Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 4 / 24 (50.000 ký tự/trang)
གས་ཀྱི་སྐད་དོད།> རྟོག་རླབས་བཅོམ་པ། །དེ་ཉིད་དུ་ན་དངོས་ཀུན་མཁའ་ལྟར་གཟིགས་གྱུར་ཅིང་། །ཐུགས་ཀྱི་པདྨ་རབ་ལྕི་ཐུགས་རྗེའི་ཆུས་རྒྱས་པ། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་བརྩེར་མཛོད་ཅིག །དེ་ནས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་རྣམས་ལ་སྔ་མ་ལྟར་བསྐོར་ཞིང་། ཨོཾ་ཁ་ཁ་ ཁཱ་ཧི་ཁཱི་ཧི། སརྦྦ་ཡཀྵ་རཱཀྵ་ས་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ་ཨུནྨ་ད། ཨ་པསྨ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་པ་ལིཾ་གྲྀཧྣནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪན་ཏུ། ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ། པི་བ་ཐ་ཛི་གྷྲ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦྦ་ཀཱརྟ་ཡ། སཏ་སུ་ཁཾ་བི་བྲིད་དྷ་ཡེས་ཧ་ཡི་ཀཱ་བྷ་ བནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གཉིས་བརྗོད་པས་བསྟབས་པར་བྱའོ། །བདུད་རྩི་དེ་ཟོས་པས་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཅན་ཇི་ལྟ་བ་བཞིན་བདེ་བ་ཆེན་པོས་ལུས་རྒྱས་པར་བསྒོམ་མོ། །དེ་ནས་སྤྱིར་ཏཾ་པོ་ལ་སོགས་པ་ཕུལ་ཏེ། སྙིང་གའི་ས་བོན་ ལས་བྱུང་པའི་པི་ཝང་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། མངོན་པར་འདོད་པའི་དངོས་གྲུབ་བླངས་ལ། བརྡའི་ལག་པས་བརྡ་བྱས་ནས་མ་ཚང་བ་དང་ལྷག་མ་བསྐང་བའི་དོན་དུ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦྦ་སིདྡྷ་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ། བཛྲ་ཧེ་རུ་ཀོ་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུྃ་ཕཊ། ཅེས་བྱ་བའི་ཡི་གེ་བརྒྱ་པའི་སྔགས། དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་བརྗོད་དོ། །དེ་ནས་ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་པད་ཀོར་གྱི་ཕྱག་རྒྱས་མཉེས་པར་བྱས་ལ། ཕྱག་རྒྱ་བཏུལ་ཏེ་འཁྱུད་པའི་གདེངས་ཀ་སྔོན་དུ་འགྲོ་བས་སྲིན་ལག་དང་མཐེ་བོས་སེ་གོལ་ གཏོགས་པ་སྔོན་དུ་འགྲོ་བ་ཅན་གྱིས། ཨོཾ་བཛྲ་མུཿཞེས་བཏོན་པས་གཤེགས་སུ་གསོལ་ཏེ། འཁོར་ལོ་དེ་བདག་ཉིད་ལ་གཞུག་གོ། །གཏོར་མའི་ཆོ་ག་བྲིས་པས་བདག་ལ་ནི། །བསོད་ནམས་གང་སྐྱེས་དེ་ནི་མྱུར་ཉིད་དུ། །འགྲོ་བ་གསུམ་པོ་རྟོག་པའི་དྲ་བ་དག །རྣམ་བསལ་འཁོར་ ལོ་གསུམ་གྱི་ངོ་བོར་ཤོག །དཔལ་འཁོར་ལོ་སྡོམ་པའི་གཏོར་མའི་ཆོ་ག །སློབ་དཔོན་ཆེན་པོ་པྲཛྙཱ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱི་རྟིའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཧསྟ་པཱུ་ཛི་བིདྷི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་གཙོ་མོ་ནི། །རྡོ་རྗེ་ཕག་མོ་ལ་བཏུད་དེ། །བདག་གི་ལག་པའི་མཆོད་པ་ཡི། །ཆོ་ག་མན་ ངག་བཞིན་དུ་བསྡུ། དེ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པར་དཔལ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ལག་པ་གཡོན་པའི་མཐེ་བོ་དང་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་དེ་དག་གི་སེན་མོ་རྣམས་སུ་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་ མཛད་དང་། འོད་དཔག་མེད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་གོ་རིམས་ཇི་ལྟ་བར་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་། ལྗང་གུའི་མདོག་ཅན་གྱིས། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧཱུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོཿ། ཕཊ་ཧཾ་ཞེས་བྱ་ བའི་ཡི་གེ་རྣམས་དགོད་དོ། །ལག་པའི་མཐིལ་དུ་ཡང་སྐད་ཅིག་གིས་གྲུབ་པའི་པདྨ་དམར་པོ་འདབ་མ་ལྔ་པ་བསྒོམས་ལ་དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་སྐོར་དུ་རིམ་པ་ཇི་ལྟ་བ་བཞིན་ཡ་མི་ནཱི་དང་རྨོངས་བྱེད་མ་དང་སྐྱོད་བྱེད་མ་དང་འཇིགས་བྱེད་མ་དང་ཙཎྜི་ཀའི་རང་བཞིན་ ཅན་ནག་པོ་དང་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དུ་བའི་མདོག་དང་ལྡན་པ། ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པའི་ཡི་གེ་རྣམས་དང་། ལྟེ་བ་ལ་ནི་རྡོ་རྗེ་ཕག་མོའི་རང་བཞིན་ཁ་དོག་དམར་མོ་ཨོཾ་བཾ་ཞེས་བྱ་བའི་ས་བོན་དག་བལྟ་བར་བྱའོ། །ལག་པའི་བོལ་ལ་ཡང་ འདི་དག་ཉིད་ཀྱི་གཟུགས་བརྙན་ནམ་འཁོར་ལོ་གསུམ་ཡོངས་སུ་རྫོགས་པར་བལྟ་བར་བྱའོ། །དེ་ནས་ལག་པ་ལ་གནས་པའི་འབྱུང་བ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་ལྟུང་བྱེད་མ་དང་གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་དང་། པདྨའི་དྲ་ བ་ཅན་གྱི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ལག་པ་ལ་གནས་པའི་ས་བོན་གྱི་ཡི་གེ་དག་ལ་ཁུ་བའི་རྫས་ཀྱིས་བྱུགས་ཏེ་ལག་མཐིལ་དེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་རང་བཞིན་དུ་ལྷག་པར་མོས་པར་བྱས་ནས་ཁུ་ བ་ལ་སོགས་པའི་རྫས་དེ་ཡི་གེ་གསུམ་གྱི་སྔགས་སམ་རྐང་པ་བརྒྱད་པའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཡང་དག་པར་མཆོད་ནས་ཆོ་ག་ལྷག་པ་དང་མ་ཚང་བ་དག་པར་བྱ་བའི་དོན་དུ་ཡི་གེ་བརྒྱ་པའི་སྔགས་བཏོན་ཏེ། ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་ བ་བཏབ་ནས་རྫས་གཞན་ནམ་ཡང་ན་དེ་མ་ཡིན་པ་གཞན་དུ་གཞག་སྟེ། ལག་པའི་མཐིལ་དུ་སྦྱར་བའི་རྫས་སྲིན་ལག་གིས་བླངས་པ་ལས་སྙིང་ག་དང་ལྟེ་བ་དང་མགོ་རྣམས་སུ་ཡི་གེ་ཧཱུྃ་དང་ཨཱཿདང་ཨོཾ་བརྗོད་པ་སྔོན་དུ་འགྲོ་བས་བྱུགས་པ་ན་ལྷའི་ཚོགས་དེ་དག་བདག་ཉིད་ལ་ཞུགས་པར་མོས་ པར་བྱའོ། །ཆོ་ག་འདི་ཡང་ཀུན་སྤྱོད་པའི་རྒྱུད་དང་འབྲེལ་པ་ཡིན་ནོ། །ལག་པའི་མཆོད་པའི་ཆོ་གའོ། །ཡང་ན་སྔར་བརྗོད་པའི་ཆོ་གས་སྦྱངས་པའི་ལག་པ་གཡོན་པའི་སྲིན་ལག་གིས་གནས་དང་ཉེ་བའི་གནས་ལ་སོགས་པའི་རང་བཞིན་དུ་པུ་ཛཱ་ཞེ་བྱ་བ་ལ་སོགས་པའི་ ཡི་གེ་ཉི་ཤུ་རྩ་བཞི་བརྗོད་ཅིང་ཇི་ལྟར་སྦྱངས་པའི་ཆང་གིས་གྲུ་གསུམ་གཉིས་བྱུགས་ནས་དེའི་དབུས་སུ་ཡང་དཀྱིལ་འཁོར་ཟླུམ་པོའོ། །དེ་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན་འདས་བཀུག་པར་བསམས་ཏེ། དེ་ལ་ བདུད་རྩི་ལྔ་ལ་སོགས་པའི་རང་བཞིན་དུ་གྲུབ་པའི་བཟའ་བ་དང་བཅའ་བ་ལ་སོགས་པ་ཡི་གེ་གསུམ་མམ་རྐང་པ་བརྒྱད་པའི་སྔགས་ཀྱིས་ཕུལ་ནས་པདྨའི་སྣོད་ལ་གནས་པའི་ཆང་བདུད་རྩིར་བསྒྲུབས་པ་སྲིན་ལག་དང་མཐེ་བོས་བླངས་ཏེ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལ་རང་རང་ གི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་དང་། མཁའ་འགྲོ་མ་ནས་བརྩམས་ཏེ་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་རྣམས་ལ་ཡང་འདི་རྣམས་ཉིད་ཀྱི་རང་རང་གི་སྔགས་ཇི་ལྟ་བ་དག་གིས་ཚིམ་པར་བྱའོ། །དེ་ནས་ཡང་དག་པར་མཆོད་ནས་མ་ཚང་བ་དང་ལྷག་པ་དག་པར་བྱ་ བའི་དོན་དུ་ཡི་གེ་བརྒྱ་པ་བཏོན་ནས་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པའོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་བཞིན་པར་པདྨ་བསྐོར་པའི་ཕྱག་རྒྱས་མཉེས་པར་བྱ་སྟེ་ཕྱག་རྒྱ་དེ་སྡུད་པ་ན་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་ བས་སྲིན་ལག་གིས་ས་ལ་རེག་ཅིང་ཨོཾ་བཛྲ་མུཿ། ཞེས་བརྗོད་པས་གཤེགས་སུ་གསོལ་ཏེ། འཁོར་ལོ་དེ་བདག་ཉིད་ལ་གཞུག་པར་བྱའོ། །དེ་ནས་ས་དེ་ལ་གནས་པའི་ཆང་ལག་པ་གཡོན་པའི་སྲིན་ལག་གིས་བླངས་ནས་དེས་སྙིང་ག་དང་ལྕེ་དང་མགོ་རྣམས་སུ་ཡི་གེ་ཧཱུྃ་དང་ཨཱཿ དང་ཨོཾ་བརྗོད་པ་སྔོན་དུ་འགྲོ་བས་བྱུག་ཅིང་ལག་པ་དེ་ལ་གནས་པའི་ལྷའི་འཁོར་ལོ་ཡང་བདག་ཉིད་ལ་གཞུག་པར་བལྟ་བར་བྱའོ། །གྲུ་གསུམ་དཀྱིལ་འཁོར་ལོ་གནས་པ། མགོན་པོ་འཁོར་ལོ་བདེ་མཆོག་ལ། །ལག་པས་མཆོད་པ་བཤད་པ་འདི། །རྣལ་འབྱོར་པ་ལ་ཕན་ བྱེད་ཡིན། །ལག་པའི་མཆོད་པའི་ཆོ་ག་དཔལ་པྲཛྙཱ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིརྟི་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སཾ་གྲ་མཎྜལ་ བི་དྷི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་གྱུར་པའི། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་ འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་གཞུང་འཆད་པའི། །མཆོག་འཛིན་ཐབས་མཁས་བདག་ལ་མེད། །རང་ཉིད་དྲན་པ་གསལ་བའི་ཕྱིར། ། དཀྱིལ་འཁོར་ཆོ་ག་བཤད་པར་བྱ། །རྩ་བཤད་གསལ་བའི་རྒྱུད་རྣམས་དང་། །མཁས་པ་རྣམས་ཀྱི་ཆོ་ག་དང་། །བླ་མའི་གདམས་ངག་ལ་བརྟེན་ནས། །དཀྱིལ་འཁོར་ཆོ་ག་བྲི་བར་བྱ། །སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན། །མཚན་ཉིད་མིན་པ་ཀུན་དུ་སྤངས། ། ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཁྲོ་མེད་གཙང་ཞིང་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །ཐོད་པས་སྤྱི་བོར་རྒྱན་ཆ་སོགས། །གཟུགས་བཟང་ཡོན་ཏན་ལྡན་པར་བཀུར། །སྙིང་རྗེ་མེད་ཅིང་ཁྲོ་ལ་ གདུག །ཁེངས་དང་བརྐམ་ཆགས་བདག་ཉིད་བསྟོད། །མཉམ་པར་མ་བཞག་ཁྱིམ་ལ་སྤྱོད། །གཤོལ་འཛུགས་པ་དང་ཚོང་པ་དང་། །རྨོངས་པས་དམ་ཆོས་འཚོང་བ་ནི། །ཚོགས་སམ་དཀྱིལ་འཁོར་སློབ་དཔོན་མིན། །སློབ་མ་རིགས་བཟང་ཆོས་ལ་སྤྲོ། །འཇམ་ ཞིང་སྙན་པར་སྨྲ་བ་དང་། །སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཐོས་དང་ཀློག་པ་མངོན་པར་བརྩོན། །གསང་བའི་ཆོས་དང་བླ་མ་གུས། །སློབ་མ་དེ་ཉིད་ཡོངས་སུ་གཟུང་། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་དང་བརྐམ་ཆགས་རྣམ་གཡེང་ཅན། །དྲག་ དང་རྨོངས་དང་སྙོམས་ལས་ཅན། །གཞན་གྱི་སྲོག་ལ་སྙིང་བརྩེ་མེད། །གཞན་གྱི་ནོར་ལ་སྲེད་པ་ནི། །བླ་མས་ཡོངས་སུ་སྤང་བར་བྱ། །ཡོན་ཏན་ལྡན་པའི་བླ་མ་ལ། །མཚན་ཉིད་ལྡན་པའི་སློབ་མ་ཡིས། །སེམས་ཅན་འཁོར་བའི་སྡུག་བསྔལ་ ལས། །བསྒྲལ་ཕྱིར་ལན་གསུམ་འདི་སྐད་བརྗོད། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །འཇིག་རྟེན་རྣམས་ཀྱི་འདྲེན་མཛད་ལྷ། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །རྡོ་རྗེ་བླ་མ་མཛད་དུ་གསོལ། །བླ་མས་དཀྱིལ་འཁོར་མཆོད་པ་ ཡི། །ཡོ་བྱད་ཐམས་ཅད་འབྱོར་གྱུར་རམ། །ཅུང་ཟད་ཅིག་གམ་མ་ཡིན་ཞེས། །སློབ་མའི་གཙོ་ལ་དྲི་བར་བྱ། །མི་འབྱོར་ཟེར་ན་གཟུང་མི་ནུས། །འདྲེས་མ་ལས་ནི་འདྲེས་མར་ཤེས། །ཐམས་ཅད་འབྱོར་ཞེས་བརྗོད་པ་ནི། །དེ་ཚེ་གཟུང་བའི་ཆོ་ག་བརྩམ། །སློབ་མའི་རྐང་པའི་ མཐིལ་དུ་ནི། །རླུང་གི་དཀྱིལ་འཁོར་གཞུ་འདྲ་བསམ། །ལྟེ་བར་ཡེ་ཤེས་མེ་འབར་བས། །དེ་ཡི་འོད་ཟེར་སྙིང་གར་འབར། །པཱཾ་ལས་བྱུང་བའི་སྡིག་པའི་གཟུགས། །མི་སྡུག་རིད་པ་མདོག་སྔོན་པོ། །སྡིག་ནི་སྣ་ཡི་སྒོ་ནས་དབྱུང་། །དེ་ནས་ཁྲོ་བོའི་གཟུགས་བསྒོམས་ནས། ། སྡིག་ནི་ཀུན་ནས་ཟ་བར་བསམ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། སློབ་མ་ལྷ་མོའི་གཟུགས་བསྐྱེད་ནས། །བསྲུང་བ་དག་ནི་དགོད་པར་བྱ། །སློབ་མ་གཟུང་བའི་ཆོ་གའོ། །རི་སུལ་ཚང་ཚིང་ཕུག་རྣམས་དང་། །ཆུ་བོ་དག་གི་ངོགས་རྣམས་ དང་། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །བདག་གམ་ཡང་ན་དཀྱིལ་འཁོར་ནི། །སྔོན་དུ་བསྙེན་པ་བྱས་པས་འགྲུབ། །གནས་དང་ལྡང་བ་ཉིད་དག་དང་། །འཇུག་ དང་ཡོངས་སུ་རྫོགས་པ་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་ངེ་འཛིན་དང་མཆོད་པའི་མཐར། །ཆོ་ག་བཞིན་དུ་འབུམ་དུ་བཟླ། །རང་གི་ལྷ་ཡང་འབུམ་དུ་བཟླ། །འཁོར་ལོས་བཀས་གནང་དེ་བཞིན་ཏེ། །གཞན་ནི་ཁྲི་རུ་བཟླས་པར་བྱ། །བསྙེན་པའོ།། །།དེ་ ལྟར་བསྙེན་པས་མཐུ་སྐྱེས་ནས། །རང་གི་ལུས་སུ་དཀྱིལ་འཁོར་བསྡུ། །དངོས་གྲུབ་མཚན་མ་མཆོག་ཐོབ་ནས། །ས་ནི་ཡོངས་སུ་བརྟག་པར་བྱ། །གྲོང་དང་དུར་ཁྲོད་ཚོང་དུས་དང་། །ཚལ་དང་ལྷ་ཁང་གྲོང་ཁྱེར་ནི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་ དེ་ལྟ་མིན། །གཙུག་ལག་ཁང་དང་གནས་ཁང་དང་། །ཚལ་དང་རི་རྩེ་རྡོ་ལེབ་དང་། །ཁང་བཟངས་ཀྱི་ནི་སྟེང་ཕྱོགས་དང་། །དུར་ཁྲོད་དང་ནི་ལྷ་ཡི་ཁྱིམ། །ས་ཡི་ཆ་ནི་ཇི་སྙེད་པ། །རྒྱུད་རྣམས་ཀུན་ལས་བསྔགས་པ་ཡིན། །རུས་པ་ཐལ་བ་ཟུག་རྔུ་རྡོ། །བཤང་བས་མ་ དག་གཞན་དུ་བགྲོད། །དམན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་ཆུ་སོ་ལྟེ་བའི་བར། །བརྐོས་ལ་ས་ཡིས་སླར་ལ་དགང་། །ལྷག་ན་དངོས་གྲུབ་མཆོག་ཏུ་འགྱུར། །ཕྱི་ནས་མཐོ་གང་ཙམ་དུ་བརྐོ། །དེ་ནི་ཆུ་ཡིས་རབ་བཀང་ལ། །ཤར་དུ་བལྟས་ཏེ་གོམ་བརྒྱར་ འགྲོ། །སླར་ལོག་ནས་ནི་བརྟག་པར་བྱ། །ཆུ་ནི་གང་བར་གནས་ན་ཤིས། །བསྐམས་ན་སྔགས་པས་སྤང་བར་བྱ། །སྟོན་ཟླ་ཐ་ཆུངས་ལ་སོགས་ནས། །བརྩམས་ཏེ་ཟླ་བ་གསུམ་གསུམ་དུ། །ལྟོ་འཕྱེ་ལྷོ་དང་ནུབ་དང་བྱང་། །ཤར་དུ་དེ་ཡི་མགོ་བོ་སྟེ། །གཡོན་ པའི་ཟུར་གྱིས་ཉལ་བ་ཡིན། །འདི་ཡི་ལྟོ་ཤེས་བྱས་ནས་བརྐོ། །མགོ་དང་རྒྱབ་ཕྱོགས་ནས་བརྐོས་པའི། །སྐྱོན་ནི་རྒྱས་པ་ལས་ཤེས་བྱ། །ལེགས་པར་བསྙེན་ཏེ་བཅག་པར་བྱ། །བྱང་དང་ཤར་དུ་གཞོལ་བས་ནི། །སྔགས་པ་རྣམས་ཀྱི་དངོས་གྲུབ་འགྱུར། །དབུས་ སུ་མཐོ་བས་རྒྱལ་སྲིད་དམ། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་མཐོ་བས་འཆི་འགྱུར་རམ། །ནོར་རྣམས་མྱུར་དུ་འཇིག་པར་བྱེད། །ཇི་སྐད་བཤད་པའི་ཤར་མཐོ་ན། །མྱུར་དུ་རིགས་རྣམས་ཟད་པར་བྱེད། །དབུས་སུ་དམའ་བའི་ས་གཞི་གང་། །སྒྲུབ་པ་པོ་ནི་ འཇོམས་དང་ལྡན། །ས་བརྟག་པའོ།། །།ཁང་བཟངས་རྡོ་ལེབ་གཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅག །བ་ལང་ལྷས་དང་རྒྱ་མཚོའི་འགྲམ། །དེར་ནི་བརྐོ་སོགས་བྱ་མི་དགོས། །ལག་པ་ས་ལ་བཞག་ནས་སུ། །རང་གི་སྙིང་པོ་བརྒྱ་རྩ་བཟླས། །དེ་ལ་ལྕི་བ་མ་ ལྷུང་བས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག །དུར་ཁྲོད་ཐལ་བར་ལྡན་པ་དང་། །མི་འཆི་བཅུ་ཕྱེད་ལྡན་པ་ཡིས། །དཀྱིལ་འཁོར་ས་ནི་ཉེར་བྱུགས་ཏེ། །དེར་ནི་དཀྱིལ་འཁོར་ཡང་དག་བརྩམ། །ཨོཾ་ལཾ་ཧཱུྃ། ཞེས་པས་ཀྱང་སྦྱང་ངོ་། །དེ་ལྟར་སྦྱངས་པའི་ ས་གཞི་ལ། །དཀྱིལ་འཁོར་དང་ནི་རྗེས་མཐུན་པའི། །རིན་ཆེན་ལ་སོགས་ས་གཞི་རུ། །ཏིང་ངེ་འཛིན་གྱིས་བསམ་པར་བྱ། །ས་སྦྱང་བའོ།། །།མཾ་གྱི་ས་བོན་ལས་བྱུང་བའི། །གོས་དང་རྒྱན་གྱིས་རྣམ་པར་བཀླུབས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །འོད་ཟེར་སེར་ པོ་ཀུན་དུ་འབར། །ས་ཡི་ལྷ་མོའི་ལག་པ་ན། །གསེར་གྱི་བུམ་པ་ཐོགས་པ་ནི། །ལུས་ཕྱེད་ས་ལ་གནས་པ་རུ། །བལྟས་ཏེ་མཆོད་ལ་གསོལ་བ་གདབ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་ དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །གནང་བ་བྱིན་ནས་ཐིམ་པར་བསམ། །ས་བསླང་བའོ།། །།དེ་ནས་སྔར་བསྟན་སའི་དབུས་སུ། །རྡོ་རྗེ་འཛིན་ཆེན་སྦྱོར་བ་ ཡིས། །བདག་ཉིད་ཉེ་བར་གནས་པ་ལ། །རྡོ་རྗེ་དྲིལ་འཛིན་གྲོགས་ཀྱི་མཆོག །མཁའ་འགྲོ་ལ་སོགས་གཟུགས་ཅན་གྱིས། །གསོལ་བ་ལན་གསུམ་གདབ་པར་བྱ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་ མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་ རྣམས་སྤྱོད་པ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་ འཁོར་བའི་སྡུག་བསྔལ་ལ། །དཔལ་ལྡན་ཁྲག་འཐུང་ཁྲོས་ནས་ནི། །ཧཱུྃ་བཛྲོཏ་ཏིཥྛ་བརྗོད་པ་ཡིས། །སྤྲུལ་པའི་འཁོར་ལོ་ནམ་མཁར་གདེག །མགུལ་རྒྱན་གདུ་བུ་རྣ་རྒྱན་དང་། །སྤྱི་གཙུག་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བས་བརྒྱན། ། རྐང་པ་ཧཱུྃ་ལས་རྡོ་རྗེ་བསམ། །མ་དང་ཊ་ལས་ཉི་ཟླའི་མིག །ལས་པ་རྡོ་རྗེ་གསོར་བྱེད་ཅིང་། །རྡོ་རྗེའི་ལྟ་བས་ཀུན་དུ་བལྟ། །མཆེ་བ་གཙིགས་ནས་ཧཱུྃ་སྒྲོགས་ཤིང་། །རོལ་པ་རྡོ་རྗེ་འགྲོས་ཀྱི་གར། །གཡས་བརྐྱང་དང་ནི་གཡོན་བརྐྱང་དང་། །ཟླུམ་པོ་ས་ག་རྡོ་རྗེའི་ འགྲོས། །མཉམ་པའི་སྟོབས་དང་མི་མཉམ་སྟོབས། །རུས་སྦལ་བུང་བའི་འཕུར་ཚོགས་བརྒྱད། །རྡོ་རྗེ་འགྲོས་ཀྱིས་ཀུན་དུ་བསྐོར། །གདུག་པའི་བགེགས་རྣམས་བསྐྲད་པར་བྱ། །བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་། །དྲིལ་བུ་འཁྲོལ་བར་བརྩོན་པ་ཡིས། །ལྷ་དང་ལྷ་མིན་ གསང་བ་དང་། །རབ་ཏུ་གདུག་པའི་བགེགས་ཚོགས་བསྐྲད། །ད་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཡང་རུང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེང་། །ཇི་སྟེ་བསྒོ་བ་སུ་ཞིག་འདའ། །རྡོ་རྗེ་བདག་ པོ་སྐུ་ཡིས་ནི། །ལུས་གསུམ་ལས་བྱུང་དགེས་བྱས་ཏེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །བདག་སློབ་དཔོན་འདི་ཞེས་བྱ་བས་སློབ་མ་འདི་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ། །ས་ཕྱོགས་འདི་རུ་དཔལ་ཧེ་རུ་ཀ་འབྱུང་བའི་དཀྱིལ་འཁོར་བྲི་ཡིས། འདི་ན་ གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་གང་དག་གཞན་དུ་དེངས་ཤིག །གང་དག་མི་འགྲོ་བ་དེ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་འདི་དང་། ཁ་ཊྭཱཾ་ག་འདིས་སྤྱི་བོ་ཚལ་པར་བཀས་པར་འགྱུར། །ཞེས་ལན་ གསུམ་བརྗོད་པས་ཀྱང་བསྐྲད་དེ། ཞལ་བཞི་པ་ཡི་སྔགས་རྣམས་དང་། །རྡོ་རྗེ་ཕུར་བུའི་སྔགས་ཀྱིས་ཀྱང་། །གདུག་པའི་བགེགས་རྣམས་བསྐྲད་པར་བྱ། །ས་ནི་ཡོངས་སུ་བཟུང་བྱས་ནས། །དྲ་བས་ཕྱོགས་མཚམས་བཅིང་བར་བྱ། །ར་བ་རྣམས་ནི་ཕྱོགས་སུ་ དགོད། །འོག་ཏུ་མཚོན་ཆ་དགོད་པར་བྱ། །སྟེང་དུ་མདའ་ཡི་དྲ་བ་དང་། །བདག་ཉིད་སྟེང་དུ་གུར་བྱ་སྟེ། །དེ་ལྟར་གོ་བགོས་སུམ་ཅུ་ནི། །རྩ་གསུམ་པས་ཀྱང་གཞིག་མི་ནུས། །ས་བསྲུང་བའོ།། །།དེ་ནས་རི་རབ་རྩེ་མོ་ཡང་། །ཤྲཱི་གནྡྷར་རབ་ བསམས་ལ། །དྲི་ཞིམ་ཆུ་ཡིས་བྱུགས་པ་དང་། །མེ་ཏོག་སིལ་མ་རབ་བཀྲམ་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །མཆོད་ཡོན་ཕུལ་ལ་གསོལ་བ་གདབ། །བཅོམ་ལྡན་ཁྲོ་མཆོག་རྡོ་རྗེ་ཅན། །རྫོགས་སངས་རྒྱས་རྣམས་དགོངས་སུ་གསོལ། །སློབ་མ་ རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ལྷན་ཅིག་འབྱུང་བ་ཡིས། །དཀྱིལ་འཁོར་བྲི་བར་འཚལ་ལགས་ན། །དེ་བས་བཅོམ་ལྡན་གུས་བདག་ལ། །བཀའ་དྲིན་གནང་བར་མཛད་དུ་གསོལ། །གང་གཞན་གསང་སྔགས་ ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །རྫོགས་པའི་བྱང་ཆུབ་ལ་བརྟེན་པའི། །འབྱུང་པོ་བསྟན་ལ་མངོན་དགའ་བ། །གང་དུ་རྡོ་རྗེ་སྤྱན་ལྡན་ཀུན། །དཀྱིལ་འཁོར་བདེ་མཆོག་འབྱུང་བ་ནི། །དཀྱིལ་འཁོར་འདྲི་བར་བགྱིད་ལགས་ན། །བདག་ དང་དེ་བཞིན་སློབ་མ་ལ། །རྗེས་སུ་བརྩེ་བ་བསྐྱེད་དུ་གསོལ། །ཕྱོགས་བཞིར་མར་མེ་བལྟམས་ནས་ནི། །ཨཽ་ཌྱན་ཕྱོགས་སུ་ཅི་བདེར་ཉལ། །ས་གཟུང་བའོ།། །།དེ་ནས་རིན་ཆེན་གསེར་དང་དངུལ། །ཟངས་མའམ་འཇིམ་པ་དག་ཀྱང་རུང་། །ཇི་ལྟར་འབྱོར་པའི་རྗེས་ མཐུན་པར། །བུམ་པ་དག་ནི་བྱ་བ་སྟེ། །རྩ་བ་ནག་པོ་ལ་སོགས་སྤང་། །ལྟོ་ཡང་བུམ་པ་བཟང་པོའི་དབྱིབས། །ལེགས་བཀྲུ་དཀར་པོར་བྱ་བ་དང་། །སྤོས་ཀྱིས་བདུག་ཅིང་ཡུངས་ཀར་བརྡེག །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུང་། །མཚན་མ་རྣམས་ནི་དགོད་པ་དང་། ། བཟའ་བ་ཀུན་གྱིས་ལེགས་བཀང་བའི། །སྣོད་ནི་སྟེང་དུ་གཞག་པར་བྱ། །མགྲིན་པ་སྲད་བུས་དཀྲི་བ་དང་། །ཁ་ནི་འདབ་མས་བརྒྱན་པར་བྱ། །གོས་ཟུང་གིས་ནི་ལེགས་དཀྲིས་པར། །ཆུ་བཟང་འོ་མ་ལྡན་པས་དགང་། །བྱ་གྷྲྀ་སིང་ཧི་དབྱུག་པ་དང་། །ཨུཏྤ་ལ་གཞན་མི་ཐུབ་པ། ། ཧ་ས་དེ་བ་སྨན་ལྔར་བཅས། །ཨོཾ་པཉྩ་བྷཻ་ཥ་ཛྱེ་ཨཱཿཧཱུྃ། །གསེར་དང་དངུལ་དང་མུ་ཏིག་དང་། །མུ་མེན་བྱི་རུ་རིན་ཆེན་ལྔ། །ཨོཾ་པཉྩ་རཏྣ་ཨཱཿཧཱུྃ། ཏིལ་དང་ནས་དང་གྲོ་དང་ནི། །མོན་སྲན་གྲེ་དང་ཡུངས་ཀར་བཅས། །ཨོཾ་པཉྩ་བེ་ག་ཨཱཿཧཱུྃ། མར་དང་འོ་མ་ལན་ཚྭ་དང་། ། བུ་རམ་སྦྲང་རྩི་སྙིང་པོ་ལྔ། །ཨོཾ་པཉྩ་གརྦྷེ་ཨཱཿཧཱུྃ། ག་པུར་ཙནྡན་དྲི་ཆེན་ཆུ། །སྨན་གྱི་ཆུ་ཡིས་དགང་བར་བྱ། །ཨོཾ་པཉྩ་ཨ་མྲྀ་ཏེ་ཨཱཿཧཱུཾ། དེ་ལྟར་བྱས་པའི་བུམ་པ་ཡང་། །བརྒྱད་ནི་སྒོ་རུ་དགོད་པ་སྟེ། །གོས་ཟུང་སོགས་ཀྱིས་དཀྲིས་པའོ། །བུམ་པ་དགུ་པ་དབུས་ སུ་དགོད། །བདག་ཉིད་ལྷར་གསལ་སྙིང་ག་ཡི། །འོད་ཟེར་སྦྱོར་བས་བུམ་པ་སྦྱང་། །དེ་ནས་ཡི་གེ་བྷྲཱུཾ་ལས་ནི། །ལྷ་ཡི་གཞལ་ཡས་ཁང་དུ་བསམ། །རྣམ་པར་རྒྱལ་བའི་བུམ་པ་རུ། །ལྷ་ཡི་འཁོར་ལོ་རྫོགས་པར་ཡང་། །སྐད་ཅིག་གིས་ནི་བསམ་པར་བྱ། །གཞན་ དུ་འཁོར་ལོའི་རྗེས་འབྲངས་པ། །རིགས་དང་བཅས་པ་གསལ་བར་བལྟ། །མཆོད་དང་བསྐོར་བས་མཉེས་པ་དང་། །སྙིང་པོ་རྩ་བའི་སྔགས་སོགས་ཀྱང་། །སྟོང་ངམ་བརྒྱ་རྩ་བརྒྱད་དུ་བཟླས། །བུམ་ནང་ལྷ་རྣམས་ཞུ་བར་བསམ། །དེ་ནས་རོལ་མོར་བཅས་པ་དང་། ། བཀྲ་ཤིས་གླུ་དབྱངས་སྣ་ཚོགས་ཀྱིས། །རས་བཟང་མེ་ཏོག་ལྡན་པ་འམ། །ཀུ་ཤའི་སྟེང་དུ་གཞག་པར་བྱ། །བུམ་པ་སྟ་གོན་ནོ།། །།དེ་ནས་སྐྱེས་བུ་དམ་པ་ཡིས། །མངོན་པར་རྟོགས་པ་གཞུང་བཞིན་བསྒོམ། །བདུད་རྩི་ལྔ་ནི་ཀུན་དུ་བྱུག །དེ་བཞིན་གཤེགས་པའི་ གནས་རྣམས་སུ། །ཙནྡན་སོགས་པས་གྲུ་བཞིར་བྱ། །ཕལ་པ་ཡི་ནི་གནས་རྣམས་སུ། །སོ་སོར་ཟླུམ་པོར་བྱས་ནས་ནི། །ལྷ་ཡི་འཁོར་ལོ་ཆོ་ག་བཞིན། །མེ་ཏོག་སོགས་པས་མཆོད་པར་བྱ། །ལྟེ་བར་དགོད་བྱའི་དཔའ་བོ་ནི། །འཇིགས་བྱེད་ཆེན་པོའི་གཟུགས་ཅན་ ནི། །རབ་ཏུ་འབར་ཞིང་མདངས་དང་བཅས། །ནམ་མཁའི་མཁའ་འགྲོ་མ་རྣམས་ནི། །ཡིད་ཀྱིས་ཐམས་ཅད་མཁའ་ལ་དགོད། །ས་སྟེང་མཁའ་འགྲོ་མ་གང་ཡིན། །དཀྱིལ་འཁོར་ཀུན་དུ་དགོད་པར་བྱ། །གང་ཡང་ས་འོག་མཁའ་འགྲོ་མ། །དེ་ནི་ས་འོག་རྣམས་སུ་ དགོད། །མ་མོ་ཐམས་ཅད་ཕྱོགས་དང་ནི། །ཕྱོགས་མཚམས་རྣམས་སུ་དགོད་པར་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་བདུག་སྤོས་དང་། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ གནག་དང་སེར་སྐྱ་དང་། །དེ་བཞིན་གོས་ནི་སྣ་ཚོགས་དང་། །མེ་ཏོག་ཕྲེང་བ་དུ་མ་དང་། །བླ་རེ་དག་དང་བཅས་པ་ཡིས། །མདའ་ནི་ཤིན་ཏུ་མཛེས་པ་དང་། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་གཞག་སྟེ་མཆོད་པར་བྱ། །དེ་ནས་གསོལ་བ་གདབ་པ་ནི། །གཉིས་མེད་ཡེ་ཤེས་ ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཉིད་དཔལ། །སྟོན་པ་གཙོ་བོ་ཁྲག་འཐུང་དཔལ། །རྡོ་རྗེ་ཕག་མོར་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་ སུ་གསོལ། །སློབ་མ་རྣམས་ལ་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་བགྱིད། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ལྷ་ལ་གསོལ་བ་གདབ་པའོ། །སྔར་བཤད་ མཚན་ལྡན་སློབ་མ་ནི། །ཁྲུས་བྱས་གཙང་མའི་གོས་གྱོན་ཏེ། །མེ་ཏོག་ཕྲེང་ཐོགས་ཕྱག་བཙལ་ནས། །བླ་མ་མཆོག་ལ་གསོལ་བ་གདབ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་ བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །སློབ་མས་དེ་སྐད་ལན་ གསུམ་བརྗོད། །སློབ་མའི་གཙོ་བོ་གཅིག་ཉིད་ལ། །དམིགས་ནས་བླ་མས་འདི་སྐད་བརྗོད། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་ བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་གནས། ། གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དཔའ་བོ་ཡན་ལག་ལས་བྱུང་བའི། །སྡོམ་པ་ལ་སོགས་ སློབ་མ་ལ། །བྱང་ཆུབ་ཐོབ་པའི་དོན་གྱི་ཕྱིར། །ཆོ་ག་ཐམས་ཅད་སྦྱིན་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་ མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །བླ་མ་མཆོད་པས་དེ་བཞིན་བྱམས། །སངས་རྒྱས་ལ་གུས་འགྲོ་ལ་བརྩེ། །རྩ་བའི་ལྟུང་བ་ཡོངས་ཤེས་ཤིང་། །སྦོམ་པོའི་ ལྟུང་བ་རྣམ་པར་སྤངས། །ཁ་ན་མ་ཐོ་བཅས་གྱུར་པའི། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་གདུལ་ ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །བདག་ནི་དུས་འདི་ནས་བཟུང་ནས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ པ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་ གསུམ། །དེ་རིང་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །ཕྱག་རྒྱ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཁོ་ན་ཉིད་གཟུང་བར་བྱ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །རིན་ཆེན་རིགས་མཆོག་སྦྱོར་བ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ ནི། །ཐམས་ཅད་དུ་ནི་རབ་ཏུ་གཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་དེ་ནི་བསྐྱེད་ནས་སུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་ བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །དེ་ནས་སློབ་མ་མདུན་བདར་ལ། །གནས་གསུམ་དྲི་ཡི་ཐིག་ལེ་ཡང་། །ཡིག་གསུམ་བཟླས་ཏེ་བསྐུ་བར་བྱ། །སྐུ་གསུང་ཐུགས་ཀྱི་ལྷ་གསལ་ལ། །སྤྱི་བོར་ མེ་ཏོག་སྤོས་མར་མེ། །དྲི་ཡང་སྙིང་གར་ཞལ་ཟས་རྣམས། །ཀུན་བྱེད་བཟླས་ཏེ་མཆོད་བྱས་ནས། །དུས་འདི་ཉིད་ནས་བཟུང་ནས་ནི། །འཁོར་བའི་ཉེས་པས་མ་ཕོག་པར། །མཆོད་པ་ཀུན་དང་ལྡན་པར་ནི། །དུས་ཀུན་དུ་ནི་བདེ་བར་གནོས། །ཨ་ཤྭད་ཨུ་དུམ་བཱ་ར་ ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོ་མེ་ཏོག་བཅས་པ་སྦྱིན། །ཤར་རམ་བྱང་དུ་ཁ་བལྟས་ཏེ། །བཅས་ནས་ལྟོས་པ་མེད་པར་ནི། །བ་ཀོ་ཙམ་གྱིས་བྱུགས་པར་དོར། །དངོས་གྲུབ་ཕྲིན་ལས་བར་ཆད་གསུམ། །དངོས་ གྲུབ་མཆོག་ནི་ཤར་ཕྱོགས་དང་། །རང་ལ་བལྟས་པར་ཤེས་པར་བྱ། །འབྲིང་ནི་གཞན་ལ་ཐ་མ་ཡང་། །འོག་ཏུ་བལྟས་པར་ཤེས་པར་བྱ། །ཨོཾ་ཧྲིཿབི་ཤུདྡྷཱཿསརྦ་དྷརྨཱཿ། སརྦ་པཱ་པ་ནིཤྩ་སཾ་ཤོ་དྷ་ཡ། སརྦ་བི་ཀལྤཾ་ཨ་པ་ན་ཡ་ཧཱུྃ། ཞེས་པས། སྐྱོར་ཆུ་ལན་ གསུམ་བླུད་པར་བྱ། །སྲད་བུ་དམར་པོས་ཁྱད་པར་དུ། །མདུད་ལ་གནོད་མཛེས་སྔགས་བཟླས་ཏེ། །དཔུང་པར་བཅིངས་ལ་བསྲུང་བར་བྱ། །དེ་ནས་ཕྱིར་མི་ལྡོག་བྱའི་ཕྱིར། །སློབ་མ་རྣམས་ལ་སྤྲོ་བ་བསྐྱེད། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་བཱ་རའི་མེ་ཏོག་ བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་གྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །གྲགས་པ་མཐའ་ཡས་སྤྱོད་པ་ཡིས། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་ དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལེགས་ན། །གྲགས་པ་མཐའ་ཡས་སྤྱོད་པ་ཡི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །དེ་ལྟར་སྤྲོ་བ་བསྐྱེད་ནས་ཀྱང་། །ཡི་གེ་བདུན་པའི་སྔགས་བཟླས་ པའི། །ཀུ་ཤ་དེ་ལ་རབ་ཏུ་སྦྱིན། །རྨི་ལམ་དགེ་དང་མི་དགེ་བརྟག །ཚོགས་འཁོར་བྱས་ལ་བཀྲ་ཤིས་བརྗོད། །གཏོར་མ་བཏང་ནས་ཡེ་ཤེས་གཤེགས། །དམ་ཚིག་བསྡུས་ལ་ཅི་བདེར་གནས། །སློབ་མ་སྟ་གོན་ནོ། །སྲད་བུ་ཡེ་ཤེས་ལྔར་ལྡན་ཞིང་། །ཉི་ཤུ་རྩ་ལྔར་ རྣམ་ཕྱེ་བས། །ཆོས་ཀུན་ངོ་བོ་ཉིད་ཀྱིས་ནི། །སྲད་བུ་ཕན་ཚུན་བསྒྲིལ་བར་བྱ། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྤ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ། དཀྱུས་སུ་དཀྱིལ་འཁོར་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུ་ཆ། །བདུད་རྩི་ བརྒྱས་ནི་བྱུག་པར་བྱ། །ཡེ་ཤེས་ཐིག་ནི་བསྐྱེད་ནས་སུ། །ཛཿགསུམ་བརྗོད་ནས་ལྟེ་བར་ནི། །གཡོན་པའི་ཁུ་ཚུར་གྱིས་བཟུང་ནས། །བློ་ལྡན་ནམ་མཁར་ཐིག་གདབ་བྱ། །དེ་བཞིན་ས་ལ་གདབ་པར་བྱ། །ཁྲུ་ཕྱེད་ལ་སོགས་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་བརྒྱ་ ཡི་བར། །དང་པོ་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ལ་ནི་ཟུར་ཐིག་གདབ། །གསུམ་པ་ཕྱོགས་ཀྱི་ཐིག་བཏབ་ལ། །བཞི་པ་ཆ་ཆེན་བཅུ་དྲུག་གདབ། །ཆ་ཕྲན་བཞི་བཞིར་བགོས་བྱས་པ། །སྤྱིར་ན་ཆ་ཆུང་དྲུག་ཅུ་བཞི། །ངོས་གཅིག་ལ་ནི་སུམ་ཅུ་གཉིས། །དཀྱིལ་ འཁོར་ནང་ལ་བཅུ་དྲུག་ལས། །གཉིས་ལ་གཙོ་བོའི་ཕོ་བྲང་སྟེ། །གསུམ་བཞི་ལྔ་དྲུག་བདེ་ཆེན་གྱི། །འཁོར་ལོ་པདྨ་འདབ་བརྒྱད་བྱ། །བདུན་པ་གྲི་གུག་ཕྲེང་བ་ལ། །བརྒྱད་དང་དགུ་པ་ཐུགས་འཁོར་ལོ། །བཅུ་པ་རྡོ་རྗེ་ཕྲེང་བ་སྟེ། །བཅུ་གཅིག་བཅུ་ གཉིས་གསུང་ཡིན་ཏེ། །བཅུ་གསུམ་པདྨའི་ཕྲེང་བའོ། །བཅུ་བཞི་བཅོ་ལྔ་སྐུ་ཡི་ས། །བཅུ་དྲུག་འཁོར་ལོའི་ཕྲེང་བས་བསྐོར། །དེ་ནི་ནང་གི་དཀྱིལ་འཁོར་ལ། །ཕྱི་ཡི་དཀྱིལ་འཁོར་མཚན་ཉིད་ཀྱང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་ བ་དྲ་ཕྱེད་འཕྱང་བ་མཛེས། །གཡེར་ཁའི་ཕྲེང་བའི་དྲ་བ་ཅན། །མཚམས་ཀྱི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་དང་། །རྡོ་རྗེ་ར་བ་མེ་འོད་བཅས། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་དུ། །ཤིང་ལ་སོགས་པའི་དུར་ཁྲོད་བྱ། །གཞན་ ཡང་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པ་རབ་ཏུ་བརྟག །ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་པས་ནད་འབྱུང་སྟེ། །ཕྱོགས་ལ་འཁྲུལ་ན་སློབ་མ་མྱོས། །དེ་བས་སྐྱོན་མེད་ཤེས་པར་བྱ། །ཐིག་གདབ་པའོ།། །།རིན་ཆེན་ལྔ་ཡི་ཕྱེ་ མའམ། །ཡང་ན་འབྲས་ལ་སོགས་པ་སྟེ། །རོ་བསྲེགས་སོལ་བའི་ཕྱེ་མའམ། །དུར་ཁྲོད་སོ་ཕག་ལྡན་པ་ལ། །བྷྲཱུཾ་ཁཾ་ལ་སོགས་ཡིག་འབྲུ་ལྔ། །ཡོངས་འགྱུར་ཚོན་རྩི་ལྔ་རུ་བསམ། །སློབ་དཔོན་དབང་ལྡན་ཕྱོགས་སུ་ནི། །སོང་སྟེ་མཉམ་པར་བཞག་ནས་སུ། ། ལག་པ་གཡོན་པའི་ཁུ་ཚུར་གྱིས། །རི་མོ་ལྔ་ནི་དགྱེ་བར་བྱ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་མཛད་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །མེ་ལོང་ལ་སོགས་རིམ་བརྗོད་ནས། ། དཀར་དང་སེར་དང་དམར་དང་ལྗང་། །ཀུན་གྱི་ནང་རོལ་ནག་པོ་རུ། །ཚོན་གྱི་ཆ་ནི་རིམ་བཞིན་དགྱེ། །ཚོན་རྩི་རེ་རེའི་ཞིང་དུ་ནི། །སྒོ་ཡི་ཉི་ཤུ་ཆ་ཡི་ཚད། །ཕན་ཚུན་བར་དུ་ནས་རེ་ཙམ། །མཐོ་ལ་དྲང་བར་བྲི་བར་བྱ། །གལ་ཏེ་ཚོན་རྩི་མི་མཉམ་ཞིང་། །ཡོ་དང་ དམའ་བར་གྱུར་ན་ནི། །རི་མོ་དམའ་བས་དངོས་མི་འགྲུབ། །ཡོན་པོས་གདུང་བ་སྐྱེད་བྱེད་པ། །དེ་ཉིད་མཐོ་བས་ནད་དུ་འགྱུར། །ཆད་ན་སློབ་དཔོན་སློབ་མ་དག །གཉིས་ཀ་འཆི་བར་ཤེས་པར་བྱ། །གཡས་སྐོར་མ་ཡིན་བྲིས་ན་ནི། །རྡུལ་ཚོན་ཕུར་བུས་གདབ་ པར་འགྱུར། །དབུས་སུ་སྣ་ཚོགས་པདྨ་ནི། །གེ་སར་ཡང་དག་ལྡན་པ་ལ། །མཚམས་སུ་བུམ་པ་ཐོད་པས་བརྒྱན། །གསེར་གྱི་མདོག་ཏུ་བྲི་བར་བྱ། །མཐིང་ཤུན་ཕྱེ་མ་ལ་སོགས་པས། །ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ། །རྡོ་རྗེ་འཁོར་ལོས་བསྐོར་བར་བྱ། །བྱུ་ རུ་ལ་སོགས་མདོག་འདྲ་བས། །གསུང་གི་འཁོར་ལོ་རྩིབས་བརྒྱད་པ། །པདྨའི་ཕྲེང་བས་བསྐོར་བ་བྲི། །མུ་ཏིག་ལ་སོགས་ཕྱེ་མས་ནི། །སྐུ་ཡི་འཁོར་ལོ་བྲི་བྱས་ཏེ། །འཁོར་ལོའི་ཕྲེང་བས་བསྐོར་བར་བྱ། །ཇི་ལྟར་པདྨའི་ཁ་དོག་བཞིན། །སྒོ་བཞིའི་ཆ་ཡང་དེ་བཞིན་ ཏེ། །ཤར་ཕྱོགས་སུ་ནི་དཀར་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་དུ་མརྒད་ཡང་དག་ལྡན། །དབུས་ཀྱི་ས་ཡི་ཆ་ཉིད་ནི། །ཨིནྡྲ་ནཱི་ལ་འོད་འབར་བའི། །གྲྭ་ཡི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ ཆེན་གྱིས་སྤྲས་པ། །མཉམ་པར་གཞག་པས་ཡང་དག་བྲི། །རྡོ་རྗེ་ར་བའི་ནང་དུ་ནི། །དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །གཏུམ་དྲག་དེ་བཞིན་ཚང་ཚིང་དང་། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་ཟད་གཞན། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག ། མུན་པ་དྲག་པོ་བདེན་བྲལ་དུ། །རླུང་དུ་ཀཱི་ལི་ཀཱི་ལའི་སྒྲ། །ཤར་དུ་ཤིཪྵ་ཨ་ཤྭད་ཤིང་། །ཀང་ཀེ་ཁྱད་པར་ཙུ་ཏའི་ཤིང་། །བ་ད་དེ་བཞིན་ཀ་རཉྫ། །ལ་ད་བར་ཀ་པར་ཐི་ཀ །དབང་པོ་དེ་བཞིན་གནོད་སྦྱིན་དང་། །ཀླུ་ཡི་དབང་དང་གཤིན་རྗེའི་བདག །དབང་ལྡན་ དེ་བཞིན་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་གི་བདག །བ་སུ་ཀི་དང་འཇོག་པོ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །དབང་ལྡན་དང་ནི་དུང་སྐྱོང་ངོ་། །སྒྲོགས་པ་དང་ནི་ཆེར་སྒྲོགས་དང་། །དྲག་དང་ཡོན་ཏན་བསྟན་དེ་བཞིན། །གང་བ་དང་ནི་དེ་བཞིན་འབེབས། ། གཏུམ་པོ་འདི་དག་སྤྲིན་དབང་ཕྱུག །རྣལ་འབྱོར་མ་ཡི་ཚོགས་རྣམས་དང་། །དངོས་གྲུབ་རྫུ་འཕྲུལ་ཡང་དག་པར། །ཐོབ་པ་སློབ་དཔོན་གྱི་ནི་ཚོགས། །དུར་ཁྲོད་དབུས་སུ་བལྟ་བར་བྱ། །དེ་ཉིད་བསྡུས་དང་བདེ་མཆོག་དང་། །གསང་བ་རྡོ་ རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་འདི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཚོན་དགྱེ་བའོ།། །།དེ་ནས་སློབ་དཔོན་མཉམ་གཞག་པས། །དཀྱིལ་འཁོར་དབུས་ནས་དུར་ཁྲོད་སར། །ལྷག་ཆད་ཉེས་པའི་སྐྱོན་བསལ་ལ། །བསྐོར་བ་ལན་གསུམ་བརྩམ་པར་ བྱ། །བུམ་པ་མཆོད་རྫས་ལ་སོགས་པ། །གདུགས་དང་རྒྱལ་མཚན་རོལ་མོ་དང་། །སིལ་སྙན་གླུ་ཡིས་སྤྱན་དྲངས་ལ། །དཀྱིལ་འཁོར་གནས་སུ་དགོད་པར་བྱ། །དཀྱིལ་འཁོར་ཀུན་དུ་རིན་ཆེན་ནམ། །གསེར་རྣམས་ཀྱིས་ནི་མཛེས་པར་བྱ། །དེ་ནས་སློབ་དཔོན་ཁྲུས་བྱས་ ཏེ། །དྲི་ཞིམ་རུས་པའི་རྒྱན་གྱིས་སྤྲས། །རྩེ་བྲན་རྡོ་རྗེ་དྲིལ་འཛིན་པ། །དཀྱིལ་འཁོར་གྱི་ནི་ལྷོ་ཕྱོགས་སུ། །བདེ་བའི་གདན་ལ་འདུག་ནས་ནི། །བླ་མ་དམ་པ་ལཱུ་ཡི་པས། །མངོན་པར་རྟོགས་པའི་རིམ་པ་རྣམས། །བསྒོམས་ཏེ་བཟླས་པ་བྱས་པའི་མཐར། །བཅུ་ དྲུག་ལྷ་མོ་རྣམས་ཀྱིས་མཆོད། །མེ་ཏོག་བདུག་པ་མར་མེ་དྲི། །དཀར་པོ་དུང་མདོག་དམར་བ་ལྗང་། །ཞལ་གཅིག་ཕྱག་གཉིས་རྩ་བར་རྟགས། །ཌ་རུ་ཐོད་པ་ཁ་ཊྭཱཾ་ག །གཞན་གྱི་ཕྱག་གསུམ་དག་ན་འཛིན། །པི་ཝང་གླིང་བུ་རྔ་ཟླུམ་མ། །རྫ་རྔ་ཞལ་གཅིག་ཕྱག་བཞི་ མ། །གཉིས་ཀྱིས་རང་རང་བརྡུང་བར་བརྩོན། །ཐ་མ་རྡོ་རྗེ་དྲིལ་བུ་འཛིན། །སྔོ་སེར་དམར་པོ་ལྗང་གུའོ། །ཕྲེང་བ་སྒེག་མོ་གླུ་གར་མ། །དམར་དཀར་སེར་མོ་ལྗང་གུ་སྟེ། །ཕྲེང་མ་ཕྱག་གཉིས་ཕྲེང་བ་འདྲེན། །རྡོ་རྗེ་དྲིལ་འཛིན་སྒེག་པ་མོ། །གླུ་མ་འཁར་བའི་སིལ་ཁྲོལ་ ཏེ། །གར་མ་པདྨའི་གར་སྐྱོད་བྱེད། །གཞན་གཉིས་ཐོད་པ་ཁ་ཊྭཱཾ་ག །གཟུགས་དང་རོ་དུད་རེག་དང་ཆོས། །དཀར་དམར་ལྗང་གུ་དཀར་མོ་སྟེ། །ཞལ་གཅིག་ཕྱག་བཞི་དང་པོ་ན། །མེ་ལོང་དད་དྲི་གོས་ཆོས་འབྱུང་། །ཌ་རུ་ཐོད་པ་ཁ་ཊྭཱཾ་ག །ལྷག་མའི་ཕྱག་ན་ གནས་པས་མཆོད། །རྐང་པ་བརྒྱད་ཀྱིས་བསྟོད་བྱས་ལ། །བཤགས་དང་གསོལ་བ་ལ་སོགས་བྱ། །ག་ཎ་ཚོགས་ཀྱི་མཆོད་པ་ཡིས། །དཀྱིལ་འཁོར་ལྷ་ཀུན་མཉེས་བྱས་ལ། །དཔལ་ལྡན་མཁའ་འགྲོ་མ་རྣམས་ལ། །བ་ལིཾ་ཆེན་པོའི་གཏོར་མ་སྦྱིན། །དཀྱིལ་ འཁོར་སྒྲུབ་པའི་དོན་དུ་ནི། །སློབ་དཔོན་རྣལ་འབྱོར་ལྡན་པ་ཡིས། །ཞི་དང་རྒྱས་པའི་སྦྱིན་སྲེག་ནི། །སློབ་མ་སྡིག་སོགས་སྦྱོང་བའི་ཕྱིར། །ཇི་ལྟར་འགྲུབ་པའི་གྲངས་རྣམས་བྱས། །མེ་ཏོག་ཕྲེང་འཛིན་སློབ་དཔོན་གྱིས། །ལྷ་ཡི་སྒོ་ནས་ཞུགས་ནས་ཀྱང་། །ཧེ་རུ་ ཀ་དཔལ་རྒྱལ་པོ་ལ། །ཆུ་དང་དབུ་རྒྱན་ལ་སོགས་པ། །རྗེས་གནང་མཐའ་རུ་རིམ་བཞིན་ནོ། །རིགས་ལ་རྗེས་གནང་ཐོབ་པ་དང་། །སློབ་མ་ཤིས་པར་བྱ་བའི་ཕྱིར། །བདེན་པ་འདི་ནི་བསྒྲག་པར་བྱ། །དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་ མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་པ་བསྐྱེད་པ་ཉོན་མོངས་བཅོམ་མཛད་པ། །རྣལ་འབྱོར་དོན་དམ་དེ་ཉིད་རྒྱལ་པོ་གྲུབ་པར་མཛོད། །དཀྱིལ་འཁོར་སྒྲུབ་པའོ།། །།ཀུན་བྱེད་ཆུ་ཡིས་ཁྲུས་བྱས་ལ། །དེ་ཡི་བུ་སྡུག་གདོང་ལ་ནི། །དར་ གྱིས་ལེགས་པར་དཀྲིས་ནས་ནི། །ཡོལ་བའི་མཐར་ནི་དྲངས་པ་ལ། །བླ་མས་འདི་སྐད་དྲི་བར་བྱ། །སྡུག་པ་ཁྱོད་སུ་ཅི་ལ་དགའ། །དེས་ཀྱང་བདག་ནི་སྐལ་བ་བཟང་། །བདེ་བ་ཆེ་ལ་རྟག་ཏུ་དགའ། །དེ་ནས་ལས་ཀུན་བྱེད་པའི་ཆུས། །ཡོལ་བའི་ཕྱི་རུ་བསང་གཏོར་བྱ། །དེ་ ནས་སློབ་མས་འདི་སྐད་དུ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་མཛོད། །བླ་མས་ ཀྱང་ནི་འདི་སྐད་དུ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོ་བསྡུས་པའི་དཀྱིལ་འཁོར་དུ། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་ལྷོ་སྐོར་མངོན་ཕྱོགས་ལ། །ཨོཾ་ན་མསྟེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ། ལུས་ ངག་ཡིད་ཀྱིས་ཕྱག་གསུམ་བྱ། །སྙིང་གར་རྡོ་རྗེ་རབ་བཞག་ལ། །རྣལ་འབྱོར་སེམས་ནི་བསྐྱེད་པར་བགྱི། །ཨོཾ་ཡོ་ག་ཙིཏྟ་ཨུཏ་པཱ་དཱ་ཡཱ་མི། སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿསིདྡྷ་བཛྲ་ཡ་ཐཱ་སུ་ཁཾ། དེ་ཡི་སྤྲོ་བ་བསྐྱེད་པ་ནི། །དེང་ཁྱོད་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ། །ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས་ཀྱི་ཁྱོད་ ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བདུད་རྩི་ལྔ་ཡི་ ཆུ་དག་ནི། །ཐོད་པར་ལེགས་པར་བླུགས་ནས་ནི། །མནའ་ཆུ་བླུད་ཕྱིར་འདི་སྐད་བརྗོད། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་ཐོབ། །ཨོཾ་པཉྩ་ཨ་མྲྀ་ཏོད་ ཀ་ཋཿཋཿཋཿཧཱུཾ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་ དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་སྨྲར་གཞུག་གོ། །བདུད་རྩི་ལྔ་དང་བྱི་ལའི་བྲུན། །གུ་གུལ་བུད་མེད་གོས་ཀྱི་མཐའ། །པདྨའི་སྣོད་དུ་བཞག་ནས་སུ། །དུར་ཁྲོད་མེ་ལ་བདུག་ པར་བྱ། །གཡས་བརྐྱང་བ་ལ་ལེགས་བསྡམས་ཏེ། །གཉིས་མེད་གསང་སྔགས་བཟླས་བྱས་ནས། །སྐད་ཅིག་ཉིད་ལ་ཡང་དག་འཇུག །ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་ནི་དཔའ་བོ་བསྐུལ་བར་བྱ། །དེ་ ནས་གཡོན་ཐོགས་གྲོང་ཁྱེར་དུ། །བསྐོར་བ་ལན་གསུམ་བྱས་ནས་ནི། །བསྙེན་ནས་སྙིམ་པའི་མེ་ཏོག་དོར། །པྲ་ཏཱིཙྪ་བཛྲ་ཧོ། །དཀྱིལ་འཁོར་གང་དུ་མེ་ཏོག་བབས། །དེ་ཡི་རིགས་ནི་བསྟན་པར་བྱ། །སླར་ཡང་དེ་ཉིད་བླངས་ནས་སུ། །སློབ་མའི་མགོ་ལ་བཅིང་བར་བྱ། ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་ནི་འབྱེད་པར་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་ཕྱེ་བར་འགྱུར། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི། །བརྗོད་ནས་གདོང་གཡོགས་ཕུད་ནས་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་བུ་ཁྱོད་སྐལ་ལྡན་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །དེ་ནས་ དཀྱིལ་འཁོར་གྱི་དེ་ཉིད་ནི། །དབུས་ཀྱི་པདྨ་རིན་ཆེན་འཛིན། །ཐུགས་ཀྱི་འཁོར་ལོ་མི་བསྐྱོད་པ། །གསུང་གི་འཁོར་ལོ་སྣང་མཐའ་ཡས། །སྐུ་ཡི་འཁོར་ལོ་རྣམ་སྣང་མཛད། །སྦུབས་རྣམས་ཀུན་ནི་དོན་ཡོད་ལ། །སྒོ་བཞི་དྲན་པ་ཉེར་གཞག་བཞི། །ཁ་དོག་ལྔ་ནི་ རིགས་ལྔ་ལ། །གྲུ་བཞི་ཚངས་པའི་སྒོ་བཞི་གསུངས། །ལོགས་བཞི་བསྡུ་བའི་དངོས་པོ་སྟེ། །ཀ་བ་བརྒྱད་ནི་རྣམ་ཐར་བརྒྱད། །གདོང་བཞི་ཡེ་ཤེས་བཞི་ཡི་དོན། །ཏྭ་ར་ཎ་ལ་སོགས་པ་ཀུན། །སྟོབས་ལ་སོགས་པ་ཡིན་པར་གསུངས། །རྣམ་ཤེས་དག་པ་ དུར་ཁྲོད་ལ། །ཕྱོགས་སྐྱོང་མི་དགེ་བཅུ་པོ་སྤོང་། །སངས་རྒྱས་བརྒྱད་ཀྱི་མཚན་མ་ཤིང་། །གདུག་པ་འཇོམས་ཕྱིར་ཤིང་བརྒྱད་དོ། །ཐུགས་རྗེའི་རྟགས་སུ་སྤྲིན་བརྒྱད་དོ། །དེ་ནས་ལྷ་ཡི་རྣམ་དག་ནི། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། །དབྱིངས་དང་ཡེ་ཤེས་ གཉིས་མེད་པས། །ཡུམ་དང་གཉིས་སུ་མེད་པ་ཡིན། །མཐིང་ག་སྐྱོན་གྱིས་མ་གོས་པ། །ཞལ་བཞི་རྣམ་པར་ཐར་པ་བཞི། །སྤྱན་ནི་དུས་གསུམ་མཁྱེན་པ་སྟེ། །རྟེན་འབྲེལ་དག་པས་ཕྱག་བཅུ་གཉིས། །ཕ་རོལ་ཕྱིན་པས་རྒྱན་དྲུག་ལ། །འཁོར་ལོ་ལྔ་ཡི་ ལྷ་རྣམས་ནི། །སུམ་ཅུ་རྩ་བདུན་བྱང་ཆུབ་ཕྱོགས། །ཡིན་པར་མངོན་རྟོགས་གཞུང་ལྟར་སྦྱར། །སློབ་མ་གཞུག་པའོ།། །།དེ་ནས་སློབ་མས་བླ་མ་ཡི། །ཞབས་ལ་དད་པས་ཕྱག་བྱ་སྟེ། །ཐལ་སྦྱར་ཡོན་ནི་ཕལ་བ་ཡིས། །དབང་བསྐུར་ དོན་དུ་གསོལ་བ་གདབ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་གསོལ་བ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་གསོལ། །དེ་ནས་ལྷོ་སྒོར་པདྨ་ནི། །འདབ་བརྒྱད་དབུས་སུ་ཁྲི་བཤམས་ཏེ། །སློབ་མ་བརྟག་ པའི་རྣལ་འབྱོར་པ། །རྒྱན་གྱིས་བཀླུབས་ཏེ་གཞག་པར་བྱ། །ཆུ་རྣམས་རྣམ་རྒྱལ་བུམ་པར་བསྡུ། །མི་བསྐྱོད་པ་རུ་བསྐྱེད་ནས་ནི། །དཀྱིལ་འཁོར་ལུས་ལ་བཙུད་ནས་སུ། །སློབ་མའི་སྤྱི་བོར་བཀྲུ་བར་བྱ། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ ཕྱག་བྱས་པས། །གསང་གསུམ་གནས་ལས་འབྱུང་བ་ཡི། །སངས་རྒྱས་ཀུན་གྱི་ཆུ་དབང་སྦྱིན། །ཨོཾ་ཨུ་ད་ཀ་ཨ་བྷིཥིཉྩཱ་མི། །ཤིང་དམ་རིན་ཆེན་དབུ་རྒྱན་ལ། །རིན་ཆེན་འབྱུང་བར་བསྐྱེད་ནས་སུ། །ཡེ་ཤེས་འཁོར་ལོ་ལུས་ལ་གཞུག །གསང་གསུམ་ གནས་ལས་འབྱུང་བ་ཡི། །སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །དབུ་རྒྱན་དམ་པ་ཁྱོད་ཀྱིས་ལོང་། །མཚན་ཉིད་ལྡན་པའི་རྡོ་རྗེ་འདི། །འོད་དཔག་མེད་དུ་བསྐྱེད་ནས་སུ། །གསུང་གི་འཁོར་ལོ་ལུས་ལ་གཞུག །སངས་རྒྱས་ ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་དོན་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་བཟུང་། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་ བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཨོཾ་ལས་སྐྱེས་པའི་དྲིལ་བུ་ཡང་། །ལག་པ་གཡོན་པར་བྱིན་ནས་ནི། །དམ་ཚིག་འཁོར་ལོ་ལུས་ལ་གཞུག །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེང་། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །རྡོ་རྗེ་དྲིལ་བུ་སྤྱི་ བོར་ནི། །རྣམ་པར་སྣང་མཛད་སྐུ་ཡི་ཙཀྲ་བསྒོམ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཤིཉྩཱ་མི། ཨོཾ་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥི་ཀ་ཏ། ཤྲཱི་སྒྲ་དང་བཅས་པ་འདིས། །རིགས་ལས་དྲངས་ཏེ་མིང་དབང་བསྐུར། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་དང་ནི་མིང་ དབང་བསྐུར། །བདེ་གཤེགས་ལྔ་ཡི་བདག་ཉིད་དེ། །ཕུང་པོ་ལྔ་དང་ཉོན་མོངས་དག །རིགས་པའི་དབང་ལྔའོ།། །།སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །སྡུག་བསྔལ་ཆེན་པོ་ཞི་བྱེད་པ། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་རྟག་ཏུ་བསྐྱང་བར་ བྱ། །ཡིད་ཀྱིས་ལུས་ནི་བརྟག་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་ཅེས་བྱར་བརྗོད། །དམ་ཚིག་གསུམ་ནི་བྱིན་ནས་སུ། །དེ་ནས་སྔགས་ཀྱི་དབང་བསྐུར་སྦྱིན། །ཉི་ཤུ་རྩ་གཉིས་ཡི་གེ་མཆོག །བདག་གིས་བཅོམ་ལྡན་འདིར་བྱིན་ལགས། །འདི་ལ་འགོ་བར་ མཛད་དུ་གསོལ། །བདག་གིས་བཅོམ་ལྡན་འདིར་བཟུང་ལགས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་པས་སྔགས་ཀྱི་དབང་བསྐུར་བྱིན། །གཞན་དོན་ནུས་པའི་གཙོ་ཆེན་གྱིས། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། ། འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེ་གསོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །དེ་ནས་ བརྟུལ་ཞུགས་སྦྱིན་པ་ནི། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཨ་དྷི་པ་ཏི་སྟྭཾ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧི། །རྡོ་རྗེ་ རྗེའི་བརྟུལ་ཞུགས་སོ། །ཁ་ཊྭཱཾ་ཅང་ཏེའུ་པད་སྣོད་སོགས། །དཔའ་བོ་ཆེན་པོས་བླང་བར་བགྱི། །ཧེ་རུ་ཀ་ཡི་ཕྱག་རྒྱ་འདི། །ཕྱི་རོལ་ནང་ན་ཡང་དག་གནས། །སྤྱོད་པའི་བརྟུལ་ཞུགས་སོ། །གཡོན་པའི་ཕྱག་གིས་ཆོས་གོས་མཐའ། །བརྟུལ་ཞུགས་ ཅན་གྱིས་བཟུང་བ་དང་། །གཡས་པས་མི་འཇིགས་སྦྱིན་པར་བྱ། །སློབ་མ་ལུང་ནི་བསྟན་པར་བྱ། །ཨོཾ་འདི་ལྟར་ང་ཡིས་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཐའ་ནི་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཀུན་ནས་བཏོན། །ཨོཾ་ཤྲཱི་ཧེ་རུ་ཀ་ཀེ་ ཏི་ན་མཿསརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ། བྷུར་བྷུ་བ་སྭཿ། ཁྱོད་ནི་འཁོར་ལོ་གསུམ་དབང་ཕྱུག །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །ཧེ་རུ་ཀ་དཔལ་ཞེས་བྱ་བ། །དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་ དང་དཔའ་ཚོགས་དང་། །ཤེས་རབ་ཐབས་ཀྱི་བསྙེམས་ཆེན་གྱི། །གར་ཆེན་བདེ་བས་དགའ་སྟོན་གྱིས། །གར་རོ། །སྒེག་དང་བཅས་པའི་ཕྲེང་བ་འབར། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེས་ནི་བྲལ་བར་མི་འགྱུར་ཏེ། །ཕྲེང་བ་འདི་ནི་རྒྱན་ཡིན་ནོ། །ཕྲེང་ བའོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང་། །མཆོག་ཏུ་བདེ་བ་མྱོང་བར་འགྱུར། །གླུའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་ལ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །དྲིའོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །སྤོས་སོ། །ཆོས་ཀྱི་མར་མེ་ ལེགས་སྦར་ན། །པདྨ་གར་དབང་རང་ཉིད་འགྱུར། །སེམས་ཅན་མ་རིག་ལྡོངས་རྣམས་ལ། །ཡེ་ཤེས་སྒྲོན་མེས་སྣང་བར་གྱིས། །མར་མེའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་ རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ། ཐུར་མའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་ འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །མེ་ལོང་ངོ་། །ཁྱོད་ནི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲ་མེད་ཀུན་དུ་དགང་བར་གྱིས། །དུང་ངོ་། །ཞི་དང་རྒྱས་ དང་དབང་དང་དགུག །སྡང་བར་བྱ་དང་གནས་པ་དང་། །བསད་དང་བསྐྲད་པ་ལ་སོགས་ཏེ། །ལས་དེ་རྣམས་ནི་གྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །ཤིང་ལྷམ་དེ་བཞིན་རི་ལུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་རྣམས། །ཅི་དགའ་བར་ནི་སྒྲུབ་པར་ གྱིས། །ཤེས་རབ་ཐབས་དག་རང་བཞིན་གྱིས། །ཡིད་བཞིན་ནོར་བུ་ཇི་བཞིན་དུ། །སྐྱོ་དུབ་དོགས་པ་མ་བྱེད་པར། །དེ་ནི་སེམས་ཅན་དོན་རྣམས་ཀྱིས། །བྱང་ཆུབ་སྙིང་པོ་མཐར་ཐུག་པར། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཀུན་ ནས་རབ་ཏུ་བསྐོར་བར་གྱིས། །དགུན་ཟླ་འབྲིང་པོ་ནས་བརྩམས་ནས། །ཡར་ངོ་མར་ངོའི་ཚེས་བཅུ་ལ། །འབད་པས་དཔའ་བོ་ཆང་སོགས་ཀྱིས། །རྡོ་རྗེ་ལྷ་མོ་རབ་ཏུ་མཆོད། །གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཞུགས་མཐོང་བས་ ན། །དེ་ཁྱོད་སྡིག་པ་ཐམས་ཅད་ལས། །རྣམ་གྲོལ་བཟང་པོར་འགྱུར་བར་གནས། །སངས་རྒྱས་ཀུན་གྱིས་མཉམ་གསུངས་པའི། །རྗེས་གནང་མཆོག་ཏུ་དབུགས་དབྱུང་བ། །དངོས་གྲུབ་མཚན་ཉིད་སྡོམ་པ་ནི། །འདི་དག་རྟག་ཏུ་བསྲུང་བར་གྱིས། ། སློབ་མ་དད་པའི་སྟོབས་ཀྱིས་ནི། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བགྱི་ཞེས་སྨྲ་བར་བྱ། །དབང་བསྐུར་རྗེས་གནང་ཐོབ་པ་ཡི། །བྱ་བ་བྱས་པས་རབ་དགོད་ཅིང་། །ཀུན་དུ་དགའ་བར་བྱེད་བ་ཡི། །འཇམ་ པའི་ཚིག་ནི་བརྗོད་པར་བྱ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྟོག་པའི་མཚོན་ཆེན་རབ་འཇིགས་པ། །ཉོན་མོངས་ འདམ་ནི་རྒལ་དཀའ་ཞིང་། །མནར་མེད་ལ་སོགས་སྐྱེ་བ་འཁྲུངས། །མགོན་པོ་ཁྱོད་ཀྱིས་བདག་བསྒྲལ་ལོ། །བག་ཆགས་ཐམས་ཅད་སྤངས་པ་ཡི། །བྱང་ཆུབ་དམ་པ་བདག་འཚལ་བ། །ཁྱོད་ཞབས་ལམ་གྱི་བཀའ་དྲིན་གྱིས། །རྫོགས་པ་ཉིད་དུ་བདག་གྱུར་ཏོ། ། སློབ་དཔོན་དབང་བསྐུར་ཡང་དག་རྫོགས། །བུམ་པ་ལས་ནི་བྱུང་བའོ། །གཉིས་པ་གསང་བ་མཆོག་ཡིན་ཏེ། །གསུམ་པ་ཤེས་རབ་ཡེ་ཤེས་ཡིན། །བཞི་པ་དེ་ལྟར་ཡང་དེ་བཞིན། །དབང་བསྐུར་འདི་དག་ཡང་དག་ལྡན། །དེ་ནི་དམ་ཚིག་ཅན་ཞེས་བྱ། །བླ་མའི་ངག་ ལས་རྟོགས་པའི་ཕྱིར། །མཆོག་དབང་གསུམ་པོ་གསལ་མ་བྱས། །རྫོགས་སོ།། །།དེ་ནས་གཞན་ཡང་རབ་གནས་ཀྱི། །ཆོ་ག་ཕ་རོལ་སོན་པ་བཤད། །སྔར་བཤད་མཚན་ཉིད་ལྡན་པ་ཡི། །སློབ་དཔོན་དུ་ནི་རབ་ཏུ་བརྟག །ལུགས་མ་མངོན་པར་འདུས་བྱས་ པའི། །སྐུ་གཟུགས་ལ་སོགས་པ་རྣམས་ནི། །རབ་གནས་དོན་དུ་ས་སྦྱང་ཞིང་། །བླ་རེ་རྒྱལ་མཚན་བ་དན་རྣམས། །བརྒྱན་ཅིང་ས་ནི་ཡོངས་སུ་གཟུང་། །སྐུ་གཟུགས་སམ་ནི་གླེགས་བམ་མམ། །བྲིས་སྐུ་ཡོངས་སུ་རྫོགས་པ་རྣམས། །མདུན་རོལ་དུ་ནི་གནས་པར་ བྱ། །དཀྱིལ་འཁོར་འཁོར་ལོ་ནམ་མཁར་གནས། །ཉེར་སྤྱོད་ལྔ་ཡིས་ཡང་དག་མཆོད། །ས་མ་ཡ་སྟྭཾ། ས་མ་ཡ་ཧོ། །ལན་གསུམ་དུ་ནི་བརྗོད་པར་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་ཡང་དག་གཟིགས་ནས་ནི། །ལྷ་མོ་སྒྱུ་ འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་འདིར་ནི་བཞུགས་སུ་གསོལ། །ཆེ་གེ་ཞེས་བྱའི་དོན་དུ་ནི། །བྱང་ཆུབ་སེམས་ནི་ཡོངས་སྤེལ་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཏེ། །མགོན་པོ་འདིར་ནི་རྟག་བཞུགས་མཛོད། །ཚིག་འདིས་དེ་བཞིན་གཤེགས་པ་ རྣམས། །ལྷག་པར་གནས་པར་བྱས་ནས་ནི། །མཁས་པ་ཡིས་ནི་བསྟོང་བྱས་ན། །ཡུངས་ཀར་གྱིས་ནི་བསྐོར་ནས་ཀྱང་། །ལན་གསུམ་དུ་ནི་སྦྱང་བར་བྱ། །འདག་ཆལ་གྱིས་ནི་ཁྲུས་ཀྱང་བྱ། །དྲི་ཞིམ་ལྡན་པའི་མར་གྱིས་བྱུག །སླར་ཡང་བུམ་པ་སོ་སོ་ཡི། །སྐུ་ གཟུགས་རྣམས་ནི་ཁྲུས་ཀྱང་བྱ། །ཕྱི་ནས་ནམ་མཁར་གནས་པ་ཡི། །དཀྱིལ་འཁོར་འཁོར་ལོ་བཅོམ་ལྡན་འདས། །ལུགས་མ་ལ་སོགས་རབ་ཞུགས་བྱ། །ཡུལ་ཆོས་ལ་སོགས་ཇི་བཞིན་དུ། །ལས་བཅུ་ཡི་ནི་བྱ་བ་བྱ། །སྤྱན་ནི་དབྱེ་བ་བྱས་ནས་སུ། །རྡོ་རྗེའི་སྤྱན་ དུ་བྱིན་གྱིས་བརླབ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བགྱི། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ཡེ་སྭཱ་ཧཱ། །དངུལ་གྱི་རྣ་བྲུས་སྙན་ཕྱེ་ལ། །རྡོ་རྗེའི་ སྙན་དུ་བྱིན་གྱིས་བརླབ། །འགྲོ་རྣམས་ཆོས་ཀྱིས་ཕོངས་པ་ལ། །རྒྱལ་བས་ཆོས་ཀྱི་དུང་བུས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བྱ། །ཨོཾ་དི་བྱ་ཀརྞ་ཡེ་སྭཱ་ཧཱ། །གསེར་གྱི་རྨང་ཙེས་ཤངས་ཕྱེ་ལ། །རྡོ་རྗེའི་ཤངས་སུ་བྱིན་གྱིས་བརླབ། ། ཟག་བཅས་ཕུང་པོ་དྲི་སྤངས་པའི། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྣམ་པར་དག་པའི་དྲི་བསྐྱེད་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །ཨོཾ་དྱི་བྱ་གྷྲ་ཎ་ཡེ་སྭཱ་ཧཱ། །ཞལ་ཐུར་གྱིས་ཞལ་ཕྱེ་ལ། །རྡོ་རྗེའི་ཞལ་དུ་བྱིན་གྱིས་བརླབ། །ཆོས་ཀྱི་རོ་ཡི་དགའ་བ་ ཡིས། །འགྲོ་བ་ཐམས་ཅད་ཚིམ་མཛད་པ། །རོ་མཆོག་བརྒྱ་ལྡན་ཞལ་ཟས་རྣམས། །དབུལ་ཕྱིར་རྒྱལ་བའི་ཞལ་དབྱེ་འོ། །ཨོཾ་དི་བྱ་མུ་ཁ་ཡེ་སྭཱ་ཧཱ། ཚེམས་ཤིང་གིས་ཚེམས་ཕྱིས་ལ། །རྒྱལ་བའི་ཚེམས་དཀར་བཞི་བཅུ་ལ། །མི་གཙང་རྡུལ་གྱིས་མ་གོས་ཏེ། ། བཀུར་སྟི་རིན་ཆེན་ལྗོན་ཤིང་གིས། །རྒྱལ་བའི་ཚེམས་ནི་དབྱི་བར་བྱ། །རས་ཀྱིས་སྐུ་ཕྱིས་ལ། རྒྱལ་བས་ཉེས་པའི་སྐྱོན་སྤངས་ཀྱང་། །སེམས་ཅན་ཉེས་པ་སྦྱང་སླད་དུ། །རས་དཀར་གཙང་མའི་ཕོ་ལྡི་ཡིས། །རྒྱལ་བ་རྣམས་ཀྱི་སྐུ་ཕྱིའོ། །ཨོཾ་ཀཱ་ཡ་བི་ཤོ་ དྷ་ནེ་སྭཱ་ཧཱ། རབ་བྱུང་ཡིན་ན་གསེར་གྱི་སྤུ་གྲིས་དབུ་སྐྲ་བཞར་ལ། །ཇི་ལྟར་རང་བྱུང་མཆོད་རྟེན་དུ། །རྒྱལ་བས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་ནི་སྤང་བར་བྱ། །འཁོར་ལོས་སྒྱུར་བའི་ཆ་བྱད་ ཡིན། །རྒྱལ་བའི་དབུ་སྐྲ་ལྕང་ལོ་ལ། །དུག་གསུམ་དྲི་མས་མ་གོས་ཏེ། །བཀུར་སྟི་དུང་གི་སོ་མངས་ཀྱིས། །རྒྱལ་བའི་དབུ་སྐྲ་བཤད་པར་བྱ། །བྱང་ཆུབ་སེམས་དཔའ་འཁོར་བ་ན་གནས་པ་རྣམས་ལ་མཁོ་བའི་ཡོ་བྱད་རྣམས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་ པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེར་བཞེས་པ་ལྟར། །མཁོ་བའི་ཡོ་བྱད་རྣམས་ནི་དབུལ་བར་བྱ། །ཨོཾ་བོ་དྷི་སཏྭ་ཨུ་པ་ཡུ་ཀ་ས་པ་རི་ཝཱ་ར་ཡེ་སྭཱ་ཧཱ། །དེ་ནས་རྫས་ཀྱི་མཆོད་པའམ། །འདོད་ཡོན་ལྔ་ཡི་མཆོད་པ་ལས། །སྤྱན་ ལ་སོགས་པའི་སྐྱེ་མཆེད་ལ། །ཅི་རིགས་པར་ནི་མཆོད་པར་བྱ། །དེ་ནས་མངའ་ཆེ་བའི་རྫས་དབུལ་ཏེ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །སྨན་ལྔ་ལ་སོགས་མཁོ་བའི་རྫས། །རྡོ་རིངས་གླེགས་ཐག་ལ་སོགས་དབུལ། །རིན་ཆེན་མངའ་དབུལ་ འདིར་མི་བརྗོད། །བཀྲ་ཤིས་བརྒྱད་ཀྱི་མངའ་དབུལ་བ། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །བཀྲ་ཤིས་དཔལ་བེའུ་གཡུང་དྲུང་འཁྱིལ། །དགེ་བའི་དོན་དུ་མངའ་བ་ལྟར། །བདག་གིས་དཔལ་བེའུ་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གསེར་གྱི་ འཁོར་ལོ་མུ་ཁྱུད་ཅན། །ཚངས་པ་ཆེན་པོས་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གདུགས་དཀར་གསེར་གྱི་ཡུ་བ་ཅན། །ཕུལ་བ་དེ་བཞིན་བདག་དབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར་སྔོན་ གྱི་སངས་རྒྱས་ལ། །ཉོན་མོངས་བདུད་ལས་རྒྱལ་བ་ཡི། །ཆོས་ཀྱི་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །རེ་བ་ཐམས་ཅད་རྫོགས་མཛད་པའི། །བུམ་པ་བཟང་པོ་ཕུལ་བ་ལྟར། །བདག་གིས་ ཅི་བཞིན་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །འདམ་གྱི་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར་སྔོན་གྱི་ སངས་རྒྱས་ལ། །སྙན་པ་ཕྱོགས་བཅུར་སྒྲོགས་པ་ཡི། །བུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ན་བཟའ་གསེར་གྱི་ངང་རིས་ཅན། །ཕུལ་བ་དེ་བཞིན་ བདག་དབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །དེ་ལས་གཞན་པའི་མངའ་དབུལ་བ་ནི། བདེ་གཤེགས་རྣམས་ལ་འབྲུ་ཕུལ་བས། །ཟས་ཀྱི་འབྱོར་པ་ལྡན་པ་དང་། །དགེ་བའི་ལོ་ཏོག་རྒྱས་གྱུར་ཅིག །རིན་ཆེན་སྣ་ལྔ་ཕུལ་བ་ཡིས། །བདག་དང་འགྲོ་བ་ཐམས་ཅད་ ཀྱི། །དབུལ་བའི་སྡུག་བསྔལ་ཞི་བ་དང་། །ལོངས་སྤྱོད་ཕུན་སུམ་ཚོགས་གྱུར་ཅིག །བདེ་གཤེགས་རྣམས་ལ་སྨན་ཕུལ་བས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །ནད་ཀྱི་སྡུག་བསྔལ་བྱང་གྱུར་ནས། །ཐུགས་རྗེའི་སྨན་གྱིས་གདུལ་གྱུར་ཅིག །སྙིང་པོ་རྣམ་པ་ལྔ་ ཕུལ་བས། །བདག་དང་འགྲོ་བ་ཐམས་ཅད་ཀྱིས། །ཡེ་ཤེས་རྣམ་པ་ལྔ་རྟོགས་ཏེ། །ཡང་དག་སྙིང་པོ་ལྡན་གྱུར་ཅིག །དེ་ནས་གུར་གུམ་ལ་སོགས་ཆུས། །དྲི་བསྒོའི་ཕྱིར་ན་བཀྲུ་བར་བྱ། །མཆོད་རྟེན་གླེགས་བམ་ལ་སོགས་ལ། །དབང་པོ་སྐྱེ་མཆེད་མེད་པའི་ ཕྱིར། །སྤྱན་དབྱེ་ལ་སོགས་བྱ་མི་དགོས། །སྐུ་ཕྱི་བ་དང་ཁྲུས་བྱ་སྟེ། །རྡོ་རིངས་ཐེམ་སྐས་སྲོག་ཤིང་དང་། །འཁོར་ལོ་ཆར་ཁབ་རྒྱལ་མཚན་དང་། །གདུགས་ལ་སོགས་པའི་ཡོ་བྱད་རྣམས། །མཆོད་རྟེན་རྣམས་ལ་དབུལ་བར་བྱ། །གསུང་གི་རྟེན་དུ་གནས་གྱུར་ན། ། གླེགས་ཤིང་ཕུལ་ལ། ཆོས་དབྱིངས་ནམ་མཁའ་ལྟ་བུར་དག་པ་ལ། །སྡོམ་དང་མི་སྡོམ་མཚན་མ་གཉིས་མེད་ཀྱང་། །ཉི་ཟླ་ལྟ་བུའི་གླེགས་ཤིང་འདི་ཕུལ་བས། །དབྱིངས་དང་ཡེ་ཤེས་གཉིས་མེད་འབྲེལ་བར་ཤོག །གླེགས་ཐག་ཕུལ་ལ། ཆོས་དབྱིངས་འགྱུར་ མེད་རྡོ་རྗེའི་རང་བཞིན་ལ། །བཅིངས་དང་མ་བཅིངས་མཚན་མ་གཉིས་མེད་ཀྱང་། །རིན་ཆེན་སྣ་ལྔའི་གླེགས་ཐག་འདི་ཕུལ་བས། །འགྲོ་བའི་དོན་ལ་རྒྱ་ལག་ཕྱེད་པར་ཤོག །ན་བཟའ་ཕུལ་ལ། རིན་ཆེན་འབྱུང་གནས་དམ་ཆོས་བདུད་རྩི་ལ། །རིན་ཆེན་ སྣ་ཚོགས་རིན་ཆེན་རྒྱན་སྤྲས་པའི། །རིན་ཆེན་བརྒྱན་པའི་ན་བཟའ་འདི་གསོལ་བས། །ཆུ་ལ་སོགས་པའི་བར་ཆད་མེད་པར་ཤོག །དེ་ལྟར་མངའ་དབུལ་བྱས་ནས་ཀྱང་། །སྦྱིན་སྲེག་ལས་ཀྱིས་རྫོགས་པར་བྱ། །ལྷ་ཀུན་ཞལ་ནི་མེ་ཡིན་པས། །མཁས་པས་རབ་ ཏུ་གནས་པར་བྱ། །རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་བཀྲ་ཤིས་བརྗོད་བྱ་ཞིང་། །བྲོ་དང་གར་སོགས་སིལ་སྙན་སྒྲ། །ཇི་ལྟར་སྙེད་པ་རབ་ཏུ་བརྗོད། །ལྷ་མོ་རྣམས་ཀྱི་དམ་ཚིག་ཚད་མ་དང་། །དེས་བཤད་གསུང་ནི་ཚད་མར་གྱུར་པ་སྟེ། །བདེན་པ་ དེས་ན་ལྷ་མོ་རྣམས་ཀྱིས་འདིར། །རྗེས་སུ་གཟུང་བའི་རྒྱུར་ནི་འགྱུར་བར་ཤོག །ཙཱ་རུ་བཟའ་བར་ལྡན་པ་དང་། །ཆོ་གར་ཡང་དག་ལྡན་པ་ཡིས། །རྣལ་འབྱོར་མ་རྣམས་ལེགས་འདུས་ཏེ། །ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །འབྱུང་པོ་རྣམས་ལ་གཏོར་མ་སྦྱིན། ། སྟོན་མོ་དང་ནི་ཡོན་དབུལ་བས། །སྐྱེ་བོ་ཚིམ་ཞིང་རྒྱས་པར་བྱ། །ལྷ་ཡི་འཇིག་རྟེན་སྐྱོང་ལ་སོགས། །གང་ཚེ་རྟག་ཏུ་གནས་གྱུར་པ། །མཆོད་དང་མཆོད་བྱ་མཉམ་ལྡན་པར། །དེ་ཚེ་ད་ལྟ་ཡང་དག་གཞུག །ང་ཡིས་རབ་ཏུ་གནས་པ་ཡིས། །གཙུག་ལག་ཁང་ལ་སོགས་ པ་ཡི། །ཇི་སྲིད་གནས་པ་དེ་སྲིད་དུ། །བསྲུང་ཞིང་ཁྱེད་ཀྱིས་ལེགས་པར་སྐྱོངས། །བརྗོད་ནས་བཟོད་པར་གསོལ་བྱ་སྟེ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང་། །འདི་ཀུན་བྱ་བ་གང་ཉེས་པ། །འདི་ནི་ཁྱེད་ལ་བཟོད་པར་གསོལ། །ཁྱེད་ཀྱིས་ སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་འཚལ་ཏེ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བརྗོད་ནས་ཡེ་ཤེས་ལྷ་རྣམས་གཤེགས། །དམ་ཚིག་བསྡུས་ནས་ཤེས་རབ་ཐབས། །ཆོ་ག་གཉིས་ཀྱིས་རབ་ བསྲུངས་ཏེ། །སློབ་དཔོན་སློབ་མ་ལེགས་པར་གནས། །དབང་བསྐུར་རབ་གནས་རྫོགས་ནས་སུ། །སྟོན་མོ་དང་ནི་ཡོན་ཡང་དབུལ། །སྐྱེ་བོ་ཚིམ་ཞིང་རྒྱས་པར་བྱ། །དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང་། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་ སྟོང་ཕྲག་གཉིས་དང་ནི། །དགེ་སློང་གཅིག་ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དང་ནི། །རྡུལ་མེད་པ་ནི་གཅིག་དང་སྦྱར། །རྡུལ་མེད་སྟོང་ཕྲག་གཉིས་དང་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་ གཅིག་དང་མཉམ་པར་བཤད། །དེ་ནས་བླ་མ་དག་ལ་ཡོན། །དེ་བཞིན་གཤེགས་པས་གསུངས་པ་དབུལ། །གསེར་ནི་བརྒྱ་སྟོང་དབུལ་བ་དང་། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །རས་ནི་ཟུང་འགྱུར་བརྒྱ་ཉིད་དང་། །གླང་པོ་རྟ་དང་ཡུལ་འཁོར་དང་། །རྣ་རྒྱན་དང་ནི་ གདུ་བུ་དང་། །མགུལ་རྒྱན་སོར་གདུབ་དམ་པ་དང་། །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །ཆུང་མ་བཟང་དང་བུ་མོ་ཉིད། །བྲན་ཕོ་བྲན་མོ་སྲིང་མོ་རྣམས། །དེང་ནས་བརྩམས་ཏེ་བྲན་དུ་ནི། །དེ་ལ་བདག་ནི་དབུལ་ལགས་ཞེས། །བློ་ལྡན་ཀུན་ནས་དང་བ་ཡིས། །བདག་ ཉིད་ཀྱང་ནི་དབུལ་བར་བྱ། །དེ་ནས་དེ་ལ་མཁའ་འགྲོ་མ། །རྣལ་འབྱོར་མ་རྣམས་མཉེས་པར་འགྱུར། །ཚོན་ལ་སོགས་པའི་དངོས་པོ་ཀུན། །ནང་པར་ཐོ་རངས་བསྡུ་བར་བྱ། །བསྡུས་ནས་གསེར་གྱི་བུམ་པར་ནི། །བཅུག་ནས་ཆུ་བོ་ཆེན་པོར་དོར། །བུམ་པ་ཐམས་ཅད་ བསྡུས་ནས་ནི། །སྔོན་བཞིན་དུ་ནི་དགའ་སྟོན་བྱ། །དེ་ནས་བདུད་རྩི་ལྔ་སོགས་ནི། །སྦྱར་བས་ས་ནི་བྱུག་པར་བྱ། །སློབ་དཔོན་ཆེན་པོ་ལཱུ་ཡི་པའི། །མངོན་རྟོགས་ཚད་མར་རབ་གཟུང་བའི། །ལམ་དེའི་དཀྱིལ་འཁོར་ཆོ་ག་ནི། །ལུང་ལ་དད་པས་རབ་ཏུ་བླངས། །དཔལ་ལྡན་ འཁོར་ལོ་སྡོམ་པ་ཡི། །དཀྱིལ་འཁོར་ཆོ་ག་མདོར་བསྡུས་པ། །བྱས་པའི་དགེ་བ་གང་ཐོབ་པ། །འགྲོ་ཀུན་རྡོ་རྗེ་འཛིན་གྱུར་ཅིག །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་ལག་ཏུ་བླང་བའི་རིམ་པ་པྲཛྙཱ་རཀྵི་ཏས་མཛད་པ་གསལ་བ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། །ཤྲཱི་ཙཀྲ་སམྦ་ར་ཥེ་ཀ་ཀྲི་ཡཱ་ཀྲ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བའི་རིམ་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཐམས་ཅད་གཅིག་སྡོམ་པ། །དཔའ་བོ་སྡོམ་པ་ལ་བཏུད་དེ། །རྒྱ་ཆེ་ མཆོག་ཏུ་གསལ་བ་ཡི། །དབང་གི་བྱ་རིམ་བཤད་པར་བྱ། །དེ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་རྗེས་སུ་གནང་ཞིང་རྣལ་འབྱོར་བཞི་ལ་མཁས་པ། རྣལ་འབྱོར་པ་རིག་པ་བཟླས་པས་རང་གི་སློབ་མ་ལེགས་པར་ཡོངས་སུ་བརྟགས་ཏེ་རྗེས་སུ་འཛིན་པར་འདོད་པས། རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པའི་ཉེ་བར་འཚེ་བ་ཐམས་ཅད་སྤངས་པའི་དཀྱིལ་འཁོར་གྱི་ཁང་པར་ཆོ་ག་ཇི་ལྟ་བ་བཞིན་གནས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་ལ་ཉེར་སྤྱོད་ལྔས་མཆོད་དེ། མཚན་མོའི་དུས་ལ་བུམ་པ་རྣམས་ ལྷག་པར་གནས་པར་བྱའོ། །བཞི་བཅུར་གཅིག་གིས་དམན་པའི་བུམ་པ་ལས་མ་རྙེད་ན་དགུའོ། །དེ་ལ་གཙོ་བོར་འགྱུར་བའི་བུམ་པ་ལ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་གནས་པའི་གཽ་རཱི་དང་འཕྲོག་བྱེད་ཀྱི་སྙིང་གའི་སྟེང་དུ་ཉི་མ་ལ་རྡོ་རྗེ་ཅན་བཤད་པའི་མཚན་མ་གཉིས་བྲི་བར་བྱའོ། ། མཁའ་འགྲོ་མ་དང་ལཱ་མ་དང་། ཁཎྜ་རོ་ཧཱ་དང་གཟུགས་ཅན་མ་རྣམས་ཀྱི་བུམ་པ་བཞི་ལ་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་གནས་པའི་རོའི་སྙིང་གར་ཉི་མ་བཞི་ལ་གྲི་གུག་བཞིའོ། །རབ་གཏུམ་ལ་སོགས་པ་དང་ཡང་དག་པར་ལྡན་པའི་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞི་ རྣམས་ཀྱི་བུམ་པ་ཉི་ཤུ་རྩ་བཞི་རྣམས་ལ་སྣ་ཚོགས་པདྨའི་དབུས་སུ་གནས་པའི་རོའི་སྙིང་གར་ཉི་མ་སོ་སོར་གྲི་གུག་དང་རྡོ་རྗེའོ། །ཁྭ་གདོང་མ་ལ་སོགས་པ་ཕྱོགས་དང་ཕྱོགས་བྲལ་དུ་གནས་པ་རྣམས་ཀྱི་བུམ་པ་བརྒྱད་རྣམས་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་དབུས་སུ་གནས་པའི་རོའི་སྙིང་ གར་ཉི་མ་ལ་གྲི་གུག་རེ་རེའོ། །ལས་ཐམས་ཅད་པའི་བུམ་པ་དང་རྣམ་པར་རྒྱལ་བའི་བུམ་པ་དག་གི་སླར་ཡང་སོ་སོར་གླང་པོ་དང་། སེང་གེ་དང་། རྟ་དང་། རྨ་བྱ་དང་། ནམ་མཁའ་ལྡིང་རྣམས་ཀྱི་སྟེང་དུ་གནས་པའི་སྣ་ཚོགས་པདྨའི་སྙིང་པོར་ཡི་དགས་ལྔ་བྲིས་པའི་སྙིང་ གར་ཟླ་བ་དང་ཉི་མ་བཞི་ལ་གོ་རིམས་བཞིན་འཁོར་ལོ་དང་རིན་པོ་ཆེ་དང་། སྣ་ཚོགས་རྡོ་རྗེ་རྣམས་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་སྟེ་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་མཚན་མ་ བྲི་བར་བྱའོ་ཞེས་པ་རིམ་པའོ། །དེ་ལ་གཙོ་བོར་གྱུར་པའི་བུམ་པ་ནི་ཆེས་ཆེ་བ། ནག་པོ་དང་རྩ་བ་མེད་པ། ལྟོ་བ་ཆེ་བ། མགྲིན་པ་མཐོ་བ། མཚན་མ་ལེགས་པར་བྲིས་པ། གོས་བཟང་པོས་མགྲིན་པ་དཀྲིས་པ། ཙུ་ཏའི་ལོ་མ་ལ་སོགས་པས་ཁ་བརྒྱན་པ། གསེར་དང་དངུལ་ དང་། མུ་མེན་དང་། མུ་ཏིག་དང་། བྱུ་རུ་དང་། ནས་དང་། གྲོ་དང་། འབྲས་དང་། སོ་བ་དང་། ཏིལ་དང་། མ་ཤ་དང་། བྲྀ་ཏ་ཏི་དང་། ཀཎྜ་ཀ་རི་དང་། གཞན་གྱིས་མི་ཐུབ་པ་དཀར་པོ་དང་། དཎྜོཏྤ་ལ་དཀར་པོ་དང་། ས་ཧ་དེ་ཝ་ཏེ་སྨན་ལྔ་རྣམས་ལྟོ་བར་གཞུག་གོ། །བདུད་རྩི་ལྔ་དང་ སྒྲོན་མ་ལྔ་ལྷན་ཅིག་པའི་དྲིའི་ཆུ་ཐོད་པའི་ནང་དུ་གནས་པ་རྣམས་ཀྱིས་ཀྱང་ལྟོ་བ་ཡང་དག་པར་གང་ཞིང་ཡོངས་སུ་དགང་པར་བྱའོ། །ཧཱུཾ་ལན་བདུན་བཟླས་པའི་བྱ་རུ་དང་ལྷན་ཅིག་པའི་སྐུད་པ་དཀར་པོས་དེ་རྣམས་ཀྱི་མགྲིན་པ་དཀྲི་བར་བྱའོ། །ལཱ་མ་ལ་སོགས་པ་རྣམས་ཀྱི་བུམ་པ་བཞི་དང་ ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་བུམ་པ་བཞི་ནི་སྒོ་བཞིའི་ལོགས་བརྒྱད་རྣམས་སུ་གོ་རིམས་བཞིན་མཐར་རེ་རེའོ། །ཀུ་ཤའི་སྟན་ལ་དགུ་པོ་དགོད་དེ། གཙོ་བོར་གྱུར་པ་བཅོམ་ལྡན་འདས་ཀྱི་བུམ་པ་ལྟེ་བའི་སྟེང་དེ་ཉིད་དུ་དགོད་པར་བྱའོ། །འདི་ནི་བུམ་པ་རྣམས་ཀྱི་གྲངས་དགུ་ ལ་བྱ་བར་བཤད་པའོ། །གང་གི་ཚེ་བཞི་བཅུར་དམན་པའི་ལྷ་རྣམས་ཀྱི་བུམ་པར་འགྱུར་བ་དེའི་ཚེ་ལྷ་རྣམས་ཀྱི་རང་རང་གི་གནས་ཀྱི་རྗེས་སུ་འབྲང་བས་དགོད་པར་བྱའོ་ཞེས་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པའི་ཆོ་གས་ལྷག་པར་གནས་པར་བྱའོ། །དེ་ལ་ཆོ་ག་འདི་ཡིན་ ཏེ། སློབ་དཔོན་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁར་གནས་པའི་དཀྱིལ་འཁོར་བཀུག་ནས། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དབུལ་བར་བྱའོ། །ཕྱི་ནས་འཁོར་ལོ་དེ་ཆགས་པ་ཆེན་པོའི་མེས་ཞུ་ བར་གྱུར་ཏེ། གོ་རིམས་བཞིན་རང་རང་གི་བུམ་པ་རྣམས་སུ་གཞུག་གོ། །མེ་ཏོག་གི་ཕྲེང་བས་ཉེ་བར་མཛེས་པའི་རྡོ་རྗེ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་གཞག་གོ། །ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ལ་ལས་ ཐམས་ཅད་པའི་བུམ་པ་ལ་ཡང་སྔགས་འདི་ཁོ་ན་བརྒྱ་རྩ་བརྒྱད་ཀྱི་གྲངས་ཀྱིས་མངོན་པར་བསྔགས་པར་བྱའོ། །གཙོ་བོ་ལ་སོགས་པའི་བུམ་པ་ལ་ཡང་རྣལ་འབྱོར་ཇི་ལྟ་བ་བཞིན་གཙོ་བོ་དང་དཀྱིལ་འཁོར་པའི་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་ དག་པར་མཆོད་དེ་གཏོར་མ་ཕུལ་ནས། མི་བསྐྱོད་རྡོ་རྗེ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དྲིལ་བུ་དང་། ཨཀྵ་པའི་ཌ་མ་རུ་དང་། བ་ཊ་ཧ་དང་། ཧཱ་ཧཱའི་རྣམ་པ་དང་། པི་ཝང་དང་གླིང་བུ་དང་། རྔ་ ཟླུམ་དང་། རྫ་རྔ་དང་། དགོད་པ་དང་། སྒེག་པ་དང་། གླུ་དང་། གར་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། ཞལ་ཟས་དང་། མེ་ལོང་དང་། རོ་དང་། རེག་པ་དང་། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དེ་ཉི་ཤུ་པོ་རྣམས་ཀྱིས་དཀྱིལ་འཁོར་མཆོད་པར་བྱའོ། །དེའི་རྗེས་ སུ་དཀྱིལ་འཁོར་པར་བྱས་པའི་སློབ་མ་སྔགས་ཀྱི་ཚུལ་གྱི་སྐལ་བ་དང་ལྡན་པ་མེ་ཏོག་གི་ཕྲེང་བ་འཛིན་པ་པུས་མོའི་ལྷ་ང་ས་ལ་བཙུགས་པ་རྣམས་ལ། ཁ་ཅིག་གསང་སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །དེ་ནས་གཞན་ནི་བསོད་ནམས་འདོད། ། གཞན་དག་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་དམིགས་པའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འདིར་འཇུག་བྱ། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་བཞིན་པ་ལ་ནི། །འཇིག་རྟེན་ཕ་རོལ་དེ་བཞིན་མིན། །སྐྱེས་བུ་ཏིང་ འཛིན་ཕ་རོལ་གཉེར། །ཚེ་འདིའི་འབྲས་བུ་འབད་མེད་ཉིད། །ཅེས་སློབ་མ་ར