Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 5 / 24 (50.000 ký tự/trang)
ྣམས་ལ་རྗེས་སུ་བསྒྲགས་ལ། །དེ་རྣམས་ཀྱང་སེམས་ཀྱིས་དཔལ་ཧེ་རུ་ཀའི་གཟུགས་རང་གི་ལུས་ལ་གཞུག་ཅིང་། རྡོ་རྗེ་ཕག་མོའི་པདྨར་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བ་ རྣམས་ཀྱིས་དབང་བསྐུར་བར་བསམས་ནས། དངོས་སུ་ལྷའི་དཀྱིལ་འཁོར་གྱི་སྒོར་འདུག་སྟེ་འཇུག་པར་གསོལ་བ་གདབ་བོ། །ཕག་མོ་ལྷན་ཅིག་ཡང་དག་སྦྱོར། །དཔའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་ནས་དཀྱིལ་ འཁོར་དུ་འཇུག་པར་གསོལ་བ་གདབ་བོ། །དེ་ནས་སློབ་དཔོན་གྱིས་སློབ་མ་གཅིག་གཙོ་བོར་བྱས་ནས། བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་རྣམས་ཀྱིས། །མཉམ་མེད་ཡེ་ཤེས་ཡང་དག་བརྙེས། །སྔགས་ཀྱི་རབ་སྦྱོར་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །དཔའ་བོ་རྣམས་ཀྱིས་བདུད་ཀྱི་སྡེ། །སྟོབས་ཆེན་དྲག་པོ་ཆེན་པོ་བཅོམ། །འཇིག་ རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱེད་དུ། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་དེ་རྣམས་ལ་བརྗོད་ནས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །དེ་ནི་ཐུབ་པ་སྐལ་བ་ཆེ། །སངས་རྒྱས་རྣམས་ཀྱིས་བསྐྱེད་ཇི་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་དག་གིས་བསྐྱེད་པར་བགྱི། །སྲིད་པའི་རྒྱ་མཚོར་བྱིང་བ་ཡི། །འགྲོ་འདི་མཐའ་དག་བསྒྲལ་ཆེད་དུ། ། བདག་ཀྱང་ཐམས་ཅད་མཁྱེན་གྱུར་ནས། །དབང་ཕྱུག་ཀུན་གྱི་གནས་ལ་གནས། །ཞེས་སྐྱབས་གསུམ་གྱི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་ནས། སློབ་མ་དེ་རྣམས་ལ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་སྲུང་བ་བྱས་ཏེ། དེ་རྣམས་ཀྱི་སྙིང་ག་མགྲིན་ པ་སྤྱི་བོ་རྣམས་སུ་གོ་རིམས་བཞིན་ཟླ་བ་ལ་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་དབུས་སུ་ཧཱུཾ་ཨཱཿཨོཾ་ཞེས་པ་བསམ་པར་བྱའོ། །སློབ་དཔོན་ལངས་ཏེ་རྡོ་རྗེ་གཡས་པའི་ཁུ་ཚུར་གྱིས་བཟུང་ནས་སློབ་མ་རྣམས་ཀྱི་སྙིང་ག་མགྲིན་པ་མགོ་བོར་རྡོ་རྗེས་ རེག་ནས་ཧཱུཾ་ཨཱཿཨོཾ་རང་ཉིད་བརྗོད་དེ་མགོ་བོར་མེ་ཏོག །མདུན་དུ་བདུག་སྤོས་དང་མར་མེ་དེ་བཞིན་དུ་སྙིང་གར་དྲི་སྦྱིན་པར་བྱའོ། །དེའི་རྗེས་སུ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་ལན་བདུན་བཟླས་པས་ཨ་ཤྭཏྛ་ལ་སོགས་པ་མ་གས་ཤིང་རྨ་མེད་པ་སོར་བཅུ་ གཉིས་པའི་ཚད་རྩེ་མོར་མེ་ཏོག་གི་ཕྲེང་བས་དཀྲིས་པའི་སོ་ཤིང་སློབ་མ་རྣམས་ལ་སོ་སོར་སྦྱིན་ནོ། །དེ་རྣམས་ཀྱང་གདོང་ཤར་རམ་བྱང་དུ་བལྟས་ཏེ་ཟོས་ནས་སྟེང་དུ་བལྟས་ནས་བ་ལང་གི་ལྕི་བས་བ་ལང་གི་ཀོ་བ་ཙམ་དུ་བྱུགས་པའི་ས་ཕྱོགས་སུ་དོར་རོ། །དེ་ལ་ཞི་བ་ལ་སོགས་པའི་ ལས་ཀྱི་བྱེ་བྲག །གང་གི་མངོན་ཕྱོགས་ལྷུང་གྱུར་ན། །དེ་ཡིས་དངོས་གྲུབ་མཆོག་ཤེས་བྱ། །དེ་བཞིན་ཤར་དུ་རྩེ་མོ་ཡིས། །དངོས་གྲུབ་བར་མར་རབ་ཏུ་གྲགས། །བྱང་བལྟས་དེ་བཞིན་ཐད་ཀར་ནི། །འཇིག་རྟེན་པ་ཡི་དངོས་གྲུབ་འདོད། །སོ་ཤིང་དོར་བ་དེ་བཞིན་དུ། །ཇི་ལྟའང་ རྩེ་མོ་འོག་འགྲོ་ན། །དེ་ཚེ་ས་འོག་དངོས་གྲུབ་འགྱུར། །རྣམ་དཔྱད་མེད་པར་ངེས་པ་ཡིན། །སྟེང་དུ་ཕྱོགས་ན་མཁའ་སྤྱོད་ཉིད། །དེ་ལྟར་ཐེ་ཚོམ་མེད་པར་འགྱུར། །ཞེས་སོ། །དེའི་རྗེས་སུ་ཞལ་བསིལ་བའི་དྲི་ཆུ་ཁྱོར་བ་གསུམ་འཐུངས་ཏེ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨྨཱཿསརྦྦ་པཱ་པ་ནི་ཙཱ་ སཾ་ཤོ་དྷ་ཡ་སརྦྦ་ཀལྤ་ནཱ་པ་ན་ཡ་ཧཱུཾ། ཞེས་པའི་སྔགས་འདིས་ཁ་བཤལ་བ་བྱའོ། །སོ་ཤིང་གི་ཆོ་གའི་སྒྲུབ་པའོ།། །།དེའི་མདུན་དུ་ཉེ་བར་འདུག་སྟེ་ཨོཾ་བཛྲ་ཀུཎྜ་ལི་ཞེས་པ་ལ་སོགས་པའི་སྔགས་ལན་བདུན་བཟླས་པའི་ཀུ་ཤ་རྣམས་སྟན་དང་སྔས་ཀྱི་ཆེད་དུ་དེ་རྣམས་ཀྱི་ལག་པར་བྱིན་ ནས། སྔགས་འདི་ཉིད་ཁོ་ནས་ལན་བདུན་མངོན་པར་བསྔགས་པའི་སྲུང་སྐུད་སུམ་སྒྲིལ་མདུད་པ་གསུམ་བྱས་པ་དཔུང་པ་གཡས་ལ་བཅིངས་ཏེ། ཆོས་བསྟན་པས་སྤྲོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམྦཱ་ རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་ འཁོར་འདི་འདྲ་མཐོང་ནས་ནི། །དེ་ཀུན་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་ཀྱི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱིས། །བློ་ གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །སྲས་བཅས་རྣམས་ཀྱིས་བསྟན་པ་འདིར། ། བདག་ཉིད་ཆེན་པོས་སྐྱེ་བཞིན་པར། །ཀུན་དུ་ཡོངས་སུ་བཟུང་ནས་གནས། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་ལེགས་པར་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་ལ། །དེ་བཞིན་ གཤེགས་པ་རྣམས་སུ་འགྱུར། །ཞེས་ཆོས་བསྟན་པ་བསྒྲགས་ནས་སླར་ཡང་དེ་རྣམས་ལ་ཨོཾ་བཛྲ་ཀུཎྜ་ལིའི་སྔགས་ཀྱིས་བསྲུང་ངོ་། །རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལ་གནང་བར་གསོལ། ། སློབ་མ་དེ་རྣམས་ཀུ་ཤའི་སྟན་ལ་ཉལ་དུ་གཞུག་ཅིང་། རྨི་ལམ་གང་ཅུང་ཟད་མཐོང་བ་དེ་ནང་པར་ང་ལ་སྨྲོས་ཤིག་ཅེས་དེ་ལྟར་རིག་པའི་དབང་བསྐུར་བར་འོས་པའི་སློབ་མ་ལྷག་གནས་བསྟན་ཏོ། །སླར་ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ་སློབ་དཔོན་གྱིས་བསྲུང་བའི་དོན་དུ་རྡོ་རྗེ་འཁྱིལ་ བའི་སྔགས་བཟླའོ། །ནང་པར་གཏོར་མ་ཡང་བྱིན་ནས་ཕྱིར་བྱུང་ནས་སློབ་མ་དེ་རྣམས་བོས་ཏེ། དེ་རྣམས་ལ་རྨི་ལམ་དགེ་མི་དགེ་དྲིས་ནས། རྨི་ལམ་མི་དགེ་བར་གྱུར་ན་སློབ་མ་རྣམས་ལ་རྡོ་རྗེ་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ཏེ། སྔར་བཞིན་ཆོས་བསྟན་པར་སྤྲོ་བར་བྱའོ། །གལ་ ཏེ་སློབ་དཔོན་དུ་དབང་བསྐུར་བར་འཛིན་པར་འདོད་པ་དེའི་ཚེ་ཁྱད་པར་གྱི་སྡོམ་པ་གཟུང་བར་བྱའོ། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་ དམ་ཚིག་དང་། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་གསུང་དུ་གསོལ། །ཚིགས་སུ་བཅད་པ་དེ་དག་གིས་སློབ་དཔོན་གྱི་སྡོམ་པ་ལ་གསོལ་བ་གདབ་པར་བྱའོ། །ལྷག་པར་དང་བས། བླ་མས་རིགས་ ཐམས་ཅད་ལ་གསོལ་བ་གདབ་པ། ཆེ་གེ་མོ་ཞེས་བྱ་བ་འདི། བྱང་ཆུབ་སེམས་དང་དམ་ཚིག་དང་། །སྡོམ་པ་རྣམས་ནི་ཡོངས་འཛིན་ཞིང་། །གསང་བའི་འཁོར་ལོ་འདིར་འཇུག་འཚལ། །ཞེས་པ་འདིས་བྱའོ། །དེ་ནས། གསང་བ་ཆེན་པོས་རིགས་དག་པའི། །གསང་ ཆེན་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །ཞེས་བརྗོད་པར་བྱའོ། །སློབ་མས་ཀྱང་འཚལ་ལོ་ཞེས་བརྗོད་དོ། །དེ་ནས་རིགས་ལྔ་ལ་སོགས་པའི་དམ་ཚིག་བརྗོད་དེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། ། འདི་ནི་སངས་རྒྱས་རིག་དགའ་བའི། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །བློ་གྲོས་ཆེན་པོ་ཁྱོད་ཀྱིས་གཟུང་། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་ལ་དེ་བཞིན་དུ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་བཞི་ནི་རབ་སྦྱིན་བྱ། །ཕྱི་དང་གསང་བ་ཐེག་པ་ གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ལྟར་པདྨ་རིགས་དག་ལ། །སྡོམ་པ་དམ་ཚིག་མཆོག་ཡིན་ནོ། །ལས་ཀྱི་རིགས་ཆེན་མཐོ་བ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གྲོགས་ཉིད་རྡོ་ རྗེའི་སྤུན་གྱུར་པའི། །རྣལ་འབྱོར་རྣམས་ཀྱི་བསྙེན་བཀུར་ནི། །སྤང་ཞིང་དོར་བར་མི་བྱ་སྟེ། །ཇི་ལྟར་ནུས་བཞིན་ཀུན་དུ་སྤྱད། །ཐེག་པ་དམན་པ་འདོད་མིན་ཞིང་། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་ཡོངས་སུ་མི་སྤང་ཞིང་། །རྟག་ཏུ་མྱ་ངན་འདས་དགའ་མིན། ། ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཀྱི། །བརྫུན་དུ་སྨྲ་བར་མི་བྱའོ། །སེམས་ཅན་ གདུལ་དོན་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །རྣལ་འབྱོར་པ་རྣམས་བསྙེན་བཀུར་ཞིང་། །ལེགས་པ་རྣམས་ལ་ཉེར་གནས་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་རྣམས་ནི། །ཇི་ལྟར་ནུས་བཞིན་ བསྐྱང་པར་བགྱི། །དེ་ལྟར་བླ་མས་སློབ་མ་ལ་དམ་ཚིག་དང་སྡོམ་པ་ལ་སོགས་པ་སྦྱིན་པར་བྱའོ། །སློབ་མས་ཀྱང་གུས་པ་དང་བཅས་པས་ཕྱག་འཚལ་ཏེ། གཟུང་བར་བྱ་བའི་རིམ་པ་འདིས། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་དེའི་སྲས་པོ་རྣམས་ ཀྱང་བདག་ལ་དགོངས་སུ་གསོལ། །བདག་ཆེ་གེ་མོ་ཞེས་བགྱི་བ་དེང་ནས་བརྩམས་ཏེ་ཇི་སྲིད་བྱང་ཆུབ་སྙིང་པོར་འདུག་གི་བར་དུ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །རབ་མཆོག་བདག་གིས་བསྐྱེད་ པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་ནི། །སོ་སོར་བརྟན་པོར་བདག་གིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ནི་བླ་ན་མེད། །སངས་རྒྱས་རྣལ་ འབྱོར་སྐྱེས་སྡོམ་པ། །དེང་ནས་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་རིགས་མཐོ་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་བདག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་ཆེན་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་ བ་ལ། །ཉིན་རེ་ཞིང་ཡང་དྲུག་བྱས་ནས། །སྦྱིན་པ་བཞི་ནི་རབ་སྦྱིན་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་ཆེན་མཐོ་བ་ལ། །སྡོམ་ པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །དེ་ཉིད་ཀྱི་ནི་སོ་སོར་གཟུང་། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བསྐྱེད་པར་བགྱིས་ནས་ནི། །སེམས་ཅན་ཀུན་གྱི་དོན་བགྱིའི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་ བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཀཱ་ཡ་བཱཀྩིཏྟ་མུཏྤ་ད་ཡི་མྱ་ཤེ་ཥཱ་ན་བ་ཤེ་ཥ་སཏྭ་དྷཱ་ཏུ་ཧི་ཏ་སུ་ཁོཏྟ་མ་སིདྡྷི་ཨ་ཏྱནྟ་བྷ་བ་སིདྡྷི་མ་ཧེ་ཤྭརྱཱ་དྷི་བ་ཏྱཱ་ཡ་ཙ་ཞེས་ པ་འདིས་སློབ་མ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་སློབ་དཔོན་གྱི་སྡོམ་པ་བཟུང་ནས། །ཞེས་པ་སློབ་དཔོན་དུ་དབང་བསྐུར་བར་འོས་པའི་སློབ་མ་ལྷག་གནས་བསྟན་པའོ།། །།དེའི་རྗེས་སུ་བྲིས་པ་ལ་སོགས་པའི་དཀྱིལ་འཁོར་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་རང་གི་ ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སློབ་མ་འཇུག་པའི་ཆོ་གས་རང་ཉིད་ཞུགས་ཏེ་ཕྲེང་བའི་དབང་བསྐུར་བ་ལ་སོགས་པ་བཅོམ་ལྡན་འདས་བདག་པོའི་ཐུགས་ལས་ཐོབ་པར་བྱའོ། །དེའི་ཚེ་སློབ་མ་རྣམས་འཇུག་པའི་དོན་དུ་བདེན་པའི་གསོལ་བ་གདབ་པར་བྱ་སྟེ། ཆོས་རྣམས་ གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །དེ་བཞིན་དེ་ཁོ་ཉིད་ངེས་འབྱུང་། །ཞེས་པའི་བདེན་པས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་ སྡིག་མེད་མཐོང་བར་ཤོག །ཅེས་པ་ལ་སོགས་པས་གསོལ་བ་གདབ་བོ། །དེ་ནས་ཡོལ་བ་ལས་ཕྱི་རོལ་དུ་ཡོན་ཕུལ་ཏེ་དབང་བསྐུར་བའི་སྐལ་བ་ཅན་གྱི་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ཏེ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་ཀྱིས་མེ་ཏོག་ཕྲེང་བ་བཟུང་ལ་ ལས་ཐམས་ཅད་པའི་ཆུས་མངོན་པར་གཏོར་ཏེ་མིག་དར་བཅིང་བར་བྱའོ། །དཀྱིལ་འཁོར་དུ་འཇུག་པའི་དོན་དུ། ཀྱེ་དགའ་བ་ལ་དགའ་ཁྱེད་སུ་ཡིན། །ཞེས་དྲི། དེས་ཀྱང་འདི་སྐད་དུ། །སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་བརྗོད་དོ། །དེ་ནས་བླ་མས་སློབ་ མའི་སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྗོད་དེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་གསང་བ་ཆེན་པོ་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ་མ་དད་པར་ཡང་མི་བྱའོ། །ཧཱུཾ་ཛཿཧཱུཾ་ཞེས་པ་འདིས་བཀུག་སྟེ། ཡོལ་བའི་ནང་དུ་བཅུག་སྟེ་དཀྱིལ་འཁོར་ཤར་སྒོར་བཞག་ནས་འདི་སྐད་བརྗོད་པར་བྱའོ། །དེང་ཁྱོད་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བའི་ མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་སོ། །སླར་ཡང་མགོ་བོར་རྡོ་རྗེ་བཞག་སྟེ་སྨྲས་པ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཁྱོད་ཀྱི་མགོ་བོ་འགེམས་པར་བྱེད་དོ། །མེ་ཏོག་དང་བཅས་རྡོ་རྗེ་སྙིང་གར་བཞག་སྟེ་བརྗོད་ པ། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །སྐད་ཅིག་དེ་ལ་དྲལ་ནས་གཤེགས། །ཞེས་པ་འདིས་མནའ་བྱེད་དུ་བཅུག་ནས་བདུད་རྩི་ལྔ་པདྨའི་སྣོད་དུ་གནས་པའི་ཡེ་ཤེས་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཋ་ཞེས་པ་འདི་བདུན་བཟླས་སོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་པས་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་དེ་འཐུང་དུ་གཞུག་གོ། །དེ་ནས་འདི་བརྗོད་པར་བྱ་ སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་གྱིས་ཤིག་ཅེས་གང་སྨྲས་པ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། །ཁྱོད་ཡ་ང་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སོ། །དམ་ཚིག་ གི་ཆུ་སྦྱིན་པའོ། །དེ་ནས་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛོད་ཅིག་ཅེས་སོ། །དེ་ནས་རའི་ཡན་ལག་ལྔ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་ གྱིས་བརླབས་ཏེ། ཏིལ་མར་ཆེན་པོ་དང་གུ་གུལ་ཆེན་པོ་དག་ཆ་མཉམ་པ་ལྷན་ཅིག་ཏུ་བསྲེས་པ་ཆང་དང་གུ་གུལ་ཡང་དག་པར་ལྡན་པར་བྱས་པའི་བདུག་སྤོས་བསྡུས་ནས་སློབ་དཔོན་གྱིས་རྡོ་རྗེ་ཕག་མོའི་སྔགས་བཟླས་ཏེ་སློབ་མ་ལ་བདུག་སྤོས་འདིས་བདུག་པར་བྱའོ། །དེ་ནས་སྐུ་བབས་ ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །གསུང་བབས་ན་སྔོན་མེད་པའི་ཚིགས་སུ་བཅད་པ་རྗོད་པར་བྱེད་དོ། །ཐུགས་བབས་ན་བྱུང་བ་དང་འབྱུང་བར་འགྱུར་བ་དང་ད་ལྟ་བ་ཡང་ཤེས་པར་བྱེད་དོ། །ཨོཾ་ཏིཥྛ་ས་མ་ཡ་པ་རི་པཱ་ལི་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་པ་འདིས་རྡོ་རྗེ་སྤྱི་བོར་བཟུང་ན་གཤེགས་ སོ། །དེ་ནས་ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས་ཁྱོད་ཀྱི་མིག་ལ་ཅི་ལྟ་བུ་སྣང་ཞེས་དྲིས་ཏེ། དེ་ནས་དེ་རྣམས་ཀྱིས་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོར་སྣང་བ་བརྗོད་པ་རྣམས་ཀྱིས་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བརྗོད་ནས་ བདེན་པའི་བྱིན་རླབས་བྱའོ། །ཡང་དག་དཀྱིལ་འཁོར་འདི་ཞེས་པར། །བདག་གིས་སློབ་མ་རབ་ཏུ་གཞུག །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་རུང་། །བསོད་ནམས་ མཐུ་ཡང་ཇི་འདྲ་བར། །དེ་ལྟར་དཀྱིལ་འཁོར་དུ་གྱུར་ཅིག །སློབ་མས་ཀྱང་གཡོན་སྐོར་དུ་བསྐོར་བ་ལན་གསུམ་བྱས་ནས་གཡས་སུ་མངོན་པར་ཕྱོགས་པར་གྱུར་པས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ། །པྲ་ཏཱིཙྪ་བཛྲ་ཧོ་ཞེས་པ་འདིས་དཀྱིལ་འཁོར་དུ་དོར་རོ་ཞེས། དེ་ནས་ མེ་ཏོག་ལྟུང་བའི་རྗེས་སུ་འབྲངས་ནས་དམན་པ་དང་མཆོག་ལ་སོགས་པའི་དངོས་གྲུབ་སློབ་མ་ལ་མཚོན་ཏེ་དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུའི་གཙུག་ཏོར་རམ་མཛོད་སྤུར་ལྷུང་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །གལ་ཏེ་སྤྱན་ནམ་ཞལ་ལ་ལྷུང་ན་དེའི་ཚེ་སྔགས་ཀྱི་ དངོས་གྲུབ་བོ། །སྟོད་ཀྱི་ཆ་ལ་ཡང་མཆོག་གོ། །བར་གྱི་ཆ་ལ་ཡང་བར་མའོ། །འོག་གི་ཆ་ལ་དམན་པའོ། །གཟུགས་བརྙན་ལས་ཤིན་དུ་རིང་ན་མངོན་སྤྱོད་དོ། །ཉེ་ན་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ཀྱི་རེའུ་མིག་གིས་ཡོངས་སུ་བཅད་པ་ལས་ཤེས་པར་བྱའོ། ། གལ་ཏེ་ལྷ་གཉིས་དག་གི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །གལ་ཏེ་རེ་ཁཱ་རྣམས་སུ་ལྟུང་ན་དེའི་ཚེ་སླར་ཡང་དོར་བར་བྱའོ། །གསུམ་བྱས་ནས་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་ དོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །རིང་པོར་ལྷུང་ན་ཆེས་དཀའོ་ཞེས་པ་མེ་ཏོག་ལྷུང་བའི་ཆོ་གའོ།། །།དེ་ནས་དེ་དག་གི་མེ་ཏོག་གི་ཕྲེང་བ་སླར་ཡང་བཟུང་ནས་སློབ་མའི་མགོ་བོར་བཅིངས་ཏེ། པྲ་ཏི་གྲྀཧྞ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད། དེ་ ནས་དེའི་མིག་དག་ཏུ་ཟླ་བ་ལ་ཨོཾ་ཡིག་གཉིས་བསམས་ཏེ། ཨོཾ་ཡིག་གི་འོད་ཟེར་གྱིས་བཀུག་པའི་དཀྱིལ་འཁོར་པ་རྣམས་དང་ལྷན་ཅིག་རྡོ་རྗེ་དྲག་པོ་སློབ་མའི་སྙིང་གར་གཞུག་ཅིང་སྔགས་འདིས་གདོང་བཅིངས་པ་དགྲོལ་བར་བྱའོ། །ཨོཾ་རྡོ་རྗེ་དྲག་པོ་རང་ཉིད་དེང་། །མིག་འབྱེད་ པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་མིག་དར་བསལ་བར་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ་སྟེ། རང་བཞིན་གྱིས་དག་སངས་རྒྱས་བདག །ལུས་ནི་རང་བཞིན་དྲི་མ་མེད། །དཔའ་བོ་ དཔའ་མོའི་དབང་པོའི་གྲོང་། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །དེ་ནས་གནས་དང་ཉེ་བའི་གནས་ལ་སོགས་པའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་ལ་གནས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་ དཔལ་ཧེ་རུ་ཀའི་ལྷའི་ཡན་ལག་ཉེ་བར་བསྟན་པར་བྱའོ། །དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། །དེ་མ་ཐག་ཏུ་སློབ་མས་བླ་མ་མགོན་ལ་བདག་ཉིད་ཐམས་ཅད་ཀྱིས་བཏུད་ནས་གསོལ་བ་གདབ་སྟེ། བསམ་གྱིས་མི་ཁྱབ་ཆོས་སྣོད་མཆོག །བདག་ལ་དབང་བསྐུར་ བར་མཛོད་ཅིང་། །སློབ་མས་གསོལ་བ་བཏབ་མ་ཐག་ཏུ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་བླངས་ཏེ། པདྨའི་སྣོད་དུ་གནས་པའི་ཆུ་ལ་ཧཱུཾ་ཡིག་དང་རྡོ་རྗེ་ལས་བྱུང་བའི་མི་བསྐྱོད་རྡོ་རྗེ་སློབ་དཔོན་གྱིས་བསྒོམ་པར་བྱའོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་ སྐུལ་བར་བརྩོན་པས་ཡེ་ཤེས་སེམས་དཔའ་གཞུག་ཅིང་། དེ་ལྟར་ཡང་དག་པར་མཆོད་ནས་ཆུས་གཏོར་རོ། །དེ་ཉིད་མི་བསྐྱོད་གཟུགས་ཀྱིས་ནི། །རྣམ་ཤེས་ཕུང་པོའི་ངོ་བོ་སྟེ། །བརྩེ་ཆེན་སྟོན་པ་དཔའ་བོ་ཡིས། །དབང་བསྐུར་འདི་ནི་སྤྱི་བོར་སྦྱིན། །ཨོཾ་ཏྲི་ཙཀྲ་བཱི་ར་ཏྭཾ་ཨ་བྷི་ཥིཉྩཱ་མི་ ཞེས་པ་ཆུའིའོ། །རི་མོ་ལ་སོགས་ཅོད་པན་རྣམས། །རིན་ཆེན་མཆོག་གི་ས་བོན་ཨྃ། །ལས་གྲུབ་རྡོ་རྗེ་ཉི་མར་བཤད། །འདི་ནི་སྔ་མ་བཞིན་མཆོད་ནས། །རྡོ་རྗེ་མཁའ་འགྲོ་སྤྱི་བོ་རུ། །བསམས་ནས་རྡོ་རྗེ་ཅན་བསྐྱེད་བྱ། །ཅོད་པན་རྣམ་པ་དེ་ཉིད་ནི། །སྡིག་མེད་ཚོར་བའི་བདག་ ཉིད་དོ། །ཨོཾ་ས་རྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭ་ཧཱ། ཞེས་པའི་སྔགས་འདི་ཡིས་ཏེ་སྔགས་དེ་ལྟ་བུ་གཞན་རྣམས་ཀྱང་བརྗོད་པར་བྱའོ། །ཅོད་པན་གྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྲེང་བའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པའི་ཕྲེང་བ་མགོ་བོར་བཅིངས་ནས་ དབང་བསྐུར་བར་བྱའོ་ཞེས་པ་ཕྲེང་བའི་དབང་བསྐུར་བའོ། །ཛྲཱྀཾ་དང་རྡོ་རྗེ་པདྨ་ལས་བྱུང་བའི་འདུ་ཤེས་དེ་བཞིན་གཤེགས་པ་འོད་དཔག་མེད་རྡོ་རྗེ་བསྒྲུབས་ནས་སློབ་མ་དག་ལ་ལག་པ་གཡས་དང་སྙིང་གར་སྦྱིན་པར་བྱའོ། །ཧེ་རུ་ཀ་དཔལ་དཔའ་བོ་ལ་སོགས་ཀྱིས། །དེ་རིང་ཁྱོད་ལ་དབང་ བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་གཟུང་། །རྡོ་རྗེའི་འོ། །རལ་གྲི་ཁྃ་ཡིག་ཡང་དག་བྱུང་། །དོན་ཡོད་གྲུད་པའི་གཟུགས་ཅན་ཏེ། །འདུ་བྱེད་ངོ་བོ་དྲིལ་བུ་ནི། །ལག་པ་གཡོན་པར་སྦྱིན་པར་བྱ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་ བུ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །འཁོར་ལོ་གསུམ་བདག་དཔའ་བོ་ཡི། །ལག་པ་རྡོ་རྗེ་དྲིལ་བུ་འཛིན། །རང་བཞིན་གྱིས་མཛེས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ། །བདག་པོའིའོ། ། སློབ་མའི་སྤྱི་བོར་ལེགས་བྱིན་ནས། །བྷྲཱུཾ་ལས་རྣམ་སྣང་མཛད་གཟུགས་ཀྱིས། །གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད། །རྡོ་རྗེ་ཅན་གྱིས་མིང་དབང་བསྐུར། །ཨོཾ་ཏྲི་ཙཀྲ་ཨ་དྷི་པ་ཏི་ཤྲཱི་ཧེ་རུ་ཀ་བཱི་རཱ་ཏྭཾ་ཨ་བྷི་ཥིཉྩཱ་མི། ཁྱོད་ནི་ཆེ་གེ་མོ་རྡོ་རྗེའོ། །མིང་གིའོ། །དབང་ལྔ་ཐོབ་པའི་རྒྱུ་ལས་ ནི། །རྣམ་དག་སངས་རྒྱས་ལྔ་འདི་དག །མ་རིག་བྲལ་བའི་རིམ་པ་ལས། །ཡེ་ཤེས་ལྔ་རྣམས་ཐོབ་པར་བྱེད། །དེ་མ་ཐག་ཏུ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་ཀྱེ་བདག་ལ་ སྩོལ། །ཞེས་གསོལ་བ་བཏབ་པས་ཡི་གེ་ཉི་ཤུ་རྩ་གཉིས་པའི་སྔགས་བརྗོད་དེ་སྔགས་ཀྱི་དབང་བསྐུར་བར་བྱའོ། །སྔགས་ཀྱི་དབང་ངོ་། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་མི་བསྐྱོད་པའི་གཟུགས་སུ་དམིགས་ཏེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་དཔལ་ཕྱག་ན་ གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཞེས་པ་འདིས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་སྦྱིན་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧཱིཿཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་དེ་སློབ་མ་རྡོ་རྗེའི་བརྟུལ་ཞུགས་ འཛིན་དུ་གཞུག་གོ་ཞེས་པ། རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་དྲིལ་བུའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་གྷཎྚེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭ་བྷཱ་བ་བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་དྲིལ་ བུའི་བརྟུལ་ཞུགས་སོ། །དེ་ནས་ཁ་ཊྭཱཾ་ག་དང་ཌ་མ་རུ་དང་ཐོད་པའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ཁ་ཊྭཱཾ་ག་དང་ཅང་ཏེའུ་སྣོད། །དཔའ་བོས་བྱིན་པ་འདི་ནི་ཟུང་། །ཧེ་རུ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ཞེས་པའི་ཚིགས་སུ་བཅད་པ་འདིས་སློབ་ མའི་ལག་པ་གཡས་པ་དང་གཡོན་པར་སྦྱིན་པར་བྱའོ། །ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་ཐོད་པའི་བརྟུལ་ཞུགས་སོ། །དེ་ནས་ལུང་བསྟན་པ། རྡོ་རྗེ་ཅན་གྱི་ལག་གཡོན་གྱིས། །གྲི་གུག་ཆོས་གོས་གྲྭ་བཟུང་ནས། །ལག་པ་མི་འཇིགས་སྦྱིན་པས་གནས། །སློབ་མ་ དབུགས་དབྱུང་བསྟན་པར་བྱ། །འདིར་བདག་འཁོར་ལོ་གསུམ་དབང་ཕྱུག །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་མིང་ཅན་གྱིས། །དེ་བཞིན་གཤེགས་པར་ཁྱོད་ལུང་བསྟན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིདྡྷི་ས་མ་ཡ་སྟྭཾ་བྷུར་བུ་བ་སྭཿཁམས་ གསུམ་པ་ཡི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་གནས་བདག །བདུད་ཀྱི་ཚོགས་ཀུན་ཕམ་བྱས་ནས། །གྲོང་ཁྱེར་མཆོག་ཏུ་ཁྱོད་ཞུགས་སོ། །ཞེས་པ་ལུང་བསྟན་པའོ། །དེ་ནས་སླར་ཡང་གསོལ་བ་གདབ་བར་བྱ་སྟེ། ད་ལྟ་མཚན་མ་མེད་པར་ནི། །འགྲོ་བའི་བྱ་བ་བྱེད་འགྱུར་ བ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པའི་སློབ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོ་བའི་གདུགས་དང་རྒྱལ་མཚན་དང་བླ་རེས་བརྒྱན་པ་ཤར་གྱི་སྒོར་སེང་གེའི་སྟན་ལ་གནས་པའི་པདྨ་འདབ་མ་བརྒྱད་པའི་ སྟེང་དུ་རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ཏེ། ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་བསྒོམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་པ་འདིས་སྦྱིན་ པར་བྱ་སྟེ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་པའི་དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེའི་རྗེས་སུ་ཨ་ཡིག་ལས་སྐྱེས་པའི་དྲིལ་བུ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་མི་རྟག་ ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པ་འདིས་ལག་པ་གཡོན་དུ་སྦྱིན་ནོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། །ཞེས་བརྗོད་ཅིང་སློབ་མས་ཀྱང་ མངོན་པར་བརྗོད་པར་བྱའོ། །དེའི་རྗེས་སུ། ཡིད་ཀྱིས་ལུས་བརྟན་དེ་ཉིད་ལས། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་པ་འདིས་རང་གི་འདོད་པའི་ལྷའི་ལུས་ནང་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་ བརླབས་ནས་འཁྱུད་པར་བྱའོ། །དེ་ནས་འཁོར་ལོ་གསུམ་བདག་པོ། །སྟོན་པ་ཡེ་ཤེས་སེམས་དཔའ་ཡི། །ཐུགས་ཀའི་ས་བོན་འོད་ཟེར་གྱིས། །བསྐུལ་བའི་རིམ་པས་བཀུག་གྱུར་པའི། །དཔའ་བོ་ལྷ་མོ་རྣམས་ཀྱིས་ནི། །བཀུར་སྟི་རྒྱ་ཆེན་རྣམས་ཀྱིས་མཆོད། ། དེ་བཞིན་ཡེ་ཤེས་ཆུས་གང་བའི། །བུམ་ཐོགས་དེ་བཞིན་གཤེགས་རྣམས་ཀྱིས། །རྡོ་རྗེ་འཆང་དབང་དབང་བསྐུར་བར། །དཔའ་བོས་རྣམ་པར་བསམ་པར་བྱ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་ གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་སྔགས་བརྗོད་དེ་དབང་བསྐུར་བར་བྱའོ། །ཇི་ལྟར་གསུངས་པ། བཅུ་དྲུག་ལོ་ཅན་ཤེས་རབ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་ལས། །སློབ་དཔོན་གྱི་ནི་དབང་དུ་འདོད། ། ཅེས་ཕྱག་རྒྱའི་དམ་ཚིག་གོ། །དེ་ནས་མི་བསྐྱོད་པ་ཅོད་པན་དུ་གྱུར་ཏེ་དཔའ་བོ་ལྷ་མོ་དག་གིས་བྱིན་གྱིས་རློབ་པར་བྱེད་དོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་དོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་འདི་ཀུན་ ནས་མཆོད་པར་བྱ་སྟེ་རྣལ་འབྱོར་མ་ཆེན་མོ་རྣམས་ཀྱིས་ཇི་ལྟར་འདོད་པར་རོ། །དེ་ནས་རྡོ་རྗེ་ཅན་གྱིས་བཀའ་བསྒོ་བར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་པས་གནས་དེས་ནི། །དཔའ་བོས་འདོད་པ་ལྔ་སྤྱོད་ཅིག །བདག་ ཉིད་དཔའ་བོ་ཀུན་རང་བཞིན། །ལྷ་མོ་ཀུན་བདག་རང་ཉིད་དོ། །དེ་ཕྱིར་བདག་གིས་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །བརྟེན་ནས་སྐྱེས་པའི་ཆོས་ཅན་གྱི། །སེམས་ཅན་གཟུགས་བརྙན་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། ། སེམས་ཅན་དོན་ནི་དྲི་མེད་བྱོས། །ཞེས་པ་བཀའི་འོ། །དེ་ནས་བྱ་བ་བྱས་སློབ་མས། །བླ་མ་ལ་ནི་ཡོན་ཕུལ་ཏེ། །སྐྱེ་བོ་དམ་པ་འདུས་པ་ལ། །བདག་ཉིད་ཀུན་གྱིས་བསྟོད་ཕྱག་བྱ། །ཕྱིར་མི་ལྡོག་པའོ། །སློབ་དཔོན་གྱི་དབང་ནི་ཕྱིར་མི་ལྡོག་པའི་དབང་ཞེས་ བརྗོད་ལ། དབང་ལྔ་དང་སློབ་དཔོན་གྱི་དབང་ཡང་བུམ་པའི་དབང་དུ་བརྗོད་དེ། ཐམས་ཅད་དུ་བུམ་པ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ། །དབང་བསྐུར་བ་དྲུག་པོ་འདི་རྣམས་རྒྱུད་ཐམས་ཅད་དུ་མི་འགལ་ལོ། །དེ་ལྟར་སློབ་དཔོན་དུ་དབང་བསྐུར་བས་སྐུ་རྡོ་རྗེ་རྣམ་པར་སྦྱངས་ནས། དེའི་ རྗེས་སུ་ཡོལ་བ་ལ་སོགས་པ་རྣམས་ཀྱིས་དབེན་པར་བྱས་པའི་ཕྱོགས་སུ་སློབ་མ་རང་གི་སེམས་དགའ་བ། གཟུགས་དང་ལང་ཚོས་བརྒྱན་པ་དམ་ཚིག་དང་སྡོམ་པའི་སྐལ་བ་ཅན། རིགས་ལྔ་སོ་སོར་བཅིངས་པའི་མེ་ཏོག་དང་ལྡན་པའི་ཤེས་རབ་མ་བླ་མ་ལ་གསང་དབང་བསྐུར་བའི་དོན་དུ་ཕུལ་ ཏེ། དེ་ལ་བདག་ཉིད་འབྲེལ་བ་སྤང་པའི་དུས་སུ། བླ་མ་ལ་བཏུད་ནས་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། འཁོར་ལོའི་མདུན་དུ་བྱ་བ་བྱས། །འཁོར་ལོའི་སྤྱན་ནི་བླ་མ་ཆེ། །དཔའ་བོས་དེ་ཉིད་ལ་བཏུད་ནས། །དེ་ནས་གསང་དོན་དོན་གཉེར་བྱ། །སྐྱོབ་པ་སྐྱབས་མེད་ རྣམས་ཀྱི་སྐྱབས། །འཁོར་ལོ་སྡོམ་པ་བདག་སྐྱོབ་མཛོད། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་བདག་གི་མགོན་མཛོད་ཅིག །བདག་ཉིད་ཆེན་པོ་ཁྱོད་ཇི་ལྟར། །ཁྱབ་བདག་བདག་ཀྱང་དེ་ལྟར་མཛོད། །འཁོར་བའི་འདམ་གྱི་ཚོགས་སུ་ནི། །བྱིང་བ་བདག་ལ་སྐྱབས་ མཛོད་ཅིག །ཅེས་པའི་ཚིགས་སུ་བཅད་པ་གཉིས་པོ་འདིས་གསོལ་བ་གདབ་པར་བྱའོ། །དེའི་རྗེས་སུ་རིམ་གྱིས་བསྒོམ་མམ་སྐད་ཅིག་གིས་བདག་ཉིད་དཔལ་ཧེ་རུ་ཀར་བསྒོམས་ཏེ། སློབ་མས་ཕུལ་བའི་ཤེས་རབ་མ་རྡོ་རྗེ་ཕག་མོའི་རྣལ་འབྱོར་གྱི་སྤྲུལ་པ་ལ་གོ་ཆ་ཆེན་པོ་ལ་ སོགས་པ་རྣམས་ཀྱིས་གོ་བགོས་ནས། དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་ཅིང་ཀྱེ་རྡོ་རྗེ་ལས་བཞད་པ། རྡོ་རྗེ་པདྨ་བྱིན་གྱིས་བརླབ་སྟེ་ཧཱུཾ་ཡིག་ལས་རྡོ་རྗེ། བྱཱ་ཡིག་ལས་ནོར་བུ་རྩེ་མོར་བྱཱ་ཡིག་སེར་པོས་དང་། ཨ་ཡིག་ལས་པདྨ་འདབ་མ་གསུམ་པ་བྱཱ་ཡིག་ལས་ ཟེའུ་འབྲུ་དཀར་པོ་རྩེ་མོར་བྱཱ་ཡིག་སེར་པོས་བྱིན་གྱིས་བརླབ་ཅིང་། ཇི་ལྟར་གནས་པའི་བཅོམ་ལྡན་འདས་མའི་སྔགས་ཀྱིས་ཙུམ་པ་ནའམ། དཀྱིལ་འཁོར་གྱི་དབུས་སམ་དཀྱིལ་འཁོར་དང་ཉེ་བར་ཤིང་དང་གོས་ཀྱི་ཁྲི་ལ་སོགས་པའི་བདེ་བའི་མལ་དུ་གཞག་སྟེ། མཚན་ཕྱེད་ ཀྱི་དུས་སུ་གསང་བའི་དབང་བསྐུར་བརྩམ་པར་བྱ་སྟེ། དེ་བཞིན་དུ་རྡོ་རྗེ་པདྨ་འབྱེད་པ་ལ་སོགས་པའི་བྱ་བས་འཛག་པའི་གནས་སྐབས་སུ་གདོང་གཡོགས་བཅིངས་པའི་སློབ་མའི་མགོ་བོ་དང་། དཔྲལ་བ་དང་མིག་གཉིས་དང་ཁ་དང་མགྲིན་པ་དང་སྙིང་ག་སྟེ་གནས་བདུན་དུ་སྙིང་ པོ་དང་ཉེ་བའི་སྙིང་པོ་དང་། ཕྲེང་སྔགས་བརྗོད་ཅིང་རྡོ་རྗེ་དང་པདྨས་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་གཉིས་ཀའི་དུས་ཚད་རྫོགས་པ་དང་གསང་བ་དེ་གཉིས་ལས་མཐེ་བོང་དང་མིང་མེད་དག་གིས་བཙིར་ཏེ་ཞེས་པ་དེས་ན་རྡོ་རྗེ་པདྨ་ཡིས་སོ། །སློབ་མ་འོད་དཔག་ཏུ་མེད་པའི་ བདག་ཉིད། ཨ་ཧོ་ཤིན་ཏུ་བདེ་ཆེན་ཉིད། །བསྟན་པ་སྟོན་པ་ཡང་དག་བརྗོད། །ཀུན་རྟོགས་བཅོམ་པའི་སློབ་མ་ཡིས། །པདྨ་གནས་དེ་ཀུན་དུ་སྤྱད། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་བཞིན་དུ་ནི་བྱང་ཆུབ་སེམས། །མཛེས་ པས་བུ་ཁྱོད་དབང་བསྐུར་རོ། །གསང་བའི་དབང་བསྐུར་བའི་དུས་སུ་སློབ་མ་དང་ཤེས་རབ་མ་རྣམས་ཀྱང་མིག་དར་བཅིངས་ཏེ་མིག་གཉིས་ལ་ཨོཾ་ཡིག་གཉིས་བསམ་མོ། །ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །ཞེས་པ་ལ་སོགས་པ་ བརྗོད་པས་ཕྱེ་སྟེ་དཀྱིལ་འཁོར་བསྟན་ནས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ནཱ་ད་ལས་སྐྱེས་སོ་ཞེས་དེ་ཁོ་ན་ཉིད་བསྒྲག་པར་བྱའོ། །གསང་བའི་དབང་བསྐུར་བས་གསུང་རྡོ་རྗེ་རྣམ་པར་སྦྱར་བར་བྱའོ་ཞེས་པ་གསང་བའི་དབང་བསྐུར་བའི་ཆོ་གའོ། །དེའི་རྗེས་སུ་ཡན་ལག་ལྔས་ སློབ་དཔོན་ལ་ཕྱག་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཀ་པོ་ཏའི་ཐལ་མོས་མདུན་དུ་འདུག་སྟེ། སྔར་བརྗོད་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསོལ་བ་གདབ་སྟེ། དེའི་ལག་པར་ཤེས་རབ་མའི་ལག་པ་བཞག་ནས། དཔའ་མོ་དང་དཔའ་བོའི་ཚོགས་ ཐམས་ཅད་དབང་དུ་བྱས་ཏེ། རྡོ་རྗེ་སྤྱི་བོར་བཞག་ནས་བླ་མ་རྡོ་རྗེ་ཅན་གྱིས་བརྗོད་པར་བྱ་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །བུ་ཡིས་རྣམ་པ་ཀུན་དུ་ཟུང་། །མཆོད་པ་བླ་ན་མེད་པ་གྱིས། །ཞེས་བརྗོད་ནས་སྦྱིན་པར་བྱའོ། །དེ་ཡང་ གུར་གུམ་དང་ཙནྡན་གྱིས་བྱུགས་པ། དྲི་བཟང་པོའི་མེ་ཏོག་གི་ཕྲེང་བས་ཉེ་བར་མཛེས་པ་གོས་མེད་པར་རང་གི་ཆུ་སྐྱེས་གསལ་བར་སྟོན་པར་བྱེད་དོ། །དེ་དེ་མ་ཐག་ཏུ་ལྷ་མོ་དེ་དཔའ་བོའི་བུ་ལ་བླ་ན་མེད་པའི་བཀའ་བསྒོ་བར་བྱེད་དེ། །དཔའ་བོ་བྱང་ཆུབ་སེམས་ཟ་བར། །ཁྱོད་ནི་ སྤྲོ་བ་ཡིན་ནམ་ཅི། །རིགས་ལྔ་ལས་ནི་རབ་བྱུང་བ། །རིག་མ་མཆོད་པ་ལ་གུས་སམ། །དྲི་ཆེན་དྲི་ཆུ་སྟོབས་ཁྲག་སོགས། །ད་ལྟ་ཟ་བར་ཡིད་ཆེས་སམ། །གཞན་ཡང་ལྷ་ཡི་དམ་ཚིག་ནི། །ཇི་ལྟར་འདོད་པ་སྨྲོས་ཤིག་བུ། །ཞེས་སོ། །སློབ་མས་འདི་སྐད་བརྗོད་ དེ། །དམ་ཚིག་ལ་སོགས་འཛིན་པར་ནི། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང་། །པདྨ་མཆོད་པར་ཅིས་མི་བགྱིད། །དེ་ནས་ལྷ་མོ་དེ་དགའ་སྟེ། །སྐྲ་གྲོལ་གོས་དང་བྲལ་བྱས་ནས། །རྣམ་པར་རྒྱས་པའི་པདྨ་ནི། །བསྟན་ཏེ་བྷཉྫ་པདྨ་ ཧོ། །ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ བཞུགས། །བྷཉྫ་མོ་ཀྵ་ཧོཿཞེས་སོ། །དེ་མ་ཐག་ཏུ་སློབ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དོན་དུ། དཀྱིལ་འཁོར་དང་བླ་མ་ལ་བཏུད་ནས། དཀྱིལ་འཁོར་ལ་གཡོན་སྐོར་གྱིས་བསྐོར་བ་གསུམ་བྱས་ཏེ། སླར་ཡང་དེ་བཞིན་དུ་བརྩམ་པར་བྱ་བ་ཉིད་ཀྱི་ཕྱིར་ཡང་རྩོམ་པ་ལ་ འཇུག་གོ། །བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་གཟུགས་ཀྱིས་དང་། དེ་ཡང་རྡོ་རྗེ་ཕག་མོའི་གཟུགས་ཀྱིས་རྫོགས་པར་བྱ་སྟེ། གོ་ཆ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་གོ་བགོས་ནས། རྡོ་རྗེ་དང་པདྨ་དག་ཇི་ལྟར་བརྗོད་པའི་ས་བོན་ལས་ཡོངས་སུ་གྱུར་པར་བྱིན་གྱིས་བརླབ་པ་ཡང་ བྱས་ནས་གཡོན་ངོས་སུ་འཇུག་པའི་རྩ་བླ་མས་བསྟན་པ་ལ་བརྟེན་ནས་སོར་མོ་ལ་བརྟེན་ནས་བསྐུལ་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས། པདྨ་ལ་རྡོ་རྗེ་བཞག་སྟེ་ཤིན་ཏུ་དགའ་བའི་བསྟན་བཅོས་བྱེད་པའི་བྱ་བས་བླ་མའི་མདུན་དུ་ཐོབ་ པའི་གསང་བས་དབང་ཉིད་ལ་ཡང་། ཤེས་རབ་མ་ལ་ཇི་ལྟར་གནས་པ་བཟུང་བའི་བརྡས་སློབ་མས་ཤེས་རབ་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་ལ། བླ་མས་ཀྱང་བརྡ་ལས་སློབ་མའི་བདེ་བ་ཉམས་སུ་མྱོང་བ་ངེས་པར་རྟོགས་སོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ ཡིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་གསང་གསུང་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མ་དེ་མཉེས་ནས། །བསྟེན་ཟ་གསང་སྔགས་བརྗོད་པར་མོས། །མགོ་བོར་ལག་པ་གཡོན་ བྱིན་ནས། །རྗེས་སུ་གནང་བ་བསྟན་པར་བྱ། །དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་འགྲོ་ཀུན་གྱི། །དོན་ནི་བདག་ཉིད་ཀུན་གྱིས་བྱོས། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཐུགས་རྡོ་རྗེ་རྣམ་པར་སྦྱང་བར་ བྱའོ། །ཞེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ། །རིམ་པ་གསུམ་པོ་འདི་ཡི་མཆོག །མན་ངག་གིས་ནི་འདིར་ཤེས་བྱ། །འདི་ནི་རང་ཉིད་གསལ་བ་སྟེ། །ཕྱི་རོལ་ཡུལ་ནི་སྤང་བའོ། །རིག་འདི་བོར་ནས་དེ་ནས་ནི། །ཐབས་གཞན་གྱིས་ནི་སངས་ རྒྱས་མེད། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་མའི་བརྟུལ་ཞུགས་སྤྱོད་གཅིག་བུ། །ཞེས་པ་རིག་མའི་བརྟུལ་ཞུགས་སོ། །ཆུ་སོགས་ཕྱིར་མི་ལྡོག་པའི་མཐའ། །སློབ་དཔོན་དབང་དུ་བཤད་པ་སྟེ། །ཕྱི་རོལ་བསྟན་པ་གང་འདི་དག །ཐམས་ ཅད་ནང་དུ་གནས་པའོ། །ཀུན་དུ་སྤྱོད་པའི་རིམ་དབྱེ་ལས། །དཔའ་བོ་མན་ངག་ལས་ཤེས་བྱ། །གང་ཚེ་དབང་བཞི་བསྟན་རྣམས་ཀྱིས། །བརྟུལ་ཞུགས་ཅན་ནི་དབང་བསྐུར་འགྱུར། །དེ་ཚེ་དེ་ཉིད་ཅེས་བྱ་འདི། །བསམ་མེད་ཆོས་ནི་ཐོབ་ཕྱིར་རོ། །ཕྱི་དང་ནང་དུ་ཡང་དག་ བཤད། །ཕྱི་དང་ནང་གི་རང་ངོ་བོ། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །བསམ་གྱིས་མི་ཁྱབ་ཅེས་བཤད་དོ། །སྣང་བ་མེད་ཅིང་སྐྱེ་བ་མེད། །ངག་གི་ལམ་མིན་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ལྷན་ཅིག་སྐྱེས་པ་མི་ཟད་པའོ། །བསམ་གྱིས་ མི་ཁྱབ་མཐའ་ཡས་སོགས། །དེ་ནི་བརྟན་གཡོ་འགྲོ་བདག་ཉིད། །བདག་མེད་ཉིད་ཀྱིས་བདག་ཏུ་གནས། །དཔའ་བོ་བདེ་བ་ཆེན་པོ་རྟོགས། །ཞེས་པ་དེ་ཁོ་ན་ཉིད་ཀྱི་མན་ངག་གོ། །དེ་ལྟར་དབང་བསྐུར་བ་མཐའ་དག་ཡང་དག་པར་ཐོབ་པའི་སློབ་མ་བྱ་བ་བྱས་པ་ཡང་དག་པར་ ཤེས་པ་སེམས་མངོན་པར་དང་བས་བླ་མ་ལ་ཡོན་དབུལ་བར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་གསུངས་པའི། །ཡོན་ནི་བླ་མ་ལ་དབུལ་བྱ། །སྟོང་ཕྲག་བརྒྱ་ཡི་གསེར་དང་ནི། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །གོས་ཟུང་བརྒྱ་ཕྲག་ཉིད་དང་ནི། །གླང་པོ་རྟ་དང་ཡུལ་ འཁོར་དང་། །རྣ་རྒྱན་དང་ནི་གདུ་བུ་དང་། །མགུལ་རྒྱན་དང་ནི་སོར་གདུབ་མཆོག །གསེར་ལས་བྱས་པའི་མཆོད་ཕྱིར་ཐོགས། །རང་གི་ཆུང་མའམ་བུ་མོ་དང་། །བྲན་དང་བྲན་མོ་སྲིང་མོ་དང་། །བཅས་པའང་བསྒྲུབས་ནས་དབུལ་བར་བྱ། །བདག་ཀྱང་དངོས་པོ་ཐམས་ ཅད་ཀྱིས། །རྟག་ཏུ་བླ་མ་ལ་དབུལ་བྱ། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་གིས་ཕུལ་བ་ལགས། །དེ་ལྟར་ཆོ་ག་དེ་བྱས་ནས། །སྒྲུབ་པོས་ཤིན་ཏུ་ངེས་པ་ཉིད། །ཡོན་ཕུལ་བའི་ཕན་ཡོན་གསུངས་པ། །དེ་ནས་དེ་ནི་མཉེས་བྱེད་པ། །གང་ཡང་མཁའ་ འགྲོ་ལཱ་མ་ཉིད། །དུམ་སྐྱེས་མ་ཡང་ཁྱད་པར་དུ། །མཁའ་འགྲོ་མ་རྣམས་རྣལ་འབྱོར་ཡུམ། །སྒྲུབ་པོར་བཅས་པའི་མཁའ་འགྲོ་མ། །ཀུན་གྱིས་འགྲོ་འདི་རྣམ་པར་སྤྱོད། །ཀུན་དུ་སྒྲུབ་པ་པོ་དེ་ཡི། །བྲན་དུ་འགྱུར་བར་ཐེ་ཚོམ་མེད། །འཇིག་རྟེན་གསུམ་གྱིས་མི་ བཟློགས་པའི། །འདི་ཡི་རྣལ་འབྱོར་འགྲུབ་པར་འགྱུར། །མི་སྣང་བ་དང་ཁུང་བུར་གནས། །མཁའ་སྤྱོད་རྐང་བྱུག་བཅུད་ལེན་ཉིད། །སྒྲུབ་པ་པོ་ཡི་འདོད་པ་ནི། །རྟག་ཏུ་བརྟན་པར་འགྱུར་བ་སྟེ། །གཟུགས་རྣམས་དུ་མར་བྱེད་པ་དང་། །ནམ་མཁའ་ལ་ནི་འགྲོ་བར་བྱེད། ། མཁའ་འགྲོ་མ་ཡང་ཁྱད་པར་དུ། །ཀུན་དུ་སྐྱེ་བོ་དེས་འདུལ་བྱེད། །ལན་ཅིག་མཐོང་བའི་སྦྱོར་བ་ཡིས། །སྐད་ཅིག་རྣལ་འབྱོར་ཉིད་དུ་འགྱུར། །མངོན་པར་དབང་བསྐུར་བ་མེད་པའི་མངོན་པའི་ང་རྒྱལ་གྱིས་རྣལ་འབྱོར་ལ་དགོས་པ་མེད་པར་བལྟ་བར་གསུངས་པ། སྔགས་ པ་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་ཉིད་འདོད་བྱེད། །མཁའ་ལ་ཁུ་ཚུར་བསྣུན་པ་དང་། །སྨིག་རྒྱུ་ལ་ནི་འཐུང་བར་བྱེད། །སྦྱིན་སྲེག་བྱས་ཤིང་གཏོར་མ་སྦྱིན་བྱས་ནས། །དམ་པའི་སྐྱེ་བོ་འདུས་པར་འགྱུར་བ་ལ། །དགེ་འདུན་སྟོན་མོ་བྱས་ནས་དེ་ནས་ནི། ། དམན་དང་མགོན་མེད་རྣམས་ཀྱང་ཚིམ་པར་བྱ། །ཞེས་སོ། །མ་ལུས་འགྲོ་ལ་ཕན་ཆེད་དུ། །འདི་བྲིས་པ་ཡི་བསོད་ནམས་ཀྱིས། །གང་ཚེ་བདུད་ཀྱི་ཚོགས་བཅོམ་ནས། །ཐམས་ཅད་ཧེ་རུ་ཀ་དཔལ་གྱུར། །དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བའི་རིམ་པ། པཎྜི་ཏ་ཆེན་པོ་ སློབ་དཔོན་རྟག་པའི་རྡོ་རྗེའི་ཞབས་ཀྱིས་མཛད་པ་རྫོགས་སོ། །འདི་ནི་ལོ་ཙཱ་བ་ཆེན་པོ་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱི་བཀའ་དྲིན་ལས་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཅུང་ཟད་སྐྱེས་པ་ཤཱཀྱའི་དགེ་སློང་དྷརྨྨ་ཤྲཱི་བྷ་དྲས་འདྲེན་པ་དམ་པ་དེ་ཉིད་ཀྱི་བཀའ་སྤྱི་བོས་བླངས་ ཏེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཞ་ལུ་རི་ཕུག་ཏུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ས་ཧ་ཛ་སམྦ་ར་སྭ་ཏིཥྛ་ནཱ་མ། བོད་སྐད་དུ། དཔལ་ལྷན་ཅིག་སྐྱེས་པའི་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ་ ཞེས་བྱ་བ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་རབ་བརྟག་དང་། །རྫོགས་པ་གཟུགས་བརྙན་བསམ་མེད་དོ། །ཤིན་ཏུ་བརྩོན་ལྡན་དཔའ་བོ་དེས། །སྐད་ཅིག་གཅིག་གིས་སྦྱོར་བ་ཡིས། །བདེ་ཆེན་ལྷན་ཅིག་ སྐྱེས་པའི་སྐུ། །མཁའ་ལྟར་དག་པའི་ངང་ཉིད་ལས། །ཤིན་ཏུ་བླ་མའི་རྣལ་འབྱོར་བྱ། །ལ་ལ་ར་ས་དྷཱུ་ཏཱི་ཡང་། །ཐབས་དང་ཤེས་རབ་གཉིས་མེད་སྐུ། །ཨ་ཧཾ་བདེ་བའི་རྣམ་པ་ཅན། །ཚངས་པའི་འཁོར་ལོ་རྫོགས་པར་བསྒོམ། །སྲོག་ནི་འཛིན་པར་བྱེད་པ་སྟེ། །རྟོག་པ་ཐམས་ ཅད་ལེགས་པར་བསྡུ། །ཉི་མ་ཟླ་བའི་འཕེན་སྡུད་ཀྱང་། །སྦྱོར་བ་བཞི་དང་ཡང་དག་ལྡན། །རྔུབ་པ་དགང་གཞིལ་བཏང་བ་ཡིན། །བག་ཆགས་བསྲེག་པའི་མེ་དཔུང་གིས། །ཚངས་པའི་འཇིག་རྟེན་གཡོ་བར་བྱེད། །འབར་འཛག་མཁས་པའི་བྱིན་རླབས་དང་། ། དངས་མ་ལྔ་ཡི་འོད་ཟེར་གྱིས། །འབྱུང་ཆེན་ལྔ་པོ་སྟོབས་སུ་འགྱུར། །རྟགས་བཅུ་ཡོན་ཏན་བརྒྱད་དང་ལྡན། །སྣ་ཚོགས་སྣང་ལ་རང་བཞིན་མེད། །བརྗོད་དུ་མེད་ཅིང་བསམ་མི་ཁྱབ། །རྟོག་ཏུ་མེད་པ་ནམ་མཁའི་དབུས། །མ་ནིང་ཞེས་བྱར་བརྗོད་པ་སྟེ། །ཁ་ཅིག་ཟུང་འཇུག་ ཅེས་བྱར་བརྗོད། །སྒྲིབ་པ་དང་བྲལ་ཆོས་སྐུ་འདིར། །མེ་ཆུ་ལ་སོགས་འབྱུང་རྣམས་དང་། །རྟེན་དང་བརྟེན་པའི་མཚན་ཉིད་ཀྱིས། །དཀྱིལ་འཁོར་ཐམས་ཅད་འདི་ཉིད་དོ། །དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཏི་ལཱི་པས་ མཛད་པ་རྗེ་མི་ཉག་པ་ཆེན་པོས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་ཧེ་རུ་ཀ་སཱ་དྷ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་མལ་ནས་ལངས་ཏེ། ཁ་ལ་ སོགས་པ་དག་པར་བྱས་ནས། སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སྙིང་གར་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ཧཱུཾ་ཁ་དོག་མཐིང་ག་བསམས་ལ། དེའི་འོད་ཟེར་གྱིས་མདུན་གྱི་ནམ་ མཁའ་ལ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་མོ་རྣམས་དམིགས་ཏེ་ཡིད་ཀྱིས་མཆོད་པར་བསམ་མོ། །འོད་ཟེར་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་གསལ་བར་བྱས་ལ། ཚད་མེད་པ་བཞི་བསྒོམ་པར་བྱའོ། །དེའི་རྗེས་སུ་ཆོས་ཐམས་ཅད་སྟོང་ པ་ཉིད་དུ་སྔགས་འདིས་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། དེའི་རྗེས་སུ་ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས། །སྙིང་གའི་ཉི་མའི་སྟེང་དུ་ཧཱུཾ་ཡེ་ཤེས་ལྔའི་ངོ་བོ་གསལ་བ་ཉིད་དུ་དམིགས་པར་བྱའོ། །འོད་ཟེར་སྤྲོས་ཏེ་ བགེགས་བསྲེགས་ལ། སྙིང་གའི་ཧཱུཾ་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་རྩེ་ལྔའི་ཆང་གཟུངས་སུ་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྦྱངས་ཏེ། འོད་ཟེར་བསྡུས་མ་ཐག་ཏུ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་ ནག་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡོན་པ་ན་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། གཡས་པ་རྡོ་རྗེ་འཕྱར་བ། མཆེ་བ་གཙིགས་པ། རལ་པ་དང་ཐོད་པའི་དབུ་རྒྱན་ཅན། སྤྱི་གཙུག་གི་འཁོར་ལོ། རྣ་རྒྱན། མགུལ་རྒྱན། དཔུང་རྒྱན་གདུ་བུ་དང་སྐ་རགས་ ཀྱིས་བརྒྱན་པ། མི་མགོ་ལྔ་བཅུའི་ཆུན་འཕྱང་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དཔྲལ་བ་དང་། མགྲིན་པ་དང་། སྙིང་གར་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཤེས་རབ་རྡོ་རྗེ་རྣལ་འབྱོར་མས་འཁྱུད་པ། ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ སྟིང་དུ་ཡི་གེ་ཧཱུཾ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ནམ་མཁའ་ནས་བཀུག་སྟེ་བདག་ཉིད་ལ་བསྟིམ་པར་བྱའོ། །སླར་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྷ་ལྔའི་དཀྱིལ་འཁོར་གྱིས་བདག་ལ་དབང་བསྐུར་བ་དང་མཆོད་པ་དང་བསྟོད་པར་ བསམ་མོ། །དེ་ནས་བདུད་རྩི་མྱང་བ་བྱས་ལ། ཆོས་སྐུ་ནི་འདི་ལྟར་དམིགས་པར་བྱ་སྟེ། སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་བདེ་བ་ཆེན་པོ་དང་། ལོངས་སྤྱོད་དང་སྤྲུལ་པའི་འཁོར་ལོ་བསམས་ཏེ། ཧཾ་ཨོཾ་ཧཱུཾ་ཨཾ་སྟེ་དེ་དག་གི་ལྟེ་བར་བསྒོམ་པར་བྱའོ། །དེ་ནས་སྲོག་ དང་རྩོལ་བའི་སྦྱོར་བས། ཨ་ལས་ཡེ་ཤེས་ཀྱི་མེ་འབར་བས། སྔར་བཀོད་པའི་ཡི་གེ་བསྲེག་པར་བྱས་ནས་ཧཾ་གི་བདུད་རྩིའི་ཐིག་ལེ་འབབ་པར་བྱས་ལ་ལྟེ་བར་བསྒོམ་པར་བྱའོ། །དེ་ལ་སེམས་གཏད་ཅིང་རྩེ་གཅིག་པར་བྱས་ཏེ། དུ་བ་ལ་སོགས་པའི་རྟགས་རྙེད་ནས་སྤྲིན་མེད་པའི་ནམ་ མཁའ་ལྟ་བུའི་ཆོས་ཉིད་མངོན་དུ་བྱའོ། །དེ་ལྟར་ཅི་ནུས་སུ་བྱས་ལ་མ་གོམས་པའི་དབང་གིས་གསལ་བར་མ་གྱུར་ན། སྔོན་བཤད་པའི་དཔལ་ཧེ་རུ་ཀའི་སྐུ་འཇའ་ཚོན་ལྟ་བུ་ལ་དམིགས་ཏེ་བལྟ་བར་བྱའོ། །དེའི་བཟླས་པ་ནི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་འདི་བཟླས་པར་བྱའོ། །མཆོད་ པ་རྣམ་པ་ལྔས་མཆོད་ལ་རང་གི་སྙིང་གར་བསྡུ་བར་བྱའོ། །དཔའ་བོ་གཅིག་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ་རྫོགས་སོ།། ༄། །བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད་བཞུགས། ༄༅༅། །འཕགས་པ་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །སྡོམ་ནི། ཐབ་ ཁུང་བཅས་ཏེ་རི་མོ་བྲི། །བུད་ཤིང་བརྩིགས་ཏེ་ལྔ་ཡིས་མཆོད། །ཛྭ་ལས་མེ་སྦར་ལྷ་བསྐྱེད་ཅིང་། །ཨེ་ཧི་སོགས་ཀྱིས་ཡེ་ཤེས་གཞུག །སརྦྦས་ཡུངས་ཀར་ཆུ་ཟན་གྱིས། །རྡུལ་བསལ་སུཾ་བྷས་བསང་བར་བྱ། །ཨརྒྷཾ་ལ་སོགས་ཕུལ་ནས་ནི། །ཨགྣེས་མར་གྱི་སྲེག་བླུགས་ གསུམ། །དབུལ་ལོ་ཏིལ་དང་མ་ཉམས་འབྲས། །སརྦྦ་དང་ནི་པུཥྚས་དབུལ། །གཙོ་བོ་གསུམ་ལས་ཁྱད་པར་བསྲེ། །སརྦྦ་སཾ་པད་སྔགས་ཀྱིས་ནི། །ཞོ་ཟན་བུ་རམ་ལས་སྦྱར་བསྲེག །དཱུར་བ་མེ་ཏོག་བཅས་པ་ནི། །བཛྲ་ཨཱ་ཡུས་བསྲེག་པར་བྱ། །ཨ་པྲ་ཏི་ཡིས་ཀུ་ཤ་དང་། །ཡམ་ ཤིང་ཏིལ་གྱི་སྣ་ལའོ། །འབྲུ་དང་འབྲས་གཞན་ཇི་སྙེད་པ། །སྐབས་འདིར་སྔར་བཞིན་གསུམ་གསུམ་དབུལ། །ན་མཿཨགྣེར་བཅས་པ་ཡིས། །པཱུརྞ་ཧུར་ཏི་དབུལ་བར་བྱ། །དུང་ཆོས་ཆུ་ཡིས་བསངས་ནས་ནི། །ལྔ་ཡིས་མཆོད་དེ་ཞུ་བར་བསམ། །དེར་ནི་རྟེན་དང་བརྟེན་པར་བཅས། །དཀྱིལ་ འཁོར་མན་ངག་བཞིན་དུ་བསམ། །བསང་བ་ཨརྒྷཾ་ལ་སོགས་པ། །སྔར་བཞིན་རྣམ་པ་ལྔ་ཡིས་མཆོད། །ཡེ་ཤེས་ལྔ་ཡི་གསང་སྔགས་ཀྱིས། །ཡམ་ཤིང་སྐུ་ཤ་མ་གཏོགས་པ། །པཱུརྞ་ཧུར་ཏིའི་མཐར་ཐུག་པ། །རྫས་རྣམས་སྔར་བཞིན་བསྲེག་པར་བྱ། །པཱུརྞ་རྐང་པ་བརྒྱད་པས་སོ། ། བསྒྲུབ་པའི་སྦྱིན་སྲེག་འདི་རུ་བསྐྱར། །མིན་ན་དེའི་རྗེས་བསྡུས་ལྷག་བསྲེག །དེ་ནི་ཡི་གེ་གསུམ་པོའམ། །རྐང་པ་བརྒྱད་པའི་སྔགས་ཀྱིས་སོ། །བསང་བ་བྱས་ཏེ་ལྔ་ཡིས་མཆོད། །ཇི་བཞིན་གཏོར་མ་བཏང་ནས་ནི། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། །དངོས་གྲུབ་བླངས་ཏེ་དགེ་རྩ་ བསྔོ། །པདྨའི་ཕྱག་རྒྱས་བསྡུ་བར་བྱ། །མེ་ལྷ་ཡང་ནི་གཤེགས་སུ་གསོལ། །བསྡུས་ལྷག་བསྲེགས་ཏེ་མེ་ལྷ་ཡི། །སྙིང་གའི་ཡེ་ཤེས་འཁོར་ལོ་བསམ། །ཞེས་བྱ་བ་ནི་དཔལ་བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་བྱེད་པདྨ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །། ༄། །དཔལ་འཁོར་ལོ་སྡོམ་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ་བཞུགས། ༄༅༅། །དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཞི་བའི་སྦྱིན་སྲེག་གི་ཐབ་ཁུང་གི་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ། རྒྱར་ཁྲུ་གང་པ། ཟབས་སུ་དེའི་ཕྱེད། ཡང་ན་ཁམ་ཕོར་སོ་མ་བཏང་བ་རུ་དེའི་ཐབ་ཁུང་གི་དཀྱིལ་འཁོར་ དུ་བདེ་བ་ཆེན་པོའི་འཁོར་ལོ། དེའི་ཕྱི་རོལ་དུ་ཐུགས་ཀྱི་འཁོར་ལོ། དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ། དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ། དེའི་ཕྱི་རོལ་དུ་དམ་ཚིག་གི་འཁོར་ལོ་བྲིས་ལ། ཕྱག་མཚན་ཐམས་ཅད་གྲི་གུག་ཏུ་བྱའོ། །ཡི་གེ་བདུན་པ་བྱེད་ན་ཐབ་ཁུང་ལྟེ་བ་ལ་རྡོ་རྗེ་དང་གྲི་གུག །འདབ་ མ་རྣམས་ལ་ཡང་གྲི་གུག་དགོད། ཡང་ན་ཤིན་ཏུ་བསྡུས་པ་བྱེད་ན་རྡོ་རྗེ་དང་གྲི་གུག་དགོད་དོ། །དེ་ནས་རྫས་བཤམ་པ་ནི་ཤིང་སྐམ་པོའམ། ལྕི་བ་སྐམ་པོ་ཡང་རུང་། སྲེག་རྫས་འབྲུའམ། ཏིལ་ལ་སོགས་པ་ཅི་ཡོད་ཀྱང་རུང་བ། སྦྱང་བ་སྦར་བ་རྟོགས་པར་བྱས་པ་བཤམས་པ། ཐབ་ཁུང་དུ་ ཤིང་བཀང་ལ་མེ་སྦར་ལ། དེ་ནས་སྐད་ཅིག་ཙམ་གྱིས་བདག་ཉིད་ཡི་དམ་ལྷར་བསྐྱེད་ལ། ཐབ་ཁུང་ལ་སོགས་པ་མི་དམིགས་པར་བསྒོམས་ལ། ཧཱུཾ་ལས་ཐབ་ཁུང་སྔར་གྱི་དང་འདྲ་བར་བསྐྱེད་ལ། དེའི་ནང་དུ་རཾ་ལས་མེ་གྲུ་གསུམ་པ་བསྐྱེད་ལ། དེའི་ནང་དུ་ཨ་བསམ། ཨ་ཞུ་བ་ལས་དབྱུག་ ཏོ། །དེ་ཡང་ཨས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གཅིག་ཕྱག་བཞི་པ་བསྐྱེད་ལ། དེའི་ཐུགས་ཀར་ཡཾ་ལས་རླུང་རཾ་ལས་མེ་གྲུ་གསུམ་པ་བསམ། ཟུར་གསུམ་ལ་ཨོཾ་ཨཱཿཧཱུཾ་གསུམ་ལ། དབུས་སུ་ལྷ་སུམ་ཅུ་རྩ་བདུན་བསྒོམ་ མོ། །དེ་ནས་ལག་པ་གཡས་པའི་མཐེ་བོས་སྲིན་ལག་མནན་ལ། འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲངས་ལ་བསྟིམ། མཆོད་པ་ལ་སོགས་པ་དང་སྲེག་རྫས་ལ་སོགས་པ་རྣམས་སྔགས་འདིས་དབུལ་བར་བྱའོ། །ཨོཾ་ཨགྣ་ཡེ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཆེ་གེ་མོ་ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སརྦྦ་བིགྷྣཾ། སརྦྦ་ཛྭ་ར། སརྦྦ་གྲ་ཧེ། སརྦྦ་ཨུ་པྲ་དྲ་བེ། སརྦྦ་དུཿསྭ་བ་ནི། སརྦྦ་དུར་ནི་མིཏྟ། སརྦྦ་ཨ་ཀཱ་ལ་མྲི་ཏྱུ་པྲ་ཤ་མ་ན་སྭཱ་ཧཱ། སརྦྦ་བྱཱ་ཀུ་ལ་ཙིཏྟ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་ སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨེ་ཧྱེ་ཧི་ཨགྣེ་ཛཿཛཿ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་སྤྱད་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ཀུན་མགོན་ པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་སམ། །མ་ཚང་བའམ་མ་རྙེད་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་མཛོད། །བདག་གི་དོན་དང་སེམས་ཅན་དོན། །བྱིན་ཟ་ཁྱོད་ཀྱིས་མཛད་ལགས་ཀྱིས། །ཚིམ་ཞིང་མགུ་བར་གྱུར་ནས་ཀྱང་། །རང་ གནས་དག་པར་གཤེགས་སུ་གསོལ། །བདེ་མཆོག་གི་སྦྱིན་སྲེག་གི་ཆོ་ག་བསྡུས་པ་རྫོགས་སོ།། ༄༅། །དཔལ་བདེ་མཆོག་གི་སཱཙྪ་བརྗོད་པར་བྱ་སྟེ། དེ་ནས་འཇིམ་པ་བྱས་ལ་མདུན་དུ་བཞག་ལ། ཁྲུས་བྱས་ནས་སེམས་བསྐྱེད་དེ། བདག་ཉིད་སྐད་ཅིག་མས་ལྷར་ བསྒོམས་ལ། ཚད་མེད་པ་བཞི་བསྒོམ་པར་བྱ། དེ་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་འདག་པ་མི་དམིགས་པར་བྱ་སྟེ་ཡི་གེ་ཧཱུཾ་བསམ། དེ་ལས་རྡོ་རྗེ། དེ་ལས་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་དོ། །དེ་ནས་རང་གི་སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་སྤྱན་དྲངས་ལ་ཧེ་རུ་ཀ་ཡབ་ཡུམ་ལ་བསྟིམ་པར་བྱའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ་བྱང་ཆུབ་སེམས་སུ་གནས་པ་ལ་ཧེ་རུ་ཀའི་སྙིང་པོའམ། ཉེ་བའི་སྙིང་པོ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡང་སྔགས་ཀྱིས་གདབ་པར་བྱའོ། །སཱ་ཙྪ་རེ་ རེ་ལ་ཧེ་རུ་ཀ་རེ་རེ་བསམས་ལ། དེ་རེ་རེ་ལས་ཀྱང་ཧེ་རུ་ཀ་མང་པོ་སྤྲོས་ལ་དེ་རྣམས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་བྱེད་པར་བསམ་མོ། །རྟེན་འབྲེལ་གྱི་སྔགས་བཟླས་པས་མཇུག་བསྡུ་བར་བྱའོ། །དེ་ནས་གྲུབ་ན་མཆོད་པ་རྣམ་པ་ལྔ་དབུལ། མ་གྲུབ་ན་མེ་ཏོག་ གཏོར་ལ་བསྐོར་བ་བྱའོ། །མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དེ་ནས་སྨོན་ལམ་གདབ། དགེ་བའི་རྩ་བ་བསྔོ་བར་བྱའོ། །བདེ་མཆོག་གི་སཱ་ཙྪའི་ ལུགས་རྫོགས་སོ།། ༄༅། །དེ་ནས་རབ་གནས་རྒྱས་པ་བྱེད་ན། གོང་དུ་བསྟན་པ་ལྟར་སཱ་ཙྪ་གང་འགྲུབ་བཏབ་ལ། དེ་ནས་རང་ལྷའི་རྣལ་འབྱོར་དུ་སྐད་ཅིག་མས་བསྒོམ། སཱ་ཙྪ་དེ་སྟོང་པ་ཉིད་དུ་བསམ། དེ་ལས་པདྨའི་གདན་བསྒོམ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་ འཁོར། དེའི་སྟེང་དུ་ཧཱུཾ་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས། འོད་ཀྱིས་སླར་ལ་འདུས་པས་ཧཱུཾ་ལ་ཐིམ། ཧཱུཾ་དེ་ཡང་འོད་དུ་ཞུ་བ་ལས་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བར་བསྒོམས་ལ། རང་གི་སྙིང་གའི་ཧཱུཾ་གི་འོད་ཀྱིས་ཡེ་ ཤེས་ཀྱི་ཧེ་རུ་ཀ་ཡབ་ཡུམ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་དབང་བསྐུར་ལ་སྤྱི་བོར་མི་བསྐྱོད་པ་བསྒོམ་མོ། །དེ་ནས་མཆོད་པ་དང་རྒྱན་རྣམས་དབུལ་ལོ། །ཧེ་རུ་ཀའི་སྙིང་པོ་བཟླས། རྟེན་འབྲེལ་གྱི་སྔགས་ལན་གསུམ་བཟླས། དེ་ནས་སྨོན་ལམ་གདབ་བོ། ། དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །སཱ་ཙྪ་གཙང་སར་བཞུགས་གསོལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ ཎཿ། སཱཙྪའི་ཆོག་མ་ཧཱ་པྲཛྙཱ་རཀྵི་ཏས་མཛད་པ་ལོ་ཙཱ་བ་བཤེས་གཉེན་བ་རིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཀྲ་སམྦ་ར་སཱ་དྷ་ནཾ། བོད་སྐད་དུ། འཁོར་ལོ་སྡོམ་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །སྐུ་གསུམ་དྲི་མ་ གསུམ་སྤངས་པའི། །རྡོ་རྗེ་དྲག་པོ་ཕྱག་འཚལ་ཏེ། །འཁོར་ལོ་བདེ་མཆོག་བདག་ཉིད་ཀྱི། །སྒྲུབ་ཐབས་ཡན་ལག་མཆོག་བཤད་བྱ། །དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པས་ལག་པ་དང་རྐང་པ་དང་ཁ་ལ་སོགས་པ་དག་པར་བྱས་ནས་ཡིད་དང་མཐུན་ཞིང་མངོན་པར་འདོད་ པའི་ཕྱོགས་ཅིག་ཏུ་ཁ་ལྷོ་ཕྱོགས་སུ་བལྟས་པར་གྱུར་པས་འཇམ་པའི་སྟན་ལ་འདུག །བདུད་རྩི་ལྔའི་རི་ལུ་ཁར་བཅུག་སྟེ་ས་ཕྱོགས་དེར་ནི་བྱ་རོག་དང་། འུག་པ་དང་ཅེ་སྤྱང་དང་དུམ་བུ་དང་རིལ་པོ་དང་ཚིག་པ་དང་མ་ཚིག་པའི་འཇིགས་པར་བྱེད་པའི་རོ་ལ་སོགས་པའི་ འཁོར་གྱིས་ཡོངས་སུ་བསྐོར་བའི་དུར་ཁྲོད་ཆེན་པོ་རབ་ཏུ་བསམས་ལ། མགུལ་རྒྱན་དང་། རྣ་རྒྱན་དང་། ལག་རྒྱན་དང་། སྤྱི་བོའི་ནོར་བུ་དང་། ཐལ་བ་དང་མཆོད་ཕྱིར་ཐོགས་དང་ཕྱག་རྒྱ་དྲུག་གིས་བརྒྱན་པའི་བདག་ཉིད་དུ་དམིགས་ཏེ། བསྲུང་ བའི་དོན་དུ་གཏི་མུག་ལ་སོགས་པའི་ར་བ་གསུམ་བསམས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་བདག་དཔལ་ཧེ་རུ་ཀ་ཡིན་ནོ་ཞེས་སྨོན་ལམ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་འོག་ནས་འབྱུང་བའི་རིམ་པས་སྐད་ཅིག་གིས་རྡོ་རྗེ་དྲག་པོའི་རྣལ་འབྱོར་ དང་ལྡན་པས། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ། ཨོ་ཨཽ་ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ཞེས་དམ་ཚིག་ལན་གསུམ་དུ་བརྗོད་དོ། །དེ་ནས་ཧེ་རུ་ཀ་ཞེས་བྱ་བའི་ ཡི་གེ་གསུམ་གོ་རིམས་ཇི་ལྟ་བ་བཞིན་དུ་སྤྱི་བོ་དང་། མགྲིན་པ་དང་སྙིང་གར་བསམས་ལ། ཧེ་ཞེས་བྱ་བ་ནི་རྒྱུ་དང་བྲལ་བའོ། །རུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྟོག་པ་དང་བྲལ་བའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་གང་དུ་ཡང་མི་གནས་པའོ་ཞེས་བྱ་བས་ཡི་གེ་ གསུམ་གྱི་དོན་ལ་ལྷག་པར་མོས་ཏེ། ཡི་གེ་གསུམ་གྱིས་ཁམས་གསུམ་དང་བདག་ཉིད་མ་ལུས་པ་སྣང་བ་མེད་པར་བྱས་ནས། དེ་ལྟར་བྱས་ཤིང་གནས་པར་བསམས་པའི་རྗེས་སུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཧེ་རུ་ཀ་ཞེས་བྱ་བའི་ཡི་གེ་གསུམ་གྱི་ངོ་བོའི་རང་བཞིན་ ཨོཾ་དང་ཨཱཿདང་ཧཱུཾ་གི་ཡི་གེ་རིམ་པ་ཇི་ལྟ་བས་སྟེང་དང་བར་དང་འོག་ཏུ་རིམ་པ་བཞིན་དུ་ནམ་མཁའི་ཕྱོགས་སུ་ཁ་དོག་དཀར་པོ་བསམས་ལ། ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །རྡོ་རྗེ་དེའི་ལྟེ་བ་ལ་ཧཱུཾ་དམིགས་པ་དེ་ལས་བྱུང་བའི་དེའི་རྣམ་པ་ཅན་གྱི་འོད་ཟེར་ནམ་མཁའི་ ཁམས་ཁོར་ཡུག་ཆེན་པོ་རི་རབ་ཏུ་ཁྱབ་པར་བྱས་ལ་སེམས་ཅན་མ་ལུས་པའི་དོན་བྱེད་པར་ཞུགས་ཏེ། ལྕགས་ཀྱུའི་རྣམ་པ་ཅན་གྱིས་འོད་ཟེར་དེ་གོང་གི་ཡི་གེ་གསུམ་ལ་གཞུག་གོ། །ཨོཾ་ནི་ཨཱཿལའོ། །ཨཱཿནི་རྡོ་རྗེ་ལ་སྟེ་རིམ་བཞིན་དུ་རྡོ་རྗེ་ལ་སོགས་པ་རྡོ་རྗེ་ལྟེ་བ་ལའོ། ། ཡང་ཧཱུཾ་ལའོ། །ཨཱུ་ཧ་ལའོ། །ཧ་མགོ་བོ་ལའོ། །མགོ་བོ་ཟླ་ཚེས་ཀྱི་རྣམ་པ་ལའོ། །དེ་ཡང་ཐིག་ལེ་ནི་སྒྲ་ཙམ་སྟེ་དེ་ཡང་དམིགས་པར་མི་བྱའོ། །དེ་ལྟར་མ་ལུས་ཤིང་ལུས་པ་མེད་པར་ཁམས་གསུམ་གྱི་སྒྲ་ཙམ་གྱིས་རྣམ་པར་གནས་པར་བསམས་ལ། དེ་ནས་ལཱ་མའི་ རང་བཞིན་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་མདོག་སྔོན་པོ་རྒྱལ་མཚན་གྱིས་མཚན་པའི་གཞུའི་རྣམ་པ་བསམས་ལ། དེའི་སྟེང་དུ་དུམ་སྐྱེས་མའི་རང་བཞིན་རཾ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་དམར་པོ་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མཁའ་འགྲོ་མའི་ རང་བཞིན་བཾ་ཡོངས་སུ་གྱུར་པ་ལས་ཟླུམ་ཞིང་དཀར་བའི་ཆུའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་གཟུགས་ཅན་མའི་རང་བཞིན་ལཾ་ཡོངས་སུ་གྱུར་པ་ལས་གྲུ་བཞི་མདོག་སེར་བ་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཀཾ་ཡོངས་སུ་གྱུར་པ་ལས་རུས་སྦལ་ལམ་ཐོད་པའོ། །དེའི་སྟེང་དུ་ ཨ་ཡོངས་སུ་གྱུར་པ་ལས་བར་མཚམས་མེད་པའི་སྣ་ཚོགས་རྡོ་རྗེ་ཉེ་བར་དམིགས་ལ། དེའི་ལྟེ་བར་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བསམ་མོ། །དེའི་སྟེང་དུ་སུཾ་ཡོངས་སུ་གྱུར་པ་ལས་རི་བདུན་གྱིས་ཡོངས་སུ་བསྐོར་བའི་གྲུ་བཞི་རི་རབ་རིན་པོ་ ཆེ་སྣ་བཞི་ལས་གྲུབ་པ་ཡོངས་སུ་བསྒོམ་པར་བྱའོ། །དེའི་སྟེང་དུ་པདྨའི་ཟེ་འབྲུ་དང་བཅས་པའི་འདབ་མ་བརྒྱད་པ་དམིགས་ལ་པདྨའི་ཟེ་འབྲུའི་སྟེང་དུ་ཨཱ་ལི་ཀཱ་ལི་བཀོད་ནས། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་རྒྱ་ཆེ་ཞིང་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་ པར་བྱའོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་གནས་པའི་སྒྲ་ཙམ་ལ་ཐིག་ལེའོ། །ཐིག་ལེ་ལས་ཟླ་ཕྱེད་ཀྱི་རྣམ་པའོ། །དེ་ནས་མགོ་བོ་ལས་ཧ། ཧ་ལས་ཧཱུ། དེ་ལྟར་རིམ་པས་ཧཱུྃ་ངེས་པར་རྫོགས་པར་བྱས་ལ། ནམ་མཁའི་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཇུག་ པར་བྱས་ལ། དེ་ཡོངས་སུ་གྱུར་པ་ལས། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མགོན་པོ་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཞལ་བཞི་པ་སྤྱན་གསུམ་པ་མན་ངག་གི་ཕྱག་བཅུ་གཉིས་དང་པོའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་རྡོ་རྗེ་ཕག་མོ་ལ་མཉམ་པར་ འཁྱུད་པའོ། །གཉིས་པའི་ཕྱག་གཉིས་ན་ཁྲག་འཛག་པའི་གླང་པོ་ཆེའི་པགས་པ་རྒྱབ་ཏུ་བསྣམས་པའོ། །གཡས་པའི་ཕྱག་བཞི་ན་རྩེ་གསུམ་དང་གྲི་གུག་དང་དགྲ་སྟ་དང་རྡེའུ་ཆུང་བསྣམས་པའོ། །གཡོན་པའི་ཕྱག་བཞི་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ དང་ཐོད་པ་དང་ཞགས་པ་དང་ཚངས་པའི་མགོ་བོ་བསྣམས་ཤིང་འཆང་བའོ། །པདྨའི་ཞལ་བཞི་ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བའི་མཐའ་རུ་རྡོ་རྗེ་ཕྲེང་བས་བཅིངས་པ། དེ་དང་ཉེ་བའི་སྟེང་དུ་ཐོད་པ་རྣམ་པ་ལྔ་བཅིངས་པ་ལྷ་མོའི་ངོ་བོ་ཉིད་དོ། །རལ་པའི་ཅོད་པན་གྱིས་བརྒྱན་ པའོ། །གཡོན་ཕྱོགས་ཀྱི་ཆར་ཟླ་བ་ཕྱེད་པ་གཞག་པའོ། །སྤྱི་བོར་སྣ་ཚོགས་རྡོ་རྗེའི་དབུས་སུ་མི་བསྐྱོད་པས་མནན་ཞིང་འཆང་བའོ། །མགོ་བོའི་ཕྲེང་བ་བརྒྱ་ཕྱེད་པས་སྐུ་ལ་བརྒྱན་པ། སྟག་གི་པགས་པ་ཁྲག་འཛག་པའི་ཤམ་ཐབས་ཅན། རུས་པའི་ཕྲེང་བ་རྐེད་ པའི་ཕྱོགས་སུ་བཅིངས་པའོ། །ཞལ་དང་པོ་དང་ལུས་ཐམས་ཅད་ནི་དུ་བའི་མདོག་ལྟ་བུའོ། །ལྗང་གུ་དང་དམར་པོ་དང་སེར་པོ་ནི་གཡོན་པ་དང་རྒྱབ་དང་ལྷོ་ཕྱོགས་ཀྱི་ཞལ་ལོ། །ཡི་དགས་ཆེན་པོ་མནན་པ། གདུག་པ་ཅན་ཐམས་ཅད་འཇོམས་པའི་གཟུགས་སུ་རྣལ་ འབྱོར་ཆེན་པོ་དམིགས་ཤིང་བརྟན་པར་བྱས་པས་རྡོ་རྗེ་ཕག་མོ་ལ་ཡང་ཐལ་བ་དང་དཔྲལ་བའི་ཕྱག་རྒྱ་རྣམ་པ་ལྔས་བརྒྱན་པའོ། །རུས་པའི་སྐེ་རགས་ལ་སོགས་པས་བརྒྱན་པའོ། །ཕྱག་གཉིས་པ། ཞལ་གཅིག་པ་མགོན་པོ་དཔའ་བོའི་བདག་ཉིད་ཀྱི་སྐུ་ལུས་འདྲ་ བའོ། །མིའི་རྒྱུ་མ་དང་ཁྲག་གིས་བཀང་བས་གཉིས་ཀའི་ཁར་གསོལ་བའི་ཐོད་པ་གཡོན་པའི་ཕྱག་ན་བསྣམས་པའོ། །བདུད་ཐམས་ཅད་ཚར་གཅོད་པ་ལ་ཆེད་དུ་བྱས་པའི་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་གཡས་པའི་ཕྱག་ན་བསྣམས་པའོ། །སྐྲ་གྲོལ་བ་གཅེར་བུ་རུས་ པའི་ཕྲེང་བས་བརྒྱན་པའི་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། །པདྨའི་འདབ་མ་ལ་མདུན་དུ་མཁའ་འགྲོ་མ་མདོག་ནག་པོའོ། །གཡོན་དུ་ལཱ་མ་ལྗང་གུའོ། །རྒྱབ་ཏུ་དུམ་སྐྱེས་མ་དམར་མོའོ། །གཡས་སུ་གཟུགས་ཅན་མ་མདོག་སེར་བའོ། །དབང་ལྡན་ལ་ སོགས་པའི་མཚམས་བཞིར་ཐོད་པ་ལ་གནས་པའི་དྲི་ཆེན་དང་དྲི་ཆུ་དང་རང་བྱུང་གི་མེ་ཏོག་དང་བྱང་ཆུབ་སེམས་ཀྱི་རྣམ་པ་བསྒོམ་པའོ། །དེ་ལ་ལྟེ་བར་གཅིག་ཏུ་བྱས་པ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །རྟ་མགྲིན་དང་ཤཽཎ་ ཌི་ནིའོ། །ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། །དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །པདྨ་གར་དབང་དང་སྟོབས་མོ་ཆེའོ། །རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མའོ། །རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མའོ། །སྐུའི་འཁོར་ལོ་སེར་པོའོ། །རྩིབས་བརྒྱད་དང་ མདོག་སེར་བ་སྟེ་རྐེད་པའི་ཕྱོགས་སུ་གནས་པའོ། །དེའི་སྟེང་དུ་ཨཾ་གུ་རི་དང་ཨཻ་ར་བ་ཏའོ། །རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མའོ། །རབ་ཏུ་བཟང་པོ་དང་སྔོ་བསངས་མའོ། །རྡོ་རྗེ་ བཟང་པོ་དང་ཤིན་ཏུ་བཟང་མོའོ། །འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །མིག་མི་བཟང་དང་ཁྭ་གདོང་མའོ། །རྩིབས་བརྒྱད་ནི་དམར་བ་སྟེ་གསུང་གི་འཁོར་ལོ་ནི་དམར་པོའོ། །ནུ་མའི་བར་དུ་གནས་པའོ། །དེའི་སྟེང་དུ་ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོའོ། །ཀེང་རུས་ཆེན་མོ་ དང་གཏུམ་པའི་མིག་ཅན་མའོ། །ཀཾ་ཀ་ལ་དང་འོད་ལྡན་མའོ། །མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །ལྷ་དགྲ་དང་བརྟན་པའི་བློ་ཅན་མའོ། །འོད་དཔག་མེད་དང་མི་ཐུང་མའོ། །རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མའོ། །རྡོ་རྗེ་སྐུ་དང་ཤིང་གྲིབ་མའོ། །ཐུགས་ཀྱི་འཁོར་ ལོ་ནི་དུ་བ་ལྟ་བུ་སྟེ་རྩིབས་བརྒྱད་ཀྱང་དུ་བ་ལྟ་བུའོ། །རྐེད་པ་མན་ཆད་ཀྱི་ཕྱོགས་སུ་གནས་པའོ། །ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མའོ་ཞེས་བྱ་བ་ནི་གྲུ་བཞི་པའི་སྒོ་བཞི་རུ་དུ་བ་དང་ལྗང་གུ་དང་དམར་པོ་དང་སེར་པོའི་མདོག་གོ། །གཤིན་རྗེ་ བརྟན་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་ནི་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་སྟེ་མདོག་གཉིས་མའོ། །དཔའ་བོ་ཐམས་ཅད་ནི་ཞལ་གཅིག་ཕྱག་བཞི་པ་རལ་པའི་ཅོད་པན་ལ་དར་དཔྱངས་ཀྱིས་མཚན་པའོ། །ཕྱག་ དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ལྷ་མོ་ལ་མཉམ་པར་འཁྱུད་པའོ། །གཞན་གཉིས་ཀྱིས་རྔེའུ་ཆུང་དང་ཐོད་པ་བསྣམས་ཤིང་འཆད་པའོ། །ཕྱག་རྒྱ་ལྔ་ལ་སོགས་པས་སྐུ་བརྒྱན་པ། གཡོན་བརྐྱང་པས་གདན་ལ་གནས་པའོ། །སྤྱན་གསུམ་ པ་མཁའ་འགྲོ་མ་ལ་སོགས་པ་ཐམས་ཅད་ནི་སྐྲ་གྲོལ་བ་གཅེར་བུ་ཐོད་པ་དང་གྲི་གུག་གིས་མཚན་པའི་ཕྱག་གཡོན་པ་དང་གཞན་ནོ། །སྤྱན་གསུམ་པ་དཔའ་བོ་དང་མཁའ་འགྲོ་མ་ནི་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔ་དང་ལྡན་པའོ། །ལྷ་མོ་ཐམས་ཅད་ནི་གཡས་བརྐྱང་པའི་ཞབས་ཀྱིས་གནས་ པའོ། །ད་ནི་དཔའ་བོ་འདི་རྣམས་ཐམས་ཅད་ནི་ཡི་གེ་ཧཱུཾ་གཅིག་པུ་ལས་སྐད་ཅིག་གིས་ཡོངས་སུ་རྫོགས་པར་བསམས་ལ་དེའི་ནང་དུ་བྱའོ། །གྲུ་བཞི་པ་སྒོ་བཞི་དང་དོ་ཤལ་དང་ཏྭ་ར་ཎ་དང་དྲིལ་བུ་དང་བ་དན་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། འུག་པ་དང་རོ་དང་འབར་ལ་སོགས་ པ་མང་པོས་ཁྱབ་པའི་དུར་ཁྲོད་དང་ལྡན་པར་འབར་བའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ར་བ་གསུམ་གྱིས་བསྐོར་བའོ། །ར་བ་ལྟ་བུའི་སྟེང་དང་རྡོ་རྗེ་གུར་ཡོངས་སུ་བསྲུང་བའི་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བྱས་ལ་འདི་ཐམས་ཅད་ལ་ཡང་དག་པར་བལྟ་ཞིང་། ཨོཾ་སུམྦྷ་ནི་ སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་ཧཱུཾ་ཕཊ། ཅེས་པ་ཞལ་བཞི་ནས་ཚིག་བརྗོད་པར་བྱའོ། །དེ་ནས་མིང་ཐམས་ཅད་ནི་སོ་སོར་བརྗོད་པར་བྱ་སྟེ། དེ་རྣམས་ཀྱི་མདོག་དང་ཕྱག་ལ་སོགས་པ་ནི་ངེས་པ་ཡང་དེ་ བཞིན་དུ་བལྟ་བར་བྱའོ། །སྔགས་འདིའི་རིམ་པས་གོ་ཆ་བྱ་སྟེ། ཨོཾ་ཧ་རྡོ་རྗེ་སེམས་དཔའ་ནི་སྙིང་གར་རོ། །ན་མ་ཧི་རྣམ་པར་སྣང་མཛད་ནི་མགོ་བོ་ལའོ། །སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་ནི་སྤྱི་གཙུག་ཏུའོ། །པཽ་ཥཊ་ཧེ་དཔལ་ཧེ་རུ་ཀ་ནི་ཕྲག་པ་གཉིས་ལའོ། །ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མ་ནི་ མིག་གཉིས་ལའོ། །ཕཊ་ཧཾ་རྟ་མགྲིན་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །དེ་ལྟར་བདག་ཉིད་གོ་ཆ་བགོ་བར་བྱའོ། །ཨོཾ་བཾ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ། །ཧཾ་ཡོཾ་གཤིན་རྗེ་ནི་སྙིང་གར་རོ། །ཧྲིཾ་མོཾ་རྨོངས་བྱེད་མ་ནི་ཁ་ལའོ། །ཧྲིཾ་ཧྲིཾ་སྐྱོད་བྱེད་མ་ནི་མགོ་ལའོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་ནི་ སྤྱི་བོར་རོ། །ཕཊ་ཕཊ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །དེ་ལྟར་རྡོ་རྗེ་ཕག་མོ་ཡང་བགོ་བར་བྱའོ། །དེ་ནས་གནས་གཞན་ན་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་དེ་ལྟ་བུ་བསམས་ལ། རང་གི་སྙིང་ག་ན་གནས་པའི་ཡི་གེ་ཧཱུཾ་སྟེ་འོད་ཟེར་སྤྲོས་ཏེ་བསྐུལ་ནས། རྡོ་རྗེ་སྐྱིལ་ མོ་ཀྲུང་བརྐྱང་སྟེ། རྐང་པ་གཡས་པའི་མཐེ་བོང་གི་སྟེང་དུ་གཡོན་པའི་མཐེབ་ཆེན་གྱིས་མནན་ལ་ལག་པ་གཉིས་ཀྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དཔྲལ་བའི་སྟེང་དུ་ཡང་དག་པར་བཞག་སྟེ། ཕཻཾ་གྱི་སྒྲ་བརྗོད་ཅིང་གཡོན་པ་དང་གཡས་པ་བསྐོར་བའི་ཚུལ་གྱིས་ཡེ་ཤེས་ ཀྱི་འཁོར་ལོ་བཀུག་སྟེ་གཞུག་ཅིང་གཅིག་ཏུ་བྱས་ལ་བརྟན་པར་བྱས་ལ་འདི་ཡང་བྱའོ། །བྱཱ་དང་བྱཱ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་པདྨ་བསམས་ལ། དེའི་སྟེང་དུ་དྱཱ་དང་བྱཱ་གཉིས་ཀྱིས་མཚན་པའི་མཚན་ཉིད་བསམ་མོ། །དེ་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ལྟེ་བར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་སྙིང་གར་རོ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཁ་ལའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སཾ་བ་ར་སྭཱ་ཧཱ། ཞེས་པ་ནི་དཔྲལ་བར་ལྷ་མོ་དགོད་པར་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་ སྤྱན་དྲངས་པའི་སྔོན་དུ་ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱ་དམིགས་ལ་ད་ནི་ལས་ཀྱི་ཕྱག་རྒྱ་བརྩམ་པར་བྱའོ། །དེ་ནས་བདུད་རྩི་མྱང་བར་བྱ་སྟེ་ཧཱུྃ་གི་འོད་ཟེར་གྱིས་བཀུག་སྟེ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་རིམ་པ་བཞིན་དུ་བརྗོད་པ་ཙམ་གྱིས་བདུད་རྩི་ལངས་ཏེ་ནམ་མཁའི་ཕྱོགས་ ཐམས་ཅད་དུ་སྤྲོས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་སྟེང་དུ་བ་མོ་ཐིགས་པའི་གཟུགས་ཀྱིས་བདུད་རྩི་བབ་ཅིང་དེ་བཞིན་དུ་དཀྱིལ་འཁོར་པ་ཚིམ་པར་བྱའོ། །ཡེ་ཤེས་ཀྱི་བདུད་རྩི་དེ་མྱངས་པས་དགའ་བ་དང་མཆོག་དགའ་དང་། ཤིན་ཏུ་དགའ་བ་དང་རབ་ཏུ་དགའ་བའི་བདག་ཉིད་དུ་ གྱུར་པའི་མཉམ་པར་གཞག་པའི་ཡིད་ཀྱིས་བསྒོམས་ལ། ཆོ་ག་བཞིན་དུ་ཕྱི་དང་གསང་བའི་མཆོད་པས་ཡང་དག་པར་མཆོད་ལ་རྡོ་རྗེ་དང་བཅས་པའི་དྲིལ་བུ་ཡང་ལན་གསུམ་དུ་དཀྲོལ་ཞིང་བསྟོད་པ་བྱས་ལ་ཉེ་བར་བསྡུ་བར་བྱའོ། །འདི་ནི་སྤྲུལ་པའི་སྐུའོ། །དེ་ནས་ བསྲུབ་པ་དང་སྲུབ་པའི་སྦྱོར་བས་ཉེ་བར་བསྡུ་བར་བྱ་སྟེ། དེ་ལ་རིམ་པ་ནི་འདི་ཡིན་ཏེ་སྒོ་སྲུང་བའི་ལྷ་མོ་རྣམས་གཡོན་སྐོར་གྱིས་བསྐོར་ཏེ་སྐུའི་འཁོར་ལོར་རབ་ཏུ་ཞུགས་པར་བསམ་པར་བྱའོ། །དེ་ལྟར་སྐུའི་འཁོར་ལོ་གཡས་སྐོར་དུ་བསྐོར་ནས་གསུང་གི་ འཁོར་ལོ་ལའོ། །གསུང་གི་འཁོར་ལོ་གཡོན་སྐོར་དུ་བསྐོར་ནས་ཐུགས་ཀྱི་འཁོར་ལོ་ལའོ། །ཐུགས་ཀྱི་འཁོར་ལོ་གཡས་སྐོར་དུ་བསྐོར་ནས་ལྷ་མོ་བཞི་ལའོ། །ལྷ་མོ་བཞི་གཡོན་སྐོར་དུ་བསྐོར་ནས་ཞལ་བཞི་ལ་གོ་རིམས་བཞིན་དུ་ཞུགས་པར་བྱའོ། །དེ་ནས་གོ་ཆ་ ཆེན་པོས་ནི་གོ་བགོ་བར་བྱ་སྟེ་འདིའི་རིམ་པ་ནི་པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ། དེ་ལ་འདིའི་དོན་ནི་པུལླཱི་ར་མཱ་ཆེ་མགོ་བོ་ལ་སྟེ་རབ་ཏུ་གཏུམ་མོའོ། །ཛཱ་ལན་དྷ་ར་སྤྱི་གཙུག་ཏུ་ནི་གཏུམ་པའི་མིག་ཅན་མའོ། །ཨོ་ཌི་ཡ་ན་ནི་རྣ་བ་གཡས་པ་སྟེ་འོད་ལྡན་མའོ། ། ཨརྦུ་ད་རྒྱབ་ཀྱི་ཕྱོགས་སུ་སྟེ་སྣ་ཆེན་མ་གནས་སོ། །གོ་དཱ་བ་རཱི་རྣ་བ་གཡོན་པ་སྟེ་དཔའ་བོའི་བློ་མའོ། །རཱ་མེ་སྭ་རེ་སྨིན་མའི་དབུས་སུ་སྟེ་མི་ཐུང་མའོ། །དེ་བཱི་ཀོ་ཊི་མིག་གཉིས་ཏེ་ལང་ཀའི་དབང་ཕྱུག་མའོ། །མཱ་ལ་བེ་ཕྲག་པ་གཉིས་ཏེ་ཤིང་གྲིབ་མའོ། །ཀཱ་མ་རུ་པ་མཆན་ཁུང་གཉིས་ ཏེ་ཨཻ་ར་བ་ཏིའོ། །ཨོ་ཊེ་ནི་ནུ་མ་གཉིས་ལ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་། །ཏྲི་ས་ཀུ་ནེ་ནི་ལྟེ་བ་སྟེ་རླུང་གི་ཤུགས་ཅན་མའོ། །ཀོ་ས་ལེ་སྣ་རྩེ་སྟེ་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་། །ཀ་ལིང་ག་ནི་ཁར་ཏེ་སྔོ་བསངས་མའོ། །ལམྤ་ཀ་མགྲིན་པར་ཏེ་རབ་ཏུ་བཟང་མོ་འདུན་ པའོ། །ཀཱཉྩི་སྙིང་གར་ཏེ་རྟ་རྣ་མའོ། །ཧི་མ་ལ་ཡ་མདོམས་སུ་ཁྭ་གདོང་མ་སྟེ་ཉེ་བའི་འདུན་པའོ། །པྲེ་ཏ་པུ་རི་མཚན་མ་ལ་འཁོར་ལོའི་ཤུགས་ཅན་མའོ། །གྲྀ་ཧ་དེ་བ་གསང་བའི་སྒོ་སྟེ་དུམ་སྐྱེས་མ་འདུ་བའི་སའོ། །སཽ་རཱཥྚ་བརླ་གཉིས་ལ་ཆང་ཚོང་མའོ། །སུ་བརྞ་དཱི་པ་ བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མ་ཉེ་བའི་འདུས་པའོ། །ན་ག་ར་ས