི་བཅིང་བར་བྱ། །དམ་ཚིག་གིས་ནི་ཁ་བསྐང་ལ། །སྔགས་ནི་འདི་ལྟར་རྗེས་དྲན་བྱ། །ཨོཾ་ཨ་རལླི་ཧོ། ཛཿ
ཧཱུཾ་བཾ་ཧོཿ། བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ཞེས་ལན་གསུམ་བརྗོད་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད་ཨ་པསྨ་ར་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ། པི་ཝ་ཐ། མཱ་ཏི་ཀྲ་མ་ཐ།
མ་མ་སརྦ་ཀཱརྟ་ཡ། སཏྶུ་ཁཾ་བི་བྲྀདྡྷ་ཡེ་ས་ཧཱ་ཡི་ཀཾ་བྷ་བནྟུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བར་སྦྱིན་པའི་སྔགས་སོ། །གང་ཞིག་རྣལ་འབྱོར་རྣལ་འབྱོར་མའི། །ཆོ་ག་ཁྱད་པར་འདོད་པ་ཡང་། །འདི་སྐད་བཤད་པ་ཐམས་ཅད་ཀུན། །རྣལ་འབྱོར་མ་ཡིས་བརྡར་འགྱུར་ཏེ། །དཔལ་ལྡན་རྡོ་རྗེ་
མཁའ་འགྲོ་ཉིད། །གཙོར་བྱས་དཀྱིལ་འཁོར་ཐམས་ཅད་བྱ། །ཟླ་བ་ཕྱེད་ངོའི་ཚེས་བཅུ་ནི། །གཉིས་ཀར་ལྷ་མོ་མཆོད་པར་བྱ། །གཞོན་ནུ་མ་དང་རྣལ་འབྱོར་མ། །རྟག་ཏུ་ཆོ་ག་བཞིན་ཚིམ་བྱ། །དེ་ནས་སྔགས་པ་ལྡང་བར་འདོད་ན་མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས།
དཀྱིལ་འཁོར་གྱི་མན་ངག་ཇི་ལྟ་བ་ཤེས་པས་ཡི་གེ་བརྒྱ་པའི་སྔགས་བཟླས་པས་བསྡུ་བར་བྱའོ། །དེ་ནས་བཟོད་པར་གསོལ་ནས་གཤེགས་སུ་གསོལ་བ་ནི། རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདི། །མ་ཚང་
བ་རྣམས་བཟོད་པར་གསོལ། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་ཚང་བ་དང་ལྷག་གྱུར་པ། །རྣལ་འབྱོར་གཙོ་བོ་རྗེས་གནང་སྟེ། །ནོངས་གྱུར་གང་དེ་བཟོད་པར་གསོལ། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་

པར་གྱུར་པ་གང་། །མངའ་བདག་མ་ཡིས་བཀས་གནང་སྟེ། །འདི་ནི་ལྷ་མོ་བཟོད་པར་གསོལ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་གསུངས་མཆོག་ཏུ་ཚད་མ་གང་ཡིན་པ། །བདེན་པ་དེ་དག་གིས་ནི་ལྷ་རྣམས་འདིར། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བྱ་བས་བཟོད་པར་གསོལ་
ལོ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སྒྲུབ་ལ་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་སྤྱོད་ཡུལ་གཤེགས་གསོལ་ཏེ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཚུལ་ཁྲིམས་ཙནྡན་ཡན་ལག་བྱུགས། །བསམ་གཏན་སྟོད་གཡོགས་ཀྱིས་དཀྲིས་ཤིང་། །བྱང་ཆུབ་ཡན་
ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བ་སྤྱད་པར་བྱ། །ཨོཾ་བཛྲ་མཎྜ་ལ་མུཿཞེས་བྱ་བས་དཀྱིལ་འཁོར་བསྡུ་བར་བྱའོ། །གང་ཞིག་རྟག་ཏུ་གུས་པས་ནི། །རྣལ་འབྱོར་བརྩོན་ལ་མན་ངག་སྦྱིན། །གོམས་པ་བསྐྱེད་པ་དེ་ལ་ནི། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར། །
མཆོད་སྦྱིན་དབང་བསྐུར་སྦྱིན་སྲེག་དང་། །ཚོགས་ཀྱི་འཁོར་ལོ་རབ་གནས་སོགས། །ཞི་ལ་སོགས་པའི་ལས་དངོས་གྲུབ། །མ་ལུས་དཀྱིལ་འཁོར་འདིས་གྲུབ་བྱེད། །དཔལ་ལྡན་འཁོར་ལོ་སྡོམ་འབྱུང་མན་ངག་གི །ཇི་བཞིན་གྲུབ་པའི་ཡན་ལག་མདོར་བསྡུས་
པ། །མཆོག་གྱུར་སྔགས་འཆང་བློ་གྲོས་སྒྲོན་རྣམས་ལ། །གསལ་བྱེད་རིན་ཆེན་སྒྲོན་མ་འབར་འདི་ཡིན། །དགེ་བ་གང་ཞིག་བདག་གིས་བསགས་ཐོབ་པ། །དྲི་མེད་སྟོན་ཟླ་ལྟ་བུར་དཀར་གསལ་དང་། །དེས་ནི་འཇིག་རྟེན་སྤྲིན་ཚོགས་མུན་བསལ་ཏེ། །སྣང་བ་ངོ་མཚར་
ཅིག་ཅར་འོད་བྱེད་གྱུར། །དཔལ་ལྡན་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས། རིན་ཆེན་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་མཻ་ཏྲི་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་བ་རེག་ཐོས་པ་དགས་བསྒྱུར་ཅིང་ཞུས་
ཏེ་གཏན་ལ་ཕབ་པའོ། །སླད་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁས་པ་བ་རི་ལོ་ཙཱ་བས་བཅོས་ཤིང་གཏན་ལ་ཕབ་པ་ལས། དུས་ཕྱིས་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ནའི་བཀའ་དྲིན་ལ་བརྟེན་ནས་གནུབས་ལོ་ཙཱ་བས་སྒྲ་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་རོ་པ་དེ་ཤ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཅེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་དུ་བརྟགས་པ་ཡོངས་སུ་སྤངས་པའི་ཆོས་སྐུ་དང་། །དཔེ་མེད་བདེ་བ་
