Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 8 / 24 (50.000 ký tự/trang)
སླར་ཡང་འབྱུང་བར་མི་འགྱུར་རོ། །རང་ གི་དམ་ཚིག་སློབ་དཔོན་ནི། །རང་སྲོག་གིས་ཀྱང་བརྟེན་བྱ་ན། །སྦྱིན་མིན་བུ་དང་ཆུང་མ་དང་། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །བསྐལ་བ་བྱེ་བ་དུ་མར་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །རྟག་ ཏུ་རང་གི་དམ་ཚིག་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་ལས་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །དེ་རིང་བདག་སྐྱེས་ འབྲས་བུར་བཅས། །དེ་རིང་བདག་ནི་ལེགས་པར་གནས། །ལྷ་དང་དམ་ཚིག་མཉམ་པ་རུ། །གྱུར་པར་བདག་ནི་ཐེ་ཚོམ་མེད། །ཚེ་ལྡན་དེ་རིང་དབང་བསྐུར་བས། །རྡོ་རྗེ་འཆང་བཅས་སངས་རྒྱས་ཀུན། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །བདག་པོ་རྒྱལ་པོར་གནས་པའོ། ། གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིས། །དེ་རིང་བདུད་ལས་རྒྱལ་བར་འགྱུར། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །ཁྱོད་ནི་ཐེ་ཚོམ་མེད་པ་ཡིན། །རང་གི་དམ་ཚིག་མི་ཟད་པར་འགྱུར་ཐར་པ་ནི། །བསྟེན་བྱ་ཡིད་ཀྱི་དྲིན་གྱིས་རྡོ་རྗེ་སྐྱེ་བར་གྱིས། །ཤིན་ཏུ་སྐྱེ་སླའི་བདེ་བ་སངས་རྒྱས་ཀུན་ གཟུགས་སྐུ། །རྟག་པ་དེ་ནི་ཁྱོད་ཀྱིས་རྟོགས་པར་རབ་གྱུར་ཅིག །ཅེས་བྱའོ། །བླ་མ་ཡི་ནི་ཞབས་གཉིས་ལ། །སློབ་མ་ཡིས་ནི་ཕྱག་བཙལ་ཏེ། །ཇི་ལྟར་གསུངས་པ་ལ་སོགས་ཀུན། །རྗེས་སུ་བགྱིད་ཅེས་བདག་གིས་བརྗོད། །དེ་ལྟར་དམ་བཅས་བྱས་པ་ཡི། །སློབ་མ་ ལ་ནི་ཕན་ཉིད་དང་། །སྔར་བརྗོད་པ་ཡི་རིམ་པ་ཡིས། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེཥ་ སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱའོ། །གསང་སྔགས་འདི་ནི་བརྗོད་པར་བྱ། །འདི་བརྗོད་པས་ནི་དྲིལ་བུ་སྦྱིན། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བསྲུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེ་ ནས་སྤོས་དང་མེ་ཏོག་སོགས། །བཀྲ་ཤིས་སྤྱོད་པས་བརྒྱན་བྱས་ཏེ། །མགོ་བོར་གདུགས་ནི་བཟུང་ནས་སུ། །དེ་ནས་བླ་མ་རང་ཉིད་ཀྱིས། །རྡོ་རྗེ་དྲིལ་བུ་འཛིན་པ་ཡི། །སློབ་མ་དེ་ལ་སྐོར་བྱེད་གཞུག །སྔགས་པས་འདི་ལྟ་རུ་ནི་བརྗོད། །དཀྱིལ་འཁོར་ཀུན་གྱིས་བསྐོར་ བ་ཡིས། །མངའ་བདག་མདོག་སྔོན་རྒྱལ་གྱུར་ཅིག །དམར་པོས་ཇི་ལྟར་མཛེས་གྱུར་ཅིག །དམ་ཚིག་གིས་བརྒྱན་ཞེས་པ་རྒྱལ་གྱུར་ཅིག །ཟླ་ཕྱེད་མགོ་བོར་བརྒྱན་པ་རྒྱལ་གྱུར་ཅིག །ལྷ་མོའི་འཁོར་ལོས་བརྒྱན་པ་རྒྱལ་གྱུར་ཅིག །དང་པོ་སངས་རྒྱས་སྐུ་མཆོག་གནས་པ་ རྒྱལ་གྱུར་ཅིག །འདོད་དང་ཐར་པ་ནོར་དང་ཆོས་སྦྱིན་རྒྱལ་གྱུར་ཅིག །རྣམ་པ་ལྔ་ལ་དགའ་རོལ་རང་སྦྱིན་རྒྱལ་གྱུར་ཅིག །ཕྱག་ན་རྡོ་རྗེ་བདེ་བའི་མགོན་པོ་རྒྱལ་གྱུར་ཅིག །དེ་ནས་སྒོ་ཡི་མདུན་དུ་ནི། །གདུགས་དང་བཅས་པས་ཕྱག་བྱའོ། །སློབ་མ་ལ་ནི་འདི་བརྗོད་བྱ། ། སློབ་མ་རྒྱུད་འཛིན་པོར་འགྱུར་རོ། །དེ་ལྟར་བརྗོད་ནས་དེ་ཡི་ཚེ། །སློབ་དཔོན་ལག་གིས་གདུགས་བསལ་ནས། །སློབ་མ་དེ་ཉིད་བསླང་ནས་སུ། །དེ་ནང་འདི་ནི་ཉན་དུ་གཞུག །དེ་རིང་དཀྱིལ་འཁོར་སློབ་དཔོན་དང་། །སྔགས་དང་རྒྱུད་ནི་ཁྱོད་ཀྱིས་ཟུང་། །སངས་རྒྱས་ བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་འདོད། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །འབད་པ་ཡིས་ནི་བྲི་བྱས་ལ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ལ་བུ་ཁྱོད་ཀྱིས་བྱ་བས། །དཀའ་ལས་ཆེན་པོ་བྱུང་གྱུར་ཀྱང་། །སེམས་ཅན་རྣམས་ལ་ མི་ཕན་པའི། །བྱ་ཀུན་སེར་སྣ་མི་བྱའོ། །ཞི་བའི་དོན་དུ་མཁས་པ་ཡིས། །སྦྱིན་སྲེག་གི་ནི་ཆོ་ག་བྱ། །དེ་ནས་སྦྱིན་སྲེག་རྫོགས་ནས་སུ། །བླ་མ་ཡིས་ནི་ཡོན་བླངས་ཏེ། །གསེར་དང་དངུལ་དང་རིན་ཆེན་སོགས། །རྟ་དང་གླང་པོ་རྒྱལ་སྲིད་དོ། །སློབ་ མས་ཀྱང་ནི་དེ་རྗེས་སུ། །བཅོམ་ལྡན་དམ་ཚིག་ཉིད་ཀྱིས་ནི། །ཧེ་རུ་ཀ་དཔལ་ཤེས་རབ་ཆེ། །མཁའ་འགྲོ་མ་ཡི་འཁོར་ལོ་སྡོམ། །ཞེས་བྱ་སེམས་ལ་རྗེས་གནང་ནས། །བསྐོར་བ་ལན་གསུམ་བྱས་ནས་སུ། །ལུས་ཀུན་ཡན་ལག་གདུགས་བྱས་ཏེ། །ཇི་ལྟར་སྔར་ བཞིན་ཕྱག་བྱའོ། །བདག་རང་བླ་མ་ལ་ཕུལ་ནས། །མཆོད་པ་ཡིས་ནི་མཆོད་པར་བྱ། །ཇི་སྲིད་བླ་མ་དགྱེས་པར་དུ། །དེ་སྲིད་བླ་མ་མཉེས་པར་བྱ། །གང་གང་ཅུང་ཞིག་ཡིད་འོང་བ། །ཤིན་ཏུ་ཁྱད་པར་ཅན་དེ་ཉིད། །དེ་ཉིད་མི་ཟད་འདོད་པ་ཡིས། །དེ་དང་དེ་ནི་བླ་མར་ དབུལ། །གང་གིས་ཤིན་ཏུ་གཏང་དཀའ་བ། །དེ་བྱིན་དཔག་མེད་ཡིན་པར་འདོད། །དེ་ལྟར་གང་ཞིག་དབང་བསྐུར་བ། །དེ་ནི་སློབ་དཔོན་ཡིན་པར་བརྗོད། །དེ་ལ་གསང་སྔགས་བྱིན་པ་ཡིས། །དངོས་གྲུབ་འདིར་ནི་ཐེ་ཚོམ་མེད། །དེ་ནས་ཨོཾ་བཛྲ་སཏྭ་སོགས། །རྡོ་རྗེའི་གླུ་ ནི་བརྗོད་པར་བྱ། །རྡོ་རྗེ་གར་གྱི་སྦྱོར་བ་ཡིས། །སྒེག་མོ་སོགས་ཀྱིས་མཆོད་པར་བྱ། །འདོད་པའི་ཡོན་ཏན་ལྔས་ཀྱང་ནི། །དེ་བཞིན་གཤེགས་པ་རབ་མཆོད་དེ། །ཅི་བདེ་བར་ནི་སློབ་མ་ཀུན། །མཆོད་པ་བྱས་ནས་མཁྱེན་པར་གསོལ། །ཇི་ལྟར་རང་གི་འདོད་པ་ཡིས། ། སྤོས་ལ་སོགས་པ་མཆོད་པར་བྱ། །ཇི་ལྟར་འབྱོར་པར་འགྱུར་བ་ཡིས། །ཞུགས་པའི་སློབ་མས་བཟའ་བཅའ་དང་། །རྣམ་པ་སྣ་ཚོགས་རོ་དང་ཟས། །བཟི་བར་ནུས་པའི་ཆང་དང་ནི། །གང་ཞིག་རྒྱུད་གཞན་གྲགས་པ་ཡི། །གླུ་དང་སྒྲ་ཡི་མཆོད་པ་རྣམས། །མཆོད་ པའི་སྒྲ་ནི་དབུལ་བར་བྱ། །བླ་མ་ཡང་དག་བདེ་བར་མཆོད། །དེ་བཞིན་དུ་ཡང་གསུངས་པ་ནི། །ཆང་བཅས་ཆང་མིན་བཏུང་བ་དང་། །ཇི་ལྟར་འདོད་པས་ལོངས་སྤྱོད་པར། །ཇི་བཞིན་རིམ་པས་བསྒོམ་པར་བྱ། །དེ་ཉིད་གསང་བའི་གླུ་ཆེན་པོ། །བདེ་བའི་སྒྲ་དང་གར་ཀྱང་བྱ། ། དགའ་བའི་རོལ་པ་སྣ་ཚོགས་ཀྱིས། །གཙོ་བོ་ལ་སོགས་ཀུན་མཆོད་ནས། །དེ་ནས་མང་པོ་བསམ་བྱ་ཞིང་། །སྔར་བཞིན་དུ་ནི་བརྗོད་པར་བྱ། །ཀུན་ལ་དམ་ཚིག་བྱིན་ནས་ནི། །ཇི་ལྟར་དགར་འོས་དེར་ནི་གཏང་། །དེ་ནས་ཕྱི་རོལ་མཆོད་པ་དང་། །ཡིད་ཀྱིས་མཆོད་པ་གཙོ་བོ་ནི། ། སྔགས་པ་གུས་པ་ཡིས་ནི་མཆོད། །ཡང་ནི་ཉི་མ་ཤར་དུས་སུ། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་བྱ་ལ་སོགས་ཚིག་གིས་ནི། །ཇི་ལྟར་ཡང་དག་བསྟོད་ནས་ཕྱིས། །རྒྱལ་བ་རྣམས་ལ་མཁྱེན་པར་གསོལ། །སོ་སོ་སྐྱེ་བོར་གྱུར་གང་དང་། །རྣལ་འབྱོར་མ་ཐོབ་གང་ གིས་དང་། །ཉེ་དང་མཁོ་བ་མེད་པ་དང་། །བརྗེད་དང་ཤེས་བཞིན་མ་ཡིན་པས། །ཅུང་ཞིག་ཆོ་ག་ཉེར་མ་ཚང་། །དེ་དག་བཀྲུ་ཞིང་བཟོད་པར་འོས། །དེ་ལྟར་གསོལ་བ་བཏབ་ནས་ནི། །དེ་ནས་འདིས་ནི་གཤེགས་སུ་གསོལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿ དེ་ནས་ཚོགས་པ་རྟོགས་བྱས་ལ། །ཡེ་ཤེས་ཀྱི་ནི་དཀྱིལ་འཁོར་གཙོ། །ཞལ་ནི་དགོད་ཅིང་སིམ་པ་ཡིས། །སློབ་དཔོན་སློབ་མའི་ཡོན་ ཏན་བརྗོད། །རང་གི་འོད་ཀྱིས་སེམས་ཅན་ཀུན། །རང་རང་ཕྱོགས་སུ་བཏོན་ནས་སུ། །དེ་བཞིན་ཇི་ལྟར་འདོད་པ་ཡི། །རང་གི་འོད་ཀྱིས་གསལ་བར་བསམ། །དེ་ནས་ཇི་ལྟར་སྤྲོས་པ་ཡི། །གུས་པས་ལྷ་ཡི་དཀྱིལ་འཁོར་ནི། །རང་གི་ལུས་ལ་གཞུག་པར་བྱ། །དེ་ནས་མཁས་ པས་ཕུར་བུ་གདོན། །སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཱན་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་ཧཱུཾ་ཧཱུཾ་ཕཊ། ཅེས་བྱའོ། །དེ་ལ་བྱིན་གྱིས་བརླབས་པ་ཡི། །གསང་བའི་དཀྱིལ་འཁོར་རྡུལ་ཚོན་ཆ། །དེ་ལ་སྤོས་ལ་སོགས་པ་ཡིས། །ཡང་ནི་ཡང་དག་མཆོད་ནས་ནི། །བློ་ལྡན་གྱིས་ནི་ གཤེགས་སུ་གསོལ། །ཨ་ཀཱ་རོ་མུ་ཁཾ་ལ་སོགས་པ། །བརྗོད་ནས་དེ་དོན་མངོན་དུ་བྱ། །མཉམ་པར་གཞག་པས་མི་དམིགས་བྱ། །གཙོ་བོ་རང་གི་སྙིང་གར་གནས། །མཆོད་ནས་དེ་བཞིན་བསྟོད་བྱས་ལ། །དེ་ནས་རྣལ་འབྱོར་ཉེ་བར་བསྡུ། །ཚོན་རྩི་ཆུ་བོའམ་རྒྱ་མཚོ་འམ། ། དེ་ཉིད་དུ་ནི་དོར་བར་བྱ། །དེ་ནས་ས་ནི་ཡང་དག་པར། །བ་ཡི་ལྕི་བས་བྱུགས་བྱས་ཏེ། །བདག་དང་སློབ་མ་དེ་བཞིན་སོགས། །ཕན་པའི་ཕྱིར་ནི་སྦྱིན་སྲེག་བྱ། །དེ་ནས་ཡང་ནི་སྔགས་པས་ཀྱང་། །དེ་བཞིན་དུ་ནི་ཕུར་བུ་གདོན། །ལེགས་པར་ཁྲུས་ནི་ བྱས་ནས་སུ། །བདག་མེད་པར་ནི་བསྒོམ་པར་བྱ། །དེ་ནས་ཕྱིས་ནི་སློབ་དཔོན་གྱིས། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །རང་ཉིད་ཀྱིས་ནི་ལོངས་སྤྱོད་བྱ། །སློབ་མ་ལ་ནི་མི་བགོའོ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་ཀུན། །སློབ་དཔོན་གྱི་ནི་རིག་པ་ཡིན། །དམ་ཚིག་ཅན་གང་སློང་ གྱུར་ན། །སློབ་མ་ལ་ནི་ཅུང་ཞིག་སྦྱིན། །རྒྱུད་གང་ལ་ནི་སྔོན་གྱི་སློབ་དཔོན་གྱིས། །འཁོར་ལོ་རྒྱས་པ་རུ་ནི་མ་བྱས་སེམས། །དེས་ན་དེ་ལ་བདག་སེམས་ཞུགས་གྱུར་པས། །ལྷག་དང་ཆད་དོན་མཁས་པ་རྣམས་ཀྱིས་ཤེས། །བློ་ནི་དམན་ཡང་གུས་པར་གྱུར་པ་ཡིས། །འདི་དག་ མཛེས་པར་རབ་ཏུ་བྱས་པ་ཡིན། །རང་གི་ཡུལ་ལ་སྐྱོན་དང་ཡོན་ཏན་ནི། །མི་བྱ་དད་པ་ཡིས་ནི་ཕྱེ་བ་ཡིན། །འདིར་ནི་མཆོག་གི་ཁུར་ཆེན་དཔའ་བོ་དང་། །ཡང་ནི་དཔའ་བོ་རྣམས་ཀྱི་དཔའ་བོ་ཡང་། །དེ་ཕྱིར་ལེགས་བསྟན་དམ་ཚིག་བཅས་པ་ཡི། །མཁས་པ་རྣམས་ཀྱིས་བདག་ ལ་བཟོད་པར་འོས། །དོན་དང་གཞུང་འདི་མཛེས་པར་བྱས་འདི་ཡིས། །བསོད་ནམས་ཀྱིས་ནི་འགྲོ་བ་རྣམས་ལ་ནི། །ཡུན་རིང་འཇིགས་པ་མེད་པར་དགའ་བ་དང་། །བདག་གཞན་བདེ་བ་མཆོག་ནི་སྐྱེད་གྱུར་ཅིག །དེ་ཉིད་གསལ་སྐྱེ་རྨོངས་པ་རབ་འཇོམས་ཤིང་། །མཆོག་ཏུ་མི་འཇིགས་ སྟེར་བའི་མངའ་བདག་ཤོག །ནོར་ནི་མ་ལུས་སྐྱེད་པའི་གཞི། །སྐྱེས་པའི་ས་ནི་ལང་ཀ་སྟེ། །རྒྱལ་བའི་ཞབས་ཀྱིས་བྱས་པ་ལ། །མཐའ་ནི་བཟང་པོའི་མིང་གསལ་བྱས། །ཉོན་མོངས་ཚོགས་ནི་སྤངས་པ་ཡི། །ལེགས་པར་བརྟན་པའི་བློ་གྲོས་ཀྱིས། །ཡོན་ཏན་ཚོགས་ནི་ རྗེས་རྟོགས་པས། །རྫོགས་པར་བྱས་ཀྱིས་བསམ་པར་གྱིས། །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་ཚིགས་སུ་བཅད་པ་དགུ་བརྒྱ་པ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་འཇམ་དཔལ་དང་། བོད་ཀྱི་ལོ་ཙཱ་ བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྲིད་དང་མྱ་ངན་འདས་ སྡུད་ཅིང་། །སྲིད་དང་མྱ་ངན་འདས་ལ་བཞུགས། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །དཔའ་བོ་རྨད་བྱུང་ཆེ་ལ་འདུད། །ལྟེ་བའི་དབུས་ལས་བྱུང་ཞིང་ཕྲ། །ཆོས་དང་ལོངས་སྤྱོད་རྫོགས་ལ་གནས། །མཁའ་འགྲོ་རྣམས་ཀྱང་སྡུད་མཛད་མོ། །གཏུམ་མོ་དེ་ལ་བདག་ཕྱག་ འཚལ། །ཡང་དག་རྟོགས་པའི་གནས་མིན་ཞིང་། །མཁས་པ་ཡིས་ཀྱང་རྙེད་དཀའོ། །གང་གིས་དྲིན་གྱིས་རྙེད་སླར་གྱུར། །བླ་མའི་ཞལ་སྔ་རྒྱལ་གྱུར་ཅིག །སྐལ་ལྡན་སེམས་ཅན་དོན་བསྒྲུབ་ཕྱིར། །མན་ངག་ཅུང་ཟད་ལ་བརྟེན་ཏེ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །སྒྲུབ་ཐབས་ དེ་ནི་བདག་གིས་བྱ། །དུར་ཁྲོད་དག་གམ་ཆུ་ངོགས་སམ། །ཡང་ན་དགོན་པ་ཆེན་པོར་ནི། །ཧེ་རུ་ཀར་གྲགས་ཐུགས་རྗེ་ཆེ། །སྒྲུབ་པའི་དབང་པོས་མཉེས་པར་བྱ། །ལངས་ནས་དང་པོར་སྙིང་ག་ཡི། །པདྨ་ཟླ་བའི་དཀྱིལ་འཁོར་བསམ། །དེ་ཡི་དབུས་སུ་ཡི་གེ་ནི། །ཐུགས་ ལས་བྱུང་བ་རྣམ་པར་བསྒོམ། །དེ་ཡི་ལུས་ངག་ཡིད་ཀྱིས་ནི། །ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ། །འོད་ཀྱིས་བླ་མ་རང་ལྷ་དང་། །སངས་རྒྱས་རྣམས་ནི་རང་སྣང་བྱ། །ནམ་མཁའ་ཁྱབ་པར་བསམས་ནས་ནི། །མཆོད་པའི་ལྷ་མོ་ཡང་དག་སྤྲོ། །དེ་ཡིས་ལེགས་ པར་མཉེས་བྱས་ལ། །གུས་པས་པུས་མོ་གཉིས་བཙུགས་ཏེ། །དཀོན་མཆོག་གསུམ་ལ་སོགས་པ་ཡི། །ཚིགས་བཅད་གསུམ་ནི་ལན་གསུམ་བརྗོད། །དེ་རྗེས་བྱམས་དང་སྙིང་རྗེ་དང་། །དགའ་བ་བཏང་སྙོམས་བསྒོམ་པར་བྱ། །གང་ཕྱིར་གཉིད་ལོག་སད་པ་ཡི། ། བྱེ་བྲག་གསལ་བར་མི་དམིགས་པས། །དེ་ཕྱིར་སེམས་ཀྱི་རྣམ་འཕྲུལ་ནི། །འདི་དག་ཐམས་ཅད་ལོག་པ་ཡིན། །གཅིག་དང་དུ་མས་རྣམ་དཔྱད་ན། །ཕྱི་ཡི་དངོས་པོ་དམིགས་མི་འགྱུར། །འདི་དག་སེམས་ཀྱི་གཟུགས་སུ་འང་མིན། །དེ་བས་འགྲོ་འདི་ སྟོང་པ་ཡིན། །རྒྱུ་དང་མི་རྒྱུར་བཅས་པ་ནི། །སྐྱེ་བའི་ཆོས་དང་རྣམ་བྲལ་ཞིང་། །སོས་ཀའི་ཉི་མ་ཕྱེད་དུས་ཀྱི། །སྤྲིན་མེད་ནམ་མཁའ་ལྟ་བུར་བསམ། །སེམས་འདི་བརྟན་པར་བྱེད་པ་ཡི། །གསང་སྔགས་འདི་ནི་བརྗོད་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་པཾ་བྱུང་པདྨ་དང་། །རཾ་ལས་བྱུང་བ་ཉི་དཀྱིལ་དུ། །ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་ནི། །སྤྲོ་བའི་བདག་ཉིད་ཅན་གྱིས་བསམ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ ཡ་ཧོཿབྷ་ག་ཝཱན་བཛྲ་བིདྱཱ་རཱ་ཛཱ་ཡ་ཧཱུཾ་ཕཊ། འདིས་ནི་གདུག་པ་བཀུག་ནས་ཀྱང་། །འོག་ནས་བཤད་པས་ཕུར་བུས་གདབ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུདྒ་ར་ བཛྲ་ཀཱི་ལ་ཨ་ཀོ་ཊ་ཡ་ཧཱུཾ་ཕཊ། ཕུར་བུས་གདབ་ཅིང་བརྡུང་བ་ཡིས། །དེ་ཡིས་གླགས་སྐབས་མི་རྙེད་ཕྱིར། །རྡོ་རྗེ་དྲ་བ་བསམ་པར་བྱ། །དེ་ཡི་ནང་དུ་ཆོས་དབྱིངས་ནི། །བྷ་གའི་དབྱིངས་སུ་རྣམ་པར་བསམ། །རླུང་དང་མེ་ཆུ་ས་རྣམས་ཀྱི། །དཀྱིལ་འཁོར་འདིར་ནི་བསམ་པར་བྱ། ། དེ་རྣམས་སྟེང་དུ་རི་རབ་སྟེ། །དེ་ཡི་སྟེང་དུ་ཧཱུཾ་བྱུང་བསམ། །རླུང་སོགས་ཡོངས་སུ་གྱུར་པ་ལས། །གཞལ་ཡས་ཁང་ནི་ཉིད་གྱུར་པ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཆུན་འཕྱང་དང་། །མེ་ལོང་ལ་སོགས་རྣམས་ཀྱིས་བརྒྱན། ། དབུས་སུ་སྣ་ཚོགས་པདྨ་ཡིས། །མཛེས་བྱས་པདྨ་འདབ་མ་བརྒྱད། །ལྟེ་བ་ལ་ནི་འཇིགས་བྱེད་དང་། །དུས་མཚན་དག་ནི་རབ་ཏུ་བསྒོམ། །ཕྱོགས་ཀྱི་འདབ་མ་བཞི་པོ་ལ། །རོ་ནི་གདན་གྱི་གཟུགས་ཅན་ཡིན། །འདབ་མ་གཞན་ལ་བདུད་རྩིས་གང་། །སྣོད་ནི་བུམ་པ་ལ་ གནས་བསམ། །དེ་རྗེས་ཆོ་ག་བཞིན་དུ་ནི། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །འཁོར་ལོ་གསུམ་པོ་རྡོ་རྗེ་དང་། །པདྨ་འཁོར་ལོས་བསྐོར་བར་བསམ། །གཞལ་ཡས་ཁང་གི་ཕྱི་རོལ་དུ། །དུར་ཁྲོད་རྣམ་པ་བརྒྱད་ཀྱིས་བརྒྱན། །དེ་ཡི་མིང་དང་མཚན་ཉིད་དང་། །དེ་ བཞིན་ལུང་གིས་བཤད་པར་བྱ། །གཏུམ་དྲག་གཅིག་གི་དབྱིངས་ཅན་ནི། །གཉིས་པ་ཚང་ཚིང་གསུམ་པ་ཡིན། །འབར་བ་ཞེས་བྱ་བཞི་པ་སྟེ། །དམྱལ་སོགས་ཞེས་བྱ་ལྔ་པ་ཡིན། །མི་བཟད་པ་དང་ཧ་ཧར་དགོད། །བརྒྱད་པ་གཡེར་ཀ་ཅན་དུ་འདོད། །དང་པོ་ཚིག་པར་བཤད་བྱ་ སྟེ། །གཉིས་པ་ཡང་ནི་མ་ཚིག་པར། །གསུམ་པ་དུམ་བུར་གྱུར་པ་ཡིན། །བཞི་པ་དུམ་བུར་མ་གྱུར་པའོ། །ལྔ་པ་འཇིགས་པ་ཞེས་བཤད་དེ། །དྲུག་པ་འཇིགས་པར་བྱེད་པ་ཡིན། །བདུན་པ་མདུང་རྩེར་བསྐྱོན་པ་སྟེ། །བརྒྱད་པ་འགེགས་པ་ཞེས་བྱའོ། །པ་ཏ་ལི་དང་པུནྟ་ ལི། །སཱ་ལའི་ཤིང་དང་ཤྲི་ཥ་དང་། །ཨུ་དུམྺཱ་ར་ནྱ་གྲོ་དྷ། །ཨ་ཤྭད་ནཱ་ག་གེ་སར་ཤིང་། །ཁྲ་དང་བྱི་ལ་འུག་པ་དང་། །སྟག་དང་ཁྱི་དང་བྱ་རྒོད་ཕག །ཤ་ཟའི་གདོང་བཅས་བརྒྱད་པོ་ནི། །ཤིང་བརྒྱད་ལ་ནི་ཡང་དག་གནས། །ཁྲ་དང་ཅེ་སྤྱང་འུག་པ་དང་། །བརྟན་པོ་ཁྱི་དང་ སྲིན་པོ་ཕབ། །རོ་ལངས་ཁྲོ་བོའི་དྲེགས་བདོ་བ། །བརྒྱད་ཀྱིས་གཙོ་བོ་ཡང་དག་བསྐོར། །སྲེད་དང་སྡང་བ་དག་གི་སྟེང་། །ཟླ་བ་ཉི་མའི་དཀྱིལ་འཁོར་ལ། །ཨཱ་ལི་ཀཱ་ལི་གཉིས་ལས་བྱུང་། །སེམས་ཅན་ཞུ་བའི་རང་བཞིན་ཅན། །བསམས་ནས་ང་རྒྱལ་ཙམ་ཉིད་ཀྱིས། ། རྣལ་འབྱོར་བདེ་བའི་བདག་ཅན་བྱ། །དེ་ནས་གཞན་དོན་ལ་ཡང་འབད། །འདིས་གནས་བྱ་བ་མ་ཡིན་ལ། །དེ་ལྟར་ཤེས་པ་ལྷ་མོ་ཡིས། །བསྟོད་པར་གྱུར་ལས་ཡང་དག་བྱུང་། །ཧཱུཾ་དཔའ་མོ་རོལ་ཅིག་རོལ་ཅིག་ཧོཿ། །བདེ་བ་ཆེན་པོ་རྡོ་རྗེ་ཁྱོད། །བདེ་ཆེན་ལས་བྱུང་རོ་ཉིད་ ལས། །འདི་ཉིད་དུ་ནི་བཞེངས་སུ་གསོལ། །ཁྱོད་ནི་བདེ་བ་ཆེན་པོ་མཆོག །དེ་བཞིན་དགྱེས་པའི་བདེ་བ་ཡིས། །བདག་ཀྱང་དེ་ལྟར་གསོལ་བར་མཛོད། །བཅོམ་ལྡན་བདེ་ཆེན་དགྱེས་པ་ཧོ། །ཨོཾ་རྡོ་རྗེ་སེམས་དཔའ་ལེགས་དགྱེས་ཁྱོད། །རོ་དང་རོ་མཆོག་ཐམས་ཅད་ ཀྱིས། །དགྱེས་པ་ཆེན་པོའི་བདེ་རྣམས་ལ། །བསྒྲུབ་བྱ་ཀུན་ལ་རྟག་པར་ཡང་། །རོལ་ཅིག་རོལ་ཅིག་དགྱེས་ཀུན་ལ། །རྣལ་འབྱོར་མ་ཀུན་དགྱེས་མཛད་དོ། །བཅོམ་ལྡན་རྡོ་རྗེ་པདྨ་ཧཱུཾ། །ཨ་ལ་ལ་ཧོ། །བཅོམ་ལྡན་འདོད་པས་ལེགས་དགྱེས་ཁྱོད། །ཆགས་ནང་ནམ་མཁའ་ལྟ་ བུ་སྟེ། །པདྨའི་འདབ་མ་ཨ་ལ་ལ་ཧོ། །རྡོ་རྗེ་མཆོག་ནི་འཛིན་པ་ཡིས། །བདེ་འབྱུང་དྲ་བའི་རྟག་པ་ཡང་། །པདྨ་མཆོག་གི་ཁ་འབྱེད་ཅིང་། །པདྨའི་དགྱེས་པས་སླད་ནས་རོལ། །རྡོ་རྗེ་མཆོག་འཆང་ད་ལྟར་ཡང་། །ངོ་མཚར་བདེ་བ་འདི་ཉིད་མཐོང་། །ཤིན་ཏུ་ བདེ་བའི་གྲུབ་པ་ཉིད། །ཇི་ལྟར་ད་ལྟར་བསྡུ་བར་མཛོད། །བྱང་ཆུབ་ཚོགས་དང་བཅས་པ་དག །ད་ལྟར་ཐོབ་མཛད་ཨ་ལ་ལ་ཧོ། །བདེ་ཆེན་རོལ་པ་དམ་པ་བསྒྲུབས། །གླུ་འདི་ཡི་ནི་ངོར་མཛད་པས། །སེམས་ཅན་དོན་མཛད་པར་བསྐྱོད་དེ། །བཾ་ཧཱུཾ་གཉིས་ལས་གྲི་གུག་དང་། ། རྡོ་རྗེ་ལྟར་སྤྲོས་བདག་ཉིད་ཅན། །བསྒོམས་ཏེ་ཐམས་ཅད་ཡོངས་གྱུར་ལས། །བདག་ཉིད་ཧེ་རུ་ཀ་དཔལ་འགྱུར། །སྐུ་མདོག་གནག་ཅིང་ཞལ་བཞིར་ལྡན། །དབུ་སྐྲ་འབར་ཞིང་གྱེན་དུ་བརྫེས། །སྤྱན་གསུམ་མངའ་ཞིང་སྨིན་མ་སེར། །དབུ་ལ་ཐོད་པ་ཟླ་བས་བརྒྱན། །ཐོད་པའི་ཕྲེང་ བ་ལྔ་བཅུ་མངའ། །སྐུ་ལ་ཐལ་བའི་རྡུལ་གྱིས་བསྒོས། །ཕྱག་རྒྱ་དྲུག་གིས་སྐུ་བརྒྱན་ཞིང་། །གཡས་བརྐྱང་པ་ལ་གནས་པས་བཞུགས། །མཆེ་བ་ཅུང་ཟད་གཙིགས་པ་དང་། །གར་གྱི་ཉམས་ནི་དགུ་དང་ལྡན། །གདུལ་དཀའ་འདུལ་བ་མཁས་པའི་ཕྱིར། །ལྷ་ཆེན་མ་ཧཱའི་ སྟེང་ན་བཞུགས། །གནག་དང་སེར་དང་དམར་དང་ལྗང་། །ཞལ་བཞི་གཡོན་ནས་བསྐོར་བ་མངའ། །ཕྱག་ནི་བཅུ་གཉིས་དང་ལྡན་ཞིང་། །ཕག་མོ་ཡིས་ནི་མགུལ་ནས་འཁྱུད། །རྡོ་རྗེ་གཡས་དང་དྲིལ་བུ་གཡོན། །ཕྱག་གིས་ཀུན་ནས་འཁྱུད་མཛད་པ། །ཕྱག་གཉིས་བརྐྱང་ བས་གླང་ཆེན་ལྤགས། །ཌ་མ་རུ་དང་དགྲ་སྟ་དང་། །གྲི་གུག་དེ་བཞིན་རྩེ་གསུམ་འཕྱར། །གཡས་པའི་ཕྱག་གིས་འཛིན་པར་མཛད། །ཁ་ཊྭཱཾ་ག་དང་པདྨའི་སྣོད། །ཞགས་པ་དེ་བཞིན་ཚངས་པའི་མགོ །གཡོན་ན་བསྣམས་ཤིང་མགོན་པོ་ནི། །མཆོག་ཏུ་དགའ་བའི་ཚུལ་འཛིན་ བཞུགས། །རྡོ་རྗེ་ཕག་མོ་ཞལ་གཅིག་དང་། །སྤྱན་གསུམ་ལྡན་པས་ཀུན་དུ་འཁྱུད། །ཡན་ལག་ཕྱག་རྒྱ་དྲུག་གིས་བརྒྱན། །ཐོད་དུམ་འོག་པགས་དག་གིས་བཞུགས། །བྱིན་པ་གཉིས་ཀྱིས་ལེགས་འཁྱུད་ཅིང་། །བདེ་བ་ཆེན་པོའི་གནས་ཀྱིས་བཞུགས། །ཆགས་པ་ཆེན་པོའི་ འོད་དམར་བར། །རང་སྣང་བ་ཡང་ཡང་དག་བྱུང་། །ནུ་རྒྱས་རྐེད་དབུས་ཕྲ་བ་དང་། །སྐུ་སྨད་ཆ་ནི་རབ་ཞེང་ཆེ། །དབུ་སྐྲ་གནག་ཅིང་སྤྱན་མཛེས་པ། །སྒེག་པའི་རྒྱན་དང་ལྡན་པ་ཡིན། །གཡས་ཀྱིས་གདུག་ལ་སྡིགས་མཛུབ་མཛད། །གྲི་གུག་རྡོ་རྗེས་མཚན་པ་དང་། །གཡོན་ པའི་ཕྱག་གིས་གདུག་པ་ཡི། །བདུད་སོགས་ཁྲག་ཅན་ཐོད་པ་བསྣམས། །མི་བཟད་བསྐལ་བའི་མེ་འདྲ་ཞིང་། །ཁྲག་འཛག་པ་ལ་རྣམ་པར་དགྱེས། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །ཕྱོགས་ཀྱི་པདྨར་གཙོ་བོ་ཡི། །ཞལ་དང་རྗེས་ སུ་མཐུན་པར་བསམ། །འདབ་མ་གཞན་ལ་ཆོ་ག་བཞིན། །བཤད་པའི་སྣོད་ནི་བཞི་པའོ། །འདི་རྣམས་ཕྱག་གཡས་གྲི་གུག་སྟེ། །གཡོན་ན་བདུད་རྩི་ལྔས་གང་བའི། །ཐོད་པ་ཉིད་དང་ཁ་ཊྭཱཾ་ག །སྐུ་གསུང་ཐུགས་རྣམས་དག་རྩོལ་རྣམས། །དེ་ཡི་ཕྱི་རོལ་ཐུགས་འཁོར་ ལོ། །རྡོ་རྗེ་ཕྲེང་བ་ནག་པོས་བསྐོར། །ཕྱོགས་མཚམས་ཆ་ནི་བརྒྱད་པོ་རུ། །རབ་གཏུམ་མོ་སོགས་མཁའ་གྲུབ་སྩོལ། །དེའི་རྒྱབ་གསུང་གི་འཁོར་ལོ་ནི། །པདྨ་དམར་པོ་སོགས་བརྒྱན་པར། །ས་སྲུང་མོ་སོགས་བརྒྱད་པོ་བཞུགས། །དེའི་རྒྱབ་སྐུ་ཡི་འཁོར་ལོ་ནི། །འཁོར་ ལོ་དཀར་པོ་སོགས་བརྒྱན་པར། །འཁོར་ལོའི་ཤུགས་སོགས་བརྒྱད་པོ་བཞུགས། །འཁོར་ལོ་གསུམ་གཏོགས་རྣལ་འབྱོར་མ། །སྐུ་གསུང་ཐུགས་ཀྱི་མདོག་འདྲར་འགྱུར། །ཞལ་གཅིག་སྤྱན་ནི་གསུམ་པ་ལ། །རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན། །ལྷ་མོ་གྲི་གུག་ཐོད་པ་ བསྣམས། །རྣལ་འབྱོར་མ་ནི་ཕག་མོ་འདྲ། །འདི་རྣམས་ཐབས་གྱུར་དཔའ་བོ་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ལ། །ཀུན་ཀྱང་རྡོ་རྗེ་དྲིལ་བུ་བསྣམས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །མི་མགོ་ཡི་ནི་དོ་ཤལ་ཅན། །མི་བཟད་སྐུ་འཆང་དབུ་སྐྲ་མཛེས། །མཆེ་བ་ཅུང་ཟད་ གཙིགས་པ་སྟེ། །སྒེག་པ་ལ་སོགས་ཉམས་དང་ལྡན། །ཐོད་པའི་དུམ་བུས་རྣམ་བརྒྱན་ཞིང་། །དར་དང་ཕྲེང་བས་རྣམ་པར་ཀླུབས། །ཧེ་རུ་ཀ་དཔལ་བཞུགས་ཚུལ་ལྟར། །གཡས་བརྐྱང་པ་ཡི་གནས་པས་བཞུགས། །དཔའ་བོ་རྣམས་ཀྱི་སྐུ་མདོག་ནི། །ཅི་འདྲ་གདན་ཡང་ དེ་དང་འདྲ། །ཁྭ་དང་འུག་པ་དེ་བཞིན་ཁྱི། །ཕག་གདོང་རང་གི་མིང་བཞིན་ནོ། །སྒོ་ཡི་ལྷ་མོའི་ཞལ་དང་ནི། །མདོག་སོགས་མཁའ་འགྲོ་མ་སོགས་མཐུན། །གཤིན་རྗེ་བརྟན་མ་གནག་དང་ལྗང་། །གཤིན་རྗེ་ཕོ་ཉ་ལྗང་དང་དཀར། །དེ་བཞིན་གཤིན་རྗེ་མཆེ་བ་ ཅན། །དམར་དང་སེར་བར་ཤེས་པར་བྱ། །གཞན་ཡང་གཤིན་རྗེ་འཇོམས་མ་ནི། །སེར་དང་ནག་པོར་རབ་ཏུ་བཤད། །དང་པོ་ལྷ་མོ་གཡོན་སྐོར་ཏེ། །དེ་བཞིན་གཞན་དག་གཡས་སྐོར་ཡིན། །དེ་ལྟ་བུ་ཡི་འཁོར་ལོ་ཆེ། །བདག་ཉིད་དང་ནི་བཅས་པར་བསྒོམ། །རབ་གཏུམ་མ་དང་གཏུམ་ པའི་མིག །འོད་ལྡན་མ་དང་སྣ་ཆེན་མ། །དཔའ་བོའི་བློ་མ་མིའུ་ཐུང་མ། །ལང་ཀའི་དབང་ཕྱུག་ཤིང་གྲིབ་མ། །ས་སྲུང་མ་དང་འཇིགས་ཆེན་མ། །རླུང་གི་ཤུགས་མ་ཆང་འཐུང་མ། །སྔོ་བསངས་མ་དང་རབ་བཟང་མ། །རྟ་རྣ་མ་དང་བྱ་གདོང་མ། །འཁོར་ལོ་ཤུགས་མ་དུམ་ སྐྱེས་མ། །སྣ་ཆེན་འཁོར་ལོའི་ལམ་མོ་དང་། །ཤིན་ཏུ་དཔའ་མོ་སྟོབས་ཆེན་མ། །འཁོར་ལོས་སྒྱུར་བ་སྟོབས་ཆེན་མ། །ཐོད་པའི་དུམ་བུ་ཀེང་རུས་ཅན། །ཀེང་རུས་ཆེན་པོ་མཆེ་བ་གཙིགས། །ཆང་དགའ་དགྲ་ནི་འོད་དཔག་མེད། །རྡོ་རྗེའི་འོད་དང་རྡོ་རྗེའི་སྐུ། །མྱུ་གུ་རྡོ་རྗེའི་རལ་པ་ ཅན། །དཔལ་ཆེན་རྡོ་རྗེ་ཧཱུཾ་མཛད་དང་། །རབ་བཟང་དང་ནི་རྡོ་རྗེ་བཟང་། །འཇིགས་བྱེད་ཆེན་མོ་མིག་མི་བཟང་། །སྟོབས་ཆེན་རྡོ་རྗེ་རིན་ཆེན་དང་། །རྟ་མགྲིན་ནམ་མཁའི་སྙིང་པོ་དང་། །ཧེ་རུ་ཀ་དཔལ་བདག་རང་དབང་། །རྣམ་སྣང་རྡོ་རྗེ་སེམས་དཔའོ། །མགོ་དང་སྤྱི་གཙུག་རྣ་བ་ གཡས། །རྒྱབ་དང་རྣ་བ་གཡོན་པ་དང་། །སྨིན་མ་དབུགས་དང་མིག་དང་ནི། །དེ་བཞིན་དུ་ནི་དཔུང་མགོ་གཉིས། །མཆན་ཁུང་གཉིས་དང་ནུ་མ་གཉིས། །ལྟེ་བ་དང་ནི་སྣ་རྩེ་གཉིས། །ཁ་དང་ལྐོག་མར་རྣམ་དགོད་ཅིང་། །སྙིང་ག་དང་ནི་མཚན་ཉིད་དང་། །གསང་གནས་གཞང་ ཁ་དེ་བཞིན་བརླ། །བྱིན་པ་སོར་མོ་རྣམས་དང་ནི། །རྐང་མཐིལ་དེ་བཞིན་མཐེ་བོ་དང་། །པུས་མོ་དག་ལ་རིམ་བཞིན་གནས། །པུལླཱི་ར་དང་ཛཱ་ལན་དང་། །ཨོ་ཌྱན་དེ་བཞིན་ཨརྦུ་དང་། །གཙོ་བོའི་གནས་སུ་གྱུར་པ་ཡིན། །ང་ཡི་སྔར་བཤད་བཞི་པོ་གཞན། །མཚམས་སུ་གནས་ པར་གྱུར་པ་ཡང་། །ཉེ་བའི་གནས་ཀྱི་སྟེང་ན་བཞུགས། །གོ་དཱ་བ་རཱིར་གྱུར་པ་གཅིག །རཱ་མེ་ཤྭ་རཱིར་གནས་གཉིས་པ། །དེ་ཝཱི་ཀོ་ཊ་མཱ་ལ་བེར། །ལྷ་མོ་གཞན་གཉིས་གནས་པ་ཡིན། །ཀཱ་མ་རཱུ་པ་ཨོ་ཊེར་ནི། །ཞིང་གི་གཙོ་མོ་གཉིས་གནས་སོ། །ཀོ་སལ་ཏྲི་ཤ་ཀུ་ནེར་བཅས། ། ཉེ་བའི་ཞིང་གཏོགས་གཞན་དག་གནས། །ཀ་ལིངྒ་དང་ལཾ་བཱ་ཀ །ཚནྡོ་ཧར་བཤད་པ་རུ་གཞན། །ཀཱཉྩི་དང་ནི་གངས་ཅན་དུའང་། །ཉེ་བའི་ཚནྡོ་ཧར་གཏོགས་ནས། །གྲྀ་ཧ་དེ་བ་ཏ་དེ་བཞིན། །པྲེ་ཏ་པུ་རིར་བཅས་པར་ནི། །འདུས་པར་གཏོགས་པ་གཞན་གནས་སོ། །སུ་བརྞ་ དྭཱི་བར་བཅས་པའོ། །སཽ་རཱཥྚ་ནི་ཉེ་བ་ཡི། །འདུས་པར་བཤད་དེ་གཞན་དག་གནས། །ན་གར་སིནྡྷུའི་ཡུལ་དག་ནི། །དུར་ཁྲོད་ཡིན་ཏེ་གཉིས་རྟག་གནས། །མ་རོ་ཉིད་དང་ཀུ་ལུ་ཏཱ། །གང་ཡང་ལྷ་མོ་གཞན་གནས་དེར། །ཉེ་བའི་དུར་ཁྲོད་ཡིན་ཞེས་བྱ། །དེས་འདི་ས་ཡི་དབང་ ཕྱུག་མ། །ས་བཅུའི་དབང་ཕྱུག་མགོན་པོ་ནི། །འཁོར་ལོའི་རྣམ་པར་རྟག་ཏུ་བཞུགས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །འཇིག་རྟེན་གསུམ་ན་རྣམ་པར་གྲོལ། །མཐོ་རིས་ས་བླ་ས་འོག་ཏུ། །སྐད་ཅིག་གིས་ནི་སྐུ་གཅིག་འགྱུར། །པུ་ཛཱ་ཨཽ་ཨ་གོ་རཱ་དེ་མ། །ཀཱ་ཨོ་ཏྲི་ཀོ་ ཀ་ལ་ཀཱ་ཧི། །པྲེ་གྲ་སཽ་སུ་ནཾ་སི་མ་ཀུ། །གཟུགས་ནི་རྣམ་སྣང་ཡིན་ཞེས་བྱ། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་རྒྱལ་པོའོ། །རྣམ་ཤེས་ཕུང་པོར་གྱུར་པ་ཡིས། །རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས། །ཧེ་རུ་ཀ་དཔལ་མགོན་རང་ཉིད། །གསང་བ་ མཆོག་གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་དག་པར་རབ་ཏུ་བཤད། །མིག་གཉིས་གཏི་མུག་རྡོ་རྗེར་འགྱུར། །རྣ་བ་ཞེ་སྡང་རྡོ་རྗེ་འཛིན། །སྣ་ནི་ཕྲག་དོག་རྡོ་རྗེ་སྟེ། །ཁ་ནི་འདོད་ཆགས་རྡོ་རྗེ་འཛིན། །རེག་པ་སེར་སྣ་རྡོ་རྗེ་སྟེ། །ཡིད་ནི་རྡོ་རྗེ་འཛིན་དབང་ པོ། །ཧེ་རུ་ཀ་དཔལ་བཅོམ་ལྡན་འདས། །དེ་བཞིན་གཤེགས་པ་ཉིད་དུ་བཞུགས། །ས་ནི་ལྟུང་བྱེད་མ་ཞེས་བྱ། །གསོད་མ་ཆུ་ཡི་ཁམས་ཡིན་ཏེ། །མེ་ནི་འགུགས་མ་ཡིན་པར་བཤད། །གར་དབང་རླུང་དུ་བཤད་པ་ཡིན། །ནམ་མཁའི་ཁམས་ནི་རྣལ་འབྱོར་མ། །པདྨའི་དྲ་བ་ ཡིན་པར་བཤད། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །དག་པ་ཡིན་པར་འདི་བཤད་དོ། །རྡོ་རྗེ་གསུམ་ལ་ཡིག་གསུམ་དགོད། །ཡེ་ཤེས་ཡི་གེ་ཧེ་བཛྲ། །མཛུབ་མོ་མདུད་བྱས་གུང་མོ་སྦྱར། །མཐེ་བོ་རྡོ་རྗེ་བརྟན་པོར་སྦྱར། །དེ་ནི་དཔྲལ་བའི་དབུས་བཞག་ ནས། །གཅུ་ཞིང་བསྐོར་བས་བསྐོར་བར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟའོ། །གྱེན་དུ་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །ཀུན་སྤྱོད་ཆོ་ག་ལས་བཤད་དེ། ། ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པས། །འཇིག་རྟེན་གསུམ་ཡང་བསྒྲུབ་པར་བྱ། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཨོཾ་ཧ་དཔལ་རྡོ་རྗེ་སེམས་དཔའ། །སྙིང་གར་ རྣམ་པར་དགོད་པར་བྱ། །ན་མ་ཧི་ནི་རྣམ་སྣང་མཛད། །མགོ་བོར་གནས་པ་རྣམ་པར་བསམ། །སྭཱ་ཧཱ་ཧུ་ནི་པད་གར་དབང་། །སྤྱི་གཙུག་ཏུ་ནི་ཡོངས་སུ་བསྒོམ། །བཽ་ཥཊ་ཧེ་ནི་ཕྲག་པ་རུ། །དཔལ་ལྡན་ཧེ་རུ་ཀར་བསམ་བྱ། །ཧཱུཾ་ཧཱུཾ་ཧོ་ནི་རྡོ་རྗེ་ཉི། །མིག་ཏུ་རྣམ་པར་དགོད་པར་བྱ། ། ཕཊ་ཧཾ་ཡན་ལག་ཐམས་ཅད་དུ། །མཚོན་ཆར་རྟ་མཆོག་རྣམ་པར་བསམ། །དཔའ་བོ་ཐམས་ཅད་འདི་ཉིད་ཀྱིས། །ཡན་ལག་དྲུག་གིས་རབ་ཏུ་དགོད། །ཨོཾ་བཾ་རྡོ་རྗེ་ཕག་མོ་ནི། །ལྟེ་བའི་ཕྱོགས་སུ་བསམ་པར་བྱ། །ཧཾ་ཡོཾ་ཡ་མི་ནི་སྙིང་གར། །ཧྲིཾ་མོཾ་རྨོངས་བྱེད་མ་ཁ་ལ། །ཧྲེཾ་ཧྲིཾ་ སྐྱོང་བྱེད་མ་སྤྱི་བོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་སྤྱི་གཙུག །ཕཊ་ཕཊ་ཡན་ལག་ཀུན་མཚོན་ཆར། །གཏུམ་མོ་ཡོངས་སུ་བསྒོམ་པར་བྱ། །རྣལ་འབྱོར་མ་ནི་ཐམས་ཅད་ཀྱི། །ཆོ་ག་འདི་ཉིད་ཡིན་པར་བཤད། །དེ་ནས་དངོས་གྲུབ་ཀུན་སྩོལ་བའི། །བདེ་གཤེགས་རྣམས་ལ་དབང་བསྐུར་སྩོལ། ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །དེ་བཞིན་བདག་གིས་ལྷ་ཡི་ཆུ། །དག་པ་ཡིས་ནི་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། རྣལ་འབྱོར་པ་ནི་དབང་བསྐུར་འགྱུར། །དཔལ་ལྡན་མི་བསྐྱོད་ཅོད་པན་ཅན། །སྙིང་ གའི་ས་བོན་འོད་ལྕགས་ཀྱུས། །སངས་རྒྱས་བཀུག་ནས་ཞུ་ཚུལ་དུ། །པད་གནས་བ་སྤུའི་བུ་ག་ལས། །མཆོད་པའི་ལྷ་མོར་བདག་ཅག་སྤྲོ། །དེ་ནས་རྐང་པ་བརྒྱད་སྔགས་ཀྱིས། །དབྱེ་བ་རྣམ་པར་སྤངས་ཏེ་བསྟོད། །བདག་ཉིད་ལྷ་ཡི་གཟུགས་ཅན་ཏེ། །ཆོས་ཀུན་དེ་ཡི་བདག་ཉིད་ ཅན། །དེ་ནས་རླུང་མེ་པདྨར་ནི། །རང་འབྱུང་དང་ནི་གཞི་མཉམ་དང་། །གླ་རྩི་དང་ནི་ག་པུར་དང་། །རྟ་མཆོག་གིས་ནི་ཡང་དག་བརྒྱན། །ཧཱུཾ་གིས་རྡོ་རྗེ་དཀར་ལེགས་དཔྱད། །ཨ་ཡིས་རབ་ཏུ་རྟོགས་བྱས་ཤིང་། །ཨོཾ་གྱི་འོད་ཀྱིས་འབར་གྱུར་པར། །བྱིན་གྱིས་བརླབས་ནས་ མངོན་པར་བཟའ། །རང་ལྕེ་པདྨའི་འདབ་མ་རུ། །ཧཱུཾ་བྱུང་རྡོ་རྗེ་དཀར་པོ་དགོད། །ཕྱི་ནང་བདག་ཉིད་ཅན་གྱི་གཟུགས། །འཁོར་ལོ་དེ་ཡིས་རབ་ཚིམ་བྱ། །འཁོར་ལོ་བཞིར་ནི་རབ་བརྟགས་པ། །འཁོར་ལོ་མ་ལུས་ཀུན་དཔྱད་བྱ། །དཔའ་བོ་ས་བོན་ལྕེ་རུ་བསམ། །ཨ་ཝ་དྷཱུ་ ཏཱིའི་གནས་དེ་ལ། །རྐན་གྱི་ཕྱོགས་སུ་ལྕེ་སྦྱར་ལ། །བྱས་ནས་རྣལ་འབྱོར་པ་ཡིས་བསྒོམ། །རྐན་གྱི་ཕྱོགས་སུ་གྱུར་ལྷ་མོ། །བཞི་པ་ཡི་ནི་གསུམ་པ་ལ། །བརྒྱད་པའི་དང་པོ་བཅུ་དྲུག་པ། །དང་པོའི་འོག་མ་ས་བོན་ཡིན། །མན་ངག་དག་ནི་འདི་ཉིད་ཀྱིས། །སྤྲོས་པ་ མེད་པའི་གནས་རྟོགས་འགྱུར། །འཁོར་ལོས་སྒྱུར་བའི་གསང་སྔགས་ནི། །ཆོ་ག་བཞིན་དུ་བཟླས་པར་བྱ། །མགོན་པོའི་སྙིང་པོའམ་ཡང་ན་ནི། །དེ་ཡི་ཉེ་བའི་སྙིང་པོའམ། །ལྷ་མོའི་སྙིང་པོ་གཉིས་ཀ་ནི། །ཇི་སྲིད་མི་སྐྱོ་བར་དུ་བཟླས། །དེ་ནས་རྣལ་འབྱོར་ མས་ལྷ་མོ། །རྣམ་པ་བྱང་ཆུབ་ཕྱོགས་སུ་བསྒོམ། །ལུས་དང་ཚོར་བ་ཆོས་དང་སེམས། །དྲན་པ་ཉེར་གཞག་དངོས་ལས་བྱུང་། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་གཟུགས་ཅན་མ་རྣམས་ཡིན། །འདུན་དང་བརྩོན་འགྲུས་དཔྱོད་པ་དང་། །སེམས་ཉིད་བཞི་ པར་གྱུར་པ་སྟེ། །རྫུ་འཕྲུལ་རྐང་པ་བཞི་པོ་ལ། །རབ་གཏུམ་ལ་སོགས་བཞིར་འགྱུར་རོ། །དད་དང་བརྩོན་འགྲུས་དྲན་བསམ་གཏན། །དེ་ལས་གཞན་པ་བཞི་ཡིན་ནོ། །དབང་པོ་ལྔ་པོ་ལས་འདིར་ནི། །ས་སྲུང་མར་ཡང་འགྱུར་བ་ཡིན། །དད་དང་བརྩོན་འགྲུས་དེ་བཞིན་ དྲན། །ཏིང་འཛིན་ཤེས་རབ་བཅས་པ་ཡི། །སྟོབས་ལྔ་ཡི་ནི་གསུང་ཅན་གྱི། །རྣལ་འབྱོར་པ་ནི་ལྔ་རུ་འགྱུར། །ཏིང་འཛིན་བརྩོན་འགྲུས་ཡང་དག་དགའ། །ཤིན་ཏུ་སྦྱངས་དང་ཆོས་རྣམས་འབྱེད། །དྲན་དང་བཏང་སྙོམས་རྣམས་ལས་ནི། །དེ་ལས་གཞན་པའི་ལྷ་ མོ་བདུན། །ཡང་དག་ལྟ་བ་སྟོབས་ཆེན་མོ། །འཁོར་ལོས་སྒྱུར་མ་ཡང་དག་རྟོག །ཡང་དག་ངག་ནི་བརྩོན་ཆེན་མ། །ཡང་དག་ལས་ནི་ཁྭ་གདོང་མ། །ཡང་དག་འཚོ་བ་འུག་གདོང་འགྱུར། །ཡང་དག་རྩོལ་བ་ཁྱི་གདོང་ཅན། །ཡང་དག་དྲན་པ་ཕག་གདོང་ཡིན། །ཏིང་ངེ་འཛིན་ དུ་བཅོམ་ལྡན་བཞུགས། །དགེ་བའི་ཆོས་རྣམས་བསྐྱེད་པ་ལ། །གཤིན་རྗེ་བརྟན་མ་ཡང་དག་བཞུགས། །དགེ་བའི་ཆོས་རྣམས་སྐྱེས་པ་རྣམས། །གཤིན་རྗེ་ཕོ་ཉ་སྲུང་བར་བྱེད། །སྡིག་པའི་ལས་རྣམས་བསྐྱེད་པ་དེ། །སྤོང་བ་གཤིན་རྗེ་ཕོ་ཉ་མ། །སྡིག་པ་རྣམས་ནི་མི་འབྱུང་ ཕྱིར། །གཤིན་རྗེ་འཇོམས་མ་བཞུགས་པ་ཡིན། །དེ་ལྟར་བསྒོམས་པ་དག་གྱུར་ནས། །མཉམ་པར་བཞག་སྟེ་བཟླས་བརྗོད་བྱ། །ཅི་ནུས་པར་ནི་བཟླས་བྱས་ནས། །དེ་ཡི་འོག་ཏུ་གཏོར་མ་དབུལ། །སྔར་བཤད་པ་ཡི་ཆོ་ག་ཡིས། །ལྷ་རྣམས་དགོད་པ་སྔོན་འགྲོ་ཅན། །དཔའ་ བོས་ཁམས་རྣམས་རྣམ་སྦྱངས་ནས། །སྔར་བཤད་པ་ཡི་ཕྱག་རྒྱས་བཅིང་། །སེན་མོ་སོ་དང་སྐྲ་བ་སྤུ། །པགས་པ་དྲི་མ་ཤ་ཉིད་དང་། །རྩ་དང་རྒྱུས་པ་མཁལ་མ་དང་། །སྙིང་དང་དེ་བཞིན་མིག་དག་དང་། །མཁྲིས་པ་གློ་བ་རྒྱུ་མ་དང་། །གཉེ་མ་དེ་བཞིན་ལྟོ་བ་དང་། །བཤང་ བ་མཚན་མ་བད་ཀན་དང་། །རྣག་དང་དེ་བཞིན་ཁྲག་དང་ནི། །རྔུལ་དང་དེ་བཞིན་མཆི་མ་དང་། །མཆིལ་མ་དང་ནི་ངར་སྣབས་ཉིད། །ཁམས་རྣམས་གོ་རིམས་ཇི་བཞིན་དུ། །དཔའ་བོ་རྣམས་ཀྱིས་ཡང་དག་སྦྱར། །སྔར་བཤད་པ་ཡི་གོ་རིམས་ལས། །དེ་རྣམས་གཞན་ནི་མི་བྱའོ། ། རྐང་པ་བརྒྱད་ཀྱིས་མགོན་པོ་མཆོད། །མཁའ་འགྲོ་མ་སོགས་རང་མིང་ལུས། །ཨོཾ་དང་ཧཱུཾ་གཉིས་མིང་སྤེལ་ལ། །མཐར་ཡང་ཧཱུཾ་ཕཊ་སྦྱར་བར་བྱ། །འཁོར་ལོ་གསུམ་གནས་རྣལ་འབྱོར་མ། །ཀ་ར་ཀ་ར་སོགས་པས་མཆོད། །འདིར་ནི་ཚིག་ནི་ཐམས་ཅད་ཀྱང་། །སྔ་མའི་ ཚུལ་གྱིས་སྤེལ་བར་བྱ། །ཨོཾ་ན་མོ་བྷ་ག་བ་ཏེ། །བཱི་རེ་ཤཱ་ཡ་དང་པོར་བྲི། །མ་ཧཱ་ཀལྤཱགྣིའི་སྒྲ་དང་། །སནྣི་བྷཱ་ཡ་དེ་རྗེས་བྲི། །དེ་ནས་ཛ་ཊ་མུ་ཀུ་ཊ། །ཨུཏྐ་ཊཱ་ཡི་སྒྲ་བྲི་བྱ། །དཾཥྚཱ་ཀ་རཱ་ལོ་གྲ་དང་། །བྷཱི་ཥ་ཎ་མུ་ཁཱ་ཡ་བྲི། །ས་ཧ་སྲ་བྷུ་ཛཱའི་སྒྲ་རྗེས། །བྷཱ་སུ་རཱ་ཡ་བྲི་བར་བྱ། །པར་ཤུ་ པཱ་ཤོ་དྱ་ཏ་དང་། །ཤཱུ་ལ་ཁ་ཊྭཱཾ་ག་དྷ་རི་ཎ། །བྱཱ་གྷྲའི་སྒྲ་དང་ཛི་ནའི་ཚིག །ཨམྦ་ར་དྷ་རཱ་ཡ་བྲི། །མ་ཧཱ་དྷུམྦྲཱནྡྷ་ཀ་ར། །དེ་རྗེས་བ་པུ་ཥཱ་ཡ་བྲི། །ཐོག་མར་ཨོཾ་དང་ཐ་མར་ཕཊ། །བར་དུ་ཧཱུཾ་ཧཱུཾ་ངེས་པར་སྦྱར། །སྔགས་ནི་རྐང་པ་བརྒྱད་ཅེས་བྱ། །ལ་ལ་ཚིག་རེའི་མཐའ་རུ་སྦྱར། །ཀ་ རའི་སྒྲ་དང་དེ་བཞིན་དུ། །ཀུ་རུའི་སྒྲ་ཡང་གཉིས་སུ་བྱ། །བནྡྷ་ཏྲཱ་ས་ཡ་གཉིས་ཏེ། །ཀྵོ་བྷ་ཡ་གཉིས་དེ་བཞིན་དུ། །ཧྲཽཾ་ཧྲཽཾ་ཧྲཿཧྲཿཕེཾ་ཕེཾ་དང་། །ཕཊ་དང་ད་ཧའི་ཚིག་གཉིས་བྱ། །པ་ཙ་བྷཀྵའི་ཚིག་གཉིས་གཉིས། །བ་ས་ཐུང་དུ་ངེས་པར་སྦྱར། །རུ་དྷི་རཱནྟྲའི་ཚིག་གཉིས་ དང་། །མཱ་ལཱ་བ་ལཾ་པི་ནེ་དང་། །གྲྀཧྞ་གྲྀཧྞ་དེ་བཞིན་དུ། །སཔྟ་པཱ་ཏཱ་ལ་གཏ། །བྷུ་ཛཾ་ག་སརྦཾ་བཱ་བརྗོད། །ཏརྫ་ཡ་ཡང་ལན་གཉིས་བརྗོད། །ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་དང་། །ཧྲིཾ་ཧྲིཾ་ཛྞཽཾ་ཛྞཽཾ་ངེས་པར་སྦྱར། །ཀྵྨཾ་ཀྵྨཾ་ཧཾ་ཧཾ་དང་། །ཧཱུཾ་ཧཱུཾ་ཀི་ལི་ཀི་ལི་དང་། །སི་ལི་སི་ལི་ཧི་ལི་གཉིས། །དྷི་ ལི་དྷི་ལི་ཧཱུཾ་གཉིས་ཕཊ། །བཅས་པས་རྩ་བའི་སྔགས་སུ་བཤད། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་དང་། །རུ་རུ་ཀཾ་ཡང་དེ་ནས་བརྗོད། །ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ། །བ་ར་ཞེས་བྱ་བ་ཡང་བྲི། །སྭཱ་ཧཱའི་མཐར་བཅས་མགོན་པོ་ཡི། །སྙིང་པོའི་ཡི་གེ་ཉི་ཤུ་གཉིས། །དེ་དང་ཉེ་བའི་ཡི་གེ་བདུན། ། གོ་བཟློག་པ་ཡིས་གཟུང་བར་བྱ། །ཕཊ་ཧཱུཾ་ཧཱུཾ་ཧ་ཧ་ཧྲིཿཨོཾ། །ཕག་མོའི་གསང་སྔགས་གཉིས་ཀ་ཡང་། །ལུགས་ལས་བཟློག་པར་ཤེས་པར་བྱ། །ཧཱ་སྭཱ་ཕཊ་ཧཱུཾ་ཧཱུཾ་ཡེ་ནཱི་རྞྞ་ཝ་ཛྲ་བ་ཡེ་ནཱི་ཀི་ཌཱ་དྡྷ་བུ་རྦས་ཨོཾ། །འབུམ་བཟླས་པ་ཡིས་འགྲུབ་འགྱུར་ཏེ། །འཕྲལ་དུ་ཡིད་ཆེས་ བྱེད་པ་ཡིན། །མཚམས་ཀུན་དུ་ནི་གཏོར་མ་དག །ཀུན་སྤྱོད་རྒྱུད་ལས་བཤད་བཞིན་བྱ། །ཨོཾ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད། ཨ་པསྨ་ར་བཛྲ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞཾ་ ཏུ། ས་མ་ཡཾ་རཀྵནྟུ། །སརྦ་སིདྡྷི་མྨེ། པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྚཾ། བྷུ་ཉྫནྟུ། ཛིགྷནྟུ། པི་བནྟུ། མཱ་ཏི་ཀྲ་མནྟུ། མ་མ་སརྦ་ཀརྟ་ཡ། སཏྶུ་ཁ་བི་བྲྀདྡྷ་ཡེ་ས་ཧ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་ལ་ལེགས་གནས་ཆོས་བདག་ཉིད། །འཇིགས་པ་ཐམས་ ཅད་རྣམ་སྤངས་ཏེ། །རྟག་ཏུ་ཚངས་པར་སྤྱོད་གྱུར་པ། །ཧེ་རུ་ཀ་དཔལ་གཉིས་པ་འདྲ། །འདི་དག་ཐམས་ཅད་རབ་སྤྱད་པ། །དེ་ཡིས་འགྲུབ་འགྱུར་ཐེ་ཚོམ་མེད། །བདག་གིས་སྡོམ་མེད་རང་བཟོར་ནི། །རྣལ་འབྱོར་ཅུང་ཟད་ཅི་ཡང་མེད། །སྔོན་གྱི་སློབ་དཔོན་གྱིས་བཤད་ ལས། །སྒྲུབ་པའི་ཐབས་སུ་གཞག་པ་ཡིན། །འོན་ཀྱང་འདི་ལས་བདག་གིས་ནི། །བསོད་ནམས་དྲི་མེད་གང་ཐེབ་དེས། །འགྲོ་བ་འདི་ཀུན་རྟག་ཏུ་ནི། །སངས་རྒྱས་ཡེ་ཤེས་ཉིད་ཐོབ་ཤོག །མུན་ནག་འདྲ་བའི་སྐུ་འཛིན་འགྲོ་བ་ཀུན་གྱི་མུན་པ་ཤིན་ཏུ་འཇོམས། ། འཇིགས་པའི་སྐུར་མཛད་འཇིགས་པ་མ་ལུས་མྱུར་དུ་སེལ་བར་མཛད། །འཁོར་བར་རྒྱུ་བར་མཛད་ཅིང་འཁོར་བའི་ནང་དུ་གནས་མི་བཟོད། །དེ་ལྟར་ངོ་མཚར་སྤྱོད་ཡུལ་བཅོམ་ལྡན་གཏུམ་ཆེན་སྐུར་ལྡན་ཕྱག་འཚལ་བསྟོད། །དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཞེས་བྱ་བ་ སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་མཾ་ག་ལ་གཱ་ ཐཱ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཚིགས་སུ་བཅད་པ། དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ངེས་བྱུང་ཞིང་། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་ རབ་ཕག་མོའི་པདྨོར་རྡོ་རྗེ་རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་ཀྱི་པདྨོའི་འདབ་མ་ལ། །རིགས་ཀྱི་ཡུམ་བཞི་དཔའ་བོའི་ཕྱོགས་བཞིའི་ཞལ་ལ་གཟིགས། །པདྨོ་མུ་ཁྱུད་གྲི་གུག་ཕྲེང་བས་རྣམ་པར་མཛེས། ། བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨོའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙནྡན་དྲི་ཆེན་གུར་ཀུམ་ཆུས། །གང་བའི་སྣོད་བཞི་དཔའ་བོའི་ཞལ་ལ་རེག་པར་མཛོད། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་གནས་ནས་ལེགས་སྤྱོད་པའི། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེ་ཕྲེང་། །གནས་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་སྟེངས་ གནས་ནས་ལེགས་སྤྱོད་པའི། །འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པདྨོའི་ཕྲེང་། །ཞིང་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་འོག་གནས་ནས་ལེགས་སྤྱོད་པའི། །འཁོར་ ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་ཕྲེང་། །འདུ་ལ་སོགས་པར་དཔའ་བོ་དཔའ་མོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་བཞི་མཚམས་རྣམས་སུ། །ཁྭ་གདོང་ལ་སོགས་མ་མོ་ཡིད་ འཕྲོག་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དྲན་པ་ཉེར་གཞག་བཞི་རྣམས་དང་། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང་དང་དབང་པོ་སྟོབས། །བྱང་ ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་ཡས་ཁང་། །འདོད་པའི་ཡོན་ཏན་ལྔས་ནི་རབ་ཏུ་བརྒྱན་གྱུར་པའི། །མུ་ཏིག་ཕྲེང་བ་གསེར་གྱི་དྲིལ་ བུ་རྔ་ཡབ་ལེགས་དཔྱངས་འཕྱར། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྟ་བབས་པདྨ་ཆོས་ཀྱི་འཁོར་ལོ་གདུགས། །མཛེས་པའི་རི་དགས་དང་བཅས་བ་དན་བཅུ་དྲུག་ལེགས་འཕྱར་ཞིང་། །རླུང་གིས་བསྐྱོད་པའི་དྲིལ་བུ་དག་ ལས་ཆོས་ཀྱི་སྒྲ་འབྱུང་བ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡོངས་སུ་བསྐོར་བའི་དུར་ཁྲོད་བརྒྱད་རྣམས་སུ། །ཕྱོགས་སྐྱོང་ཤིང་ཆེན་མཆོད་རྟེན་བརྒྱད་ནི་གནས་པ་ལ། །གདོང་བརྙན་ལྡན་ཞིང་ཞིང་ སྐྱོང་བརྒྱད་ནི་ཀུན་ནས་གནས་གྱུར་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་བརྒྱད་རབ་ཏུ་འབར་གྱུར་པ། །བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲིན་ཆེན་བརྒྱད་ནི་འདུས་གྱུར་པ། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད་ རྣམས་ཀུན་ནས་གནས་གྱུར་པ། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེའི་རང་བཞིན་ཆུ་ཆེན་བརྒྱད་འབབ་ཅིང་། །དཔའ་བོ་དང་ནི་རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་ཀྱིས་གང་། །འདྲེ་དང་ཤ་ཟ་གནོད་སྦྱིན་འབྱུང་ པོ་ཉེ་བར་བསྟེན་པ་ཡི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྡོ་རྗེའི་ས་གཞི་ར་བ་གུར། །རྡོ་རྗེ་བླ་བྲེས་ཀུན་ནས་བྲེས་ཤིང་མདའ་ཡི་ར་བར་ལྡན། །ཡེ་ཤེས་མེ་རི་ཕྲེང་བས་ཀུན་ནས་ཡོངས་བསྐོར་བའི། །བདེན་པ་ དེས་ཀྱང་བདེ་མཆོག་ལ་གནས་རྣམས་ཀྱི་བཀྲ་ཤིས་ཤོག །དཔལ་འཁོར་ལོ་བདེ་མཆོག་གི་བཀྲ་ཤིས་ཚིགས་སུ་བཅད་པ། ཁ་ཆེའི་ཡུལ་དུ་བྱུང་ཞིང་དངོས་གྲུབ་བརྙེས་པའི་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ཞུ་དག་དང་སྲུང་བའི་འཁོར་ལོའི་ཁ་སྐོང་རྣམས་འཕགས་པས་བགྱིས་ལགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་གརྦྷ་ནཱ་མ་སཱ་དྷ་ནཱཾ། བོད་སྐད་དུ། དེ་ཁོ་ནའི་སྙིང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཕྱོགས་རོ་ཆ་གཅིག་སྣང་བའི་བྱང་ཆུབ་ཟླ་བ་རྡོ་རྗེ་ནོར་བུའི་མཐར་འཛིན་ཅིང་། །ཕྱོགས་ཞལ་དགའ་བ་རྣམ་དག་ཉི་ཟླའི་སྤྱན་དང་ཉི་མའི་ཕྱག་མངའ་ནམ་མཁའ་འདྲ། །རྒྱུ་མའི་མགོ་དང་རྒྱུ་གདུལ་གླང་ཆེན་ལྤགས་ནི་རྐེད་མཐར་ ཕྱིན་པ་བཙུན་མོར་བཅས། །མཆོག་དང་བྲལ་བའི་ཞབས་ནི་གཡས་བརྐྱང་གཉིས་སྦྱོར་ཁྲོ་བོའི་ཚུལ་ལ་ཕྱག་འཚལ་ལོ། །རང་བྱུང་བདེ་བ་རྟོགས་པ་ལས། །འབྱུང་བ་མང་པོ་ཉམས་མྱོང་ཞིང་། །རིགས་ཀྱི་ཕྱག་རྒྱའི་སྤྱོད་པ་ནི། །བདེ་བ་དང་འབྲེལ་ཡོངས་དག་བློ། ། དབུགས་ལྡན་དུར་ཁྲོད་གནས་སུ་ནི། །བརྩེ་བ་གཞན་གྱིས་དབང་བྱས་ཏེ། །དམར་ལ་སོགས་པའི་རི་ལུ་ལྔ། །ཁར་བཅུག་ནས་ནི་སྨོན་ལམ་གདོན། །སེམས་ཅན་དོན་ཕྱིར་བྱེད་པ་ཆེ། །ཧེ་རུ་ཀར་བདག་དྲན་པར་ཤོག །ཡེ་ཤེས་གཅིག་བདག་མཉམ་བཞག་པས། ། བླ་མ་ལ་སོགས་མཆོད་པར་བྱ། །གནོད་མཛེས་སྔགས་སྤྲོས་ལྷ་མོ་ཡི། །ཁྲོ་མོ་ཁྭ་གདོང་སོགས་བརྒྱད་ཀྱིས། །བགེགས་གཏོར་ནས་ནི་མི་ཐོད་དུ། །དྲོན་མོའི་ཁྲག་ནི་གསོལ་བར་མཛད། །ཚངས་སོགས་ལྷ་དང་མིའམ་ཅི། །མཁའ་ལས་རྒྱལ་བར་གྱུར་པ་དག །ས་ གཞི་འབར་བའི་མེས་བསྲེགས་ཏེ། །ཐལ་བར་གྱུར་ནས་དེངས་པར་འགྱུར། །མགོ་རྡུམ་གར་བྱེད་དུམ་སྒོང་ཅན། །མི་བཟད་ཧ་ཧའི་སྒྲས་འཁྲུགས་ཤིག །རོ་བསྲེག་དུད་པ་འཁྱིལ་བ་དང་། །ཕཊ་སྒྲའི་དབུགས་ཀྱིས་ཁྱབ་གྱུར་པ། །མྱོས་བཅས་དག་པའི་གཟུགས་ ཀྱིས་ནི། །སྒྱུ་འཕྲུལ་རྒྱུ་ཕྲེང་གིས་བརྒྱན་པ། །ཧཱུཾ་སྤྲོས་རྡོ་རྗེ་དྲ་བ་ཡི། །ནང་གི་རང་གི་ས་བོན་གྱི། །འོད་ཟེར་སྤྲོས་པས་ས་ཡི་སྟེང་། །མ་ལུས་སྦྱང་བ་བྱས་པ་ཡིས། །ཕུང་པོའི་སྒྲིབ་པ་ཀུན་རྟོག་ནི། །ལོག་པར་ཤེས་འདྲ་རང་ཉིད་ཀྱི། །རྣམ་པ་ལྷག་མ་བློ་ཡིས་ལྟ། །མིག་ཡོར་ བདག་ཉིད་དགའ་བ་ཡིས། །སྒྲ་ཙམ་ལས་ནི་ངེས་འབྱུང་བའི། །ཆོས་དབྱིངས་ནང་དུ་ཆུད་དེ་བཞིན། །དང་པོར་རླུང་སོགས་འགྱུར་བའི་མཐར། །རི་བོ་ཆེ་སྟེངས་པདྨ་ལས། །ཡིག་གསུམ་ལས་མཐའ་འཁོར་ལོ་གསུམ། །བསྡོམས་ནས་སྒྱུ་འཕྲུལ་འགྲུབ་པར་འགྱུར། ། མ་རིག་སྒོ་ངའི་སྦུབས་འཇོམས་པའི། །ཆེམ་ཆེམ་འཇིགས་སུ་རུང་བ་ཡི། །སྒྲ་ཡི་ཁམས་གསུམ་འཁྲུག་པ་ནི། །ཟད་བྱེད་འགྲོ་དྲུག་འཇིགས་མཛད་ཅིང་། །མཚན་མོ་འཇིགས་བྱེད་སྒོ་ངའི་ཆ། །གཉིས་ལ་གཡས་བརྐྱང་ཞབས་ཀྱིས་བཞུགས། །རྟག་ཏུ་དགའ་བ་བཞི་ པ་ཡི། །ཞལ་དྲུག་ཆུ་བོ་ལས་རྒྱལ་བ། །ཡན་ལག་བཅུ་གཉིས་མཐར་ཕྱིན་འཆད། །གཟུགས་དང་ས་ཡི་ཕྱག་གིས་མཚན། །སྦྱིན་པ་ལ་སོགས་མཐར་ཕྱིན་ཕྱིར། །སྐུ་ཆེན་ཕྱག་རྒྱ་དྲུག་དང་ལྡན། །མི་ཡི་ཕྲེང་བའི་དབང་པོ་དང་། །ཁམས་གསུམ་ཐ་ དད་མེད་པ་ཉིད། །གནས་ངན་ལེན་སོགས་མ་རུངས་དག །བཅོམ་ཕྱིར་སྟག་ལྤགས་ན་བཟའ་བསྣམས། །ཞལ་སྤྲད་ཆོས་ཀྱི་ཕྱག་རྒྱ་སྟེ། །ལས་ཀྱི་ནང་དུ་སྐུལ་མཛད་ཅིང་། །དམ་ཚིག་སྐད་ཅིག་ཕག་མོ་དང་། །འཁྱུད་པས་ཕྱག་རྒྱ་ཆེན་པོར་ལྡན། །ཡེ་ཤེས་ཆེན་ པོ་སྡོམ་མཛད་པས། །རལ་པ་ཟླ་བས་མཚན་པ་འཆང་། །ལ་ལ་ནཱ་སོགས་ཀྱིས་བརྒྱན་པ། །སྟེང་འོག་འཇལ་བའི་སྤྱན་དང་ལྡན། །མཐར་བཅོམ་ནམ་མཁའ་ལྡིང་དང་ནི། །ཐོད་པ་ཡི་ནི་ཐོད་ཀྱིས་མཚན། །རྒྱུ་འབྲས་མཉམ་པར་སྦྱོར་བས་ན། །དབུས་མ་རིགས་ ལྔའི་བདག་ཉིད་ཅན། །བྱང་ཆུབ་ཕྱོགས་དང་བདུད་རྩིའི་ཁམས། །གསང་བའི་གནས་ཀྱི་སྤྱོད་ཡུལ་ཉིད། །མངོན་ཤེས་གོ་ཆ་དམ་པ་ཡིས། །སྙིང་སོགས་ཡན་ལག་རྣམ་དྲུག་མཚན། །རྩེ་གསུམ་གྲི་གུག་དགྲ་སྟ་སོགས། །ཐོད་པ་ཁ་ཊྭཱཾ་ཞགས་པ་དང་། །ཚངས་མགོ་རྡོར་ དྲིལ་གླང་པོ་ཡི། །ལྤགས་བསྣམས་ནམ་མཁའ་དང་འདྲ་ནི། །ཚིམ་དང་ཆད་དང་འཇིགས་པ་དང་། །སད་དང་ཡེ་ཤེས་བཞི་འཛིན་ཕྱིར། །བདུད་བཞི་པོ་ནི་བཀུག་པ་ཡི། །དག་པའི་ཕྱག་ནི་རྣམ་པར་བརྒྱན། །རྣམ་པ་ཀུན་དུ་རྒྱ་ཆེ་བ། །སྤྲོ་དང་བསྡུ་བར་མཛད་པའོ། ། ཞི་གནས་རྣམ་པར་རྟོག་མེད་བདག །དག་པའི་བློ་ནི་གཅིག་པར་འགྲུབ། །ཕུང་པོ་ལ་སོགས་བྱིན་རླབས་པ། །སེམས་རྒྱུད་དགོད་པའི་རྒྱུར་འགྱུར་བས། །རྣམ་རྟོག་གཟུགས་བརྙན་ཡིན་པའི་ཕྱིར། །བྱ་མིན་རྣལ་འབྱོར་མཐར་སོན་པས། །ཡི་གེ་ཉི་ཤུ་རྩ་བཞི་ཡིས། །མགོ་ སོགས་གནས་རྣམས་དགོད་བྱ་ཞིང་། །གོ་ཆ་ཆེན་པོ་དང་ལྡན་པས། །ཡེ་ཤེས་ཕྱག་རྒྱ་རབ་ཏུ་བསྟན། །ཡེ་ཤེས་སྐུ་ལུས་སྤྱི་ཚུགས་སུ། །མཁའ་ལས་རབ་ཏུ་འབབ་འགྱུར་བ། །ཞུ་བའི་ཡེ་ཤེས་བདུད་རྩིར་རོ། །ཧེ་རུ་ཀ་ཡི་རྣམ་པ་ནི། །འབབ་པ་གང་ཡིན་རྒྱུ་མི་འགྱུར། ། བཅས་པའི་ཁམས་གསུམ་འདི་ཁྱབ་པ། །ཤིན་ཏུ་བསིལ་བ་སྟེང་གི་སྒོ། །ཛཱ་ལནྡྷ་ར་ནས་གཞུག་བྱ། །གནས་སུ་རྒྱུ་བའི་སྦྱོར་བས་ནི། །ཐིམ་དང་ལོངས་སྤྱོད་དབང་བྱས་པའི། །རིམ་གྱིས་ཟླ་བ་མཐར་རྒྱས་ཤིང་། །རང་བཞིན་དྲི་མ་མེད་པའི་ལུས། །ངེས་རྒྱས་ གཡོ་བ་མེད་པ་དང་། །གཉིས་མེད་གཉིས་སུ་མེད་པ་དང་། །ལྷན་ཅིག་སྐྱེས་དགའ་དམ་པའི་དངོས། །དངོས་དང་དངོས་མེད་སྤྱོད་དང་བྲལ། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །བདེ་ཆེན་འཁོར་ལོ་རྣམ་པར་བརྒྱན། །ཨ་ཧཾ་ཀ་རས་བསྐྱེད་པ་ཡི། །ཡེ་ཤེས་སྲད་ བུས་རབ་བརྒྱུས་ཤིང་། །སྤྲུལ་པའི་ལུས་ལས་ཡང་དག་འབྱུང་། །དག་པའི་ཤེལ་ལྟར་དྲི་མེད་ཅིང་། །སྔགས་ཕྲེང་བརྗོད་མེད་སྐད་ཅིག་དང་། །ལྡན་པའི་སྦྱོར་བ་བཟླས་བརྗོད་བྱ། །ཇི་སྲིད་འབར་བར་འགྱུར་བ་ན། །སྐད་ཅིག་འཇིག་རྟེན་གསུམ་སྲེག་བྱེད། ། མི་ཤིགས་ཡི་གེའི་སྒོ་ནས་ནི། །བསིལ་བྱེད་ཞུ་བ་གཡོས་འགྱུར་བ། །ལན་སྟོང་བདུད་རྩིའི་རྒྱུན་སུམ་ཅུ། །རྩ་གཉིས་ཡན་ལག་སྤྲོས་པ་ཆེ། །མ་ཡི་མཐའ་མའི་མཐར་ཐུག་བཞི། །གང་བ་རྒྱུན་ཆེན་འགྱུར་བ་མེད། །འཁོར་ལོའི་མཐར་ཐུག་གཡོ་ཞིང་འབབ། །བདེ་ ཆེན་ནམ་མཁའ་ཁྱབ་པར་བྱེད། །སྐྲ་གྲོལ་མཐོན་པོར་རབ་འདུག་ཅིང་། །གཅེར་བུར་གནས་པའི་སྒྲུབ་པ་མཆོག །ལུས་ནི་ལྷོ་རུ་མངོན་ཕྱོགས་ཏེ། །ཡི་གེ་ཕཊ་སྒྲོགས་རྐང་པ་ནི། །མནན་ཅིང་གྱེན་དུ་བལྟ་བ་ནས། །ནམ་ཕྱེད་གཏོར་ མ་གཏང་བར་བྱ། །སུམ་ཅུ་རྩ་དྲུག་རྣམ་རིག་ཅན། །ཏིང་འཛིན་སྟོབས་ཀྱིས་དག་བྱའི་ཕྱིར། །སྐད་ཅིག་མ་ཡིས་རྣལ་འབྱོར་བདག །གཉིས་པོ་ཐམས་ཅད་རྣམ་པར་སྤངས། །ཆོ་གའི་རྣམ་པ་འདི་ཡིས་ནི། །མྱུར་དུ་དངོས་གྲུབ་འཐོབ་བྱེད་ཅིང་། །རྡོ་རྗེ་བྱང་ཆུབ་མྱུར་ འདི་བྱས། །ཀུན་མཁྱེན་ཡེ་ཤེས་སྙིང་པོ་དང་ཁམས་བློ་ཆེན་འཇམ་དཔལ་དང་འདྲ་མཁས་པ་རྣམས། །མི་ཤེས་རྩ་བ་ལས་བྱུང་རྨོངས་པས་མི་མཐུན་བྱས་པ་གང་ཡིན་དེ་བཟོད་མཛོད། །རྡོ་རྗེ་མཁའ་རྒྱུ་འབྱུང་བ་མ་ལུས་འབར་མཛད་ཅིང་། །པད་མཆོག་རྒྱས་དང་རྟོག་ པའི་མེ་ཏོག་རྒྱས་མཛད་པ། །ཉི་མ་ལྟ་བུར་གཟི་བརྗིད་དང་ལྡན་བྲམ་ཟེ་མཆོག །དཔལ་ལྡན་བླ་མ་ཤར་བའི་དམ་ཚིག་དྲིན་གྱིས་བསྡེབས། །འདི་ལས་བདག་གིས་དགེ་བ་ནི། །དྲི་མེད་བསགས་སྒྲུབ་སྟེར་བྱེད་པ། །ཐོབ་དེས་འགྲོ་བ་མ་ལུས་འདི། ། རྫོགས་པའི་བྱང་ཆུབ་མཐར་བགྲོད་ཤོག །དེ་ཁོ་ནའི་སྙིང་བོ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་དད་བྱེད་གོ་ཆས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་བི་ནཱ་ཡ་ཀ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། ། ༄། །ཧེ་རུ་ཀའི་རྣམ་པར་དག་པ་བཞུགས། ༄༅༅། །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་རྗེ་བཙུན་དཔལ་ཧེ་རུ་ཀའི་རྣམ་པར་དག་པ་གསུངས་པ་ནི། ཡང་དག་པའི་ཏིང་ངེ་འཛིན་རྣམ་པར་དག་པའི་རང་བཞིན་ཅན་ནོ། །ཡང་དག་པ་ནི་ ཕྱིན་ཅི་མ་ལོག་པ་སྟེ། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །སེམས་སོ་སོར་རིག་པ་ལ་སོགས་པ་ཟླ་བ་དང་། རྡོ་རྗེའི་རྣམ་པ་དང་། རིགས་ལྔ་དང་། ཕུང་པོ་གཅིག་གིས་རྣམ་པར་ཤེས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར། དེ་ཉིད་ནི་མོས་པས་སྤྱོད་པའི་ ས་ཡིན་ལ། མོས་པ་ནི་ལྷག་པར་མོས་པས་ཏེ། ཁྱད་པར་ཅན་གྱིས་ལྷའི་རྣམ་པར་བསྒོམ་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ལུས་པ་རོ་གཅིག་པའི་བདག་ཉིད་ཅན་གྱི་སྤྱོད་པ་ནི། མ་རིག་པའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དངོས་པོ་སོ་སོའི་ རྣམ་པར་དག་པ་གཞན་དང་གཞན་མ་ཡིན་ཏེ། ཞལ་བཞི་ནི་དགའ་བ་བཞིའི་རང་བཞིན་ཅན་ཏེ། འབྱུང་བ་ཆེན་པོ་བཞི་འདུས་ཏེ་རེག་པ་ལས་བྱུང་བའི་དགའ་བ་དང་། སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོའི་ཁྱད་པར་ཅན་གྱི་འབྲས་བུའི་རང་བཞིན་ཡིན་པའི་ ཕྱིར་རོ། །དེ་ལ་ཕྱག་བཅུ་གཉིས་ཀྱི་དང་པོས་ཌ་མ་རུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་རང་དང་གཞན་དབྱེར་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་རྟག་ཏུ་ཆོས་ཀྱི་སྒྲ་ཉན་པའི་ཕྱིར་རོ། །སེར་སྣ་དང་གཞན་གྱི་བདེ་བ་འཕྲོག་པའི་གཉེན་པོ་ ཡིན་ནོ། །དེ་ཉིད་ནི་ས་རབ་ཏུ་དགའ་བ་སྟེ། བདག་དང་གཞན་དབྱེར་མེད་པའི་བདེ་བ་ཆེན་པོའི་དགའ་བ་དེ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དགྲ་སྟ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་དང་། བཟའ་ བར་བྱ་བའི་དམ་ཚིག་ལས་འདས་པ་ལ་སོགས་པ་འཆལ་བའི་ཚུལ་ཁྲིམས་ཀྱིས་འདུས་བྱས་གཅོད་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ས་དྲི་མ་མེད་པ་སྟེ། སྡིག་པ་ཐམས་ཅད་ལས་ལྡོག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །གྲི་གུག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། ཕ་རོལ་ཀུན་ནས་འཁྲུག་པས་མཚོན་དང་དབྱིག་པ་དང་། ཕག་དུམ་ལ་སོགས་པས་བསྣུན་པས་རྣམ་པར་ཤེས་པ་འཁྲུག་ཅིང་མི་བཟོད་པ་ཀུན་ནས་གཅོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ས་འོད་བྱེད་པ་ཡིན་ཏེ། མི་འཁྲུགས་པས་སེམས་ལ་གནས་ཤིང་། གནས་པས་མི་ཤེས་ པ་རྣམ་པར་འཇིག་ལ། དེ་མེད་པས་ཡེ་ཤེས་རྙོགས་པ་མེད་པ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རྩེ་གསུམ་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ཏེ། སྙོམ་ལས་དང་ལེ་ལོ་དང་བརྩོན་འགྲུས་མེད་པ་དང་། སྤྲོ་བ་མེད་པས་ལམ་མ་ཡིན་པ་ལ་ རྗེས་སུ་སྤྱོད་པའི་ཕྱིར་ངན་འགྲོ་ངན་སོང་དམྱལ་བ་ལ་སོགས་པའི་མིང་དང་གཟུགས་འབྱུང་བ་དེའི་གཉེན་པོ་ལུས་དང་ངག་དང་ཡིད་མཁྱེན་པའི་རྩེ་གསུམ་རྣོན་པོའི་རང་བཞིན། བདེ་བར་གཤེགས་པ་སྐུལ་བར་བྱེད་པའི་བརྩོན་འགྲུས་ཀྱི་མཚན་ཉིད་ཅན་ནོ། །དེ་ཉིད་ནི་ས་འོད་འཕྲོ་བ་ཡིན་ཏེ། འོད་ནི་འོད་ཟེར་ཏེ། ཡེ་ཤེས་རྣམ་པར་འཕྲོ་བའི་བློའི་ཁྱད་པར་ཤེས་རབ་ཀྱི་མཐུ་གང་གིས་བདེ་བར་གཤེགས་པ་ཉིད་དུ་འགྱུར་བ་ཞེས་བྱ་བར་དགོངས་སོ། །ཁ་ཊྭཱཾ་ག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། འདི་ལྟར་བསམ་གཏན་རྩེ་གཅིག་པས་སྐྱེ་མཆེད་དྲུག་གིས་རྣམ་ པར་གཡེང་བ་སྤངས་པས། ཕུང་པོ་ལ་སོགས་པ་མ་ལུས་པའི་མགོ་བོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་རྣམ་པར་བཅད་ན། ནང་སྟོང་པ་ཉིད་དུ་རོ་གཅིག་ཅིང་གཡོ་བ་མེད་པ་ཉིད་ནི་དུང་དང་། ཀུནྡ་དང་། ཟླ་བ་དང་། ཤེལ་དག་པ་དང་འདྲ་བ་ཡིན་ཏེ། སེམས་ཀྱི་རང་བཞིན་དུ་གྱུར་ པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་ས་རབ་ཏུ་སྦྱང་དཀའ་བ་ཡིན་ཏེ། རབ་ཏུ་སྟེ་ངེས་པར་མི་མཐུན་པའི་ཕྱོགས་བདུད་ཀྱིས་ཐུབ་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །འདི་ལྟར་ཤེས་རབ་ནི་འཆལ་པའི་ཚུལ་ ཁྲིམས་དང་ངག་གི་ཐ་སྙད་ལ་སོགས་པའི་གཉེན་པོ་ཡིན་ཏེ། །ཆོས་ཀྱི་གསུང་རིན་པོ་ཆེའི་སྒྲ་སྙན་པ་སྐྱེ་བ་མེད་པའི་སྦྱོར་བས། འགྲོ་བ་ཡང་དག་པར་སྟོན་པར་བྱེད་པའི་ཕྱིར་རོ། །དེ་ནི་ས་མངོན་དུ་གྱུར་པ་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་སྒྲ་མངོན་དུ་གྱུར་ པས་བརྗོད་པ་ནི་ལྡོག་པ་མེད་པ་ཡིན་ཏེ། ཆོས་ཉིད་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ཏེ། །གང་གིས་སྦྱིན་པ་ལ་སོགས་པ་ལ་ཉེ་བར་སྤྱོད་ཅིང་ནན་ཏན་དུ་བྱེད་པ་དེ་ནི་ཐབས་ཡིན་ཏེ། སེར་སྣ་ལ་སོགས་པ་ཐབས་མ་ཡིན་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་རོ། །དེའི་འབྲས་བུར་གྱུར་པ་ནི་གྲངས་ཇི་ལྟ་བ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་རང་བཞིན་གཅིག་ཟབ་པ་དང་རྒྱ་ཆེ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ས་རིང་དུ་སོང་བ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་ སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་ལམ་གྱི་སྒོ་ནས་ཤིན་ཏུ་བདེ་བ་ལ་སོགས་པ་མྱོང་བ་ལས་དེས་སེམས་ཅན་ཐམས་ཅད་སྐད་ཅིག་མ་གཅིག་གིས་རིང་དུ་སོང་བར་བྱེད་པ་སྟེ། ཐོབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །པདྨའི་སྣོད་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་ དང་པོ་སེམས་བསྐྱེད་པའི་དུས་སུ། བདག་དཔལ་ཧེ་རུ་ཀར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའི་སྒོ་ནས་དམ་བཅས་པའི་སྨོན་ལམ་ཡིན་ཏེ། སེམས་ཅན་གྱི་དོན་ལ་བབ་པ་སྨོན་ལམ་གྱི་རྒྱན་གྱིས་ཉེ་བར་བརྒྱན་པ་ནི། སྨོན་ལམ་མ་ཡིན་པའི་ཤེས་པའི་རྩ་བ་ཅན་འཁོར་བར་འབྱིན་ པར་བྱེད་པའི་སྲེད་པ་དེའི་གཉེན་པོར་གྱུར་པས། ཡེ་ཤེས་ཀྱི་བདུད་རྩིས་ནང་ཀུན་ནས་བཀང་བ་ཅན་མངོན་པར་འདོད་པའི་ཕྱིར་རོ། །རང་དང་གཞན་གྱི་དོན་ལ་དབྱེ་བ་མེད་པ་རྒྱུན་མི་འཆད་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ས་མི་གཡོ་བ་ཞེས་བྱ་བའི་དོན་ཏོ། །ཞགས་པ་ ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་ཏེ། འདི་ལྟར་སྟོབས་དང་མཐུ་དང་ནུས་པ་མ་ཚང་བ་མེད་པས་ཀུན་དུ་རྟོག་པའི་ཉེ་བར་ལེན་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །ཚུལ་བཞིན་གཡོ་བ་མེད་པའི་ཆོས་ལ་འཇུག་པ་རྒྱུན་མི་འཆད་པ་དང་། ཀུན་ནས་དབང་ དུ་བྱེད་པའི་ཕྱིར་རོ། །དེ་ཉིད་ནི་ས་ལེགས་པའི་བློ་གྲོས་ཡིན་ཏེ། ལེགས་པའི་བློ་གྲོས་ནི་དགེ་བའི་བློ་སྟེ། རྣམ་པར་རྟོག་པ་འཛིན་པ་གཅོད་པའི་ཕྱིར་རོ། །བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། འདི་ལྟར་ཐམས་ཅད་མཁྱེན་ པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་མཚོན་བྱ་དང་། མཚོན་བྱེད་དང་བྲལ་བ། བརྗོད་པ་མེད་པར་རོ་གཅིག་པའི་དགའ་བ་བདེ་བ་ཆེན་པོའི་རང་བཞིན་ཅན་བདག་དང་བདག་གིར་འཛིན་པའི་མི་ཤེས་པ་དང་། དངོས་པོར་འཛིན་པའི་གཉེན་པོས་སྣང་བ་མེད་པར་བྱེད་པར་བཟོད་པ། བྱིང་ བ་དང་། རྒོད་པའི་ཕྱོགས་གཉིས་ཀ་ཡོངས་སུ་གཅོད་པའོ། །དེ་ཉིད་ཀྱི་ཕྱིར་དེ་དག་གཅོད་པར་བྱེད་པས་ཏེ། གྲི་གུག་ཡིན་ལ། དེ་གཉིས་ཀ་མཉམ་པ་ཉིད་ཀྱི་རོ་མྱང་བའི་ཕྱིར། །ཁྲག་གིས་ཡོངས་སུ་བཀང་བའི་སྣོད་ཡིན་ནོ། །དེ་ཉིད་ནི་ས་ཆོས་ཀྱི་སྤྲིན་ཡིན་ཏེ། འདི་ལྟར་ སྤྲོས་པ་མེད་པའི་རང་བཞིན་ཅན་གྱི་ཆོས་ཉིད་ནི་སྤྲིན་ཡིན་ཏེ། སྤྲིན་དང་འདྲ་བར་རང་བཞིན་གྱི་ཆུའི་རྒྱུན་གྱིས་རླན་པར་བྱེད་པའི་ཕྱིར། སེམས་ཅན་གྱི་ཁམས་མ་ལུས་པ་ཚིམ་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཚངས་པའི་མགོ་བོ་ནི་ཕུང་པོའི་བདུད་ཀྱི་རང་བཞིན་ཡིན་ཏེ། འདི་ལྟར་ཁམས་ གསུམ་པ་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ལུས་དེ་སྐྱེད་པར་བྱེད་པ་ཚངས་པའི་ངར་འཛིན་པ་ཅན་ལོག་པར་སྨྲ་བ་དེ་ཉིད་ནི་གཟུགས་ལ་སོགས་པའི་ཕུང་པོའི་བདུད་ལས་སྐྱེས་པའི་རྨོངས་པ་དེ་ལ། རྣམ་པར་ཤེས་པ་ངར་འཛིན་པའི་ང་རྒྱལ་གཅོད་པར་བྱེད་པའི་ཕྱིར། ཚངས་པའི་ མགོ་གདོང་བཞི་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིགས་བྱེད་ནི་ཉོན་མོངས་པའི་བདུད་ཀྱི་རང་བཞིན་ཡིན་ཏེ། ཉོན་མོངས་པ་ནི་འདོད་ཆགས་ཀྱི་རྩ་བ་ཅན་ཡིན་ལ། འདོད་ཆགས་ནི་དབང་ཕྱུག་ཆེན་པོ་ཡིན་ཏེ། འདོད་པས་ཞེན་པའི་འདོད་པས་སྤྲོ་བ་དང་བསྡུ་བའི་ང་རྒྱལ་ཅན། བདག་འཆིང་བར་བྱེད་པ་དེ་ཉིད་འཁོར་བ་ཡིན་ནོ། །མཉམ་པ་དང་མི་མཉམ་པ་ལ་སོགས་པས་ལུས་རྒས་པ། རྙིངས་པ། སྨིན་མ་དང་སྨ་ར་ལ་སོགས་པ་འཇིགས་པར་བྱེད་པའི་བདག་ཉིད། ངག་གི་རང་བཞིན་འབྲུག་སྒྲ་ལ་སོགས་པ་སྒྲོགས་པ་ཉིད་ཀྱི་ ཕྱིར་རོ། །དེའི་ང་རྒྱལ་བཟློག་པའི་དོན་དུ་རོལ་པས་ངེས་པར་མ་བཟུང་ཞིང་འབད་རྩོལ་མེད་པར་གཡོན་པའི་ཞབས་ཀྱིས་གན་རྐྱལ་དུ་མནན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དུས་མཚན་ནི་འཆི་བདག་གི་བདུད་ཀྱི་རང་བཞིན་ཡིན་ཏེ། ཕུང་པོ་རྣམ་པར་འཇིག་ཅིང་སྟོང་པ་ ཉིད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་ན་ཡོད་པའི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་འཁོར་བའི་ཆོས་ཟབ་པར་བྱེད་པའི་བདག་ཉིད་ཅན་གཅིག་ཏུ་མྱ་ངན་ལས་འདས་པའི་རང་བཞིན་ཅན་ཁོང་ཁྲོ་བའི་སེམས་ཀྱི་རྒྱུན་ཐམས་ཅད་མེད་པ། འདོད་ཆགས་དང་བྲལ་བ་མཚན་མོ་མི་ཤེས་པ་མུན་པ་དེ་ལ་ཞབས་གཡས་པ་རེག་པས་བསྐྱེད་པའི་བདེ་བ་ཆེན་པོའི་རྣམ་པའི་ཡེ་ཤེས་ངེས་པར་འཛིན་པའི་ཕྱིར། འདོད་ཆགས་ཆེན་པོ་ཡང་དག་པའི་ཐབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གླང་པོ་ཆེའི་པགས་པ་ནི་ལྷའི་བུའི་བདུད་ ཡིན་ཏེ། ལྷ་ནི་ལྷ་ཆེན་པོའོ། །དེའི་བུ་ནི་དེ་ལས་སྐྱེས་པའོ། །གླང་པོ་ཆེན་པོ་བགེགས་ཀྱི་དབང་ཕྱུག་སྟེ། ལོག་འདྲེན་ཉོན་མོངས་པ་སྒྲིབ་པ་མུན་པ་མུན་ནག་རྨོངས་པ། ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་དང་འགལ་བར་བྱེད་པ་དེའི་ཉོན་མོངས་པའི་པགས་ པ་བཤུས་ཏེ། ཕྱག་གཡས་པ་དང་གཡོན་པ་གཉིས་ཀྱིས་གོས་བཞིན་དུ་རྒྱལ་མཚན་གྱི་བླ་རེར་ཕུབ་པ་དང་འདྲ་བར་ཀུན་ནས་བགེགས་མེད་པར་བྱ་བ་དང་། སྲིད་པ་དང་ཞི་བ་གཉིས་ཀྱིས་གདུང་བ་གཉིས་སུ་མེད་པའི་རོ་གཅིག་པ་ཆེན་པོའི་གྲིབ་མ་བསིལ་བ་དང་འདྲ་བར་ཚིམ་པར་ བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཉིད་ནི་སངས་རྒྱས་ཀྱི་ས་བཅུ་གཉིས་པ་ཡིན་ཏེ། འདི་ལྟར་བདུད་བཞིའི་སྟོབས་དང་ངར་འཛིན་བཅོམ་ནས། ཤིན་ཏུ་རྨོངས་པ་ཆེན་པོ་ལ་སོགས་པའི་གཉེན་པོ་སྒོམ་པའི་སྟོབས་རྟོགས་པ་ལས་སྐྱེས་པ་ཕྱག་རྒྱ་ཆེན་པོའི་ འདུས་ཏེ་རེག་པའི་ཀུན་དུ་བཟང་པོ་རོ་གཅིག་པ་དང་མཐའ་གཉིས་ཀ་མ་ལུས་པའི་རྣམ་པའི་ཡེ་ཤེས་དྲི་མ་མེད་པའི་གཡོ་བ་མེད་པ། གཉིས་སུ་མེད་པའི་ཆོས་ཉིད་ཀྱི་སྙིང་པོ་ཞེས་བྱ་བའི་དོན་ཏོ། །སྟག་གི་པགས་པ་ནི་ཞི་ཁྲོ་བ་ཡིན་ཏེ། ཡུལ་དྲུག་ལ་དགོད་པ་དང་། འདོད་པ་ལ་ཆགས་ པ་དང་། ལུས་དང་ངག་དང་སེམས་ཆེར་འཁྲུགས་པ་ལས་ཁྲོ་བ་སྐྱེ་བར་འགྱུར་རོ། །དེ་ཉིད་ནི་ཤིན་ཏུ་ཁྲོ་བ་ཉིད་ཀྱི་ཕྱིར་དང་། སྣ་ཚོགས་པ་ལ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར། སྟག་ནི་སྣ་ཚོགས་པའི་རྣམ་པ་ཡིན་ནོ། །དེ་ལས་བཤུས་ནས་མནབས་པ་ནི་ཚངས་པར་སྤྱོད་པ་ལ་རྗེས་ སུ་སྤྱོད་པའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །དབང་པོའི་མདུད་པའི་ཀུན་ནས་དྲེགས་པ་ཞི་བས་ཁྲོ་བ་མེད་པའི་སྐད་ཅིག་མའི་བདག་ཉིད་ཅན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ནི་རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་རྡོ་རྗེ་འདྲ་བར་དབྱེར་མེད་ཅིང་མི་འཁྲུགས་པ་དབང་ པོའི་སྒོ་ནས་བདེ་བ་ཆེན་པོ་ཡིད་ལ་བྱེད་པའི་ལས་ལ་མཁས་པ། ལས་མ་ཡིན་པའི་གཉེན་པོ་ཡེ་ཤེས་ཀྱི་སྤྱོད་པའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །ཆགས་པ་ནི་མི་མགོའི་ཕྲེང་བ་ཡིན་ཏེ། འདི་ལྟར་འགྲོ་བ་ཐམས་ཅད་ལོངས་སྤྱོད་པའི་དོན་དུ་ཕུང་པོ་ལ་སོགས་པ་ལ་ ཆགས་ཤིང་། མངོན་པར་ཞེན་པར་འགྱུར་ཏེ། དེ་བཟློག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཕུང་པོ་དེ་ཉིད་ཀྱི་མགོ་ལ་སོགས་པའི་ཡན་ལག་སོ་སོ་ཐ་དད་པར་བཀོད་པ་ཙམ་རེ་རེ་ཞིང་ཕྱེ་ན་མི་བརྟན་པ་ཉིད་དུ་དེ་དག་ཁོང་དུ་ཆུད་པའི་ཕྱིར་མགྲིན་པ་ནས་བརྩམས་ཏེ། པུས་མོའི་ བར་དུ་མེ་ཏོག་གི་ཆུན་འཕྱང་དང་འདྲ་བའི་ཐོད་པའི་ཕྲེང་བ་ཤིན་ཏུ་རློན་པ་བརྒྱུས་པ་ནི་ཕུང་པོ་ལྔ། ལྔ་ལྔའི་བདག་ཉིད་ཅན་དང་། འབྱུང་བ་བཞི་རེ་རེ་ཞིང་ལྔ་ལྔའི་བདག་ཉིད་ཅན་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ། བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསྟན་པའི་ ཕྱིར་རོ། །དེ་ཉིད་ནི་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་སྟེ། རིན་པོ་ཆེ་ནི་རྡོ་རྗེ་ཡིན་ལ། པདྨ་ནི་ཆོས་འབྱུང་བ་ཡིན་ཏེ། དེ་གཉིས་རྣམ་པར་སད་པ་ལས། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་པ་རོ་གཅིག་ཏུ་སྐྱེས་པའི་བདེ་བ་ཆེན་པོའི་བདག་ཉིད་ཅན་གྱི་ལུས་ཕུང་པོ་ ལྔ་ལ་སོགས་པའི་རང་བཞིན་དེའི་ཕ་རོལ་ཏེ་ངོགས། ཕྱག་རྒྱ་ཆེན་པོ་དེར་ཕྱིན་ཅིང་ཐོབ་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་རང་བཞིན་ནི་མི་མགོའི་ཕྲེང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་ཡོངས་སུ་རྫོགས་པའི་རྣམ་པར་དག་པ་ནི་རལ་པ་ དང་ཅོད་པན་ཡིན་ཏེ། དེ་ཁོ་ན་ཉིད་མ་ལུས་པ་གཅིག་ཏུ་བྱས་པ་འཇིག་པ་མེད་པར་སྟོན་པར་བྱེད་ལ། ཟབ་པ་དང་རྒྱ་ཆེ་བའི་སྐྲ་ལན་བུ་གཉིས་གཅུས་པའི་ཉིས་སྒྲིལ་དང་སྤྱི་བོར་སྣ་ཚོགས་རྡོ་རྗེ་རིགས་ལྔ་ཅན་གྱིས་བརྒྱན་པ་དང་། ཡེ་ཤེས་ལྔའི་བདག་ཉིད་ཐོད་པ་ ལྔའི་ཚད་སོར་ལྔ་པས་སྤྲས་པ་དང་། གཡོན་གྱི་ཆར་ཡེ་ཤེས་འོད་གསལ་བ་ཟླ་བས་མཚན་པ། ཁམས་གསུམ་པ་རོ་གཅིག་པའི་བདག་ཉིད་མི་བསྐྱོད་པའི་དབང་ཕྱུག་དང་མཚུངས་པར་ཆགས་པའི་འཁོར་ལོས་རྒྱས་བཏབ་ཅེས་བྱ་བའི་དོན་ཏོ། །སྒྲའི་ཕྱོགས་གཅིག་ མི་ཤིགས་པའི་རྣམ་པར་བསྐྱོད་མི་ནུས་པ་ལ་བརྟེན་ནས། རྣམ་པར་གཡེང་བའི་ཚུལ་དུ་འབྱུང་བའི་སྒྲ་མི་སྙན་པའི་དོན་ཡིན་ན་ཡང་དེའི་བདག་ཉིད་མ་ལུས་པའི་བྱང་ཆུབ་ཀྱི་ངོ་བོ་སྐྱེ་བའི་རྒྱུའི་མཚན་ཉིད་ནི་རྣ་བའི་ཕྱག་རྒྱ་ཡིན་ནོ། །མགུལ་རྒྱན་ནི་སྐལ་བ་ངན་པའི་ངག་ གི་བརྗོད་པ་ཡོངས་སུ་སྤང་བ་དང་། ཉིན་མཚན་དུ་རྒྱུན་མི་འཆད་པར་སྔགས་ཟློ་བའི་བདག་ཉིད་དང་། སེམས་ཅན་གདོན་པའི་རྒྱུས་གྲགས་པ་ཕུན་སུམ་ཚོགས་པའི་རིན་པོ་ཆེའི་བདུད་རྩི་མྱོང་བའི་རང་བཞིན་ཅན་ཡིན་ནོ། །གདུ་བུ་ནི་སྲོག་གཅོད་པ་ལ་སོགས་པ་རྗེས་ སུ་སྤྱོད་པ་ལས་ལྡོག་པའི་དོན་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་ཕུན་སུམ་ཚོགས་པའི་རང་བཞིན་ཅན་རྣམ་པར་སྣང་མཛད་འོད་འཕྲོ་བའི་མཚན་ཉིད་ཅན་ཡིན་ནོ། །སྐུ་རེགས་ནི་ཕྱག་རྒྱ་ཆེན་པོ་དོན་ཡོད་པ་མོ་ གཤམ་མ་ཡིན་པ། འབྲས་བུ་དང་བཅས་པའི་དངོས་གྲུབ་ཀྱི་སྣོད་ཡེ་ཤེས་ཕུན་སུམ་ཚོགས་པ་རོ་གཅིག་པ་ཅན་ཡིན་ནོ། །ཐལ་བ་ནི་ཡེ་ཤེས་ཀྱི་མེ་འབར་བས་ཕུང་པོ་དང་འབྱུང་བ་བསྲེགས་པས་སྣང་བ་མེད་པས། ཤེལ་དང་འདྲ་བར་གསལ་བ། བྱང་ཆུབ་ཀྱི་སེམས་ དཀར་པོས་ཡོངས་སུ་བྱུགས་པ་དང་། ལྷན་ཅིག་སྐྱེས་པ་དང་། ནམ་མཁའ་དང་། ཡེ་ཤེས་ཀྱི་སྣལ་མས་སེ་རལ་ཁར་བྱས་པ་ཡིན་ཏེ། རབ་ཀྱི་མཐར་ཕྱིན་པ་ཐོབ་པ་དང་པོའི་རྡོ་རྗེ་འཆང་གི་རང་བཞིན་ཅན་ནི། ཐལ་བ་དང་ཚངས་པའི་སྐུད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ སྐད་ཅིག་མ་བཅུ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་དབང་ཕྱུག་ལ་སོགས་པ་དྲུག་གི་ཆོས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་བདུད་བཞི་འདུལ་ བར་མཛད་པ། བདེ་བ་ཆེན་པོའི་ཡེ་ཤེས་རོ་གཅིག་པ་འགྲིབ་པ་མེད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་རྡོ་རྗེ་འཆང་གི་ས་སྟེ། བཅུ་གསུམ་པ་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨྨས་མཛད་པ། ཧེ་རུ་ཀའི་རྣམ་པར་དག་པ་རྫོགས་སོ།། །། སློབ་དཔོན་དེ་ཉིད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་བྷཊྚཱ་ར་ཀ་པྲ་སཱ་དྷ་ནོ་པ་ཡི་ཀ་པཎྜི་ཀི་ནཱ་མ། བོད་སྐད་དུ། རྗེ་བཙུན་དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་མལ་ནས་ལངས་ཏེ། གདོང་ལ་སོགས་པ་དག་པར་བྱས་ཏེ། བདུད་རྩི་ལྔའི་རིལ་བུ་ཁར་བཅུག་ལ། ཨཱ་ལི་དང་ཀཱ་ལི་ལན་གསུམ་བརྗོད་ནས། སྟན་འཇམ་པོ་ལ་གནས་ཤིང་ལུས་དྲང་པོར་བྱས་ཏེ། སྣའི་རྩེ་མོར་བལྟས་ ནས། སོའི་རྒྱལ་པོའི་བར་མཚམས་ཀྱི་སྐྲའི་རྩེ་མོ་ཙམ་ལ་ཡང་དག་པར་རེག་ཅིང་། རི་བོ་ལྟར་མི་གཡོ་བར་གནས་པར་བྱའོ། །དེ་ནས་ཕུང་པོ་ལྔ་རང་རང་གི་ལྷའི་ང་རྒྱལ་བསྐྱེད་ཅིང་། རང་དང་གཞན་ལ་ཕན་པའི་ཕྱིར་འོག་ནས་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཀྱི་ གཟུགས་ཆོས་འདིས་བསྒོམ་པར་བྱའོ། །རེ་ཞིག་དང་པོ་ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ། ཨོཾ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀ་ཙིཏྟཾ་བཛྲཾ་ཧཱུཾ་ཕཊ། ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་བཅུར་སེ་གོལ་བརྡབ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ནམ་མཁར་མདོག་སེར་པོ་ ཡི་གེ་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་དང་། ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་ཟླ་བ་དཀར་པོ་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཁ་སྦྱར་གྱི་དབུས་སུ་ཡི་གེ་ཧཱུཾ་ནག་པོའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་ལ་སོགས་པ་མཆོད་ཅིང་། སྡིག་པ་བཤགས་ པ་ལ་སོགས་པ་བྱ་ཞིང་། མདུན་དུ་ཨོཾ་ཧཱུཾ་ཨཱཿགྲངས་ཇི་ལྟ་བ་བཞིན་དུ་དཀར་པོ་དང་། སྔོན་པོ་དང་། དམར་པོའི་ས་བོན་གསུམ་བལྟས་ལ་དབུས་ཀྱི་ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དེའི་དབུས་མའི་རྩེ་མོ་ལ་ཡི་གེ་ཧཱུཾ་བལྟས་ལ། དེའི་ཡི་གེ་གསུམ་གྱི་འོད་ཟེར་གྱིས་སེམས་ཅན་ གྱི་ཁམས་སྦྱང་ཞིང་། ཡང་བསྡུས་ཏེ་རང་རང་གི་ས་བོན་ལ་ཞུགས་སོ། །དེ་ནས་ཨོཾ་ནི་ཨཱཿལ་ཐིམ་པ་དང་། ཨཱ་ནི་རྡོ་རྗེའི་རྩེ་མོ་ལའོ། །རྩེ་མོ་ནི་རྡོ་རྗེ་ལའོ། །རྡོ་རྗེ་ནི་ཨཱུ་ལའོ། །ཨཱུ་ནི་ཧ་ལའོ། །ཧ་ནི་མགོ་བོ་ལའོ། །མགོ་བོ་ནི་ཟླ་ཚེས་ལའོ། །ཟླ་ཚེས་ཐིག་ལེ་ལའོ། །ཐིག་ལེ་ཡང་སྒྲ་ ལའོ། །སྒྲ་ནི་སྒྲ་ཙམ་ལའོ། །དེ་ལྟར་རིམ་གྱིས་བསྡུས་ཤིང་། ཁམས་ཕྲ་བ་ལ་ཞུགས་ཤིང་སྣོད་ཀྱི་འཇིག་རྟེན་སྦྱངས་ལ། ཅིག་ཅར་དུ་ཁམས་ཕྲ་བ་ལ་ཨཱ་ལི་ཀཱ་ལིའི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས། རང་གི་བདག་ཉིད་ཧེ་རུ་ཀའི་གཟུགས་སུ་བལྟ་བར་བྱའོ། །བཅོམ་ ལྡན་འདས་ནི་ཞལ་བཞི་པ། སྤྱན་གསུམ་པ། སྐུ་མདོག་ནག་པོ་ཕྱག་བཅུ་གཉིས་པ། གཡས་བརྐྱང་བའི་སྟང་སྟབས་ཅན། འཇིགས་བྱེད་ཆེན་པོ་དང་དུས་མཚན་མོ་ཞབས་ཀྱིས་མནན་པ། རྡོ་རྗེ་ཕག་མོ་ལ་འཁྱུད་པའི་ཕྱག་གཉིས་པོ་ལ་རྡོ་རྗེ་དང་དྲིལ་བུ། སྟེང་གི་ཕྱག་གཉིས་པ་ལ་ གླང་པོ་ཆེའི་པགས་པ་བསྣམས་པ། གཡས་པའི་གསུམ་པ་ལ་ཅང་ཏེའུ། བཞི་པ་ལ་དགྲ་སྟ། ལྔ་པ་ལ་གྲི་གུག །དྲུག་པ་ལ་རྩེ་གསུམ་འཕྱར་བ། གཡོན་གྱི་གསུམ་པ་ལ་ཁ་ཊྭཱཾ་ག་རྡོ་རྗེས་མཚན་པ། བཞི་པ་ཁྲག་གིས་གང་བའི་ཐོད་པ། ལྔ་པ་རྡོ་རྗེ་ཞགས་པ། དྲུག་པ་ཚངས་ པའི་མགོ་བོ་བསྣམས་པ། རལ་པའི་ཅོད་པན་ཅན་ཟླ་གམ་དང་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཞལ་འགྱུར་ཞིང་མཆེ་བ་རྣམ་པར་གཙིགས་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། ཞལ་གཡོན་སེར་པོ། ནུབ་པདྨ་རཱ་ག་དང་འདྲ་བ། གཡས་མརྒད་ལྟ་བུ། སྟག་གི་པགས་པའི་ ཤམ་ཐབས་བསྣམས་པ། རྒྱུ་མ་ལ་བརྒྱུས་པའི་མི་མགོའི་ཕྲེང་བ་བསྣམས་པ། མགུལ་རྒྱན་དཔུང་རྒྱན་རྣ་ཆ་དང་། །སྤྱི་བོར་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་ནི་རབ་ཏུ་གྲགས། །ཕ་རོལ་ཕྱིན་དྲུག་རྣམ་དག་པ། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་ པའོ། །དེའི་མདུན་དུ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། འཁྱུད་པའི་ཕྱག་གཉིས་ཀྱིས་གདུག་པ་དང་བདུད་ལ་སོགས་པའི་ཁྲག་གིས་གང་བའི་སྣོད་ བསྣམས་པ། གཡས་པས་ནི་ཕྱོགས་ཐམས་ཅད་ཀྱི་གདུག་པ་ལ་སྡིགས་མཛུབ་མཛད་པའི་རྡོ་རྗེས་མཚན་པའི་གྲི་གུག་བསྣམས་པ། བསྐལ་པའི་མེ་ལྟར་འཇིགས་པ་ཆེ། །ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། །བྱིན་པ་གཉིས་པོ་འཁྱུད་ནས་ནི། །བདེ་ཆེན་ཐུགས་རྗེའི་བདག་ ཉིད་དོ། །མཁའ་འགྲོ་མ་དང་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །དངོས་གྲུབ་ཐམས་ཅད་རབ་སྩོལ་བ། །ཕྱོགས་ཀྱི་འདབ་མ་རྣམས་ལ་དགོད། །ནག་དང་སེར་དང་དམར་དང་ལྗང་། །ཞལ་གཅིག་མ་ལ་ཕྱག་བཞི་མ། །གཡོན་པ་ཐོད་པ་ཁ་ཊྭཱཾ་དང་། །གཡས་ པ་ཅང་ཏེའུ་གྲི་གུག་བསྣམས། །སྤྱན་གསུམ་དབུ་སྐྲ་གྲོལ་བ་སྟེ། །གཡོན་བརྐྱང་ཕྱོགས་ཀྱི་གོས་ཅན་ཏེ། །ཞལ་ནི་མཆེ་བ་རྣམ་པར་གཙིགས། །ཕྱག་རྒྱ་ལྔ་ཡིས་སྐུ་བརྒྱན་པའོ། །བྱང་ཆུབ་སེམས་ཀྱིས་གང་བ་ནི། །གྲྭ་བཞི་ལ་ནི་ཐོད་བཞི་གནས། །ཤར་དང་བྱང་ནུབ་ ལྷོ་སྒོ་རུ། །ཁྭ་དང་འུག་པ་ཁྱི་དང་ནི། །ཕག་གི་གདོང་ཅན་དེ་བཞིན་ཏེ། །མེ་དང་དེ་བཞིན་རླུང་མཚམས་དང་། །དེ་བཞིན་དབང་ལྡན་མཚམས་སུ་ཡང་། །གཤིན་རྗེ་སྲེག་མ་གཤིན་རྗེ་ཡི། །ཕོ་ཉ་གཤིན་རྗེ་མཆེ་བ་མ། །དེ་བཞིན་གཤིན་རྗེ་འཇོམས་མ་དགོད། །ཇི་ལྟར་མཁའ་ འགྲོ་མ་ལ་སོགས། །ཁྭ་གདོང་ལ་སོགས་དེ་བཞིན་བལྟ། །དེ་བཞིན་གྲྭ་ཡི་ལྷ་མོ་རྣམས། །ཡིད་འཕྲོག་མཛེས་པའི་གཟུགས་གཉིས་འཛིན། །ཡི་དགས་གདན་ཅན་དྲག་པོ་ཆེ། །མཆོག་ཏུ་འགྲོ་བའི་དོན་མཛད་པའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མཱ་ཡཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧཱ་ཡཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨུ་ ལཱུ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་ཀ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སཱུ་ཀ་རཱ་སྱེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་དྷཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾ་ཥྚྲི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། སྐྱེ་བོ་ཀུན་ལ་རྨོངས་མེད་པའི། །དམ་ཚིག་ལྡན་ཞིང་བདེ་མཆོག་སྟོན། །བླ་མ་ ལ་གུས་སྙིང་རྗེ་ཅན། །སྐྱེ་དང་སྐྱེ་བར་བདག་གྱུར་ཅིག །ལག་ན་རྡོ་རྗེ་དྲིལ་བུ་བསྣམས། །ཟབ་མོའི་ཆོས་ནི་སྟོན་བྱེད་པའི། །བཙུན་མོའི་ཤུ་ཀྲ་ལེན་པ་པོ། །སྐྱེ་དང་སྐྱེ་བར་བདག