Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 10 / 24 (50.000 ký tự/trang)
། ཧཱུཾ་ཨཱཿཨོཾ་ཞེས་བརྗོད་ཅིང་ཙནྡན་ལ་སོགས་པ་ཡང་དག་པར་བྱུགས་ལ། སྤྱི་བོར་མེ་ཏོག །མདུན་དུ་སྤོས། མར་མེ་མིག་ལ། དྲི་སྙིང་གར། ལྷ་བཤོས་ལག་ཏུ་སྦྱིན་པར་བྱའོ། །དེའི་རྗེས་ལ་སོར་བཅུ་གཉིས་ པའི་ཚད་ཀྱི་སོ་ཤིང་མ་ཆག་པ་མ་གས་པ། ཨ་ཤྭདྠ་ལ་སོགས་པའི་མེ་ཏོག་གི་ཕྲེང་བས་བཅིངས་ལ། ལས་ཐམས་ཅད་པའི་སྔགས་བཟླས་ལ་སློབ་མ་རྣམས་ལ་སོ་སོར་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ཤར་དང་བྱང་དུ་ཁ་བལྟས་ལ་བཅའ་ཞིང་བ་ཀོ་ཙམ་བ་ཆུས་བྱུགས་པའི་སར་ དོར་བར་བྱའོ། །དེ་ནས་ཤར་ལ་སོགས་པར་ཁ་བལྟས་ན་རིམ་པ་བཞིན་ཞི་བ་ལ་སོགས་པའི་ལས་བསྟན་པར་བྱའོ། །གོང་གི་སྔོན་དུ་ཁ་བལྟས་ན་དེའི་དངོས་གྲུབ་མཆོག་ཏུ་ཤེས། ཐུར་དུ་བལྟས་ནས་འོག་གི་དངོས་གྲུབ་བོ། །གྱེན་དུ་ཁ་བལྟས་ན་ནམ་མཁའ་ལ་སྤྱོད་པ་ ཉིད་དུ་ཐེ་ཚོམ་མེད་དོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །དེའི་རྗེས་ལ་ཁ་བཤལ་བའི་དོན་དུ་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་དྡྷརྨ་སྶརྦ་པཱ་པཾ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱཾ་པ་ནཱ་ཡ་ཧཱུཾ། ཁ་བཤལ་བའི་དོན་དུ་སྦྱིན་ནོ། །མདུན་དུ་བཞག་ལ། ཨོཾ་བཛྲ་ཀུཎྜ་ལི་ཞེས་བྱ་བ་ལ་སོགས་པའི་སྔགས་ལན་བདུན་བཟླས་ལ། ཀུ་ཤ་སྟན་དང་སྔས་ཀྱི་དོན་དུ་དེ་རྣམས་ཀྱི་ལག་པར་སྦྱིན་པར་བྱའོ། །དཔུང་པ་གཡས་པ་ལ་ཡང་སྔགས་འདི་ཉིད་ཀྱང་ལན་བདུན་དུ་མངོན་པར་བསྔགས་ལ་སུམ་བསྒྲིལ་མདུད་ པ་གསུམ་པ་ཅན་གྱིས་སྲུང་སྐུད་དམར་པོ་བཅིངས་ལ་ཆོས་བཤད་པར་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ ཚུལ་འབྱུང་བ། །དེ་ལས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་ནི་མཐོང་བ་ཡིས། །དེ་རྣམས་ཐམས་ཅད་ ཟད་པར་འགྱུར། །དེ་དག་ཀུན་གྱི་ངན་འགྲོ་རྣམས། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅས། །གང་དག་སྤྱོད་པའི་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་ རྒྱལ་བ་སྲས་བཅས་པའི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཐམས་ཅད་ཀྱིས་ནི་ཡང་འཛིན་པར། །བདག་ཉིད་ཆེན་པོ་སྐྱེ་བར་འགྱུར། །གང་གིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པ་ཉིད་དུ་བསྐྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་ པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆོས་བཤད་པ་ཉན་དུ་བཅུག་ལ། སླར་ཡང་ལས་ཐམས་ཅད་པའི་སྔགས་འདི་ཉིད་ཀྱིས་ལེགས་པར་བསྲུངས་ལ། སློབ་དཔོན་གྱིས་སྡོམ་པ་གཟུང་བར་བྱ་སྟེ། མི་ལྡོག་འཁོར་ལོ་མཆོག་དབང་བསྐུར། །སྩལ་ནས་མགོན་ པོ་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་བ་དམ་པ་དག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་འགྱུར་གསུངས། །ཞེས་ གསོལ་བ་བཏབ་པའི་རྗེས་ལ་བླ་མས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་ནི། །བྱང་ཆུབ་སེམས་ནི་ཡང་འཛིན་པ། །གསང་བའི་དོན་ནི་འཁོར་ལོ་འདིར། །དམ་ཚིག་སྡོམ་པ་འཛིན་པར་འཚལ། །གསང་བ་ ཆེན་པོའི་རིགས་དག་པའི། །གསང་བ་ཡོངས་སུ་ལེན་པ་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །སློབ་མས་ཀྱང་འཚལ་ཞེས་བརྗོད་ལ། །དེ་ནས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །བླ་མ་མཆོད་ པ་རྟག་ཏུ་བྱ། །སངས་རྒྱས་འགྲོ་ལ་གུས་བྱམས་པ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །མི་དགེ་ལ་སོགས་ལས་རྣམས་སྤངས། །རྩ་བའི་ལྟུང་བ་ཡོངས་སུ་སྤང་། །སྦོམ་པོའི་ལྟུང་བ་དེ་བཞིན་ནོ། །སེམས་ཅན་རྣམས་ལ་མཆོད་པ་བྱ། །ཐེག་པ་ དམན་ལ་འདོད་པའང་མིན། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །འཁོར་བའི་སྡུག་བསྔལ་འཁྲུགས་པ་ལས། །སེམས་ཅན་རྣམས་ནི་དབུགས་ཕྱུང་གིས། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ ཀྱང་། །རྟག་ཏུ་ཁྱོད་ཀྱིས་སོ་སོར་ཟུང་། །ཞེས་བརྗོད་པར་བྱའོ། །སློབ་མས་ཀྱང་བརྗོད་པར་བྱ་བ་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བྱ་བ་བདག་གིས་བགྱི། །ཞེས་བརྗོད་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་སྡོམ་པ་བཟུང་ལ་ཀུ་ཤའི་ སྟེང་ལ་ཉལ་བར་བྱའོ། །རྨི་ལམ་ཅི་མཐོང་བ་དེ་ང་ལ་སྨྲོས་ཤིག །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། ལས་ཐམས་ཅད་པའི་སྔགས་བསྲུང་བའི་དོན་དུ་བཟླས་པར་བྱའོ། །དེའི་རྗེས་ལ་ཁྱད་པར་དུ་གཏོར་མ་གཏང་བར་བྱའོ་ཞེས་པ་ནི་སློབ་མ་ལྷག་ པར་གནས་པའི་ཆོ་གའོ། །དེ་ནས་ནང་པར་ཕྱིར་བྱུང་སྟེ། སློབ་མ་དེ་རྣམས་བོས་ལ་དགེ་བ་དང་མི་དགེ་བའི་རྨི་ལམ་དྲིས་ལ། རྨི་ལམ་དང་རྗེས་སུ་མཐུན་པར་བསྒྲུབས་ལ། བྲིས་པའི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། གང་གི་ ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སློབ་མ་འཇུག་པའི་ཆོ་གས་རང་ཞུགས་ལ། ཕྲེང་བའི་དབང་བསྐུར་བ་དང་རྗེས་སུ་གནང་བའི་མཐར་ཐུག་པ་ཡིད་ཀྱིས་བླངས་ལ། སློབ་མ་རྣམས་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་བདེན་པས་གསོལ་བ་གདབ་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ ལྟ་བུ་སྟེ། །གསལ་ཞིང་དང་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །དེ་བཞིན་ཉིད་དེ་དེ་ཉིད་སྐྱེས། །དེ་ལྟར་བདེན་པས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །ཅེས་བྱ་བ་ནི་གསོལ་བ་གདབ་ པར་བྱའོ། །དེ་བཞིན་དུ་ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་སྣོད་དུ་རུང་བ་རྣམས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། ཨ་ཁཾ་བཱི་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་སྟེ། གདོང་གཡོགས་དམར་པོས་བཅིངས་ལ། ལས་ཐམས་ཅད་པའི་ཆུས་བསང་སྟེ། སློབ་ དཔོན་གྱིས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་དྲི་བར་བྱའོ། །ཀྱེ་འདོད་པ་ལ་དགའ་བ་ཁྱོད་སུ་ཡིན། དེས་འདི་ལྟར་བརྗོད་པར་བྱ་སྟེ། བདག་བདེ་བ་ཆེན་པོའི་སྐལ་བ་དང་ལྡན་པ་ལགས་སོ། །དེ་ནས་བླ་མས་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་འདི་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དད་པ་དང་མི་ལྡན་པ་རྣམས་ ལ་མ་ཡིན་ནོ། །ཨོཾ་ཛཿཧཱུཾ་ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧྱ་བིདྱཱ་རཱ་ཛ་ཡཱ་དྷི་མ་ཧེ་སྭཱ་ཧཱ། ཞེས་པ་འདིས་བཀུག་སྟེ་ཡོལ་བའི་ནང་དུ་བཅུག་ལ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སྤྱི་བོར་རྡོ་རྗེ་ཡང་དག་པར་བཞག་སྟེ། འདི་ནི་རྡོ་རྗེའི་ དམ་ཚིག་སྟེ། །དམ་ཚིག་རྡོ་རྗེ་འདི་ཡིས་ནི། །གལ་ཏེ་འགའ་ལ་ཁྱོད་ཀྱིས་འདི། །སྨྲས་ན་མགོ་བོ་འགེམས་པར་བྱེད། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་ཡང་དག་པར་བཞག་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བྱ་བ་འདིས་མནའ་བསྒྲག་པར་བྱ། སླར་ཡང་བདུད་རྩི་ལྔ་པདྨའི་སྣོད་དུ་སོང་བའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ ཞེས་བྱ་བ་འདི་ལན་བདུན་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་ བསྲུངས་ན་དངོས་གྲུབ་ཐོབ། །འཐུང་ཞིང་རྡོ་རྗེ་བདུད་རྩིའི་ཆུ། །ཞེས་བརྗོད་ལ་འཐུང་དུ་གཞུག་གོ། །དེའི་རྗེས་ལ་བླ་མའི་མན་ངག་ལས་དབབ་པའི་ཆོ་གས་དབབ་པར་བྱ་སྟེ། ཞལ་བཞི་པའི་སྔགས་ཀྱི་སྒྲས། མཚམས་བཅིངས་པ་ནི་ཡང་ནས་ཡང་དུ་བྱའོ། །སློབ་མའི་ལུས་ལ་རང་དེ་བཞིན། །མཛེས་པའི་གོ་ཆ་ཀུན་ གྱིས་བྱ། །སླར་ཡང་འཇུག་པ་སྔགས་ཀྱི་མཆོག །གཏི་མུག་མཁའ་འགྲོའི་གཟུགས་ལ་ཡང་། །ལྟེ་བར་པང་གནས་འཁོར་ལོའི་མཆོག །དངོས་གྲུབ་ཆེན་པོ་རབ་སྟེར་བ། །འབར་ཞིང་ཤིན་ཏུ་གསལ་བ་ཡིས། །གཡུང་དྲུང་འཁྱིལ་བ་འཁོར་བར་བསྒོམ། །ཧེ་རུ་ཀ་དཔལ་ང་རྒྱལ་ནི། །མི་བརྗེད་པར་ནི་ཡང་དང་ ཡང་། །ཁྲག་དང་བསྲེས་པའི་ཤ་དང་ནི། །གུ་གུལ་དང་ནི་ལྷན་ཅིག་སྦྱར། །རྡོ་རྗེ་རྣལ་འབྱོར་མ་ཡི་སྔགས། །བརྒྱ་རྩ་བརྒྱད་ནི་བཟླས་པར་བྱ། །དེ་ཡིས་བདུགས་པ་ཙམ་གྱིས་ནི། །འབབ་པར་འགྱུར་བར་ཐེ་ཚོམ་མེད། །འབབ་པ་ཡིས་ནི་དྲིལ་བུ་དཀྲོལ། །བསྒྱིངས་དང་བཅས་པས་གསང་སྔགས་བཟླས། །ཨོཾ་ ཏིཥྛ་མ་ཧཱ་ཀྲོ་དྷ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སྟམྦྷ་ཡ་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཾ། ཞེས་བྱ་བའི་སྔགས་འདིས་སོ། །འབབ་པ་ཡི་ནི་ལྕེ་ལ་ཡང་། ཨཱཿ་ཡིག་དམར་པོ་བསམ་བྱ་བ། །གསུང་གི་རྡོ་རྗེའི་རང་བཞིན་ཁྱོད། །སྨྲོས་ཤིག་བུ་ཡི་དགེ་མི་དགེ །ཞེས་ཤེས་པར་བྱས་ལ། ཨོཾ་ཏིཥྛ་བཛྲ་ས་མ་ཡ་པ་རཱ་བཱ་ལི་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་རྡོ་རྗེ་སྤྱི་བོར་ཡང་དག་པར་བཞག་ལ་གཤེགས་སུ་གསོལ་བར་བྱའོ། །འབེབས་པའི་ཆོ་གའོ། །དེའི་རྗེས་ལ་སློབ་མ་རྣམས་ཀྱི་ལག་པ་ནས་བཟུང་ལ་གཡོན་སྐོར་གྱིས་ལན་གསུམ་བསྐོར་བར་བྱའོ། །དཀྱིལ་འཁོར་འདི་ནི་དངོས་གྲུབ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་ སྡོམ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །བུ་ཁྱོད་ང་ཡིས་བཀུག་པ་ཡིན། །མཁའ་ལ་སྤྱོད་པ་རྣམས་ལ་ལྷོ་སྒོ་ནས་ཕྱག་འཚལ་དུ་གཞུག་སྟེ། ཨོཾ་ན་མ་སྟེ་ཧཱུཾ། ཨོཾ་ན་མ་མི་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ། ཞེས་བྱ་བས་སོ། །དཔལ་ལྡན་མཁའ་འགྲོ་རྣལ་འབྱོར་མ་ མཆོག་མགུལ་ནས་འཁྱུད། །དཔའ་བོ་འདུལ་ལས་ལུས་བྱས་ཐ་དད་མེད་པའི་གཟུགས། །འཁོར་གནས་སྡོམ་པ་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་གཟིགས། །བླ་མ་མཆོག་ལ་སྤྱི་བོས་གུས་པས་རྟག་ཏུ་འདུད། །སླར་ཡང་ཤར་སྒོར། གཏི་མུག་གིས་མནན་འགྲོ་མཐོང་ ནས། །གཏི་མུག་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་མོ་མཁའ་འགྲོ་མ་གཟུགས་འཛིན། །དེ་ཕྱིར་མཁའ་འགྲོ་མ་ཁྱོད་འདུད། །སླར་ཡང་བྱང་གི་སྒོར། ཕྲག་དོག་གིས་མནན་འགྲོ་གཟིགས་ནས། །ཕྲག་དོག་ཐམས་ཅད་ཞི་བྱའི་ཕྱིར། །ལྷ་མོ་ལཱ་མའི་གཟུགས་འཛིན་ མ། །དེ་ཕྱིར་ལཱ་མ་ལ་ཕྱག་འཚལ། །སླར་ཡང་ནུབ་ཀྱི་སྒོར། འདོད་ཆགས་ཀྱིས་མནན་འགྲོ་གཟིགས་ནས། །འདོད་ཆགས་ཆེན་པོ་ཞི་བྱའི་ཕྱིར། །ལྷ་མོ་ཁཎྜ་རོ་ཧར་འཁྲུངས། །དེ་ཕྱིར་དུམ་སྐྱེས་ཁྱོད་ཕྱག་འཚལ། །སླར་ཡང་ལྷོའི་སྒོར། ང་རྒྱལ་གྱིས་མནན་འགྲོ་ གཟིགས་ནས། །ང་རྒྱལ་ཆེན་པོ་ཞི་བྱའི་ཕྱིར། །ལྷ་མོ་གཟུགས་ཅན་མ་གཟུགས་འཛིན། །དེ་ཕྱིར་གཟུགས་ཅན་མ་ཕྱག་འཚལ། །ཕྱག་འཚལ་འདུད་ཅིང་ཁྱོད་ཕྱག་འཚལ། །ཕག་མོ་དང་ནི་གཉིས་མེད་གཟུགས། །ཡེ་ཤེས་ལྔ་དང་སྐུ་གསུམ་ཕྱིར། །རྡོ་རྗེ་མཁའ་འགྲོ་ ཁྱོད་ཕྱག་འཚལ། །དེའི་རྗེས་ལ་ཁྱོད་ཀྱི་མིག་སྔར་ཅི་སྣང་ཞེས་དྲི་བར་བྱའོ། །དེས་སྨྲས་པ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོར་སྣང་ན། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་སྣོད་དུ་རུང་བར་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །དཀྱིལ་འཁོར་ འདིར་ནི་ཡང་དག་པར། བདག་གིས་སློབ་མ་གཞུག་པར་བྱ། །དེ་ལྟར་བསོད་ནམས་དེ་བཞིན་དུ། །ལྷ་རྣམས་རིགས་ཀྱི་རིམ་པར་ཤོག །འདིར་ནི་དངོས་གྲུབ་ཇི་ལྟར་འབྱུང་། །གང་གི་རིགས་ཀྱི་སྣོད་འགྱུར་བ། །ཇི་ལྟར་བསོད་ནམས་ནུས་མཐུས་ཀྱང་། །དཀྱིལ་འཁོར་དག་ཏུ་དེ་བཞིན་ ཤོག །དེ་ནས་མེ་ཏོག་གི་ཕྲེང་བ་དེ་ཧཱུཾ་ཡིག་དང་ཏྲཱཾ་ཡིག་གིས་ཀྱང་བཟླས་ལ་དཀྱིལ་འཁོར་དུ་དོར་བར་བྱའོ། །པྲ་ཏཱིཙྪ་བཛྲ་ཧོཿཞེས་བྱ་བ་འདིས་སོ། །དེ་ནས་མེ་ཏོག་བབས་པས་དམན་པ་དང་མཆོག་ལ་སོགས་པ་འདིས་དངོས་གྲུབ་མཚོན་པར་བྱ་སྟེ། ལྷ་རྣམས་ཀྱི་དབུའམ་མཛོད་སྤུའམ། གཙུག་ཏོར་ལ་བབས་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱན་དང་ཞལ་ལ་སྔགས་ཀྱི་དངོས་གྲུབ་བོ། །སྐུ་མཆོག་ལ་མཆོག་གོ། །སྐུའི་དབུས་ལ་འབྲིང་ངོ་། །སྨད་ཀྱི་ཆ་ལ་ཐ་མའོ། །སྐུ་ལས་རིང་ན་ཡུན་རིང་པོ་ནའོ། །ལྷའི་གནས་ཀྱི་རེ་མིག་ལ་སོགས་པ་ཐམས་ཅད་ལ་ཤེས་པར་བྱའོ། ། དཀྱིལ་འཁོར་གྱི་ཕ་རོལ་དུ་ལྷུང་ན་སླར་ལན་གསུམ་དུ་དོར་བར་བྱའོ། །སླར་ཡང་དེ་ཉིད་དུ་བབས་ན་དངོས་གྲུབ་མེད་དོ་ཞེས་བྱ་བ་ནི་མེ་ཏོག་དོར་བའི་ཆོ་གའོ། །དོར་བའི་མེ་ཏོག་གི་ཕྲེང་བ་དེ་བཟུང་ལ། སློབ་མའི་མགོ་བོ་ལ་བཅིང་བར་བྱ་སྟེ། སེམས་དཔའ་སྟོབས་པོ་ཆེ་འདི་ཟུང་། །ཞེས་ བརྗོད་དོ། །དེ་ནས་མིག་གཉིས་ལ་ཨོཾ་ཡིག་གཉིས་གཟི་བརྗིད་འབར་བ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་གདོང་གཡོགས་བཀྲོལ་ ཏེ། དཀྱིལ་འཁོར་ལྷ་ངོ་ཙམ་ལ་བསྟན་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་གསང་བའི་དབང་གི་རྗེས་ལ་བསྟན་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །ད་ནི་དབང་བསྐུར་བཤད་པར་བྱ་སྟེ། སླར་ཡང་མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྙིང་གར་ བཞག་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །ཕྱག་འཚལ་བ་སྔོན་དུ་འགྲོ་བས། དེ་ལྟར་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་མི་བསྐྱོད་པའི་གཟུགས་སུ་དམིགས་ལ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་མཁའ་འགྲོ་རྣམས་ཀྱིས་དབང་བསྐུར་སྔོན་དུ་འགྲོ་བར་བསམས་ལ། སླར་ཡང་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བུམ་པའི་ཆུ་བླངས་ལ། རྡོ་རྗེ་ཆེན་པོས་དབང་བསྐུར་བས། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་ གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ། སློབ་མ་འཁོར་ལོས་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ་ཞེས་བྱ་བ་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་རྗེས་ལ་སློབ་མ་རྡོ་རྗེ་ཉི་མའི་ གཟུགས་སུ་བསམས་ལ། གསེར་དང་གོས་ལ་སོགས་པ་ལས་བྱས་པའི་ཏྲཱཾ་ཡིག་ལས་སྐྱེས་པ་རང་བཞིན་གྱི་ཅོད་པན་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་སྔོན་དུ་འགྲོ་བས། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། ། གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་བཛྲ་མུ་ཀུ་ཊཱ་ཨ་བྷི་ཥིཉྩཱ་མི། ཞེས་བརྗོད་ལ་དེའི་མགོ་བོ་ལ་སྦྱིན་པར་བྱ་སྟེ། ནམ་མཁའི་དཀྱིལ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་གཙོ་བོའི་གཟུགས་ཀྱིས་དབུ་རྒྱན་ལ་ཞུགས་ པར་བསམ་པར་བྱ་སྟེ་ཞེས་བྱ་བ་ནི་ཅོད་པན་གྱི་དབང་བསྐུར་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་སློབ་མ་རྣམས་བསམས་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་བཟུང་ལ་སྔོན་བཞིན་དབང་བསྐུར་ཏེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། ། དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་། །ཞེས་བརྗོད་ལ་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ལ་མཐར་ལག་པ་གཡས་སུ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་རྗེས་ ལ་སློབ་མ་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ལ། ཨཿཡིག་ལས་སྐྱེས་པའི་དྲིལ་བུའི་གཟུགས་སུ་དམིགས་པ་ལག་པ་གཡོན་པར་བྱིན་ལ་རྡོ་རྗེ་དྲིལ་བུ་ལག་པ་དག་གིས་འཁྱུད་ཅིང་རོལ་པས་སྔོན་བཞིན་དུ་དབང་བསྐུར་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ ཏིཥྛ་བཛྲ་ས་མཱ་ཡ་སྟྭཾ། ཞེས་བརྗོད་དོ་ཞེས་བྱ་བ་ནི་བདག་པོའི་དབང་བསྐུར་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་སློབ་མ་དམིགས་ལ། མགོ་བོར་རྡོ་རྗེ་དང་དྲིལ་བུ་ལག་པ་དག་གིས་བཟུང་སྟེ། སྔོན་བཞིན་དུ་དབང་བསྐུར་བར་ བསམ་ཞིང་། བཛྲས་ཏྭ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་རྡོ་རྗེ་ཧེ་རུ་ཀ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་པར་བྱའོ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བ་སྟེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །སངས་ རྒྱས་ལྔ་ཡི་རང་བཞིན་ཕྱིར། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །དེས་ན་དང་པོའི་དབང་ལྔ་ནི། །སྦྱིན་བྱ་བདེ་བ་སྒྲུབ་བྱེད་པའོ། །གཅིག་ཀྱང་དུ་མ་ཉིད་ཀྱི་གཟུགས། །གར་ནི་སངས་རྒྱས་ཉིད་ཀྱི་གར། །སངས་རྒྱས་གང་དང་གང་བསྒོམས་ཏེ། །ཧེ་རུ་ཀ་ དཔལ་གོ་འཕང་གནས། །འདི་རྣམས་ཀྱིས་ཀྱང་སྔགས་དང་རྒྱུད་ལ་སོགས་པ་ཉན་པ་ལ་སོགས་པ་ལ་དབང་བར་འགྱུར་རོ། །དེ་ལྟར་རིག་པའི་དབང་བསྐུར་དུ་བཤད་དེ། ཐམས་ཅད་དུ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ་ཞེས་པ་ནི་དབང་ལྔའི་ཆོ་ གའོ། །དེའི་རྗེས་ལ། མཆོད་པ་ནུས་དང་གུས་པ་ཡིས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །སྙིང་ག་གཡོན་དུ་ཐལ་མོ་གཞག །དབང་བསྐུར་དོན་དུ་གསོལ་བ་གདབ། །འགྲོ་བ་བསྐྱབ་ཕྱིར་གཟི་བརྗིད་གང་། །བདག་ལ་ཁྱོད་ཀྱི་བཀའ་དྲིན་གྱིས། །རྡོ་རྗེ་ སློབ་དཔོན་དབང་བསྐུར་ཀྱེ། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་བྱ་བ་འདིས་གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ལྷོའི་སྒོར་བཞག་ལ། དཔལ་ཧེ་རུ་ཀའི་གཟུགས་སུ་སེང་གེའི་ཁྲི་ལ་འདབ་མ་སྣ་ཚོགས་པའི་པདྨའི་དབུས་སུ་བཞག་ལ་ཕྱག་རྒྱ་ལ་སོགས་པས་བརྒྱན་པ། སྟེང་དུ་ལྷ་མོས་གཟུགས་པའི་གདུགས་མཛེས་པ་དང་། ཅང་ཏེའུ་དང་དེ་བཞིན་དུ་གླུ་ལ་སོགས་པ་རྣམས་དང་། སྣ་ཚོགས་པའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་དེ་ལྟར་འབད་པས་མཆོད་ལ། སྙིང་གའི་ས་བོན་འོད་བྱུང་མཐའ་ཡས་ཀྱི། །ལྷ་མོའི་ཚོགས་ཀྱིས་ཀྱང་ནི་ནམ་མཁའ་གང་། །གང་གི་ཡེ་ཤེས་ ཆུ་ཡི་བུམ་པ་བསྣམས། །མེ་ཏོག་ལ་སོགས་ཆར་འབབ་རྣམ་པར་བསམས། །འཁོར་ལོར་རབ་ཞུགས་གཙོ་བོའི་སྐུ་ནི་འགྱིང་། །རྡོ་རྗེ་དྲིལ་མཆོག་ཕྱག་གིས་རིག་མ་འཁྱུད། །བདེ་ཆེན་གོ་འཕང་གང་བས་རྒྱས་པའི་ལུས། །ཚིགས་སུ་བཅད་པ་ནི། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །མེ་ཏོག་དང་བཅས་པས་རྡོ་རྗེའི་ཆུ་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་བྱ་བ་འདིས་དབང་བསྐུར་བར་བྱའོ། །དམ་ཚིག་གསུམ་ཡང་གཟུང་བར་བྱ་སྟེ། རྒྱུ་ལྔ་དག་ནི་རིག་ པ་ཡི། །རྡོ་རྗེ་ཞེས་ནི་བརྗོད་པར་བྱ། །ཧཱུཾ་ཡིག་དེ་ཉིད་ལས་སྐྱེས་པ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །མཁའ་འགྲོ་དྲ་བ་ཀུན་གྱི་བདག །རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་བྱ་བ་འདིས་རྡོ་རྗེ་ལག་པ་གཡས་སུ་ འཛིན་དུ་གཞུག་གོ་ཞེས་བྱ་བ་འདི་ནི་རྡོ་རྗེའི་དམ་ཚིག་གོ། །དྲིལ་བུ་ཨ་ཡིག་ཡང་དག་སྐྱེས། །སྦྱིན་བྱ་མཁས་པས་དེ་རྣམས་ལ། །འདི་དེ་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་འདིས་ལག་པ་ གཡོན་པར་བྱིན་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །ཞེས་བྱ་བ་འདིས་དྲིལ་བུ་དཀྲོལ་བར་བྱའོ་ཞེས་བྱ་བ་ནི་དྲིལ་བུའི་དམ་ཚིག་གོ། །ཕྱག་རྒྱའི་དམ་ཚིག་རབ་ཏུ་གསུངས། །ཡིད་ཀྱི་ ལུས་ནི་བརྟན་ཕྱིར་རོ། །གང་གི་ལུས་ཀུན་བརྟན་པ་སྟེ། །དེས་ནི་ཕྱག་རྒྱ་རབ་ཏུ་གྲགས། །དེ་ནས་ཧེ་རུ་ཀ་སྦྱོར་བདག །བླ་མ་བློ་ལྡན་མཉམ་བཞག་པས། །སྡོམ་པ་སློབ་མ་དམ་པ་རྣམས། །ཆོ་ག་བཞིན་དུ་དེ་ལ་སྦྱིན། །འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། ། མགུལ་གྱི་ཕྲེང་བ་རིན་ཆེན་དབང་། །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ལ་ནི་དོན་ཡོད་གནས། །ཐལ་བ་རྡོ་རྗེ་སེམས་དཔར་འགྱུར། །དྲུག་པོ་དེ་དག་ཕྱག་རྒྱར་ཤེས། །སྦྱིན་པ་ལ་སོགས་རབ་འཇུག་པ། །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཤེས་ རབ་མ་ནི་མཚན་མོར་བརྗོད། །ཅེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །དེའི་རྗེས་ལ་སློབ་དཔོན་གྱིས་སློབ་མ་ལ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ལ་སོགས་པ་བཞི་སློབ་དཔོན་གྱི་དབང་གི་མཐར་རམ་བཞི་པའི་དབང་གི་མཐར་སྦྱིན་ནོ། །སློབ་མ་དཔལ་ཧེ་རུ་ཀའི་གཟུགས་སུ་དམིགས་ལ། འདི་དེ་དཔའ་ བོ་ཐམས་ཅད་ཉིད། །ཧེ་རུ་ཀ་ཡི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརྟུལ་ཞུགས་བརྟན། །ཞེས་བྱ་བ་འདིས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལག་ཏུ་བཟུང་ལ། ཨོཾ་སརྦ་བི་ར་ཡོ་གི་སྟྭཾ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཏྭཾ་ཧྲིཿཧི་ཧི་ཧི་ཧི་ཧཱུཾ། དེ་རྣམས་ལ་རྡོ་རྗེའི་བརྟུལ་ཞུགས་ བྱིན་ལ། རྡོ་རྗེའི་སྦྱོར་བས་གཟུང་བར་བྱ་སྟེ། སློབ་མའི་ལག་པ་གཡས་པར་སྦྱིན། །ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་སངས་རྒྱས་ཀྱི་གཟུགས་སུ་བདག་ཉིད་བསམས་ལ་སྙིང་གར་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་རི་དགས་ཀྱི་རྣ་བ་ལྟར་བཟུང་ལ། གཡས་པ་མཆོག་སྦྱིན་གྱི་ལག་པས། འདི་ ཡིས་ངས་ཁྱོད་ལུང་བསྟན་ཏེ། །ཁྲག་འཐུང་རྡོ་རྗེ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཆེ་གེ་མོ་ཞེས་བྱ་བ་དེ་བཞིན་གཤེགས་པར་གྲུབ་པས་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ ཞེས་བྱ་བས་ལུང་བསྟན་ལ་ཕྱག་རྒྱ་འདི་ཡིས་ལུང་བསྟན་པའི་ཚེ། མཁའ་འགྲོ་དང་ མཁའ་འགྲོ་མ་ལ་སོགས་པ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ་དང་བར་བྱའོ་ཞེས་སློབ་མ་ལ་བརྗོད་པར་བྱ་ཞེས་པ་ནི་ལུང་བསྟན་པའོ། །དེ་ནས་གཏི་མུག་མཁའ་འགྲོ་ལ་སོགས་པའི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་འདིའི་ཆོས་ཀྱི་གནས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་གཞུག་པར་བྱ་སྟེ། རིམ་གྱིས་ལྔར་གྱུར་པའི་ཚིགས་སུ་བཅད་པས་རྗེས་སུ་གནང་བ་ སྦྱིན་ནོ། །དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་ཡོད་མིན། །དེ་ཕྱིར་འདོད་ལཆགས་བྲལ་བ། །ཁྱོད་ཀྱིས་རྟག་ཏུ་མ་བྱེད་ཅིག །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བ་འདིས་གསང་བ་བསྟན་པར་བྱའོ། །མཆོག་གསང་དཀྱིལ་འཁོར་དམ་པ་རུ། །མཐོང་བ་ དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཁྱོད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །གང་ ཞིག་སྐྱེས་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྤང་མི་བྱ། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་རྟག་ཏུ་ཟུང་། །སློབ་དཔོན་ནམ་ཡང་སྨད་མི་བྱ། །འདི་ནི་ སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །འདི་ནི་རྡོ་རྗེའི་རིགས་དངོས་གྲུབ། །སྡོམ་པ་དམ་ཚིག་ཡིན་པར་བཤད། །ཇི་ལྟར་བདེ་བས་བདེ་བར་ཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། ། ཁྱོད་ནི་སྔགས་དང་རྒྱུད་འཛིན་གྱུར། །མཁའ་འགྲོ་མཁའ་འགྲོ་མ་ཀུན་གྱི། །ལྷ་རྣམས་ཀུན་ནི་བཞེད་པ་ཡིན། །འདི་ནི་སངས་རྒྱས་རིགས་དག་པ། །སྡོམ་པ་མཆོག་གི་གོ་འཕང་ཡིན། །སེམས་ཅན་རྣམས་ལ་བརྩེ་བའི་དོན། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་ བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །སྡོམ་པ་མཆོག་ནི་བསྲུང་བར་གྱིས། །ལྷན་སྐྱེས་ཐབས་ཀྱི་མཚན་ཉིད་ནི། །དཔལ་ལྡན་བདེ་མཆོག་ལས་གཞན་མེད། །ཅེས་པས་དབུགས་དབྱུང་བ་སྦྱིན་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཔལ། །སངས་རྒྱས་སྲས་ཀྱི་མཆོག་དེ་ལ། །ཆོ་ག་ དག་པས་དངོས་གྲུབ་སྟེར། །དམ་ཚིག་སྡོམ་པ་སྦྱིན་པར་བྱ། །ན་དང་ག་དང་དེ་བཞིན་ཧ། །མཐའི་ཤྭ་དང་པོའི་ཤྭ་དེ་བཞིན། །བདུད་རྩི་ལྔ་དང་མཉམ་པར་ལྡན། །རྟག་ཏུ་ལྷ་ཡི་བཏུང་བ་དང་། །བཟང་པོ་བཏུང་བ་བསྐྱེད་པར་གྱིས། །སྡོམ་པ་དངོས་གྲུབ་རྒྱུ་ཡི་ཕྱིར། །ཧེ་རུ་ཀ་དཔལ་ང་རྒྱལ་བྱ། ། མཁས་པས་སྦྱོར་བ་གཞན་དུ་མིན། །ལེགས་མཆོད་དྲིལ་སྒྲ་སྣ་ཚོགས་པས། །ལེགས་བསྟོད་བདུད་རྩིའི་བཏུང་བས་ཚིམ། །རང་གི་སློབ་མ་དཔའ་བོ་བདེ་ལྡན་བལྟ། །སྔགས་ཀྱི་སྦྱོར་དེ་ཆོ་གས་རབ་ཏུ་སྦྱིན། །བླ་མས་རང་གི་སྙིང་གར་ཉི་མ་ལ་ས་བོན་ཧཱུཾ་བསྒོམས་པ། དེ་ལ་སྔགས་ཀྱི་ཕྲེང་ བས་བསྐོར་བར་བྱ་སྟེ། ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་དེ་ལས་སྤྲོ་བའི་སྦྱོར་བས་རྣམ་པར་ཕྱུང་ལ་སློབ་མའི་ཁ་རུ་ཞུགས་ཏེ། སྙིང་གར་ཞུགས་པའི་ཕྱིར་བརྗོད་པས་རང་རང་གི་སྔགས་ཞལ་ནས་ཞལ་དུའོ། །བཅོམ་ལྡན་ཁྱོད་ལ་བདག་གིས་སྩལ། །འདི་ལ་ཉེ་བར་མཛད་དུ་གསོལ། ། སློབ་མས་ཀྱང་ནམ་མཁའ་ལ་སོང་བ་དེ་རྣམས་རང་གི་སེམས་ཀྱི་ས་བོན་གྱི་གཟུགས་ལ་འཇུག་པར་བྱེད་ཅིང་བརྗོད་དེ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་བྱ་བ་འདིས་སྔགས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་འགྱུར་རོ། །དེའི་རྗེས་ ལ་ལངས་ལ་གདུགས་དང་བཅས་པའི་སློབ་མས་ཀྱང་ཌ་མ་རུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་བཟུང་སྟེ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་ལ། དཀྱིལ་འཁོར་ཆེན་པོ་དང་། བླ་མ་ལ་བསྐོར་བ་གསུམ་བྱས་ཏེ། ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་འདི་སྐད་བརྗོད་པར་བྱའོ། །གང་ཅུང་ཟད་བཀའ་སྩལ་པ། དེ་ཐམས་ཅད་བདག་གིས་བགྱིའོ་ཞེས་བྱ་བ་ནི་དབང་བཅུའི་ཆོ་གའོ། །དེའི་རྗེས་ལ་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་ཕྱོགས་སུ་སློབ་མས་རང་གི་ཡིད་དུ་འོང་བའི་གཟུགས་དང་ལང་ཚོ་དང་ལྡན་པ། དམ་ཚིག་དང་སྡོམ་པའི་སྣོད་དུ་རུང་བ་རིགས་ལྔ་དང་འབྲེལ་པ། མེ་ཏོག་དང་ལྡན་པའི་ཤེས་རབ་ མ་གསང་བའི་དབང་གི་དོན་དུ་བླ་མ་ལ་དབུལ་བར་བྱའོ། །མཎྜལ་ལ་སོགས་པ་མཆོད་པ་སྔོན་དུ་སོང་བས་ཕྱག་བྱས་ལ། བླ་མའི་སྔོན་དུ་པུས་མོ་ཕབ་སྟེ་ཐལ་མོ་སྦྱར་ལ། སྐྱབས་མེད་པ་རྣམས་ཀྱི་སྐྱབས། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱོབ། དཔལ་འཁོར་ལོ་སྡོམ་པ་ལྟོས་པ་མེད་པའི་ཐུགས་ རྗེ་ཆེན་པོ། མགོན་མེད་པ་རྣམས་ཀྱི་མགོན་དུ་བདག་གྲུབ་པར་མཛོད་ཅིག །ཇི་ལྟར་ཁྱེད་རྣམས་ཐེག་ཆེན་ལ། །ཏིང་ངེ་འཛིན་ཏེ་གཙོ་བོས་མཛོད། །འཁོར་བ་ཡི་ནི་འདམ་ཚོགས་སུ། །བདག་ནུབ་མགོན་གྱི་བདག་ལ་སྐྱོབས། །ཞེས་བྱ་བ་འདིས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་ལ། དར་གྱིས་གདོང་ ནི་བཅིང་བྱས་ལ། །དམ་ཚིག་ཀྱང་ནི་སྦྱིན་པ་གང་། །ཐལ་སྦྱར་སྤྲོ་བ་ཆེ་བ་ཡི། །སློབ་མ་རིང་བ་མིན་པར་གཞག །དེ་ནས་བླ་མས་ལུང་ནས་གསུངས་པའི་རིམ་པས་གསང་བའི་དབང་བསྐུར་བའི་དོན་དུ་བརྩམ་པར་བྱ་སྟེ། བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱ་ཞིང་བསྒོམ་པའི་ རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དེ་བཞིན་དུ། རིགས་ཀྱི་གཙོ་མོ་ལ་གོ་ཆ་ཆེན་པོ་ལ་སོགས་པ་རྣམས་ཀྱི་གོ་ཆ་གོན་ལ་སྐུ་ལ་སོགས་པ་གསུམ་བྱིན་གྱིས་བརླབ་པར་བྱའོ། །པདྨ་དང་རྡོ་རྗེ་དག་བྱིན་གྱིས་བརླབ་པར་བྱའོ། །སླར་ཡང་བློ་བཟང་ སེམས་མཉམ་པར་གཞག་པ་དེས། ལྟེ་བ་དང་། སྙིང་ག་དང་། ཁ་དང་། དཔྲལ་བའི་ཕྱོགས་སུ་སྔགས་ཀྱི་ཚོགས་དང་ལྷན་ཅིག་བྱིན་གྱིས་བརླབ་པར་བྱ་སྟེ། སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་གཉིས་དགོད་པར་བྱའོ། །བདུད་རྩི་ལྔ་དང་བཅས་པའི་རྡོ་རྗེ་ རྣམ་པར་བྱས་པའི་པདྨར་གཞག་པར་བྱས་ལ། འཁྱུད་པ་དང་འོ་ལ་སོགས་པ་རྣམས་ཀྱིས་དགའ་བའི་བསྟན་བཅོས་ནས་བཤད་པ་བཞིན་དུ་ཆགས་པ་ཆེན་པོ་ཉམས་སུ་མྱོང་བའི་རིག་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་སེམས་ལ། རྡོ་རྗེ་པདྨས་ཀྱང་ནི་དབང་བསྐུར་ སྦྱིན་པར་བྱ། །གསང་སྔགས་གསུམ་ནི་ལེགས་པར་བཟླས་ཤིང་བཟླས། །ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ། ཞེས་བྱ་བའི་ཡི་གེ་གསུམ་པོ་རྣམས་ཀྱིས་གཤེགས་སུ་གསོལ་བར་བྱའོ། །དུས་མཉམ་དུ་ཉམས་སུ་མྱོང་བ་སྐྱེས་པས་གསང་བ་གཉིས་ཀྱི་རྒན་པོ་དང་། མིང་མེད་དག་གིས་ མནན་ལ་སློབ་མའི་ཁར་བཏུང་བར་བྱའོ། །ཇི་ལྟར་འདས་པའི་སངས་རྒྱས་སྲས། །རྡོ་རྗེ་འཛིན་སོགས་དབང་བསྐུར་བ། །བྱང་ཆུབ་སེམས་ནི་མཛེས་པ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །སངས་རྒྱས་ཞུ་བའི་ཡིད་དབང་གིས། །སློབ་མ་རྟག་པའི་རྣལ་འབྱོར་ལྡན། །ཀྱེ་མ་ བདེ་ཞེས་བརྗོད་པར་བྱ། །ལོངས་སྤྱོད་ལ་ནི་གཞག་པར་བྱ། །ཤེས་རབ་ཀྱང་ལངས་ལ་དེ་བཞིན་དུ་སྦྱིན་པར་བྱའོ། །ཕན་ཡོན་ཀྱང་བརྗོད་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་ཆོ་ག་མཆོག་གྱུར་པ། །གསུང་གི་རྡོ་རྗེ་རྣམ་དག་པས། །སྔགས་རྣམས་ ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་གསང་བའི་དབང་ཐོབ་པའི་སློབ་མ་དམ་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དོན་ཆོས་སྐུ་རྟོགས་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་ཡན་ལག་མ་དེ་ཉིད་དམ། དེ་ཉིད་གཞན་ཡང་མཚན་ ཉིད་ཐམས་ཅད་དང་ལྡན་པ་བསྟན་ལ་སྦྱིན་པར་བྱའོ། །དེ་ལ་དང་པོ་ཡན་ལག་ལྔས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ། གཡོན་པའི་སྙིང་གར་ཐལ་མོ་སྦྱར་ཏེ། སྔོན་ནས་སྔོན་དུ་གནས་ལ། སྔོན་དུ་བཤད་པའི་ཚིགས་བཅད་གཉིས་ཀྱིས་ གསོལ་བ་བཏབ་པས་བསླང་བར་བྱའོ། །དེའི་རྗེས་ལ་ཤེས་རབ་ཀྱི་ལག་པར་དེའི་ལག་པ་བཞག་ལ། མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་དབང་པོར་བྱས་ལ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་བྱ་བ་རྡོ་རྗེ་སྤྱི་བོར་བཞག་ལ་བརྗོད་པར་བྱའོ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་པ། །བླངས་ནས་བུ་ཡིས་དུས་ཀུན་དུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ། ལྷ་མོ་དེ་ཡིས་བཀའ་སྩལ་པ། །དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་ཡང་དག་བྱུང་། །རིག་མ་གུས་པས་ཡང་དག་མཆོད། །བཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་བཟའ་བ་དང་། །གཞན་ཡང་ མཛེས་པའི་དམ་ཚིག་ནི། །ཇི་ལྟར་སྤྲོ་བ་བུ་ཡིས་སྨྲོས། །ཞེས་སོ། །སློབ་མས་ཀྱང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ལ་སོགས་འཛིན་པར་བགྱི། །བྱ་བ་རྟག་ཏུ་ཅིས་མི་གུས། །བུད་མེད་པདྨ་ཅིས་མི་མཆོད། །དེ་ནས་ དགའ་བས་ལྷ་མོ་དེས། །སྐྲ་གྲོལ་གོས་དང་བྲལ་བ་ཡི། །པདྨ་རྣམ་པར་རྒྱས་བྱས་ནས། །བདེ་བས་པདྨ་བསྟན་པར་གསུངས། །ཀྱེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཆོ་ག་ཡིས་ནི་གང་བསྟེན་པ། །དེ་ནི་དེ་ཡི་མདུན་ན་གནས། ། སྡོམ་པ་མཆོད་ལ་སོགས་པ་ནི། །ཇི་ལྟར་བྱ་བ་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ན་ནི་རྟག་ཏུ་གནས། །རྨོངས་པ་ཞིག་འདི་ཡངས་པ་དང་། དེ་ལ་མཆོག་གི་དངོས་གྲུབ་མེད། །རང་ཉིད་ལྷ་ཡི་རྣལ་འབྱོར་བདག ། ཕག་མོའི་གཟུགས་སུ་བསམས་བྱས་ལ། །བོ་ལ་ཀཀྐོ་ལ་སྦྱར་ནས། །ཆོ་ག་བཞིན་དུ་རྟག་ཏུ་མཆོད། །དེ་ཡི་རྗེས་ལ་མགོ་བོ་དང་། སྙིང་ག་དང་། ལྟེ་བ་དང་། གསང་བ་དང་། བརླ་ནས་རྐང་པའི་མཐར་ཐུག་པར། ཨོཾ་ཧཱུཾ་ཨཱ་སྭཱ་ཧཱ། འབར་བའི་ཡི་གེས་རིགས་ལྔ་རྫོགས་པའི་སངས་རྒྱས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་དབྱིངས་ཕྱུག་མ་ཡི་རྩ། །བུད་མེད་གཡོན་པའི་ཆ་ལ་གནས། །སོར་མོས་ཅུང་ཟད་བསྐྱོད་བྱ་བ། །བླ་མའི་ མན་ངག་ལས་ཤེས་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་དགའ་བ་བརྩམ་པར་བྱའོ། །དེ་ནས་པདྨ་དང་རྡོ་རྗེ་བསྐྱོད་པའི་དགའ་བར་གྱུར་པས་བར་སྣང་གི་དེ་བཞིན་གཤེགས་པའི་རིགས་ཁ་ནས་བཀུག་ལ་ཞུ་བར་གྱུར་པས་ ནི་ནོར་བུའི་ལྟེ་བ་དག་གི་དབུས་སུ་ཐིག་ལེ་གཉིས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་གནས་པར་བསམས་ལ་ཕྱག་རྒྱ་ཆེན་པོའི་དོན་ལ་མངོན་དུ་ཕྱོགས་པར་བྱའོ། །ས་བོན་ཁ་སྦྱོར་དབུས་ན་གནས། །ཐིག་ལེ་གཉིས་པོ་མི་འགྱུར་བ། །ཕྱག་རྒྱ་ཆེན་པོའི་ རང་བཞིན་ཅན། །རྟག་ཏུ་རྣལ་འབྱོར་པ་ཡིས་བསྒོམ། །བྱང་ཆུབ་སེམས་ནི་མི་འདོར་བར། །ཇི་སྲིད་རྣལ་འབྱོར་པ་ཡིས་བྱ། །དེ་སྲིད་རྒྱུན་མི་འཆད་པ་འཐོབ། །དགའ་ལས་སྐྱེས་པའི་བདེ་བའང་ཅི། །ཞེས་བརྗོད་པར་བྱའོ། །སློབ་མས་སྙོམས་འཇུག་ བལྟས་ནས་ནི། །བླ་མ་ལྷག་པའི་རྣལ་འབྱོར་ལྡན། །སྙིང་གའི་ས་བོན་ངེས་བྱུང་ལྷས། །དབང་བསྐུར་བྱས་ནས་རབ་ཏུ་གཞུག །དེ་ཞུ་རབ་ཏུ་ཞུགས་པ་ཡིས། །བདེ་བའི་རྣམ་པ་བདེ་ཆེན་པོ། །རང་གི་ལྷག་པའི་ལྷ་ཡི་གཟུགས། །མཉམ་པར་གཞག་ པས་སློབ་མ་བལྟ། །ཞེས་བྱ་བས་བླ་མའི་བརྡས། སློབ་མའི་ཉམས་སུ་མྱོང་བ་བལྟས་ལ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བའི་ ཚིགས་སུ་བཅད་པ་བརྗོད་ལ། མཁས་པས་དེ་ཁོ་ན་ཉིད་ཀྱི་རྟོག་པ་བསྐྱེད་པར་བྱའོ། །བྱང་ཆུབ་ཆེན་པོ་སེམས་དཔའ་ཆེ། །གཟུགས་མ་འདི་ནི་བདེ་བ་ཆེ། །ཇི་སྲིད་བྱང་ཆུབ་མ་ཐོབ་པར། །རྡོར་འཛིན་སེམས་ཅན་དོན་རྣམས་གྱིས། །ཡེ་ཤེས་འདི་ནི་ཤིན་ ཏུ་ཕྲ། །རྡོ་རྗེ་སྙིང་པོ་ནམ་མཁའ་ལྟར། །དྲི་མེད་ཐར་པ་ཞི་བ་ནི། །དེ་ནི་ཁྱོད་ཀྱི་ཕ་ཡང་ཡིན། །སློབ་མས་བསམས་ལ་ལེགས་པར་ཟུང་། །པདྨའི་ནང་དུ་ལྷུང་གྱུར་ན། །བྱང་ཆུབ་སྔོན་དུ་འགྲོ་བའི་སེམས། །དེ་ནས་ལོངས་སྤྱོད་ཀྱིས་ནི་བླངས། །ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་ དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་ལ་ཆུ་ལ་སོགས་པ་ཤེས་རབ་ཡེ་ཤེས་ཀྱི་མཐར་ཐུག་པ་མངོན་སུམ་དུ་ལེགས་པར་ཐོབ་པ། ཡང་དག་བརྒྱུད་པ་དང་ལྡན་པ། །རང་གི་དབང་བསྐུར་མཎྜལ་དང་། །ཇི་ལྟར་ནུས་པས་གསོལ་བ་གདབ། །མཆོད་དང་བསྙེན་བཀུར་གུས་པ་དང་། །ཡང་ དག་དད་པ་མཉམ་ལྡན་པ། །བཞི་པའི་དོན་ནི་བསྟན་པར་བྱ། །ཤེས་རབ་ཡེ་ཤེས་ཀྱི་དབང་མངོན་སུམ་དུ་མ་ཐོབ་པར་སླར་ཡང་ཚིག་ཙམ་གྱིས་དབང་སྦྱིན་པར་མི་བྱ་སྟེ། དམ་ཚིག་ཉམས་པའི་ཕྱིར་རོ། །དེའི་ཕྱིར་དེ་གསུངས་པ། རྣལ་འབྱོར་གང་གིས་དབང་མ་ཐོབ། །འདིར་ནི་ རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་བརྡེག་པ་དང་། །རི་དགས་སྨིག་རྒྱུ་འཐུང་དང་མཚུངས། །དེ་ཕྱིར་ཁ་སྦྱོར་ཐིག་ལེའི་རྒྱུད་ཆེན་པོ་ལས་ཀྱང་གསུངས་པ། སློབ་མ་ལྷག་པར་མོས་པས་ཡིད་ཀྱིས་བརྟག །ཇི་ལྟར་གསུངས་པའི་ཆོ་གས་དབང་བསྐུར་སྦྱིན། །ཟབ་དང་རྒྱ་ཆེའི་ ཚུལ་ལ་ལྷག་པར་མོས། །དབང་བསྐུར་རིན་ཆེན་ཚིག་གིས་སྦྱིན་པར་བྱ། །ཇི་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ན་དབང་བསྐུར་བ་ཞེས་བརྗོད་པར་བྱ་ཞེ་ན། དེ་ཁོ་ན་ཉིད་ཀྱི་རང་བཞིན་རྟོགས་པར་བྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །ཇི་ལྟར་ན་བཅོམ་ལྡན་འདས་ཀྱིས། དབང་བསྐུར་ བ་ནི་ཐ་དད་གསུམ། །རྒྱུད་འདི་རུ་ནི་རབ་ཏུ་གསལ། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་སོ། །བདེན་དེ་ཐབས་གཞན་ཁོ་ནའོ། །དང་པོ་ཡི་ནི་ལས་ཅན་རྣམས། །དམ་པའི་དོན་ལ་གཞུག་པའི་ཕྱིར། ། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་བཞིན་དུ་གསུངས། །དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཁོ་ན་དང་ཐ་མི་དད་པའི་ཕྱིར་རོ། །དེ་གསུངས་པ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས། ཨེ་ཡི་ཆ་བྱད་བཟང་ པོ་གང་། །དབུས་སུ་ཝཾ་ཡིག་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་པའི་ཕྱིར། དེ་ལྟར་དགའ་བ་མཆོག་དང་ནི། །དགའ་བྲལ་ལྷན་སྐྱེས་དེ་བཞིན་ཏེ། །རྣམ་པ་སྣ་ཚོགས་རྣམ་པར་ སྨིན། །རྣམ་པར་ཉེད་དང་མཚན་ཉིད་བྲལ། །བོ་ལ་ཀཀྐོ་ལ་སྦྱོར་བ། །ཐམས་ཅད་ཤེས་རབ་ལས་བྱུང་བ། །བཞི་པའི་རང་བཞིན་ལྷན་ཅིག་སྐྱེས་པ་དེ་གང་ཡིན་ཞེ་ན། ཡུལ་དང་དབང་པོ་རྣམས་ནི་མཉམ་དུ་ནུབ་འགྱུར་བ། །གང་ཡང་མངོན་དགའ་རྒྱལ་བ་མཛེས་ པའི་ལུས་གཅིག་པུ། །སུ་ཞིག་སད་པའི་མཁས་པ་རྣམས་ཀྱི་སྙིང་ལ་འཛིན། །དུས་མཉམ་འཆར་བ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཐག་པའི་ཞབས་ཀྱིས་ཀྱང་གསུངས་པ། དགའ་བ་གཉིས་ཀྱི་དབུས་སུ་སྐྱེས། །ཤིན་ཏུ་བསོད་ནམས་ལེགས་ཐོབ་པ། །དེ་དུས་ཇི་ ལྟར་ཡིད་ཆེས་རྡོ་རྗེ་ཆུ་སྐྱེས་སྦྱོར་བའི་གོ་འཕང་སྟེ། །དེ་ཕྱིར་མི་འགྱུར་བདེ་བ་ཁོ་ན་སྐྱེ་བོ་དམ་པས་འབད་པས་བསྟེན། །དེ་ལ་ཡུན་རིངས་གནས་པ་མཉམ་གཞག་སྐྱེ་བོས་སླར་ཡང་དེ་ཉིད་འཛིན། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཀྱང་གསུངས་པ། རྒྱལ་མཚན་ཅན་གྱིས་ ཁྱམས་མཐོང་ནས། །དེར་ནི་འོ་མ་མང་པོ་རབ་ཏུ་བསྒྲུབས། །འོ་མ་ལ་སེམས་གོམས་བྱས་ནས། །ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱ། །ཞེས་གསུངས་པ་དང་། རྡོ་རྗེ་ཆུ་སྐྱེས་ཡང་དག་སྦྱོར། །དགའ་བ་རུ་ནི་རབ་ཏུ་གྲགས། །ཤིན་ཏུ་བསྐྱོད་པ་དག་ནི་མཆོག །འཕོས་ པས་དེ་བཞིན་དགའ་བྲལ་སྐྱེས། །མཆོག་དང་དགའ་བྲལ་དག་གི་དབུས། །ལྷན་སྐྱེས་ཡང་དག་བྱང་ཆུབ་བཤད། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མ་ལ་ཡང་མི་དམིགས་སོ། །གསུམ་གྱིས་སྤངས་པ་ཁོ་ན་ལ། །ལྷན་ཅིག་སྐྱེས་པ་ཞེས་སུ་གསལ། ། བླ་མའི་མན་ངག་ཐམས་ཅད་ལ། །རང་བློ་དེ་ཉིད་ཤེས་པར་བྱ། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ། །ཐབས་གང་གིས་བསྐྱེད་པར་བྱ་བ་ཡིན་ན། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་དང་། རང་བྱིན་གྱིས་བརླབ་པའི་རིམ་པ་དང་། བླ་ མའི་ཞབས་ཀྱི་བཀའ་དྲིན་གྱིས་དང་། རང་བསོད་ནམས་ཆེན་པོ་དང་ལྡན་པས་སོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ངག་གི་ལམ་གྱི་སྤྱོད་ཡུལ་འདས། །བྱིན་གྱིས་བརླབས་པའི་གོ་འཕང་འདི། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན་ལྷན་ཅིག་སྐྱེས་པ་ཞེས་བྱ་ བའི་མཚན་ཉིད་ཅི་ཞེ་ན། གསུངས་པ། དབང་པོ་གང་དུ་ནུབ་འགྱུར་བའི། །རང་གི་ངོ་བོ་མེད་འགྱུར་བ། །ལྷན་ཅིག་སྐྱེས་པ་དགའ་བའི་ལུས། །གསལ་བར་བླ་མ་དག་ལ་དྲིས། །དེ་གང་ཞེ་ན། གཞན་གྱིས་མ་བསྟན་ལྷན་ཅིག་སྐྱེས། །གང་གིས་ཀྱང་ནི་ཐོབ་ མི་འགྱུར། །བླ་མའི་བརྒྱུད་པ་བསྟན་པ་དང་། །བདག་གིས་བསོད་ནམས་དག་ལས་ཤེས། །དེའི་ཕྱིར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །དགེ་བའི་བཤེས་གཉེན་ལེགས་པར་བསྟེན། །བླ་མ་དམ་པ་བསྙེན་བཀུར་ བྱ། །བདེ་བ་མཆོག་གི་དཀྱིལ་འཁོར་གྱི། །དབང་བསྐུར་ཆོ་ག་བྱས་པ་ལས། །བསོད་ནམས་དེ་ཡིས་འཇིག་རྟེན་རྣམས། །རྡོ་རྗེ་མཁའ་འགྲོའི་གོ་འཕང་ཤོག །གཞུང་ལ་ལྷག་དང་ཆད་གྱུར་པ། །མཐོང་བས་དེ་ནི་སུན་འབྱིན་པ། །བླ་མ་ལ་ནི་ སྐྱོན་ཡོད་མིན། །རང་གི་བློ་སུན་འབྱིན་པ་ཡིན། །དཔལ་འཁོར་ལོ་སྡོམ་པ་བཅུ་གསུམ་མའི་བདག་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།བལ་པོ་ཨཱ་ཙཱརྱ་ཛྙཱ་ན་བཛྲའི་ཞབས་དང་། བོད་ ཀྱི་ལོ་ཙཱ་བ་ཆེན་པོ་ཞང་ཞུང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སཾ་བ་ར་སུ་པྲ་ཏིཥྛ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་རབ་གནས། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ ལོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་གས་རབ་ཏུ་གནས་པར་བྱ་བ་ནི། ཚེས་གྲངས་བཟང་པོ་རྒྱུ་སྐར་རྒྱལ། གཟའ་ཕུར་བུ་ལ་རི་མོ་བྲི་བའམ། ལུགས་སུ་བླུགས་པའམ། འབུར་དུ་བརྐོས་པའི་ཁང་པར་ཕྱིན་ལ། ས་སྦྱངས་པའམ། མ་སྦྱངས་པའི་གནས་སུ་སའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། དཀྱིལ་འཁོར་འདམ་གང་བ་ལ། བའི་རྣམ་ལྔས་ལེགས་པར་བྱུགས། དྲི་ཞིམ་པོའི་ཆུས་བྱུགས་ལ། །དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བཀོད་ལ། ཡོན་ཆབ་མེ་ ཏོག་དྲི་ཞིམ་པོ་བདུད་རྩི་ལྔ་དང་ལྡན་པའི་ཆང་བཟང་པོ་བཤམས་ནས། བུམ་པ་གཅིག་བྱས་ཏེ་དེ་ཡང་། གནས་དང་ལྡང་བ་ཉིད་དང་ནི། །ཞེས་བྱ་བའི་དེ་ཁོ་ན་ཉིད་དགུའི་དོན་ཇི་ལྟ་བ་བཞིན་བསྒོམས་ལ། གྲངས་ཀྱི་བསྙེན་པ་རྟགས་དང་། མཚན་མའི་བསྙེན་པ་ བྱས་ནས། སྦྱིན་སྲེག་གཏོར་མ་བྱས་ཏེ། དེ་ནས་རྡོ་རྗེ་སློབ་དཔོན་དག་པའི་ཁྲུས་བྱས། མཛེས་པའི་གོས་གྱོན། རྒྱན་བཏགས། རྟེན་ལ་དྲི་ཞིམ་པོའི་ཆུས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ཏེ། ཁམ་ཕོར་གྱི་སྣོད་དུ་མེ་མདག་བླུགས་ལ། ཐང་ཀ་ལ་ སོགས་པའི་རྟེན་དེའི་བགེགས་བསྐྲད་པར་བྱ་སྟེ། ཞལ་བཞི་པའི་སྔགས་ཀྱིས་ལག་པ་གཡོན་པས་ཡུངས་ཀར་བླངས་ཏེ། དེ་ལ་གཡབས་ལ་དེའི་བགེགས་བསྐྲད་པར་བསམས་ལ། མེའི་ནང་དུ་བླུགས་པར་བྱའོ། །དེ་བཞིན་ལག་པ་གཡས་པས་ ཀྱང་བྱ་སྟེ། ལན་གསུམ་དུ་བྱའོ། །སྐུ་གཟུགས་སམ་གླེགས་བམ་ལ་སོགས་པ་ལ་རབ་གནས་གང་བྱེད་པའི་རྟེན་དེ་རས་ཀྱིས་གཡོགས་ལ་ཧཱུཾ་བྲུཾ་ཤྲཾ་གྱི་སྔགས་ཀྱིས་གཏུམས་པ་གཞག་པར་བྱའོ། །དེ་ནས་ཉི་མ་འཆར་ཀར་དཀྱིལ་འཁོར་གྱི་ཐིག་བཏབ་ལ། ཚོན་དགྱེ་ཞིང་ལྷ་བཀོད་ལ། དཀྱིལ་འཁོར་གྱི་ཆོ་ག་ནས་བཤད་པ་བཞིན་བྱས་ལ། མཆོད་པ་བཤམས། བུ་མོ་ལྔ་གཡོན་ངོས་སུ་ཁྲུས་བྱས། རྒྱན་བཏགས་ལ་གཞག །ཆོས་འབྱུང་གི་དཀྱིལ་འཁོར་དུ་ཐོད་པའི་སྟེང་དུ་མེ་ལོང་ལ་སིནྡྷུ་རས་བྲིས་ལ་གཞག་ གོ། །དེ་ནས་རྟེན་དེ་ལ་ཁྲུས་བྱ་སྟེ། དཀྱིལ་འཁོར་དེའི་བྱང་ཕྱོགས་སུ་ཁྲུས་ཀྱི་ཁང་པ་ཡིད་དུ་འོང་བ་ཤེལ་གྱི་གཞི་ལ་རིན་པོ་ཆེའི་ཀ་བས་བརྒྱན་པ། མུ་ཏིག་དང་། རིན་པོ་ཆེས་སྤྲས་པ་ལ་སོགས་པ་བྲིས་ལ་ཁྲུས་ཀྱི་ཁང་པ་དེར་སྟེགས་བུའི་སྟེང་དུ་འབོལ་བའི་སྟན་ལ་ འདུག་ལ། མདུན་གྱི་སྟེགས་བུར་པདྨའི་སྟེང་དུ་རབ་གནས་བྱེད་པར་འདོད་པའི་རས་རིས་སམ། གླེགས་བམ་ལ་སོགས་པ་མདུན་དུ་བཞག་ལ། མེ་ལོང་བསྟན་པ་ལ་བུམ་པའི་ཆུས་ཁྲུས་གསོལ་ལ། བསྟོད་པ་དབྱངས་དང་བཅས་པ་བྱ་སྟེ། དེ་ལ་བསྟོད་པའི་ དབྱངས་ནི། ཁམས་གསུམ་གྱིས་ནི་ཕྱག་བྱ་བ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའམ། །མེ་ལོང་ལྟ་བུའི་ ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་སྐུ་ཁྲུས་གསོལ། །ཚོར་བའི་ཕུང་པོ་རྣམ་དག་པ། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །འདུ་ཤེས་ཕུང་པོ་རྣམ་དག་ པ། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ ལྡན་ཕྲིན་ལས་དབང་བསྐུར་རོ། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་པ་ཁྲུས་གསོལ་ལྟར། །སྐུ་ གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་སྐུ་ཁྲུས་གསོལ། །ཞེས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏསྣཱ་ན་པྲ་ཏིཥྛ་ཏ་ཡ་སྭཱ་ཧཱ་ཞེས་བྱ་བ་འདག་ཆལ་དུ་འོས་པ། སྦྲུའི་འདབ་མ་དང་། ཉེ་ཤིང་དང་བག་ཕྱེའི་ཆལ་དང་། བའི་རྣམ་ལྔ་དང་། ཡུང་བ་དང་། འབྲས་ ཡོས་དང་། ཏིལ་མར་དང་། སྦྲང་རྩི་དང་། འོ་མ་དང་། གན་དྷ་པ་ཏྲ་དང་བཅས་པ། སྐུ་གཟུགས་ཉིད་དང་། རས་རིས་དང་། པུསྟི་ཡིན་ན་མེ་ལོང་གི་སྟེང་དུ་བསྟན་ལ། ཙནྡན་དང་། ག་བུར་གྱི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་དང་བཅས་པ་ལ་ཀུ་ཤའི་པིར་གྱིས་བཀྲུ་བར་བྱའོ། ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། བྱ་བ་པ་དང་། ཨོཾ་མ་ལ་སཾ་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད་ཅིང་བུམ་པས་བཀྲུའོ། །སུག་པ་དང་། བུལ་ཏོག་དང་། སྦང་མས་ཀྱང་བཀྲུའོ། །དེ་ལྟར་སྐུ་གཟུགས་ལ་སོགས་པ་ལ་ལན་གསུམ་མམ། ལྔ་ཙམ་བཀྲུས་ལ། བྱུག་པ་དང་ཁྲུས་མི་བཏུབ་པ་རས་ རིས་ལ་སོགས་པ་རྣམས་ལ་ནི། མེ་ལོང་ལ་བལྟས་མེ་ལོང་གི་ངོས་ཀྱི་གཟུགས་བརྙན་ལ་བུམ་པས་ཁྲུས་གསོལ་བར་བྱའོ། །དེ་ནས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་ སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ངེས་པར་གསུངས་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། ། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་འབྱུང་། །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་བྱ་བ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་ བུམ་པའི་ཆུས་ཁྲུས་གསོལ་ལ། ཕྱོགས་བཅུའི་སངས་རྒྱས་རིག་པའི་ལྷ་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཁྲུས་གསོལ་བར་བསམ་མོ། །གོས་གཙང་མ་དྲིས་བསྒོས་པས་སྐུ་ཕྱིས་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ནི་བླ་གོས་དང་། སྣམ་སྦྱར་གསོལ་བར་བྱའོ། ། བྱང་ཆུབ་སེམས་དཔའ་རྣམས་ལ་གོས་སྣ་ཚོགས་དང་། ཁྲོ་བོ་རྣམས་ལ་གོས་སྔོན་པོ་དང་དམར་པོ་འབུལ་ཞིང་། པུསྟི་ཡིན་ན་ཡང་ཞལ་སྦྱར་ལ་ན་བཟའ་གསོལ་བར་བྱའོ། །བཀྲ་ཤིས་དང་ཚིགས་སུ་བཅད་པ་གདོན་པར་བྱའོ། །རྟེན་དང་པོ་སྟ་གོན་ལ་གནས་པའོ། །དེ་ནས་ དཀྱིལ་འཁོར་ཆེན་པོ་སྤྱན་དྲང་བའམ། གཙུག་ལག་ཁང་ཡོད་ན་དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་བཅས་པ་དེར་བསྟན་ལ། བདག་ཉིད་གཙོ་བོ་དང་ཐ་མི་དད་དུ་བསྒོམས་ལ་མཆོད་པར་བྱའོ། །དེ་ལྟར་བདག་ཉིད་དཀྱིལ་འཁོར་ལ་མཆོད་པའི་རྗེས་ལ་ཡོན་བདག་རྣམས་དང་། རབ་ཏུ་གནས་པར་བྱེད་པ་རྣམས་ལ། དབང་བསྐུར་ཇི་ལྟར་འོས་པའི་བསྟོད་པ་བྱས་ལ་པུས་མོ་ས་ལ་བཙུགས་ཏེ། ལག་པ་གཡས་པས་སྤོས་སྣོད་བཟུང་ལ། གཡོན་པས་དྲིལ་བུའི་སྒྲ་སྒྲོགས་ཤིང་། །དམ་པའི་རྡོ་རྗེ་བཅོམ་ལྡན་འདས། །རིགས་པའི་རྒྱལ་པོ་ཕྱག་འཚལ་བསྟོད། ། རྡོ་རྗེ་འཆང་ཆེན་ཆེ་གེ་བདག །ཇི་ལྟར་ནུས་པའི་ཉེར་སྤྱད་ཀྱིས། །རིགས་པའི་རྒྱལ་པོ་འདི་ཞེས་པའི། །སང་ནི་རབ་གནས་བགྱི་བར་འཚལ། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་འདས་ལ་གུས་བདག་ལ། །རྗེས་སུ་གནང་བར་ མཛད་པར་རིགས། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གང་ཡང་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །རྫོགས་སངས་རྒྱས་ཀྱི་བསྟན་པ་ལ། །དགའ་དང་རྡོ་རྗེའི་སྤྱན་མངའ་བ། །བདག་དང་ སློབ་མར་བཅས་པ་ལ། །ཐུགས་བརྩེ་ཉེ་བར་བཟུང་ནས་ཀྱང་། །ཐུགས་རྗེ་ལྡན་རྣམས་རབ་གནས་མཛོད། །ཅེས་གུས་པས་ལན་གསུམ་བརྗོད་དོ། །ཡང་ཕྱི་ནང་གསང་བས་མཆོད་ལ། ཡི་གེ་བརྒྱ་པ་གདོན། རྩ་བའི་དཀྱིལ་འཁོར་སྟ་གོན་ལ་གནས་པར་བྱའོ། །དེ་ནས་ཡང་མཚན་ མོ་ཉལ་ནས། ཕྱི་དེ་ནང་པར་ཐོ་རངས་ནས། རྡོ་རྗེ་སློབ་དཔོན་དག་པའི་ཁྲུས་བྱས། མཛེས་པའི་རྒྱན་གྱོན་ལ། རབ་ཏུ་གནས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཀྱི་གཞལ་ཡས་ཁང་དང་གདན་སྐད་ཅིག་མས་བསམས་ཏེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། གཙུག་ ལག་ཁང་མཆོད་རྟེན་རི་མོར་བྲིས་པ། ལུགས་སུ་བླུགས་པ། འབུར་དུ་བཏོད་པ་རྣམས་ས་བོན་ཡི་གེ་ཨོཾ་ལ་བསྡུས་ཏེ། དེ་ཡོངས་སུ་གྱུར་པ་ལས། ཕྱག་མཚན་ས་བོན་དང་བཅས་པ་བསམ་མོ། །དེ་ལས་འོད་འཕྲོས་པས་སེམས་ཅན་གྱི་དོན་བྱས། རབ་ཏུ་གནས་པར་བྱ་བའི་ དེ་བཞིན་གཤེགས་པ་རྣམས་ལ་ཕོག་ནས་ཚུར་འདུས་ཏེ། ས་བོན་དང་། ཕྱག་མཚན་དང་བཅས་པ་ལ་ཐིམ་ནས། དེ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དུ་གྱུར་པ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། གོ་ཆ་གྱོན་ཡེ་ཤེས་སེམས་དཔའ་སྤྱན་དྲང་བར་བྱ་སྟེ། རྒྱུད་ ནས་འབྱུང་བའི་སྔགས་དང་ཕྱག་རྒྱས་དབང་བསྐུར། རིགས་ཀྱི་བདག་པོས་དབུ་བརྒྱན། གླེགས་བམ་མམ་སྲུང་སྐུད་བགྲང་ཕྲེང་གསུང་སྣང་བ་མཐའ་ཡས་སུ། ལྷའི་མིང་མ་ཤེས་པ། རྡོ་རྗེ་དྲིལ་བུ་ལ་སོགས་པའི་ཕྱག་མཚན་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་ཐབས་གོང་དང་འདྲའོ། ། དེ་རྣམས་ལ་ཕྱི་ནང་གི་མཆོད་པ་བྱས་ལ། རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་ལ་སོགས་པ། འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཆོད་ལ། སྦྱིན་སྲེག་དང་གཏོར་མ་བྱས་ལ། དག་པའི་རྡོ་རྗེ་བཅོམ་ལྡན་འདས། །རིགས་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་ པོ་ཐུགས་རྗེ་ཆེ་བདག་ཉིད། །རིགས་པའི་རྒྱལ་པོ་འདི་ཞེས་པའི། །འགྲོ་ལ་ཕན་ཕྱིར་རབ་གནས་བགྱིད། །རྡོ་རྗེ་འཆང་ཆེན་ཆེ་གེ་བདག །ཇི་ལྟར་འདོད་པའི་ཉེར་སྤྱོད་ཀྱིས། །ཐམས་ཅད་འདིར་ནི་རབ་བཞུགས་ནས། །ཐུགས་རྗེ་ཅན་རྣམས་རབ་གནས་མཛོད། །དེ་ནས་སྤྱན་དབྱེ་སྟེ། མིག་དབྱེ་བ་ནི། ཡེ་ཤེས་ཀྱི་རྣམ་པར་ཤར་དུ་གཞུག་པའི་ཕྱིར་ནང་པར་ཉི་མ་འཆར་ཀ་དངུལ་གྱི་སྣོད་ན་ཡོད་པའི་མར་དང་སྦྲང་རྩི་གསེར་གྱི་ཐུར་མས་བླངས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། ། སེམས་ཅན་དོན་དུ་དབྱེ་བར་བགྱི། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་པས་གསེར་ལ་སོགས་པའི་ཐུར་མས་སྤྱན་དབྱེ་བར་བྱའོ། །དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལས་བྱས་པའི་རྣ་བྲུད་ཐོགས་ལ། སྒྲ་རྣམས་ཐོས་པས་ཕོངས་གྱུར་ལ། །རྒྱལ་བས་ཆོས་ ཀྱི་རྔ་བརྡུངས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་ཀརྞ་ཡེ་སྭཱ་ཧཱ། དེ་ནས་ཤངས་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་རྨང་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོ་དྲི་སྤངས་པའི། །འགྲོ་བ་སེམས་ཅན་ཀུན་གྱི་ཕྱིར། ། རྣམ་པར་དག་པའི་དྲི་བརྙེས་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །ཨོཾ་དཱི་བྱ་གྷྲ་ཎཱ་ཡེ་སྭཱ་ཧཱ། དེ་ནས་ཐུར་མ་ཐོགས་ལ་ཞལ་དབྱེ་བར་བྱ་སྟེ། ཆོས་ཀྱི་ང་རོ་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་དམ་པ་འདི། །དབུལ་ཞིང་རྒྱལ་ བའི་ཞལ་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་མུ་ཁཱ་ཡེ་སྭཱ་ཧཱ། སོ་ཤིང་དབུལ་བ་ནི། རིན་ཆེན་མཆོག་གྲུབ་ཀ་ར་བཱི་ར་ཡིས། །བཀུར་སྟི་རིམ་གྲོ་ཚེམས་ཀྱི་དྲི་བསལ་ལྟར། །བདེ་གཤེགས་གསུང་གི་དངོས་གྲུབ་ཐོབ་གྱུར་ནས། །འགྲོ་ཀུན་སྐད་དུ་ཆོས་ཀྱི་དོན་རྟོགས་ཤོག །ཨོཾ་དཱི་བྱ་དནྟ་ཤོ་དྷ་ཡ་ སྭཱ་ཧཱ། གལ་ཏེ་འཁོར་ལོས་སྒྱུར་བའི་ཆ་ལུགས་ཡིན་ན། དུང་གི་སོ་མངས་ཀྱིས་དབུ་སྐྲ་བཤད་ལ། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་སུ་འཁྱིལ། །རིན་ཆེན་འབར་བས་བརྒྱན་པས་རབ་ཏུ་མཛེས། །ལྷ་མི་ཀུན་གྱིས་བལྟ་བས་མི་ངོམས་ཏེ། །བསོད་ནམས་ཐོབ་ཕྱིར་རྒྱལ་ བའི་དབུ་སྐྲ་བཤད། །ཨོཾ་ཀརྨ་མ་དྷ་ར་ལི་ཧཱུཾ། རིན་པོ་ཆེའི་དབུ་རྒྱན་དབུལ་བ་ནི། །བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དོ་ཤལ་སེ་མོ་དོ་ལ་སོགས། །རྒྱན་གྱི་ཁྱད་པར་དམ་པ་མཆོད་པར་དབུལ། ། ཨོཾ་རཏྣ་ཨ་ལཾ་ཀཱ་ར་ཧཱུཾ། དེ་ནས་སྤུ་གྲི་ཐོགས་ལ། རབ་ཏུ་བྱུང་བའི་གཟུགས་ཡིན་ན་སྐྲ་བཞར་བ་དང་། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང་། །སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བགྱི། །ཨོཾ་སརྦ་ཤོ་ དྷ་ན་ཁཙྪ་ད་ཧཱུཾ། སྣམ་སྦྱར་དང་། བླ་གོས་དང་། ཤམ་ཐབས་གསོལ་ནས། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི། །ཨོཾ་དཱི་བྱ་བཱ་ས་པྲ་ ཎ་ཡེ་སྭཱ་ཧཱ། ཆུ་ཚགས་དང་། ལྷུང་བཟེད་ལ་སོགས་པ་ཐོགས་ལ། ཨོཾ་སུ་ཁ་པ་རིཀྵ་ར་ཡེ་སྭཱ་ཧཱ། དེ་ནས་ཐུགས་ཀར་རྡོ་རྗེ་བཟུང་ལ། མཚན་དང་དཔེ་བྱད་ལ་སོགས་བསྐྱེད་པའི་ཕྱིར། །དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་པ་དང་། །བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་ བརྒྱན་པ། །རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག །ཨོཾ་དྭ་ཏྲིཾ་ཤཏ་མ་ཧཱ་པུ་རུ་ཥ་ལཀྵ་ཎཱ་ཤཱི་ཏི་ཨ་ནུ་བྱཉྫ་ནཱ་ཡེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའི་ཆ་ལུགས་ཡིན་ན། སོ་མངས་དང་། ཁབ་དང་། བསྙུང་བུ་དང་། གྲི་གུག་དང་། ཆུ་གྲི་རྣམས་ཕུལ་ལ། འགྲོ་བ་ སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེ་བཞེས་པ་བཞིན། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བགྱི། །ཨོཾ་ཨུ་པ་ཡུ་ཛྱ་ཏེ་སུ་ཁ་པ་རི་ཀ་ར་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་ལ་ ཐུན་མོང་དུ་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་དང་། འཇིག་རྟེན་པའི་བཀྲ་ཤིས་པའི་བིལ་བ་སྟར་ཀ་དང་། ཞོ་དང་། རས་ཡུག་དཀར་པོ་དང་། གདུགས་གསེར་གྱི་ཡུ་བ་ཅན་རྣམས་དབུལ། དང་པོ་ལས་ཐམས་ཅད་པའི་ཆུས་བསངས་ལ། དྲིའི་ཐིག་ལེ་དང་། མེ་ཏོག་ གི་ཚོམ་བུ་བཀོད་ལ། ཐེག་མཆོག་བླ་རེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་ཏིང་འཕན་དང་། །གར་དང་རོལ་མོའི་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་བརྒྱན་པར་བགྱི། །ཇི་ལྟར་མི་དབང་འཁོར་ལོས་སྒྱུར་བ་ཡི། །རིན་ ཆེན་སྣ་བདུན་ཚོགས་དང་ལྡན་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་བདུན་ཚོགས་རྣམས་དབུལ་བར་བགྱི། །ལྷ་ཡི་རྒྱལ་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་རྣམས་ལ། ། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བསྟེན་ནས། །བིལ་བ་སྟར་ཀ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །དེ་ནས་འདོད་པ་ལྔའི་ལོངས་སྤྱོད་ གཏེར་བཟང་དབུལ་བ་ནི། །གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་དཱི་བྱ་ཨནྣཾ་ས་མཱ་དྷི་དྷྱཱ་ནཾ་པྲི་ཎ་ནེ་སྭཱ་ཧཱ། ཞེས་པཱུ་ཛ་ལྔ་ཡང་བྱའོ། །དེ་ནས་འབྱོར་པ་ ཡོད་ན་སྦྱིན་སྲེག་བྱའོ། །མེད་ན་སྒྱེད་པོ་དཀར་པོ་གསུམ་བཙུགས་ལ། ས་ལས་བྱས་པའི་སྣོད་གཙང་མར་དཀར་གསུམ་དང་མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། སྦྱིན་སྲེག་གི་མེའམ་རིག་མའི་མེ་ལ་དབྱངས་སྐྱོང་གི་སྔགས་ཟློས་ཤིང་བསྐོལ་བར་བྱའོ། །དེ་ནས་ ཙཱ་རུ་དབུལ་བར་བགྱིའོ། །དེ་ནས་བདུད་རྩི་ལྔ་དང་དཔའ་བོ་ལྔ་དང་བཅས་པའི་ཚོགས་ཀྱི་འཁོར་ལོ་བྱའོ། །དེ་ནས་སློབ་དཔོན་དང་། ཡོན་བདག་གཉིས་ཀས་སྐུའི་གདན་ཁྲི་ནས་བཟུང་ནས། མེ་ཏོག་གི་ཕྲེང་བ་ཕུལ་ཏེ། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་པ་འཇིག་བར་ དུ། །ཡོན་བདག་བསོད་ནམས་སྤེལ་བ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་གནས་སུ་རབ་བཞུགས་ནས། །ལྷ་མོ་སྒྱུ་མའི་མངལ་འཇུག་ལྟར། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་པོ་རྟག་ཏུ་འདིར་ བཞུགས་ལ། །མེ་ཏོག་ལ་སོགས་འདི་བཞེས་མཛོད། །ཆེ་གེ་མོ་ཡི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་འཕེལ་བར་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། སྨད་དང་སྙིང་ག་མགྲིན་པ་རུ། །རྡོ་རྗེ་གསོར་བས་དེ་རྣམས་ལ། །ལན་གསུམ་བསྐོར་ནས་གཞག་པར་བྱ། །ལྷ་རྣམས་བརྟན་ པར་འདོད་པ་ཡིས། །བཤད་པར་གྱུར་པའི་ཚིགས་བཅད་གདོན། །བློ་ལྡན་བརྟན་པར་བསམ་པར་བྱའོ། །དེ་ནས་ཕྱོགས་སྐྱོང་དང་། མ་ཧཱ་ཀཱ་ལ་དང་། ཡུལ་གྱི་བགེགས་ལ་གཏོར་མ་བྱིན་ལ། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་ དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད། །ཅེས་བྱ་བ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་དབུལ། བདེ་བར་གཤེགས་པ་སྤྲུལ་པའི་སྐུ་བསྲུང་བར་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་སྲུང་བར་མཛད་ དུ་གསོལ་ཞེས་བརྗོད་པ་དང་། གཙོ་བོ་ནུས་པ་མ་མཆིས་པས། །མ་རྙེད་པ་དང་མ་ཚང་བའི། །འདིར་ནི་ནོངས་བགྱིས་གང་ལགས་པའི། །རྨོངས་པ་བདག་གི་ཀུན་བཟོད་མཛོད། །ཅེས་པའི་བཟོད་པར་གསོལ་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །འགྲོ་ལ་ཕན་ཕྱིར་སངས་ རྒྱས་ཤོག །སངས་རྒྱས་མ་ཐོབ་བར་དུ་ཡང་། །བདེ་འགྲོ་ཕུན་སུམ་ཚོགས་པར་ཤོག །ཚེ་འདི་ལ་ཡང་བསམ་གྲུབ་ཅིང་། །བར་ཆད་ཐམས་ཅད་ཉེར་ཞི་ཤོག །ཅེས་དགེ་བ་བསྔོས་ནས། ཇི་སྐད་གསུངས་བཞིན་རབ་གནས་པ། །དེ་ནི་ངེས་བྱས་བྱེད་དུ་བཅུག ། ཁྱེད་ཀྱི་དེ་ཀུན་ཡོངས་རྫོགས་པས། །ཅི་བདེ་བར་ནི་བཞེས་སུ་གསོལ། །བླ་མ་ཡོངས་སུ་མཉེས་གྱུར་ན། །ལས་རྣམས་རབ་ཏུ་འགྲུབ་པར་འགྱུར། །དབུལ་པོ་རྣམས་ཀྱིས་གུས་པ་ཡིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་བསྒོ་བར་བྱའོ། །རབ་ཏུ་བྱུང་བའི་གནས་བརྟན་ དང་། །ཁྱིམ་པའི་གཙོ་བོ་རྣམས་ལ་ཡང་། སྙིགས་མ་ལྔའི་དུས་ཀྱི་སྤྲུལ་པའི་སྐུ་འདི་ཡིན་གྱིས། འདི་ཁྱེད་ཀྱིས་མ་ཉམ་པར་སྲུངས་ཤིག་ཅེས་བཅོལ་བར་བྱས་ལ། ལུགས་མའམ་རས་རིས་སམ་པུསྟི་ཡིན་ན། ན་བཟའ་བཟང་པོ་ལ་དྲངས་ལ། །ཤིང་རྟ་ལ་བསྐྱོན་ནས་དྲིའི་ཐིག་ ལེ་བྱས་ཏེ། འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར། གྲོང་ཁྱེར་རྣམས་བསྐོར་བར་བྱའོ། །ཡོན་བདག་དང་སློབ་མ་རྣམས་ཀྱིས་སྐུ་གཟུགས་ལ་ཕྱག་འཚལ་བ་དང་། མཆོད་པ་དང་། བསྐོར་བ་དང་། གླུ་དང་། གར་དང་། རྒྱན་གདགས་པ་དང་། བཀྲ་ཤིས་པ་རྣམས་བྱེད་ དུ་གཞུག །དཀྱིལ་འཁོར་ནི་རང་རང་གང་ཡིན་པའི་དཀྱིལ་འཁོར་སྒྲུབ་པའི་ཆོ་གས་རབ་ཏུ་གནས་པར་བྱས་ལ། དེ་ནས་རབ་གནས་ལ་ཕུལ་བའི་ཟས་ཀྱི་ལྷག་མ་རྣམས་ནི། དེ་བཞིན་གཤེགས་པའི་ལྷག་མ་ཟོས་ཤིང་། སྡིག་པ་འདག་པར་བྱེད་པས། རང་ དང་སློབ་མས་བཟའ་བར་བྱའོ། །སྤྱད་དུ་བཏུབ་པ་རྣམས་ནི། ཨོཾ་སྭ་བྷཱ་བས་བསངས་ལ་གཞག་གོ། །རིག་པའི་བསྲུང་བ་དང་། བགྲང་ཕྲེང་ནི་སྐད་ཅིག་ཙམ་གྱིས་བྱའོ། །དཔལ་འཁོར་ལོ་སྡོམ་པའི་རབ་གནས་ཀྱི་ཆོ་ག་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའོ། ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་རྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྤ་ར་སཱ་དྷ་ན་ཏྲིཾ་ཤི་ཀཱ་པ་ད་པདྡྷ་ཏི། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཚིགས་བཅད་སུམ་ཅུ་པ། དཔལ་ འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །བདེ་ལེགས་རྟགས་ཅན་ཞབས་ཀྱི་སྟང་སྟབས་ལ་ནི་ས་ཆེན་རིར་བཅས་གུས་འདུད་ཅིང་། །ཉོན་མོངས་སྤངས་པའི་རུས་སྦལ་རྒྱལ་པོ་འཕེལ་བའི་དབུགས་ཀྱིས་རྒྱ་མཚོ་ཀུན་དུ་གཡོ། །གར་སྟབས་མཆོག་དང་བརྐྱང་བསྐུམ་ཕྱག་ཚོགས་རླུང་གིས་ རི་བོ་ཐམས་ཅད་གཡོ་བ་བཞིན། །དབུ་ནི་བསྐྱོད་པས་ཉི་མ་ཟླ་བ་ལྷུང་མཛད་དཔལ་ལྡན་སྡོམ་པས་འགྲོ་བ་བསྲུང་། །ཉོན་མོངས་ཚོགས་ཀྱིས་རྣམ་པ་ཀུན་དུ་གཟིར་བར་གྱུར་པའི་འགྲོ་བ་འདི་རྣམས་མཐའ་དག་མཐོང་གྱུར་ནས། །རྣལ་འབྱོར་དཔལ་ལྡན་སྡོམ་པ་ཞེས་བྱར་གཞན་ལ་ཕན་པར་ མཁས་པའི་སློབ་དཔོན་སྤྲིན་ཞེས་བྱ་བ་ཡིས། །བླ་མ་མཆོག་གི་བཀའ་ཡིས་དབུགས་འབྱིན་རབ་ཏུ་གསལ་བྱེད་དེ་ནི་ལོངས་སྤྱད་བྱ་ཕྱིར་བསྡུས་པ་གང་། །སྲིད་དང་ཞི་བའི་བདེ་སྟེར་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱི་རིམ་པས་རྒྱུད་ལས་སྡེབ་སྦྱོར་གྱིས་དབྱུང་བྱ། །ཡིད་དང་རྗེས་མཐུན་གནས་ སུ་ཆོ་ག་བཞིན་ཞུགས་ནས། །བྱམས་པ་ལ་སོགས་ཚངས་པའི་གནས་རྣམས་བསམ་བྱས་ཏེ། །བསོད་ནམས་གཏེར་ཆེན་ཉེར་བསྒྲུབ་བྱ་ཕྱིར་དུ། །དམ་པའི་སྟོང་ཉིད་ཡེ་ཤེས་རོ་ལ་ཆེས་བརྩོན་བྱ། །ལེགས་བསམས་དེ་ནས་དམར་འོད་རབ་གསལ་བ། །རེ་ཕ་ལས་བྱུང་ཉི་མའི་ གཟུགས་བརྙན་དབུས། །རང་སྔགས་རྒྱལ་པོ་ཆོ་ག་བཞིན་བསྒོམས་ནས། །དེ་ཉིད་ཀྱིས་ནི་བཤད་པའི་རིམ་གྱིས་བསྲུངས། །དེར་ནི་ཡཾ་ཡིག་ལས་སྐྱེས་རླུང་དབུས་སུ། །རེ་ཕ་ལས་བྱུང་མེ་ནི་རྣམ་པར་བསམ། །ཝཾ་ཡིག་ལས་སྐྱེས་ཆུ་ནི་དཀར་པོ་ཡང་། །ལཾ་ཡིག་ལས་སྐྱེས་འཛིན་མ་ ཆེས་སེར་བའོ། །དེར་ནི་སུཾ་ལས་སྐྱེས་པའི་རི་རབ་དབུས། །སངས་རྒྱས་ཡོན་ཏན་གྱིས་མཛེས་སངས་རྒྱས་གནས། །དེ་དབུས་སྣ་ཚོགས་ཆུ་སྐྱེས་ལྟེ་བ་ལ། །བཅུ་དྲུག་གཉིས་དང་བརྒྱད་ཅུའི་སྔགས་སྒྲ་ལས། །ལེགས་སྐྱེས་ཟླ་ཉི་སྦྱར་བར་རང་ས་བོན། །དེ་མཚན་དེ་འོད་སྟོབས་ ཀྱིས་སངས་རྒྱས་རྣམས། །བཀུག་ཅིང་སྦྱར་ཏེ་དག་པའི་དངོས་པོ་ནི། །དངོས་པོའི་ཞེན་པ་བྲལ་བའི་དངོས་པོའི་གཟུགས། །དབང་སྔོན་བཅག་པ་ལྟར་གསལ་རྩ་བའི་ཞལ། །མཆེ་བ་གཙིགས་ཤིང་ཆེར་དྲག་སྤྱན་གསུམ་པ། །བརླ་གཉིས་ལ་ནི་སྟག་པགས་ན་བཟའ་གྲོལ། །དཔའ་བོའི་ དཔའ་བོ་སྡོམ་པ་བསྒོམ་པར་བྱ། །ལྗང་གུ་དམར་དང་སེར་པོའི་ཞལ་ལྡན་ཞིང་། །རལ་པའི་ཚོགས་ལ་སྣ་ཚོགས་རྡོ་རྗེ་འཛིན། །གར་དགུའི་ཉམས་དང་ཟླ་ཚེས་ཅོད་པན་ལྡན། །ཕྱག་རྒྱ་དྲུག་གིས་རྒྱས་བཏབ་མགོ་ཕྲེང་ལྡན། །ཕྱག་གཉིས་གླང་པོ་མྱོས་ པའི་པགས་པ་དང་། །རྩ་བའི་ཕྱག་ནི་རྡོ་རྗེ་དྲིལ་བུས་མཚན། །མདུང་དང་ཁ་ཊྭཱཾ་དགྲ་སྟ་ཞགས་པ་དང་། །ཐོད་པ་གྲི་གུག་རྣམ་བཀྲའི་མཚན་མ་འཕྱར། །དམ་ཆོས་ཡན་ལག་དགུ་ནི་སྒྲོགས་པའི་ཚུལ། །མཆོག་གི་མཛེས་པ་ལ་དགྱེས་ཅང་ཏེའུས་རོལ། །ཚངས་པའི་མགོ་བོས་ ཕྱག་གི་པདྨ་མཚན། །ཞབས་ཀྱིས་ཟླ་ཉི་དབང་ཕྱུག་གཽ་རཱི་མནན། །ཕག་མོའི་ཕྱག་གི་ཞགས་པ་ཡིས་ནི་འཁྱུད། །བཞད་པའི་འོད་ཀྱིས་འཇིག་རྟེན་ཁམས་སྣང་བྱེད། །བོ་ལ་ཀཀྐོ་ལར་སྩལ་སེམས་པའི་ཚོགས། །སྦྱོར་བ་ལས་བྱུང་དགའ་བ་དེས་སྦྱིན་རྒྱུ། །དེ་མདུན་གསང་བ་ཅན་ སྐྱེས་རབ་བསྔགས་མ། །སྒེག་ཅིང་ཤས་ཆེར་ཆགས་པ་མདོག་ནག་མ། །སྙིང་རྗེ་བསོད་ནམས་འོད་འཕྲོ་གཟུགས་མཛེས་མ། །སྐལ་ལྡན་རྡོ་རྗེ་འཛིན་པའི་བཙུན་མོའོ། །གཡོན་དུ་དེ་བཞིན་ལཱ་མ་ཤིན་ཏུ་ལྗང་། །མཛེས་པའི་ལྟ་སྟངས་འོད་འཕྲོ་ཕུང་པོའི་ལུས། །ཕྲག་དོག་ བདག་ཉིད་འདོད་པའི་རོ་ཡིས་ཕྱེ། །ཉི་མའི་འོད་ཀྱིས་གསལ་བའི་ལུས་བཟང་མའོ། །སྐྱོན་གྱི་ཞགས་པ་དུམ་བུ་ཉིད་བྱེད་ཅིང་། །འདོད་ཆགས་ཚུལ་གྱུར་ཡོན་ཏན་ཚོགས་སྐྱེད་མ། །དེས་ན་དྲག་མོ་ཁྲག་ལྟར་དམར་བའི་མདོག །རྒྱབ་ཏུ་དུམ་བུར་བོད་མ་བསམ་པར་བྱ། ། གཡས་སུ་བཙོ་མའི་གསེར་གྱི་མདངས་ལྟར་སེར། །སེར་སྣའི་སེམས་ལྡན་རིང་དུ་ལྟ་ཞིང་མཛེས། །སྐལ་བཟངས་ང་རྒྱལ་གྱིས་མཐོ་གཟུགས་ཅན་མ། །འཇིག་རྟེན་གསུམ་གྱི་བདེ་འབྱུང་རྒྱུར་གྱུར་མའོ། །མཚམས་ཀྱི་ཐོད་པ་བཞི་ནི་བདེ་སྐྱེད་པའི། །བདུད་རྩི་ལྔས་གང་བུམ་པའི་ སྟེང་གནས་པར། །བསམ་ཞིང་ཆོ་ག་ཡིས་ནི་འཁོར་ལོ་གསུམ། །ཁམས་གསུམ་པ་ཡི་རྣམ་པས་རབ་ཏུ་གྲུབ། །ཁྭ་གདོང་མ་ནི་ཤར་གྱི་ཕྱོགས་སུ་གནས། །མིག་སྨན་བཅག་འདྲའི་མདངས་ལྡན་ཁྲོ་གཉེར་གཙིགས། །བྱང་དུ་འུག་གདོང་མ་ནི་དྲག་ཆེན་མ། །ཆེས་ ཆེར་ལྗང་གུ་ཤིན་ཏུ་འཇིགས་མ་བསམ། །མཆོག་གི་པདྨ་རཱ་ག་ལྟར་མཛེས་ལུས། །དེ་འོད་ཧཱ་ཧཱའི་སྒྲ་ཡིས་ལུས་མཛེས་མ། །ཁྱི་གདོང་མ་ནི་ནུབ་ཏུ་ཆུ་དང་ཉིར། །ཉི་མ་བྱེ་བ་བརྒྱ་ཡི་འོད་གཟུགས་ལྡན། །ཕག་གདོང་མ་ནི་ཁྲོས་པས་ངུར་ངུར་སྒྲོགས། །འདི་ཡི་མཐུ་དང་ བསམ་པ་དུ་མ་སྟེ། །གསེར་མདོག་འབར་བ་ལུས་ཀྱི་མདངས་གསལ་བ། །ལྷོ་རུ་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བྱེད་མའོ། །འཁོར་ལོ་མཆོག་གི་མཚམས་སུ་ལྷ་མོ་བཞི། །ས་གཉིས་ཀྱི་ནི་ཁ་དོག་འཕྲོ་ཞིང་གསལ། །མཆེ་གཙིགས་དྲག་ཅིང་མགྲིན་པའི་སྒྲ་ཟབ་པ། ། གཤིན་རྗེ་བརྟན་མ་ལ་སོགས་འབད་པས་བསྒོམ། །དེ་ལྟར་སྒྱུ་མ་སྨིག་རྒྱུ་ལྟར་མཛེས་ཤིང་། །བཀྲ་བ་རོ་གནས་བརྒྱད་ཀྱི་དབུས་བསམས་ནས། །སྙིང་གའི་མཚན་མ་ཧཱུཾ་ཡིག་འོད་ཚོགས་ཀྱིས། །བཀུག་པའི་འཁོར་ལོ་དམ་ཚིག་རྣམས་ཀྱིས་གཞུག །བྱང་ཆུབ་འབྱུང་བའི་རྒྱུར་ གྱུར་དེ་ཉིད་གསུམ། །ཡན་ལག་དྲུག་གི་ཆོ་གའི་རིམ་པས་སྦྱར། །ཁམས་སོགས་ཕུང་པོ་ངེས་པར་རྣམ་སྦྱོང་བ། །བྱང་ཆུབ་ཕྱོགས་ཀྱང་ཆོ་ག་བཞིན་དུ་བསམ། །དབང་ནི་དབང་བསྐུར་ཆོ་ག་བཞིན་བསྒྲུབས་ནས། །དེ་བཞིན་མཆོད་པར་ཀྱང་ནི་གུས་པས་བྱ། །བསྟོད་དང་ཉེར་ སྤྱོད་བདུད་རྩིའི་བཏུང་བ་སྦྱིན། །སྤྲོས་ནས་སྤྲུལ་པའི་ཉམས་ཀྱིས་རྒྱལ་རྣམས་མཆོད། །སེམས་ཅན་མ་ལུས་སངས་རྒྱས་བྱང་ཆུབ་ནི། །མཆོག་ལ་ངེས་སྦྱར་དེར་ནི་ལོངས་སྤྱོད་སྐུ། །དེ་ཉིད་དེ་བཞིན་ཆོས་སྐུར་ངེས་བརྟགས་ཏེ། །རྣལ་འབྱོར་མ་ཡི་ཀུན་སྤྱོད་ཐ་སྙད་བཤད། ། དཱུ་ཏཱི་བྷ་བཾ་རཱ་ཛི་ཀ་ཡཱ་གྲི་ཧཱི་ཏཾ་ཏ་ཡཱ་ས་མ་ཡཾ་ས་མཏྟི། མིང་མེད་དང་ནི་མཐེ་བོང་ཁ་དག་གིས། །ཆོས་འབྱུང་གཟུགས་བརྙན་དབུས་སུ་སངས་རྒྱས་མཆོད། །སྟོབས་དང་སྟོབས་མིན་དེ་རིགས་དེ་ཉིད་ཤེས། །གསང་སྔགས་རོ་ལ་ཞེས་པར་སྔགས་བཟླས་བྱ། །གཏོར་མའི་དེ་ ཉིད་བློ་ཡིས་གཏོར་མ་སྦྱིན། །ཅི་འདོད་སྒྲོན་མེ་མཆོག་དང་འོ་མ་བཏུང་། །ཧཱ་རོ་པ་དཱ་དོ་ལ་ངེས་བརྟགས་པས། །ཡིད་ནི་རྟག་ཏུ་འཇིགས་པར་མི་འགྱུར་བ། །ཡེ་ཤེས་འཆར་བའི་སྣང་བ་མཆོག་གིས་ནི། །རྟག་ཆད་རྨོངས་པའི་མུན་ནག་ཆེ་གཞོམ་བྱ། །འདི་ཉིད་ བདེ་བའི་བདག་ཉིད་དཀྱིལ་འཁོར་ཏེ། །རྡོར་པད་སྦྱོར་ལས་འཕོ་མེད་ཐུགས་རྡོ་རྗེ། །བླ་མའི་མན་ངག་དད་པས་དེ་བཞིན་ཉིད། །བྲིས་ལས་བདག་གིས་བསོད་ནམས་གང་ཐོབ་དེས། །སེམས་ཅན་རྣམས་ཀྱིས་དཔལ་ལྡན་རྡོ་རྗེ་ཡི། །ཐེག་པར་བསྟན་པའི་ཕུན་ ཚོགས་སངས་རྒྱས་ནི། །བདེ་བའི་རང་བཞིན་ཁམས་གསུམ་པ་ལས་འདས། །རོ་གཅིག་གཅིག་པ་གཡོ་བ་བརྟན་གྱུར་ཅིག །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཚིགས་བཅད་སུམ་ཅུ་པ། །སློབ་དཔོན་སྤྲིན་གྱི་བཞོན་པའི་ལྷས་མཛད་པ་འདི། པཎྜི་ཏ་ཚུལ་ཁྲིམས་འབྱུང་ གནས་བློ་གྲོས་ཀྱིས་མཛད་པའི་འགྲེལ་པའི་རྒྱ་དཔེ་ལ་ལེགས་པར་བལྟས་ཏེ། ཆོས་ཀྱི་རྗེ་རིན་པོ་ཆེ་སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་དཔལ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ་བཞིན་དུ། ཞ་ལུ་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས། གཞིས་ཁ་ལྷུན་གྲུབ་གླིང་དུ་མིའི་དབང་པོ་དཔོན་ཆེན་ཀུན་དགའ་རིན་ཆེན་རྒྱལ་པོ་པའི་བདག་རྐྱེན་ལ་བརྟེན་ནས་ལེགས་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲ་ཡོ་ད་ཤཱཏྨ་ཀ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལོ་པཱ་ཡི་ཀཱ། བོད་སྐད་དུ། བཅུ་གསུམ་གྱི་བདག་ ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་དུས་གསུམ་ཡང་དག་རིག་མཛད་པ། །དཔལ་ལྡན་རྡོ་རྗེ་སེམས་དཔར་སྤྱི་བོས་ཕྱག་བྱས་ནས། །བཅུ་གསུམ་བདག་ཉིད་ཅན་གྱི་སྡོམ་པ་དེ་ཡི་ནི། ། དཀྱིལ་འཁོར་གྱི་ནི་ཆོ་ག་འདིར་ནི་བཤད་པར་བྱ། །དཀྱིལ་འཁོར་ཆེན་པོ་མྱུར་བར་མཆོག་ཏུ་གྲུབ་འགྱུར་ཞེས། །གཞན་གྱི་དོན་གྱི་བློ་ཡིས་ངེས་པར་བསམས་ནས་ནི། །དབང་བསྐུར་རབ་གནས་ཆོ་ག་སྒྲུབ་ཐབས་ལ་སོགས་རྣམས། །བྱས་པ་འདི་ལས་ངེས་པར་བསྔགས་པའི་ཆོ་ག་ཉིད། ། བརྟན་ཞིང་ཟབ་མོའི་ཆོས་ཤེས་པ། །རབ་གནས་གཏོར་མའི་ཕ་རོལ་སོན། །སྦྱིན་སྲེག་དཀྱིལ་འཁོར་དེ་ཉིད་ཤེས། །རིག་པ་ཀུན་ལ་ཤིན་ཏུ་མཁས། །གསང་སྔགས་ངེས་པའི་ཚུལ་ལ་གུས། །གཟུགས་ལྡན་ལྟ་ན་སྡུག་པ་དང་། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྡོམ་པ་འབྱུང་བའི་ སྟོན་པ་པོ། །ལྷ་ཁང་མཆོད་རྟེན་གནས་དང་ནི། །འཁོར་གྱི་ཁྱམས་དང་གཙང་མའི་ས། །གདོད་ནས་གྲུབ་པའི་དུར་ཁྲོད་དུའང་། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ཡོངས་སུ་བརྟགས་པའི་ས་ཡི་ཆར། །བརྐོ་བ་ལ་སོགས་མི་བྱ་སྟེ། །ལག་པས་རེག་ནས་ཧཱུཾ་ཡིག་གི །ས་སྦྱང་བ་ཡི་ གསང་སྔགས་བཟླ། །སྣ་ཚོགས་པ་རྣམས་སྟོང་ཉིད་དུ། །རོ་གཅིག་པར་ནི་ངེས་མོས་ན། །དེ་ཡིས་ས་ནི་དག་འགྱུར་ཏེ། །དེ་བཞིན་ཉིད་དག་རྒྱུ་ཕྱིར་རོ། །དཀྱིལ་འཁོར་གྱི་ནི་ས་ཡི་ཆ། །ཉིས་འགྱུར་དུ་ནི་སྦྱང་བར་བྱ། །རང་གི་སེམས་ནི་ཡོངས་དག་པར། །གྱུར་ན་དེ་ཉིད་ས་དག་འགྱུར། ། ཞེས་བྱའོ། །ས་སྦྱངས་པའོ། །དེ་ཕྱིར་མཆོག་གི་སློབ་དཔོན་གྱིས། །འདིར་ནི་དཀྱིལ་འཁོར་བྱ་བ་ཡིན། །ཡིད་དང་མཐུན་པའི་གནས་སུ་ནི། །རེ་ཞིག་སྔོན་དུ་བསྙེན་པ་བྱ། །དེའི་རྗེས་སུ་དཀྱིལ་འཁོར་གྱི་ས་ལ་མེ་ཏོག་དགྲམ་ཞིང་འདུག་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པར་ གྱུར་པའི་བཅུ་གསུམ་གྱི་བདག་ཉིད་ཅན་དཔལ་འཁོར་ལོ་སྡོམ་པའི་རང་བཞིན་རྡོ་རྗེའི་སློབ་དཔོན་གྱིས་བསྲུང་བའི་འཁོར་ལོ་ལ་སོགས་པ་བྱས་ནས། བགེགས་གཞོམ་པའི་ཕྱིར་སྤོས་ཀྱི་སྣོད་ཐོགས་ནས་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་གསིལ་བར་གྱུར་པས། མ་ལུས་ཕྱོགས་ ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །འདིར་ནི་དཀྱིལ་འཁོར་བྱ་བར་འཚལ། །སངས་རྒྱས་ལ་སོགས་ཀུན་བྱོན་ལ། །བདག་ལ་གྲུབ་པ་སྩལ་དུ་གསོལ། །རྫོགས་པའི་སངས་རྒྱས་ལ་སོགས་པ་རྣམས་ལ་སྙན་གསན་ཕབ་ནས་ མཆོད་པར་བྱའོ། །དེ་ནས་སྔགས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་ཁྭ་གདོང་མ་ལ་སོགས་པའི་གཟུངས་མའི་རྣལ་འབྱོར་དང་ལྡན་པའི་སློབ་མ་བཞི་རྣམས་ཀྱིས་སམ། གཅིག་གིས་ཀྱང་རུང་སྟེ་གཡོན་སྐོར་གྱིས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ། ཆོས་ཀུན་བདག་མེད་པ་ཡི