ཙམ་གྱིས་མཛེས་པའི་ལོངས་སྤྱོད་རྫོགས་སྐུ་དང་། གང་གི་ཐུགས་རྗེས་ས་རྣམས་ཕན་མཛད་སྤྲུལ་པའི་སྐུ་བརྗོད་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེ་ཡིས་ཁྱེད་ལ་བདེ་ལེགས་ཤོག །དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པ་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་དང་ལྡན་པས། དབེན་
པར་བདེ་བའི་སྟན་ལ་གནས་ཏེ། དམ་ཚིག་བརྟན་པར་བྱས་ནས། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་བལྟས་ལ། བླ་མའི་མན་ངག་བཞིན་དུ་སྔགས་བཀོད་པའི་ལག་པ་གཡོན་པས་དམ་ཚིག་གི་རྫས་སྦྱངས་པ་བླངས་ཏེ། ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་བཞི་
དང་། བདག་ཏུ་བཅས་པ་ལ་གཏོར་ནས་ཡན་ལག་ལའང་དགོད་པར་བྱ་སྟེ། བདག་དང་གནས་དང་རྣལ་འབྱོར་བསྲུང་བར་བྱའོ། །དེ་ནས་དྲི་ཞིམ་པ་དང་བཅས་པའི་ཆུས་མདུན་དུ་མཎྜལ་བྱུག་པར་བྱ་སྟེ། དེའི་དབུས་སུ་གཡོན་པའི་མིང་མེད་ཀྱིས་མནན་ལ་སྙིང་གའི་འོད་དང་འདྲེས་པས།
པཱུ་ཛ་ཨོ་ཨ། གོ་རཱ་དེ་མཱ། ཀ་ཨོ་ཏྲི་ཀོ། ཀ་ལ་ཀ་ཧི། པྲེ་གྲི་སཽ་སུ། ན་སི་མ་ཀུ། པཱུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞིའི་གནས་ཉི་ཤུ་རྩ་བཞི་རྣམ་པར་དག་པ་དང་། གནས་ལ་སོགས་པ་བཅུའི་མིང་ཅན་ས་བཅུར་མོས་པ་བརྗོད་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་དེ་སྐད་
ཅིག་ཙམ་གྱིས། འབྱུང་བ་ཆེན་པོ་བཞི་ལ་གནས་པའི་རི་རབ་ཀྱི་སྟེང་ན་གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པའི་པདྨའི་གེ་སར་ལ་གནས་པར། རང་གི་སྙིང་གའི་ས་བོན་ལས་འཕྲོས་པའི་ས་བོན་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཁོར་དང་བཅས་པ་
བཅུ་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས་མ་དང་སྙོམས་པར་ཞུགས་པར་བལྟ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱི་ཕྲེང་བ་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། ནམ་མཁའི་ཕྱོགས་སུ་གནས་པ་ལ་མངོན་དུ་ཕྱོགས་ནས་མཆོད་པ་བྱས་ལ། སྔགས་དང་

བཅས་པས་དམ་ཚིག་གི་འཁོར་ལོ་ལ་བཅུག་ནས་རོ་མཉམ་པར་བྱས་ཏེ། ཡང་ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེའི་རྗེས་ལ་རྣམ་པར་སྦྱངས་པའི་ལག་པ་གཡོན་པས་ཡི་གེ་གསུམ་པའི་སྔགས་ཀྱིས་དཀྱིལ་འཁོར་གྱི་དབུས་སུ། དང་པོ་བཅོམ་ལྡན་འདས་
ལ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །ཡང་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་། བཅོམ་ལྡན་འདས་མའི་སྙིང་པོ་དང་། ཉེ་བའི་སྙིང་པོའི་སྔགས་རྣམས་ཀྱིས་བྱའོ། །དེ་བཞིན་དུ་མཁའ་འགྲོ་མ་ལ་སོགས་པ་རྣམས་གཤིན་རྗེ་འཇོམས་མ་ལ་སོགས་པའི་མཐར་
ཐུག་པ་དཔའ་བོའི་དབང་ཕྱུག་མ་བཅུ་གཉིས་མན་ངག་ཇི་ལྟ་བ་བཞིན་དུ་རང་རང་གི་སྔགས་ཀྱིས་ཕྱོགས་རྣམས་སུ་གཡོན་སྐོར་དུ་བྱ་ཞིང་། མཚམས་རྣམས་སུ་ནི་གཡས་སྐོར་དུ། གནས་ཇི་ལྟ་བ་བཞིན་དུ་དེ་དག་ལ་མཆོད་པ་དབུལ་བར་བྱའོ། །དེ་ནས་དེ་བཞིན་དུ་ལག་པ་གཡོན་
པའི་མཐིལ་དུ་པདྨ་འདབ་མ་ལྔ་པ་ལ་དཔའ་མོ་དྲུག་རྣམས་རིམ་པ་བཞིན་དུ་དམར་པོ་དང་། སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། ལྗང་གུ་དང་། དུ་བའི་ཁ་དོག་ཅན་རྣམས་བཀོད་ལ་འཁོར་ལོས་སྒྱུར་བ་དྲུག་ཀྱང་སྔོན་པོ་དང་། དཀར་པོ་དང་། སེར་པོ་དང་། ནག་པོ་དང་། དམར་
པོ་དང་། ལྗང་གུ་རྣམས་སྔགས་ཀྱི་གཟུགས་སུ་ཕྱོགས་ཇི་ལྟ་བ་བཞིན་དུ་རང་རང་གི་སྔགས་ཀྱིས་མེ་ཏོག་བཀོད་པ་སྔོན་དུ་འགྲོ་བས། ཆོ་ག་བཞིན་དུ་མེ་ཏོག་དབུལ་བར་བྱའོ། །འཁོར་ལོ་གསུམ་ཡང་ལག་པའི་རྒྱབ་ཏུ་མེ་ལོང་དང་བའི་གཟུགས་བརྙན་བཞིན་དུ་གསལ་བར་
སྣང་བ་ཅན་བལྟ་བར་བྱའོ། །དེ་ནས་དེའི་འཁོར་གྱི་སྔགས་རྣམས་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་ལྟུང་བྱེད་མ་ལ་སོགས་པའི་ལྷ་མོའི་ངོ་བོ་ཉིད་དུ་ལྷག་པར་མོས་པར་བྱ་སྟེ། ཞུ་བའི་རྫས་ཀྱིས་བསང་གཏོར་བྱས་ནས། དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་
བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་རང་བཞིན་དུ་འཁོར་ལོ་དེ་མོས་པར་བྱས་ལ། རྐང་པ་བརྒྱད་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ནས་མེ་ཏོག་དེ་ཕྲེང་བའི་སྔགས་བརྗོད་པའི་མཐར་དཀྱིལ་འཁོར་དུ་དོར་ཏེ། སྙིམ་པས་བླང་བ་སྔོན་དུ་

འགྲོ་བས་སླར་བླངས་ལ། མགོ་བོར་དགོད་པར་བྱའོ། །ལྷའི་འཁོར་ལོ་དེ་ཡང་བདག་ཉིད་ལ་བཅུག་པར་བསམས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །རེ་ནས་བདག་པོ་རྣམས་ལ་གཏོར་མ་ཆོ་ག་བཞིས་སྦྱངས་ལ་དེའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེའི་རྗེས་ལ་ཡང་སྡིག་
པ་བཤགས་པ་ལ་སོགས་པ་ནང་གི་བདག་ཉིད་ཀྱི་རྣལ་འབྱོར་དང་མངོན་པར་འདོད་པའི་སྔགས་བཟླས་པ་ལ་སོགས་པ་བྱས་ཏེ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །
ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་དུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་ལ་འཇུག་པ། །དེ་སྙེད་རྣམས་ལ་བདག་ཕྱག་འཚལ། །ཞེས་བྱ་བས་བསྟོད་པར་བྱའོ། །ཆོ་གའི་བྱ་བ་མ་ཚང་བས། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་
སོགས། །འཇིག་རྟེན་སྐྱོང་རྣམས་བཟོད་པར་གསོལ། །ལྷ་མོ་ཚད་མ་དམ་ཚིག་ཚད། །དེས་གསུངས་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་དག་གིས་ལྷ་མོ། །དེ་དག་བདག་ལ་རྗེས་འཛིན་ཤོག །ཅེས་བྱ་བས་བཟོད་པར་གསོལ་བར་བྱའོ། །འདི་ནི་ཚོགས་ཀྱི་འཁོར་ལོ་ལ་
སོགས་པ་ཕྱི་རོལ་མཆོད་པའོ། །དེ་ལ་འདིར་ནང་གི་རྣལ་འབྱོར་གཙོ་བོར་འདོད་པའི་སྔགས་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་འདྲ་བའི་ལྕགས་ཀྱུས་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱིས་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བཀུག་སྟེ། ནམ་
མཁའ་ལ་བལྟས་ནས་ཕྱག་འཚལ་ཏེ། མཆོད་པ་བྱས་ལ། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱ་སྟེ། བྱས་དང་བྱེད་དུ་བཅུག་དང་ཡི་རང་པའི། །སྡིག་པའི་སྐྱོན་ཀུན་མ་ལུས་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་
བགྱིད་པ་ཡི་སྡོམ་པ་བླང་བར་བྱ། །ཉན་ཐོས་རང་རྒྱལ་བླ་མེད་རང་རྒྱལ་དང་། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་དང་། །དེ་དག་ལ་ནི་རྗེས་སུ་ཡི་རང་ཞིང་། །བྱང་ཆུབ་ཏུ་ནི་ཡང་དག་བདག་གིས་ཀྱང་། །རྒྱལ་བ་ལ་སོགས་དཀོན་མཆོག་གསུམ་པོ་ལ། །དངོས་པོ་

ཀུན་གྱིས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །དེའི་རྗེས་ལའང་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ཚངས་པའི་གནས་བཞི་བསྒོམ། རང་ཉིད་མི་གནས་པའི་བདག་ཉིད་དུ་སྐད་ཅིག་
གིས་སྟོང་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ངའོ་ཞེས་བྱ་བ་ལ་གནས་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ནས། འགྲོ་བ་སྒྱུ་མ་ལྟ་བུས་བལྟས་ལ། ཡཾ་རཾ་བཾ་ལཾ་ཡོངས་སུ་གྱུར་
པ་ལས་གཞུ་དང་གྲུ་གསུམ་དང་ཟླུམ་པོ་དང་གྲུ་བཞི་པ། སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོའི་ཁ་དོག་ཅན་གྱི་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་དེའི་བདག་ཉིད་དུ་བལྟ་བར་བྱའོ། །དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རི་རབ་ཀྱི་རྩེ་མོའི་སྟེང་དུ། ཨོཾ་མེ་དི་ནཱི་བཛྲཱི་བྷ་
ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པའི་སྔགས་འདིས་རྡོ་རྗེའི་ས་གཞི་ལ་སོགས་པ་དྲུག་བྱས་ཏེ། དེའི་ནང་དུ་སྣ་ཚོགས་རྡོ་རྗེའི་ཁྱམས་ལ་མཚན་ཉིད་ཐམས་ཅད་
ཀྱིས་བརྒྱན་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་བསྒོམ་མོ། །དེའི་ནང་དུ་སྣ་ཚོགས་པདྨ་གེ་སར་གྱི་སྟེང་དུ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དང་ཉི་མ་ཁ་སྦྱར་བ་ལས་བྱུང་བའི་དབུས་སུ་ཧཱུཾ་རྡོ་རྗེ་སེམས་དཔའི་བདག་ཉིད་འོད་ཟེར་ལྔ་འཕྲོ་བ་དང་འདུ་བའི་
རང་བཞིན་ཅན་བསྒོམ་པར་བྱ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དང་བཅས་པའི་བདག་ཉིད་བསྒོམ་པར་བྱའོ། །དེ་ལ་དབུས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་འཇིགས་བྱེད་དང་། དུས་མཚན་གྱི་དཔྲལ་བ་དང་།
ནུ་མར་གཡས་བརྐྱང་བས་མནན་ཏེ་བཞུགས་པ། སྐུ་མདོག་སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་སེར་པོ་སྟེ། ཞལ་བཞི་པ་ཅན་ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་པ་ཐོད་པ་ལྔས་དབུ་ལ་བརྒྱན་པ། སྐུ་ལ་མགོ་བོ་རློན་པའི་ཕྲེང་བ་བརྒྱ་ཕྱེད་ཀྱིས་བརྒྱན་པ། སྣ་

ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་པས་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། རྡོ་རྗེ་ཡན་
ལག་མས་མཉམ་པར་འཁྱུད་པ། ཕྱག་བཅུ་གཉིས་ཀྱིས་སྤྲས་པ་སྟེ། རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དེའི་འོག་མའི་ཕྱག་གཉིས་ཀྱིས་གླང་པོའི་པགས་པ་བསྣམས་པ། གཡས་པའི་ཕྱག་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་རྣམས་ལ་རིམ་པ་
བཞིན་དུ། ཅང་ཏེའུ་དང་། དགྲ་སྟ་དང་། གྲི་གུག་དང་། རྩེ་གསུམ་པ་བསྣམས་པའོ། །དེ་བཞིན་དུ་ཕྱག་གཡོན་པའི་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་ན་ཁ་ཊྭཱཾ་ག་དང་། ཐོད་པ་དང་། ཞགས་པ་དང་། ཚངས་པའི་མགོ་བོ་དང་མཉམ་པར་ལྡན་པའི་བཅོམ་ལྡན་འདས་
བསྒོམ་པར་བྱའོ། །ཡང་མདུན་དུ་བཅོམ་ལྡན་འདས་མ་སྐྲ་གྲོལ་མ། སྐུ་མདོག་དམར་མོ་སྤྱན་གསུམ་པ་ཞལ་གཅིག་པ། གཅེར་བུ་དུམ་བུའི་སྐ་རགས་ཀྱིས་བརྒྱན་པ། ཁ་ཊྭཱཾ་ག་དང་། ཐོད་པས་བརྒྱན་པ། ཕྱག་གཡོན་པ་དང་གཡས་པ་རྡོ་རྗེས་མཚན་པའི་སྡིགས་
མཛུབ་ཅན་བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་དཀྲིས་ཏེ་བཅུག་པས་འཁྱུད་ནས་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ་དང་། གཡོན་གྱི་འདབ་མ་ལ་ལཱ་མ་ལྗང་གུ་དང་། ནུབ་ཀྱི་འདབ་མ་ལ་
དུམ་སྐྱེས་མ་དམར་མོ་དང་། གཡས་ཀྱི་འདབ་མ་ལ་གཟུགས་ཅན་མ་སེར་མོ་དང་། མཚམས་རྣམས་སུ་བྱང་ཆུབ་སེམས་ཀྱི་ཐོད་པའོ། །དེ་བཞིན་དུ་ཤར་ལ་སོགས་པའི་འདབ་མ་ལ་ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་རྣམས་ནི། མཁའ་འགྲོ་མ་ལ་སོགས་པ་བཞི་དང་
འདྲའོ། །མཚམས་བཞིར་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས་ནི་གཟུགས་གཉིས་མར་ཤེས་པར་བྱའོ། །རྣལ་འབྱོར་མ་དེ་དག་ཐམས་ཅད་ཞལ་གཅིག་པ་ཕྱག་བཞི་པ་གཡོན་བརྐྱང་བའི་ཞབས་ཀྱིས་རོའི་གདན་ལ་བཞུགས་པ། གོས་མེད་པ་ཕྱག་རྒྱ་ལྔས་

བརྒྱན་པ། ཐོད་པ་དང་རྡོ་རྗེའི་ཕྲེང་བས་བསྐོར་བའི་དབུ་དང་ལྡན་པ། མགོ་བོའི་ཕྲེང་བས་བརྒྱན་པ། ཐོད་པ་དང་ཁ་ཊྭཱཾ་ག་དང་གྲི་གུག་དང་ཅང་ཏེའུ་བསྣམས་པ། སྐུ་དྲག་པའི་གཟུགས་ཅན་བསྒོམ་པར་བྱའོ། །དེ་ནས་དེ་དག་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལམ་རྣམས་ལ་འཁོར་
ལོ་དང་པདྨ་དང་། རྡོ་རྗེའི་ལྟེ་བ་ལ་གནས་པའི་ས་བོན་ཨོཾ་ཨཱཿཧཱུཾ་དགོད་པར་བྱ་སྟེ། ཡང་གཙོ་བོ་ལ་གོ་ཆའི་སྔགས་ཀྱིས་གོ་བགོ་བར་བྱའོ། །དེ་ལ་ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧོ། ཧཱུཾ་ཧཱུཾ་ཧེ། །ཕཊ་ཧཾ། ཞེས་བྱ་བས་འཁོར་ལོས་སྒྱུར་བ་དྲུག་གི་སྙིང་པོ་འདིས་ལྟེ་བ་དང་། སྙིང་ག་དང་
མགྲིན་པ་དང་སྤྱི་བོ་དང་ཕྲག་པ་དང་། མིག་དང་། ཡན་ལག་ཐམས་ཅད་བསྲུང་བར་བྱ་སྟེ། ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བས་དཔའ་མོ་དྲུག་གི་སྙིང་པོ་འདིས་ལྟེ་བ་དང་། སྙིང་ག་དང་། ཁ་དང་། མིག་དང་། སྤྱི་བོ་དང་། ཡན་ལག་ཐམས་ཅད་ལ་བཅོམ་ལྡན་
འདས་མ་ལ་གོ་བསྐོན་པའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུ་འདྲ་བས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། དམ་ཚིག་གི་དཀྱིལ་འཁོར་གྱི་ནང་དུ་སྔགས་སྔོན་དུ་འགྲོ་བས་དགུག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་ཅིག་ཅེས་
བྱ་བས་བཅོམ་ལྡན་འདས་ལ་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་ལས་འཕྲོས་པའི་བདུད་རྩི་ལྔས་གང་བའི་རིན་པོ་ཆེའི་བུམ་པ་འཛིན་པའི་གཟུགས་མ་བཞི་པོ་དག་གིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་
ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ཏོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་བྱ་བའི་སྔགས་བརྗོད་ཅིང་དབང་བསྐུར་བས། ཆུ་དེ་ལས་འབྱུང་བའི་རང་གི་རིགས་ཀྱི་ལྷས་དབུ་རྒྱན་དུ་ཇི་ལྟར་རིགས་པར་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་
ས་བོན་གྱི་འོད་ཀྱིས་གཟུགས་ལ་སོགས་པའི་ཡུལ་རྣམས་བཅོམ་ལྡན་འདས་མའི་ས་བོན་གྱི་ངོ་བོ་ཉིད་ཀྱིས་པདྨའི་གེ་སར་ལ་བསྡུས་ནས། དེ་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་དམ་ཚིག་ལ་སོགས་པའི་རྫས་ཀྱིས། དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་བདག་པོ་

མཆོད་པར་བྱའོ། །དེ་ནས་དཀྱིལ་འཁོར་པའི་ལྷ་མོ་བཅུ་གཉིས་ཀྱི་ཞལ་ནས་བསྟོད་པ་འདོན་པར་མངོན་དུ་བྱས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ལས་བདེ་ལེགས་ཤོག །འདིར་ནི་རྒྱུ་དང་མི་རྒྱུའི་འགྲོ་རྣམས་དག །སྙིང་རྗེའི་ཐུགས་ཀྱིས་
སེམས་ཅན་སད་པར་མཛད། །སྒྱུ་མའི་སྤྲུལ་པས་དོན་རྣམས་འགྲུབ་པར་མཛོད། །མགོན་པོ་བདེ་མཆོག་དཔལ་ལྡན་དགྱེས་པས་བཞེངས། །ཞེས་བྱ་བས་སོ། །དེའི་རྗེས་ལ་མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་བོ་གསུམ་ལ་གནས་པའི་ཨ་ལས་བྱུང་བའི་ཐོད་པའི་
སྟེང་དུ། ཧཱུཾ་བྷྲཱུཾ་ཛྲཱིཾ་ཨཱཾ་ཁཾ་གོ་ཀུ་ད་ཧ་ན་རྣམས། དེའི་ནང་དུ་རང་རང་གི་ས་བོན་ལས་བྱུང་བའི་མཚན་མའི་བདུད་རྩི་ལྔ་སྟེ། དེའི་སྟེང་དུ་ཨ་བལྟའོ། །ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་བསྒོམ་པར་བྱའོ། །དེ་དག་ཐམས་ཅད་འབར་བ་ལ་སོགས་པའི་
རིམ་པས་བདུད་རྩིར་འགྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩི་དྲངས་པས་རོ་མཉམ་པའི་ངོ་བོ་ཉིད་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕེས་མཚན་པས་མྱང་བར་བྱས་ཤིང་འཕྲོ་བའི་སྦྱོར་བས་ལྷ་མོའི་ཚོགས་ཀྱང་ཚིམ་པར་བྱའོ། །དེ་ནས་རྡོ་རྗེ་པདྨ་རྣམ་པར་
སྦྱངས་པ་བརྡབས་པ་ལས་དགའ་བའི་སྒྲས་དགའ་བ་ཆེན་པོ་དེ་བཞིན་གཤེགས་པའི་རིགས་ནང་དུ་ཞལ་ནས་བཅུག་སྟེ། ཞུ་བར་གྱུར་ནས་ནོར་བུ་དང་ཟེའུ་འབྲུའི་དབུས་སུ། ཐིག་ལེ་གཉིས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དུ་གནས་པར་ཤེས་པར་བྱས་ནས། ཕྱག་རྒྱ་
ཆེན་པོའི་དོན་ལ་མངོན་དུ་ཕྱོགས་པར་བྱའོ། །ཁ་སྦྱར་དབུས་ན་ས་བོན་གནས། །ཐིག་ལེ་གཉིས་པོ་མི་འགྱུར་བ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། ཨཱ་ལི་ཀཱ་ལི་མདུན་བསམས་
ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་ཡོངས་རྫོགས་པ། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེའི་གོ་འཕང་མཆོག་འགྱུར་བ། །དེ་ཡི་དབུས་སུ་གནས་པར་བསམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་། །ལྷ་ཡི་ངོ་བོ་ཉིད་བསྒོམ་བྱ། །དེ་ཡི་

ལུས་ནི་འདས་གྱུར་ཀྱང་། །སེམས་ཀྱིས་ཀྱང་ནི་མ་ཡིན་ནོ། །བསམ་མེད་བསམ་པར་བྱ་བ་ཉིད། །བསམ་པ་དེ་ཡང་མི་ཤེས་སོ། །སེམས་དཔའ་འམ་ནི་བསམ་མི་ཁྱབ། །དེ་ནས་གཟུངས་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེའི་རྗེས་ལ་ལྟེ་བའི་ས་བོན་གྱི་ཐིག་ལེ་ལ་ཉི་
མའི་གཟུགས་ཀྱི་སྟེང་དུ། སྔགས་ཀྱི་ཕྲེང་བའི་སྟེང་དུ་བལྟས་པས་ཤིན་ཏུ་ཕྲ་བ་མངོན་པར་བལྟས་ཏེ། བརྟན་པའི་སེམས་ཀྱིས་འཕྲོ་བ་དང་འདུ་བའི་རིམ་པས་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱའོ། །དེ་ལ་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ།
རྗེ་བཙུན་གྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མཱ་ཡཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧཱ་ཡཻ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡཻ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་
ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚྲཱི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། དཔའ་མོ་རྣམས་ཀྱི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤཱ་ཡ། མ་ཧཱ་
ཀལྤཱགྣི་སནྣི་བྷཱ་ཡ། ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། སཱ་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷྲ་ཛི་ནཾ་བ་ར་དྷ་རཱ་ཡ། མ་ཧཱ་དྷུམྦྲཱནྡྷ་ཀ་ར་ཝ་པུ་ཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ།
ཧྲཿཧྲཿ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར། ཨནྟྲ་མཱ་ལཱ་ཝ་ལཾ་བི་ནེ། གྲྀ་ཧྞ་གྲྀ་ཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག །སརྦྦཾ་བཱ་ཏརྫ་ཡ། ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲཱི་ཧྲཱི། ཛྙཽཾ་ཛྙཽཾ། ཀྵྨཾ་ཀྵྨཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀཱི་ལི་ཀཱི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི།
ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྲེང་བའི་སྔགས་སོ། །དེ་ནས་ཇི་ལྟ་བ་བཞིན་སྦྱངས་པའི་གཏོར་མ་བཏང་སྟེ། རྣལ་འབྱོར་པ་ལྷོ་ཕྱོགས་སུ་མངོན་པར་ཕྱོགས་པས། མཐོན་པོའི་ཕྱོགས་སུ་མཆོད་པར་བྱ། །མཚན་མོ་སྐྲ་གྲོལ་གཅེར་བུ་ཡིས། །བརྟུལ་ཞུགས་ཅན་གྱི་གཏོར་མ་གཏང་། །

རྐང་པ་མནན་ཅིང་སྟེང་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ་དཔའ་བོ་རྣམས་དང་རྣལ་འབྱོར་མ་རྣམས་སྙན་གསན་དབབ། སྔགས་ཀྱིས་
བསྐུལ་བར་བྱས་ནས་ནི། །དེ་ཡི་མོད་ལ་བྱོན་པར་འགྱུར། །མཛུབ་མོ་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པར་རབ་སྦྱར་ལ། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་ནས། །བསྐོར་ནས་ཀུན་དུ་བསྐོར་བར་བྱ། །གཡས་པ་བརྐྱང་བའི་སྦྱོར་བ་ཡིས། །
འབར་བའི་ཕྱག་རྒྱ་བཅིང་བར་བྱ། །དམ་ཚིག་གིས་ནི་ཁ་བསྐང་ལ། །སྔགས་ནི་འདི་ལྟར་རྗེས་དྲན་བྱ། །ཨོཾ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། དེ་ལྟར་ལན་གསུམ་བརྗོད་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱ་ཀྵ་སྲབྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད་ཨ་པ་སྨ་
ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲྀཧྞཾ་ཏུ་ས་མ་ཡ་རཀྵནྟུ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུ་ཡ་ཐཻ་བཾ་ཡ་ཐེཥྚཾ། བྷུཉྫ་ཐ་པི་བ་ཐ་ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀརྟ་ཡ་སཏྶུ་ཁཾ་བི་བྲྀདྡྷ་ཡེས་ཧཱ་ཡི་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །རྣལ་འབྱོར་པ་རྣལ་འབྱོར་མའི་རྣལ་འབྱོར་བྱེད་
པར་འདོད་ན། ཇི་སྐད་བཤད་པ་ཐམས་ཅད་བཅོམ་ལྡན་འདས་མའི་བརྡ་དང་མཐུན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རིམ་པ་དག་གིས་མི་བྱའོ། །རྣལ་འབྱོར་མ་ཡིས་རྣལ་འབྱོར་ལ། །གུས་པས་རྣལ་འབྱོར་མ་ཉིད་གཙོར། །བྱས་ཏེ་འཁོར་ལོ་སྔོན་གསུངས་པ། །བཞིན་
དུ་ཐམས་ཅད་བྱ་བ་ཉིད། །ཟླ་ཕྱེད་ངོ་བོའི་ཚེས་བཅུ་ལ། །གཉི་གར་ལྷ་མོ་མཆོད་པར་བྱ། །གཞོན་ནུ་མའམ་རྣལ་འབྱོར་མའང་། །རྟག་ཏུ་ཆོ་ག་བཞིན་ཚིམ་བྱ། །དེ་ནས་སྔགས་པ་ལྡང་བར་འདོད་ན། མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་
ལོ་མན་ངག་ཇི་ལྟ་བ་བཞིན་དུ་ཡི་གེ་བརྒྱ་པའི་སྔགས་བཟླས་ཏེ་བསྡུ་བར་བྱའོ། །དོན་ཀུན་གྲུབ་པ་སྩོལ་ལ་བྱོན་པ་བཞིན། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱོན་པར་མཛད་པར་ཞུ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་

རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདི། །མ་ཚང་བ་དག་བཟོད་པར་གསོལ། །ཞི་དང་བཀྲ་ཤིས་བདེ་ལེགས་དང་། །ཡོན་བདག་དོན་ཆེན་བྱས་ནས་ནི། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛོད་ཅིག་མུཿ། །གཙོ་བོ་ནུས་
པ་མ་མཆིས་ཤིང་། །མ་འཚལ་བའམ་མ་རྙེད་པས། །མ་ཚངས་པའམ་ལྷག་པའམ། །བྱས་པ་དེ་ནི་བཟོད་པར་འོས། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་གང་། །དེ་ནི་ལྷ་མོས་བཟོད་པར་འོས། །མངའ་བདག་མ་ཡིས་སྣང་བར་
འགྱུར། །ལྷ་མོ་ཚད་མ་དམ་ཚིག་ཚད། །དེས་གསུངས་མཆོག་ཏུ་ཚད་མ་སྟེ། །བདེན་པ་དེ་དག་གིས་ལྷ་མོ། །བདག་ལ་རྗེས་འཛིན་རྒྱུ་རུ་ཤོག །ཅེས་བརྗོད་དེ། ཚུལ་ཁྲིམས་ཙནྡན་ཡན་ལག་བྱུག །བསམ་གཏན་སྟོད་གཡོགས་ཀྱིས་དཀྲིས་ལ། །བྱང་ཆུབ་ཡན་
ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་གནས་པར་བྱོས། །ཨོཾ་ཨཱཿབཛྲ་མཎྜ་ལ་མུཿ། །ཞེས་བརྗོད་པས་དཀྱིལ་འཁོར་བསྡུ་བར་བྱའོ། །གང་ཞིག་གུས་པས་རྟག་ཏུ་ནི། །རྣལ་འབྱོར་ཉིད་ལ་མན་ངག་བཞིན། །གོམས་པས་བསྐྱེད་པ་དེ་ལ་ནི། །ཕྱག་རྒྱ་ཆེན་པོ་འགྲུབ་པར་
འགྱུར། །མཆོད་སྦྱིན་དབང་བསྐུར་སྦྱིན་སྲེག་དཀྱིལ་འཁོར་ལ་སོགས་ནི། །ཞི་བ་ལ་སོགས་ལས་ཚོགས་དང་ནི་རབ་གནས་དང་། །གཞན་ཡང་གྲུབ་མཐའ་ཐམས་ཅད་རྣལ་འབྱོར་པ་ཉིད་གུས་པ་ཡིས། །རྣལ་འབྱོར་དམ་པ་འདི་ལ་འགྲུབ་པར་གདོན་མི་ཟ། །འཁོར་ལོ་
སྡོམ་པའི་སྒྲུབ་ཐབས་བྱས་པ་ལས། དགེ་བ་གང་ཞིག་དཔག་མེད་མཉམ་འགྲུབ་པ། །དེ་ཡིས་འཇིག་རྟེན་རྣམ་རྟོག་དྲི་མ་ཡི། །སྒྲིབ་པ་བསལ་ནས་ཡུན་རིང་གནས་གྱུར་ཅིག །དཔལ་འཁོར་ལོ་སྡོམ་པའི་མན་ངག་རྫོགས་སོ།། །།
སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། གྲུབ་པའི་སློབ་དཔོན་ས་ཝ་རི་པའི་རིམ་པའོ། །བླ་མ་བྷ་ར་ནྡྲ་རུ་ཙེའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་

ཏྲ་ཡོ་དེ་ས་ཨཱཏྨ་ཀ་སྱ་ཨ་བྷི་ཥེ་ཀཱ་བི་ངྷི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་བཅུ་གསུམ་མའི་བདག་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཕག་མོ་དང་ནི་མཉམ་པར་སྦྱོར། །ཧེ་རུ་ཀ་དཔལ་མགོན་
ལ་འདུད། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །དེ་ཡི་དབང་བསྐུར་ཆོ་ག་བཤད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ། །ལྷ་ཡི་མཆོད་པ་སྔོན་འགྲོ་དང་། །སེམས་ཅན་དོན་བྱ་མཐར་ཐུག་པ། །དབང་བསྐུར་མེད་པར་གྲུབ་མི་འགྱུར། །དེའི་ཕྱིར་དེ་ལ་ཇི་ལྟ་བ་བཞིན་དུ་
དབང་བསྐུར་ཞིང་རྗེས་སུ་གནང་བ་ཐོབ་པ་དང་། དེ་ཉིད་བཅུ་རིག་ཅིང་ཆོ་ག་ཇི་ལྟ་བ་བཞིན་དམ་ཚིག་བརྟན་པ་ལ་སོགས་པའི་བསམ་པ་རྣམ་པར་དག་པ་དང་། རིག་མ་དང་བཅས་ཤིང་ལུས་བསྲུང་བར་བྱས་པས་རྣམ་པར་བརྒྱན་པ་དང་། རྣལ་འབྱོར་བཞིའི་ཏིང་ངེ་འཛིན་ལ་
མཁས་པ་དང་། སྔོན་དུ་བསྙེན་པའི་ཆོ་གས་ལེགས་པར་གསང་སྔགས་བཟླས་པ་དང་། ལྷ་མཆོད་པ་ལ་གུས་པ་དང་། ལེགས་པར་ཡོངས་སུ་བརྟགས་པའི་སློབ་མ་ཡོངས་སུ་འཛིན་པར་འདོད་པའི་སློབ་དཔོན་གྱིས། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་ཉེ་བར་འཚེ་བ་
ཐམས་ཅད་དང་བྲལ་བའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར། ཆོ་ག་ཇི་ལྟ་བ་བཞིན་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་བྲིས་སྐུ་ལ་སོགས་པའི་དཀྱིལ་འཁོར་རམ། མངོན་པར་རྟོགས་པའི་རིམ་པས་དམིགས་ལ། རྣམ་པ་སྣ་ཚོགས་པ་ལ་སོགས་པའི་མཆོད་པ་
རྣམས་ཀྱིས་དཀྱིལ་འཁོར་ལ་མཆོད་དོ། །མཚན་ཉིད་ཐམས་ཅད་དང་ལྡན་པའི་བུམ་པ་ཡང་དག་པར་བཞག་སྟེ། དགོངས་ཀའི་དུས་སུ་དཔལ་སྡོམ་པ་བཅུ་གསུམ་གྱི་བདག་ཉིད་ཅན་རིམ་པས་ལྷག་པར་གནས་པར་བྱའོ། །བཅུ་གསུམ་མམ་ལྔའམ་མེད་ན་གཅིག་
ཀྱང་རུང་སྟེ། དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་འདབ་མ་སྣ་ཚོགས་པའི་པདྨའི་ལྟེ་བ་ལ་གནས་པའི་དཀར་མོ་དང་འཕྲོག་བྱེད་ཀྱི་སྙིང་གའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། རྡོ་རྗེ་སྔོན་པོ་དང་རྡོ་རྗེ་དམར་པོ་གཉིས་བྲི་བར་བྱའོ། །ལྷག་མ་རྣམས་ལ་རོའི་སྙིང་གའི་སྟེང་དུ་

ཉི་མའི་དཀྱིལ་འཁོར་ལ་གྲི་གུག་བྲི་བར་བྱའོ། །སྨན་ལྔ་དང་རིན་པོ་ཆེ་སྣ་ལྔ་དང་། འབྲུ་ལྔ་དང་ཤིང་ལོ་ལྔ་དང་ལྡན་པ་གོས་ཀྱིས་མགུལ་པ་དཀྲིས་པ། གདུགས་དང་བ་དན་ལྔས་རྣམ་པར་བརྒྱན་པ་ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེའམ་བདུད་རྩི་འཁྱིལ་པའི་མཚན་མ་བྲི་བར་བྱའོ། །
དྲི་ཞིམ་པོའི་ཆུས་ཡོངས་སུ་བཀང་བ་དེ་ལ་སྐད་ཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་རིམ་གྱིས་བསྒོམས་ཏེ། བསང་གཏོར་དང་མཆོད་ཡོན་ལ་སོགས་པ་ཕུལ་ལ། ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གཞུག་པར་བྱའོ། །དེའི་རྗེས་ལ་མེ་ཏོག་གི་ཕྲེང་བས་ཉེ་བར་བརྒྱན་པའི་རྡོ་རྗེ་དང་། པདྨའི་
སྣོད་ཀྱི་སྟེང་དུ་ལེགས་པར་བཞག་སྟེ། རང་རང་གི་སྔགས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་བློས་བདུད་རྩིའི་ངོ་བོར་གཞུག་པར་བྱ་སྟེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། རྐང་པ་བརྒྱད་པའི་སྔགས་སམ། ཁྱོད་ནི་རྣལ་འབྱོར་མ་ཡིས་མཛེས་པར་བསྐོར། །ཞེས་བྱ་བ་ལ་
སོགས་པས་བསྟོད་པས་ཉེ་བར་བསྡུ་བར་བྱའོ། །ཅང་ཏེའུ་ལ་སོགས་པའི་སྒྲ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་རྣལ་འབྱོར་མའི་ལག་པས་འདབ་མ་དང་བཅས་པའི་བུམ་པ་བཟུང་ལ་བསྐོར་བ་གསུམ་བྱས་ཏེ། རང་རང་གི་གནས་སུ་དགོད་པར་བྱའོ། །
ལས་ཐམས་ཅད་པ་ནི་དབང་ལྡན་གྱི་ཕྱོགས་ཆར་ལེགས་པར་བཞག་ལ། ཕྱོགས་སྐྱོང་རྣམས་ལ་ཁྱད་པར་དུ་གཏོར་མ་ཕུལ་ལ་ཡི་གེ་བརྒྱ་པའི་སྔགས་ལན་གསུམ་བརྗོད་དེ་བཟོད་པར་གསོལ་བར་བྱའོ། །དཀྱིལ་འཁོར་མཆོད་པ་དང་། བུམ་པ་ལྷག་པར་གནས་པའི་ཆོ་གའོ། །
དེའི་རྗེས་སུ་འཁོར་བཞི་པོའམ། རྗེས་སུ་གནང་བའི་སྙིང་རྗེ་ཆེ་བ་དང་སྔགས་ཀྱི་ཐེག་པའི་སྣོད་དུ་རུང་བའི་སློབ་མས་མཎྜལ་བྱས་ཏེ། མེ་ཏོག་གི་ཕྲེང་བ་བཟུང་བས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། ལ་ལ་གསང་སྔགས་གྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་
བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དང་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་པར་བྱའི། །ཚེ་འདི་ཡིད་ལ་འདོད་པ་ལ། །དེ་བཞིན་འཇིག་རྟེན་ཕ་རོལ་

མེད། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བྱ་བ་རྗེས་སུ་མཉན་པར་བྱའོ། །དེའི་རྗེས་སུ་ཚེར་མ་ལ་སོགས་པས་མེ་སྦར་ལ། ལག་པ་གཡས་དང་གཡོན་གྱིས་ཉུངས་ཀར་བཟུང་སྟེ། གཡས་དང་གཡོན་དུ་
བསྐོར་ཞིང་བསྐོར་བས་མེ་ལ་བསྐྱུར་བར་བྱའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་མ་མ་སརྦ་ཤི་ཥྱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་སོ། །དེ་བཞིན་དུ་ཆུ་བླངས་ལ་གཏོར་མའི་སྣོད་དུ་བླུགས་པར་བྱའོ། །སློབ་མ་དེ་རྣམས་བློས་དཔལ་ཧེ་རུ་ཀའི་གཟུགས་སུ་རང་
གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་ཕྱུང་ལ་རྡོ་རྗེ་ཕག་མོའི་པདྨའི་གནས་སུ་སོང་བ་རྣམས་ལ་དེ་བཞིན་གཤེགས་པ་ཞུ་བས་དབང་བསྐུར་བར་བསམས་ཏེ། དཀྱིལ་འཁོར་གྱི་ཤར་སྒོར་མངོན་སུམ་དུ་བཞག་ལ་འཇུག་པར་གསོལ་བ་གདབ་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་
པ་བས། །ཕག་མོ་དང་ནི་མཉམ་པར་སྦྱོར། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཧེ་རུ་ཀ་དང་ཕག་མོ་ཡི། །གནས་ལ་སོགས་པ་བཅུ་ཡི་མིང་། །སངས་རྒྱས་ཆོས་
དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ཉིད་འཇུག་པར་འཚལ། །དེ་ནས་བླ་མས་སློབ་མ་གཅིག་ལ་གཙོར་བྱས་ལ་བརྗོད་པར་བྱ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ལ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །
ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡི་གེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཧེ་རུ་
ཀ་དཔལ་སོགས་མཆོག་གིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་གང་ཡིན་པ་རྣམས་བཅོམ། །འཇིག་རྟེན་རྗེས་འཇུག་སྤྱད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་

བརྗོད་ལ་དེ་རྣམས་ཀྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་སྐྱབས་གསུམ་གྱི་ཚིགས་སུ་བཅད་པ་སློབ་མ་དེ་རྣམས་ཀྱིས་ལན་གསུམ་
དུ་བརྗོད་པར་བྱའོ། །ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པས་བསང་གཏོར་དང་བཅས་པས་སྔགས་ཀྱིས་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་མགོ་བོར་རིམ་པ་ཇི་ལྟ་བ་བཞིན་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ཀྱི་ལྟེ་བ་རྣམས་ལ། ཧཱུཾ་
ཨཱཿཨོཾ་བསམ་པར་བྱའོ། །དེ་རྣམས་ཀྱི་འོད་ཟེར་རྣམས་ཀྱིས་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་ས་འོག་གནས་མ་རྣམས་བསྒོམ་པར་བྱའོ། །སློབ་མས་ཀྱང་དེའི་འོད་ཟེར་ལུས་ལ་གསལ་བའོ། །རྡོ་རྗེ་གཡས་པའི་ཁུ་ཚུར་གྱིས་བཟུང་ལ་སློབ་དཔོན་ལངས་ཏེ། སློབ་མ་རྣམས་ཀྱི་
སྙིང་ག་དང་། ལྐོག་མ་དང་། མགོ་བོ་རྣམས་སུ་ཡང་དག་པར་རེག་ལ