Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 22
Văn bản gốc(Tây Tạng)
Trang 14 / 24 (50.000 ký tự/trang)
ང་གིས་གར་ཡང་འབད་པ་བྱེད་པ་མེད། །སྟོང་ཉིད་བརྟན་གྱིས་འཁྲུལ་པ་སྤང་དུ་མེད། །འཁྲུལ་པས་འཆིང་སྤང་སེམས་པར་མ་བྱེད་ཅིག །གང་གང་ལས་བྱུང་དེ་ནི་ངེས་ ལྟོས་ལ། །མི་རྟོག་ཏིང་ངེ་འཛིན་གྱིས་དེ་བསལ་གྱིས། །རྣམ་རྟོག་དྲི་མ་ཆེན་པོ་མ་ལུས་ཁྲུས། །ནམ་མཁའི་མེ་ཏོག་དང་འདྲ་དངོས་པོ་མཉམ་པར་རྟོག །ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བུང་བས་འཇིབ་ པ་མཐོང་བ་འདྲ། །ངེས་སྦྱངས་དམ་ཚིག་སྤྱོད་པ་རྣམ་དག་པ། །འཇིག་རྟེན་སྤྲོས་པ་གནས་པ་དང་ནི་འགལ་བ་ཡིན། །ནམ་མཁའི་མེ་ཏོག་བུང་བས་འཇིབ་པ་འདྲ་བ་ཡི། །བདག་དང་གཞན་དུ་ལྟ་བའི་འཁྲུལ་པ་ཆོམ། །འཇིག་རྟེན་སྤྲོས་པ་རྡོ་རྗེ་ཕབ་ནས་ནི། །འཇིག་ འཛིན་ངོ་ཚ་ཨ་ཝ་དྷཱུ་ཏཱིས་སྤོངས། །བྱང་ཆུབ་སྨོན་པ་སྙིང་རྗེར་བཅས་གཉིས་ཀྱིས། །ངེས་པར་སྦྱངས་འདིར་ཐམས་ཅད་འདུས་པར་འགྱུར། །བླ་མའི་བཀའ་ལུང་གང་ཡིན་རིན་པོ་ཆེར་སྣང་གི །གཞན་པའི་རིན་ཆེན་དེ་ལས་བདེ་བ་ཅི་ཞིག་འབྱུང་། །བླ་མའི་མན་ངག་མེད་པ་དེ་ལས་ འབྲས་མི་འབྱུང་། །དྲི་མ་ཅན་གྱི་རས་ལ་གུར་གུམ་ཚོན་བཞིན་ནོ། །རྣལ་འབྱོར་མ་ཉམས་མྱོང་ན་རྣལ་འབྱོར་པར་འགྱུར་བས། །གཞོན་ནུ་མ་གཞན་འདུས་པས་བདེ་བསྐྱེད་པ། །གང་གིས་སྲིད་པའི་མཚོ་ལས་སྒྲོལ་འགྱུར་བའི། །བླ་མའི་ལུང་ལས་གཅེས་པ་གཞན་ཅི་ཡོད། ། སྙིང་རྗེས་གཞན་ཕན་སློབ་མས་འཇུག་པ་ཡི། །ངུར་སྨྲིག་འཛིན་པའི་སློངས་མོས་རྙེད་དཀའ་མིན། །ཡི་གེ་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །འགྲོ་བ་དབྱེར་མེད་རྣམ་པར་སྟོན་པ་ཡིན། །སེམས་རྨོངས་བྱེད་པའི་བསྟན་བཅོས་ཡོངས་སྤོངས་དང་། །དོན་དམ་ཤྲཱི་ཧེ་རུ་ཀར་འགྱུར་པ་ཡིན། ། རྒྱུ་མེད་སོགས་ལས་སྐྱེ་བ་རྨོངས་པ་ནི། །འགོག་ཅིང་སྟོང་པར་ཡི་གེ་ཧེ་འདིས་བསྟན། །རྟོག་དཔྱོད་བྲལ་བའི་དོན་དམ་གང་ཡིན་པས། །འཆི་བ་སྤོང་བར་ཡི་གེ་རུ་འདིས་བསྟན། །དངོས་དང་དངོས་མེད་གང་ལའང་མི་གནས་པ། །སྲིད་དང་མྱ་ངན་འདས་མེད་ཡི་གེ་ཀ་འདིས་བསྟན། ། འདི་ལྟར་བཞི་ཡིས་བསྟན་པའི་དོན་གང་ཡིན། །དེ་ནི་དོན་དམ་ཤྲཱི་ཧེ་རུ་ཀ །མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་དངོས་པོའི་དོན་ཉིད་ཀྱིས་ཇི་ལྟར་གཟིགས་པ་དེ་ལྟར་གཞན་ལ་བསྟན་པའི་ཕྱིར་རྡོ་རྗེ་འཆང་གི་གནས་སུ་གཤེགས་པའི་ཚེ་སྐྱི་ཤོད་སྙེ་ཐང་བཀྲ་ཤིས་དཔལ་གྱི་ན་མོ་ཆེར་རྡོ་རྗེའི་གླུ་ བླངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་བཛྲ་གཱི་ཏི་བྲྀཏྟི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེ་ལ་སོགས་པའི་རྦ་རླབས་འཁྲིགས། །སྲིད་པའི་སྡུག་བསྔལ་སེལ་མཛད་ཅིང་། ། ཐུགས་རྗེས་ཡིད་བཞིན་ནོར་ལྟར་རེ་སྐོང་བ། །རྗེ་བཙུན་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །ཆུ་ཡི་ནང་གི་ཟླ་བ་ལྟར། །གར་དགུའི་ཉམས་དང་ལྡན་པ་<སྟསྟེ>། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །དཔའ་བོའི་རྒྱལ་པོས་རྟག་ཏུ་སྐྱོང་གྱུར་ཅིག །འཁྲུལ་འཁོར་མི་བཟད་དབང་གིས་རྟག་ཏུ་ འཁོར། །མིག་བྲལ་ལམ་ནོར་རྣམས་ལ་ཕན་པའི་ཕྱིར། །ངེས་དོན་ཟབ་མོ་བརྒྱུད་པའི་རིམ། །བླ་མའི་ལུང་བཞིན་བྲི་བར་བྱ། །དཔལ་ལྡན་རྡོ་རྗེ་གདན་སྤོར་སངས་རྒྱས་དང་། །ཞེས་བྱ་བ་ལ་སོགས་པས་མཆོད་པར་བརྗོད་པ་ཡིན་ཏེ། དེའི་ཡུལ་ནི་གཉིས་ཏེ། དཀོན་མཆོག་ གསུམ་དང་། དེའི་རྒྱུ་བླ་མའོ། །དེ་ལ་སངས་རྒྱས་སྨོས་པས་ལམ་ཆོས་དཀོན་མཆོག་དང་། རྟེན་དགེ་འདུན་དཀོན་མཆོག་ཤུགས་ཀྱིས་ཤེས་པར་བྱའོ། །དེ་ནི་རྒྱུ་འབྲས་དང་རྟེན་གྱི་རང་བཞིན་ཡིན་པའི་ཕྱིར། དེའི་རག་ལས་ས་བླ་མ་ཡིན་པས་དེའི་ཕྱིར། བླ་མ་རྡོ་རྗེ་འཛིན་དངོས་ བདག་ཉིད་ཅན། །ཞེས་བྱ་སྟེ། རང་བཞིན་ལ་ཐ་དད་པ་མེད་པ་དང་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཟབ་པའི་དོན་ལྡན་གླུ་འདི་སྟོན་འགྱུར་བ། །ཡོན་ཏན་ཀུན་རྫོགས་ཞེས་བྱ་བ་སྟེ་ལྷན་ཅིག་སྐྱེས་པའི་དོན་གསལ་བ་དེ་ནི་རྒྱ་མཚོ་ལྟར་ཟབ་ལ། དེའི་དོན་རྣལ་དུ་མཚོན་པས་གླུ་ཞེས་བྱའོ། ། ཡོན་ཏན་ཀུན་རྫོགས་ཞེས་བྱ་བ་ལ་བླ་མའི་ཡོན་ཏན་བཤད་པ་མ་ལུས་པ་རྫོགས་པ་དང་། དེ་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པས་དེ་སྐད་ཅེས་བྱའོ། །དེའི་ཕྱིར་དམ་པ་སྟེ་དེ་ལ་མཆོད་པར་བརྗོད་པའོ། །ད་ནི་གཞུང་བཤད་པའི་ཕྱིར། ལུས་ནི་རྣམ་བསྐམས་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྡོག་པ་དང་འཇུག་པའི་དབང་གིས་གཉིས་ཏེ། ལུས་རྣམ་པར་བསྐམས་པ་དང་སེམས་ཉོན་མོངས་པའི་རྒྱུ་ཕྱི་རོལ་པའི་བརྟུལ་ཞུགས་ཏེ་མེ་ལྔ་བསྟེན་པ་ལ་སོགས་པའོ། །ཆོས་འདི་པས་བྱ་བ་འདིར་དེ་དང་འདྲ་བའི་བྱེད་པ་སྦྱངས་པའི་ཡོན་ཏན་ བཅུ་གཉིས་ལ་སོགས་པའོ། །གཞན་ཡང་ཏིང་ངེ་འཛིན་དང་མི་མཐུན་པ་ཐམས་ཅད་དོ། །དེ་ལྟ་བུའི་ལྷག་པའི་བྱེད་པ་སྤངས་ནས་འཇུག་པ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བའི་རང་བཞིན་དེ་ལེགས་པར་མཚོན་ཅིང་ཉམས་སུ་བླངས་ན། དེས་ནི་འགྲོ་ཀུན་རང་བཞིན་ རྣམ་དག་པར། །དཔལ་ལྡན་རྡོ་རྗེའི་གདན་ལས་སངས་རྒྱས་གྱུར། །ཞེས་བྱའོ། །དེ་ལ་དག་པ་ལ་གཉིས་ཏེ། རང་བཞིན་གྱིས་དག་པ་འགྲོ་བ་ཀུན་གྱི་ཐུན་མོང་བ་དེ་ཤེས་རབ་དང་། སྙིང་རྗེས་ལེགས་པར་སྦྱངས་པས་དྲི་མ་དག་པའི་གནས་སྐབས་སོ། །བར་གྱི་སྒྲས་ནི་དྲི་མ་ མེད་པའི་དག་པའོ། །འཇུག་པ་དང་ལྡོག་པའི་སྒྲའི་དོན་མདོར་བསྟན་ནས། ད་ནི་དཔེའི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར། མཛེས་མ་མཆོག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དཔེ་བཞི་སྟེ་མཛེས་མ་དང་། ཆུ་བོ་དང་། བྱང་ཆུབ་ཀྱི་ཤིང་དང་རྡོ་རྗེའོ། །དེ་ལ་དཔེ་དང་ པོ་ནི་མཚོན་བྱ་མཚོན་བྱེད་ཀྱི་བརྡའི་དཔེའོ། །གཉིས་པ་ནི་ཆུ་བོ་ལྟར་རྒྱུན་མ་ཆད་པ་དང་། མཐའ་གཉིས་ལ་མི་གནས་པའི་དཔེའོ། །གསུམ་པ་ནི་སྦྱངས་པས་གསལ་བའི་དཔེའོ། །བཞི་པ་ནི་ཡོན་ཏན་གྱི་དཔེའོ། །མཛེས་མ་མཆོག་ལྡན་ཁྱེར་ནས་རབ་ཏུ་མྱུར་བསྒྲུབས་པས། །ཞེས་བྱ་བ། མཚོན་བྱེད་བརྡའི་བདག་མེད་མའི་དབང་དུ་བྱས་ནས་མཛེས་མ་ནི་ལུས་སོ། །མཆོག་ནི་ངག་དང་སེམས་སོ། །དེ་གསུམ་གྱི་ཡོན་ཏན་དང་ལྡན་པའོ། །ཁྱེར་བ་ནི་དབེན་པ་ལ་སོགས་པར་རོ། །དེར་རབ་ཏུ་སྒྲུབ་མྱུར་དུ་སྒྲུབ་ཅེས་བྱའོ། །པས་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་པས་ས་ཧ་ཛ་ འོད་གསལ་ཉམས་སུ་མྱོང་ཞེས་བྱའོ། །ཇི་ལྟར་མྱོང་བ་འོག་ནས་བཤད་པར་བྱའོ། །མཚོན་བྱའི་བདག་མེད་མ་དེ་ནི་མཛེས་མ་མཆོག་ནི་འོད་གསལ་དང་ས་ཧ་ཛའོ། །ལྡན་པ་ནི་ཟག་མེད་ཀྱི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་ད་གཉིས་ཟུང་འཇུག་ཏུ་རབ་ཏུ་མྱུར་དུ་བསྒྲུབས་པས་འབྲས་ བུ་མ་ཧཱ་མུ་དྲ་འཐོབ་ཅེས་བྱའོ། །དཔེ་གཉིས་པ་ནི། ནཻ་རཉྫ་ནའི་འགྲམ་དུ་བདེ་བར་འཇུག་པས་འདུས། །ཞེས་བྱ་བ་ལ། ནཻ་རཉྫ་ན་ལ་ཆོས་གཉིས་ཏེ། རྒྱུན་མ་ཆད་པ་དང་། འགྲམ་གཉིས་ནས་མི་འབབ་པའོ། །དེ་བཞིན་དུ་རྣལ་འབྱོར་པས་ད་པེས་མཚོན་པའི་དོན་ལ་རྒྱུན་མ་ཆད་པ་དང་། རྟག་ཆད་གཉིས་ཀྱི་མཐར་མ་ལྷུང་བར་དམིགས་པར་བྱའོ། །ལམ་དེ་དཀའ་བས་འཇུག་པ་མ་ཡིན་པས་བདེ་བར་འཇུག་ཅེས་བྱའོ། །འདུས་པ་ནི་གཉིས་ཏེ། རྡོ་རྗེ་དང་པདྨ་དང་དབྱིངས་དང་རིགས་པ་འདུས་པའི་ཚུལ་གྱིས་བསྒྲུབ་པའོ། །དཔེ་གསུམ་པའི་དབང་དུ་བྱས་ནས། བྱང་ ཆུབ་ཤིང་རྩར་རྡོ་རྗེ་གདན་བཞུགས་ནས། །ཞེས་བྱ་བ་ལ་བྱང་ཆུབ་ཀྱི་ཤིང་ལ་ཆོས་ལྔ་སྟེ། རྩ་བ་དང་། སྡོང་པོ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྩ་བ་དང་འདྲ་བའི་ཤེས་རབ་དང་། སྡོང་པོ་དང་འདྲ་བའི་དད་པ་དང་། ལོ་མ་དང་འདྲ་བའི་ བརྩོན་འགྲུས་དང་། མེ་ཏོག་དང་འདྲ་བའི་དྲན་པ་དང་། འབྲས་བུ་དང་འདྲ་བའི་ཏིང་ངེ་འཛིན་གྱིས་དབང་བྱས་ལ་སྒྲུབ་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་གང་ན་གནས་ཀྱང་རྡོ་རྗེའི་གདན་ལ་བཞུགས་པ་ཞེས་བྱའོ། །དཔེ་བཞི་པའི་དོན་བསྟན་པའི་ཕྱིར། རྡོ་རྗེ་དཔེར་བྱས་ཏིང་ངེ་འཛིན་ལ་ གནས། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལ་ཆོས་གཉིས་ཏེ། མི་ཕྱེད་པ་དང་འབྱེད་པའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་དབང་པོ་ལྔ་ལྡན་གྱི་སྒོ་ནས་ཉོན་མོངས་པ་དང་། ཤེས་བྱ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་གསུམ་གྱིས་མི་ཕྱེད་ལ་ཕར་འབྱེད་པའི་ཚུལ་གྱིས་སྒྲུབ་ པའོ། །ཏིང་འཛིན་བླ་ན་མེད་པའི་ལམ་འདིས་ཀྱེ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བ་དབང་པོ་ལྔས་དབང་བྱས་པའི་ལམ་འདིས་སོ། །ཀྱེ་ཞེས་བོས་ཏེ་གདམས་པའོ། །བདུད་བཞིའི་འཇིགས་པ་ཆེན་པོ་གང་དེ་བཅོམ། །ཞེས་པ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བ་སྐྱེས་པའི་ སྟོབས་ཀྱིས་ལས་དང་ཉོན་མོངས་པའི་སྐྱེ་བ་ལ་སོགས་པའི་བདུད་དེ་དང་དེའི་འཇུག་པ་རྣམས་ནམ་མཁའ་དག་པའི་ངོས་ལྟར་མཐོང་བས་སོ། །ད་ནི་དཔེ་དང་པོའི་མཚོན་བྱ་དོན་གྱི་བདག་མེད་མ་རྒྱས་པར་བསྟན་པའི་ཕྱིར། གཟུགས་ནི་མ་སྤངས་ཞེས་བྱ་བ་ལ་སོགས་པ་ལ་རཱུ་པ་ཞེས་བྱ་བ་ གཟུགས་དང་རང་བཞིན་གཉིས་ལ་འཇུག་པ་ལས་སྭཱའི་རྐྱེན་བྱིན་ན་སྭཱ་ནི་རཱུ་པ་སྟེ་སེམས་འོད་གསལ་བ་བདག་མེད་པའོ། །མ་སྤངས་ལྷན་ཅིག་རྣམ་རོལ་བས་ཞེས་པ་ནི། དེ་ལྟ་བུའི་བདག་མེད་མ་དང་རིག་པ་གཉིས་སུ་མེད་པར་རྣམ་པར་རོལ་པའོ། །རང་བཞིན་བདག་མེད་ལ་སོགས་པའི་ ཚིག་གཉིས་ནི་གོ་སླའོ། །མཚན་ཉིད་དང་ཕན་ཡོན་བསྟན་པའི་ཕྱིར། ཆགས་མེད་ཞི་བས་ཉོན་མོངས་མེད་གང་གིས། །ཞེས་བྱ་བ་ལ་ཆགས་མེད་ནི་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུའོ། །ཞི་བས་ནི་དེ་རྣམས་འབྱུང་འཇུག་ཆད་པའོ། །ཉོན་མོངས་མེད་གང་ གིས་ནི་མཚོན་པ་ཙམ་སྟེ། སྒྲིབ་པ་གསུམ་དང་བྲལ་བའི་ཡེ་ཤེས་འོད་གསལ་བ་གང་གིས་སྐྱེ་བ་དང་འཆི་བའི་སྲིད་པའི་འཁྲུལ་པ་བཅད་པའོ། །བཅད་པ་ཙམ་ཡིན་ནམ་ཞེ་ན། འཁྲུལ་པ་མེད་པའི་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་ལེན་པའི་ཕྱིར། འཁྲུལ་མེད་བདེ་བ་ཆེན་པོ་ལེན་ཅིང་སྟེར། ཞེས་བྱའོ། །དེའི་མཚན་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ལ་ཁ་དོག་དབྱིབས་དང་ཚད་ཀྱང་མེད། །ཅེས་བྱ་བ་ལ་སོགས་པ་ལ། འདིར་དོན་ནི་འདི་ཡིན་ཏེ། མཚོན་བྱེད་ཀྱི་བདག་མེད་མ་ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ནས། ཁ་དོག་དང་དབྱིབས་ལེགས་པ་མིག་གི་དཀྱུས་ རིང་བ་ལ་སོགས་པ་དང་ཕྲ་སྦོམ་ཚད་མཉམ་པ་དང་། བྱེད་པ་དམ་ཚིག་གི་འཁོར་ལོ་དྲུག་དང་། བདེ་བ་མངོན་དུ་འདོད་པ་དང་། དེ་ལ་བརྟེན་ནས་སེམས་བདེ་བའི་རྣམ་པར་སྐྱེ་བའི་སྐྱེ་བ་དང་། སྔགས་དང་ཆོས་ལ་སོགས་པའི་ང་རྒྱལ་ཡོད་པ་དེ་ལ་བརྟེན་ནས་སེམས་རླུང་རྩ་དབུ་མར་ བཅུག་ནས་སེམས་བདེ་བའི་རྣམ་པར་བརླབས་པས་བརྟན་པོར་གྱུར་ནས། མཚོན་བྱའི་བདག་མེད་མ་འོད་གསལ་བར་བསྒོམས་པས་དེའི་མཚན་ཉིད་ནི། ཁ་དོག་མེད་པའི་མཚན་ཉིད་ལ་སོགས་པ་དགུ་སྟེ། ཁ་དོག་མེད་པ་དང་། དབྱིབས་མེད་པ་དང་། ཚད་མེད་པ་དང་། བྱེད་པ་མེད་ པ་དང་། འདོད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། ང་རྒྱལ་མེད་པ་དང་། འགྲོ་འོང་མེད་པ་དང་། བདག་གཞན་མེད་པའི་མཚན་ཉིད་ཅན་ནོ། །དེ་ལྟ་བུའི་མཚན་ཉིད་ཅན་དེ་དང་སེམས་ཐ་དད་མེད་པར་འགྱུར་བའི་དཔེ་ནི། ནམ་མཁའི་ངོ་བོ་ཡང་དག་ཇི་ལྟ་བར། །ཞེས་བྱ་བ་ གསུངས་ཏེ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་སྣང་བའོ། །དེ་གང་གི་ཡུལ་ཡིན་ཞེ་ན། རྣལ་འབྱོར་ཐུབ་མཆོག་མ་ལུས་རྣམ་པར་རོལ། །ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་ཐུབ་པས་སངས་རྒྱས་ཀྱི་སྲས་བླ་མ་དམ་པ་ཉེ་བར་བསྟེན་པ་ཚོགས་བསགས་པ་སྐལ་བ་དང་ལྡན་ པ་རྣམས་ཀྱིས་ཤེས་རབ་ཀྱི་མིག་གིས་ཡུལ་དུ་མཐོང་ཞིང་། དབང་པོ་བཞིས་ངེས་པའི་ཚུལ་གྱིས་རོལ་པའོ། །དེའི་ཕྱིར་དེ་ནི་བཙུན་མོ་བདག་མེད་མ་ཞེས་བྱའོ། །དེ་ལྟ་བུའི་རང་བཞིན་བདག་མེད་མ་དེ་དང་རོལ་པས། ལས་དང་ཉོན་མོངས་པའི་སྐྱེ་བ་ལ་སོགས་པ་རྩད་ནས་གཅོད་པ་ ཡང་ཡིན་ལ། རང་བཞིན་གྱིས་འགོག་པ་མངོན་དུ་བྱ་རྒྱུ་ཡང་ཡིན་མོད་ཀྱི། འོན་ཀྱང་བྱམས་པ་དང་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་གི་རྒྱུད་ལ་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པར་མ་བྱས། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་མ་བྱས་པར་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་བྱས་ན་ཉན་ཐོས་དང་རང་རྒྱལ་བར་ལྟུང་བས། དེའི་ཕྱིར་བཟོད་པ་དེ་དང་ལྡན་བཞིན་དུ་དགེ་བའི་ཆོས་མཐའ་དག་རྫོགས་པར་བྱ་དགོས་པར་བསྟན་པའི་ཕྱིར། ཆགས་མེད་བྱམས་དང་སྙིང་རྗེ་ལས་བྱུང་བ། །བྱང་ཆུབ་ སྨོན་པའི་སེམས་ནི་ལེགས་བརྟན་བྱེད། །ཅེས་པ་ལ་ཆགས་པ་མེད་པ་ནི་སྒྱུ་མ་མཁན་ལྟར་རང་བཞིན་ཤེས་པས་མ་ཞེན་པའོ། །བྱམས་པ་དང་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས་ནི་གོ་བར་ཟད་དོ། །དེ་ལ་འདིར་རིམ་པ་ནི་འདི་ཡིན་ཏེ། རྣལ་འབྱོར་པས་ཐོག་མར་མལ་ནས་ལངས་ ནས། ཐོག་མ་མེད་པ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལ་བདག་དང་བདག་གིར་མ་གྲུབ་བཞིན་དུ་དེར་བརྟགས་པས་རྟོག་པར་བལྟས་པའི་དབང་གིས་རྟོག་པའི་རྒྱུན་ལ་སྡུག་བསྔལ་གྱི་མེ་འབར་བ་རྣམས་ལ་བལྟས་ཏེ། སྐྱེ་བའི་བརྒྱུད་པ་ལ་གྲངས་མེད་པས་སེམས་ཅན་འདི་ གཅིག་གིས་ཀྱང་མ་ལྟ་བུ་བྱས་པའི་གྲངས་མི་ཆོད་པས་འཁོར་བ་མཐའ་དག་ན་གནས་པའི་འགྲོ་བ་རྣམས་གདོན་པའི་བསམ་པས་དང་པོར་བྱམས་པ་དང་སྙིང་རྗེ་ཡིད་ལ་བྱ། དེ་ནས་དེ་རྣམས་ཀྱི་ཆེད་དུ་དཔལ་ཧེ་རུ་ཀ་འདོད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེ་ནས་ཆོས་ ཐམས་ཅད་སེམས་རླུང་གི་རྣམ་འཕྲུལ་ཡིན་པའི་ཕྱིར། སེམས་ལས་གཞན་པའི་དོན་མེད་པར་བསམས་ལ། རླུང་སེམས་ཙམ་ལ་ལྷའི་སྐུང་བསམ་པ་ནི་བདག་བྱིན་གྱིས་བརླབ་པ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ནས་སྔར་གྱི་བདེ་བ་དང་དྲན་པའི་ཐབས་ཀྱིས་སེམས་རླུང་ རྩ་དབུ་མར་བཅུག་ལ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་བདེ་བ་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་སེམས་ཀྱི་རང་བཞིན་ལ་ཞུགས་པར་བསམས་ལ་དེའི་ཚེ་དེའི་མཚན་ཉིད་འོད་གསལ་བ་སྣང་བ་མེད་པའོ། །ནམ་མཁའི་དཀྱིལ་ལྟ་བུ་ལ་ཤེས་རབ་ ཀྱི་མིག་གིས་བལྟ། དྲན་པས་མ་ཡེངས་པར་བལྟ། དད་པས་ཡིད་ཆེས་པར་བྱས་ལ་བལྟ། བརྩོན་འགྲུས་ཀྱིས་འཇིག་རྟེན་པའི་སེམས་མེད་པར་བྱས་ལ་བལྟ། ཏིང་ངེ་འཛིན་གྱིས་རྩེ་གཅིག་པའི་ཚུལ་གྱིས་བལྟས་པས་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་སྣང་བ་མེད་ པ་གསལ་བ་དང་བ་དག་པར་སྣང་བ་དེ་ལ་བརྟེན་ནས་ངེས་པའི་ཤེས་པ་སྐྱེའོ། །དྲན་པས་མ་ཡེངས་པར་བལྟ་བའི་དཔེ་ནི་ཡུངས་ཀར་བརྩེགས་པ་ལག་ཏུ་བསྐུར་བའི་སྐྱེས་བུ་ལྟ་བུའོ། །དད་པས་ཡིད་ཆེས་པའི་དཔེ་ནི་གཞོན་ནུ་མས་འདོད་པ་མྱོང་བ་ལྟ་བུའོ། །བརྩོན་པའི་དཔེ་ནི་ རྒྱལ་པོའི་སྒོ་སྲུང་བ་ལྟ་བུའོ། །ཏིང་ངེ་འཛིན་གྱི་དཔེ་ནི་རླུང་མེད་པའི་མར་མེ་དང་འདྲ་བར་བལྟའོ། །ཤེས་རབ་ཀྱི་ངེས་པའི་དཔེ་ནི་སྔར་འདྲིས་པའི་མི་མཐོང་བ་བཞིན་ནོ། །དཔེ་འདི་རྣམས་ཀྱི་གཏམ་རྒྱུད་ནི་གཞུང་མངས་པའི་འཇིགས་པས་མ་བྲིས་སོ། །དེ་ལྟར་ཇི་ཙམ་སེམས་གནས་པར་ ནུས་པ་དེ་སྲིད་དུ་གནས་ལ། དེ་ནས་དེའི་ངང་ལ་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལངས་ལ་དངོས་པོ་ཐམས་ཅད་ཆུ་ཟླ་ལྟ་བུར་སྒྲོ་སྐུར་དང་བྲལ་བ་སྣང་བ་ཙམ་གྱི་མཚན་ཉིད་དུ་བསམས་ལ། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་པའི་དགེ་བའི་ཆོས་ཐམས་ ཅད་ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བའི་ཚུལ་གྱིས་ཡོངས་སུ་རྫོགས་པར་བྱའོ། །དེ་ལྟར་ན་ཐབས་ཤེས་རབ་དང་། སྙིང་རྗེ་དང་། ཤེས་རབ་དབྱེར་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ་དེ་ལྟར་མ་ཡིན་ན་ཉན་ཐོས་ལ་སོགས་པར་ལྟུང་ངོ་། །དེའི་ཕྱིར་མདོ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་། །ཞེས་པས་སོ། །དེ་ལ་ཐབས་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ བྱེད་པའོ། །ཤེས་རབ་གང་ཞེ་ན་དེའི་ཞེན་པ་དང་སྤྲོས་པ་གཅོད་པའོ། །དེ་བས་ན་ཐབས་དེ་མེད་ན་ཤེས་རབ་དེ་མི་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་གཞན་ལས་ཀྱང་། ཐབས་ཀྱིས་དགེ་བའི་ཆོས་ཐམས་ཅད་སྡུད་པ་ཡིན་ལ། ཤེས་རབ་ཀྱིས་འབྱེད་པའོ་ཞེས་རྒྱས་པར་ གསུངས་སོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི་མཐའ་གཉིས་ལ་མི་གནས་པར་འགྲོ་བས་དེའི་ཕྱིར། རང་བཞིན་གོམས་པའི་ཡིད་ནི་གར་མི་གནས། །འདི་དེ་ཉིད་ནི་བླ་མེད་བྱང་ཆུབ་ལམ། །ཞེས་བྱའོ། །ད་ནི་ཤེས་རབ་ཀྱི་མིག་གིས་ལྟ་བའི་ཡུལ་གཞན་བསྟན་པའི་ཕྱིར། རབ་རིབ་ ཅན་ནི་མཁའ་ལ་སྐྲ་མཐོང་སྨྲ། །ཞེས་བྱ་བ་ལ་སོགས་པ་ལ་དེས་བལྟ་བའི་ཡུལ་གཉིས་ཏེ་མེད་པ་དང་ཡོད་པའོ། །མེད་པ་མཐོང་བ་ནི་ཚུ་རོལ་མཐོང་བའི་ཤེས་པ་དང་། ཤེས་བྱ་མ་ལུས་པ་སྟེ་མེད་པ་མཐོང་བ་དཔེར་ན་རབ་རིབ་ཅན་གྱི་སྐྲ་ལ་སོགས་པ་དང་འདྲ་བར་ཤེས་པའོ། ། ཡོད་པའི་རང་བཞིན་མཐོང་བ་ལ་གཉིས་ཏེ་རྟེན་འོད་གསལ་དང་། བརྟེན་པ་ཟག་མེད་ཀྱི་ཡོན་ཏན་མཐོང་བའོ། །འོད་གསལ་ཇི་ལྟར་མཐོང་ཞེ་ན། སྐྱེ་བ་མེད་པ་རྣམ་པ་མེད་པར་མཐོང་བས་དེའི་ཕྱིར། སྐྱེ་མེད་གནས་མེད་འགྲོ་ཀུན་ཡང་དག་པར། །ཞེས་བྱའོ། །ཟག་མེད་ ཀྱི་ཡོན་ཏན་ཇི་ལྟར་མཐོང་ཞེ་ན། སྒྱུ་མ་དང་རྨི་ལམ་དང་། མིག་འཕྲུལ་དང་། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བ་སྣང་བ་ཙམ་མྱོང་བ་ཙམ་གྱིས་རང་བཞིན་དུ་མཐོང་བའོ། །དེའི་ཕྱིར། མིག་འཕྲུལ་ཇི་བཞིན་ངེས་པར་ཡོངས་སུ་སྣང་། །ཞེས་བྱའོ། །ད་ནི་ཞར་ལ་འོངས་ པའི་བརྟགས་པའི་རྣལ་འབྱོར་དགག་པའི་ཕྱིར། བརྟགས་པའི་སྤྲོས་པས་བསྐྱེད་ལ་མ་ཆགས་ཤིག །ཅེས་བྱ་བ་ལ། བརྟགས་པའི་སྤྲོས་པ་ནི་ཐིག་ལེ་དང་ཕྲ་མོ་ལ་སོགས་པའོ། །མ་ཆགས་པ་ནི་དེ་ལ་བརྟེན་ནས་སེམས་གནས་པ་ཕྲ་མོ་ཡོད་ཀྱང་ལམ་གྱི་མཚན་ཉིད་མ་ཚང་ བས་བྱང་ཆུབ་ཀྱི་ལམ་མ་ཡིན་པས་དགག་པའོ། །དེ་ཉིད་འཁོར་བའི་འཁྲུལ་འཁོར་གཅོད་པའི་ལམ་མ་ཡིན་པས་འཁོར་བའི་རྒྱུར་བསྟན་པ་ནི། སྣ་ཚོགས་རྣམ་རྟོག་ལས་གཞན་འཆིང་བ་མེད། །དེ་ལ་སྐྱེ་འཆི་འཁོར་བ་གཞན་མ་ཡིན། །ཞེས་བྱ་བ་ལས་སྲིད་ པའི་འཁྲུལ་འཁོར་གཅོད་པའི་མཚན་ཉིད་དང་མི་ལྡན་པའི་ཐབས་རྣམས་གོམས་སུ་ཟིན་ཀྱང་འཁྲུལ་འཁོར་དེ་ཉིད་མི་ཆོད་པས་སྤང་བར་བྱའོ། །དེས་དོན་གོམས་པར་བྱེད་པའི་རྣལ་འབྱོར་པ་ལ་གདམས་པ་བསྟན་པའི་ཕྱིར། རྣལ་འབྱོར་འགྲོ་ལ་བདག་ གིས་སྙིང་པོ་སྨྲ། །ཞེས་བྱ་བ་ལ་སོགས་པ་ལ། གང་ལ་གདམས་པ་དང་། གང་གདམས་པ་དང་། ཚུལ་ཇི་ལྟར་གདམས་པའོ། །རྣལ་འབྱོར་པ་དང་སྙིང་པོའི་དོན་དང་དྲན་པ་ལ་གདམས་པའོ། །གང་ལ་གདམས་ན་རྣལ་འབྱོར་པ་རྣམས་ལའོ། །གང་གདམས་ན་སྙིང་ པོ་སྟེ་འོད་གསལ་བའོ། །ཇི་ལྟར་གདམས་ན་དྲན་པ་ལ་སོགས་པའོ། །རྣམ་རྟོག་རྒྱུ་བ་ནི་འཇིག་རྟེན་པའི་སེམས་སོ། །མ་ལྟ་བ་ནི་མ་འབྲང་བར་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་འཁོར་བ་སེམས་དང་། གང་གིས་འཁོར་ན་རླུང་གིས་དང་། ཚུལ་ཇི་ལྟར་འཁོར་ན་ འཇིག་རྟེན་པའི་སེམས་རྣམས་ཀྱིས་ཉིན་མཚན་དུ་བག་ཆགས་སྣ་ཚོགས་གཞག་པའི་དབང་གིས་འཁོར་བ་སྟེ། དེ་བས་ན། འཁོར་བར་བྱེད་པའི་རྣམ་རྟོག་གཞན་མིན་ལ། །འཁྲུལ་བར་བྱེད་པའི་མ་རིག་པ་གཞན་མིན་ནོ། །འོ་ན་ཅི་ཞེ་ན། སེམས་དང་རླུང་ངོ་། །འཇིག་རྟེན་པའི་ སེམས་བཤད་པ་ནི་ཆགས་སྡང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ཤེས་རབ་ལ་གདམས་པ་ནི། གང་གང་རྣམ་བརྟགས་ཞེས་བྱ་བ་ལ་སོགས་པ་ལ་སེམས་དང་རླུང་གི་རྣམ་པར་འཁྲུལ་པ་ལ་བརྟེན་ནས། འཇིག་རྟེན་པའི་སེམས་གང་དང་གང་བྱུང་བ་ལ་ཤེས་རབ་ཀྱིས་ བརྟགས་ན་བརྫུན་པ་དང་ཕྱིན་ཅི་ལོག་ཏུ་རྟོགས་ལ། སྙིང་པོའི་དོན་ལ་ངེས་པར་བརྟགས་ན་བདེ་བ་ཆེན་པོའོ། །དེ་བས་ན། འདི་ལྟའི་ཏིང་འཛིན་བདེ་བ་ཆེན་པོར་སྨྲ། །ཞེས་བྱ་སྟེ། འོད་གསལ་ལ་དབང་པོ་ལྔས་དབང་བྱས་པའོ། །སྲིད་པའི་འཁྲུལ་པ་མ་ལུས་བཅད་པས་སྐྱེ་ བ་དང་འཆི་བའི་འཇིགས་པ་དང་། ནད་དང་གནོད་པའི་སྡུག་བསྔལ་གང་ཡང་མེད་དོ། །ད་ནི་རང་བཞིན་མ་ཤེས་ན་འདོད་པའི་ཡོན་ཏན་རྣམས་ལ་ཆགས་པས་འཆིང་བར་བསྟན་པའི་ཕྱིར། རི་དགས་སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གྲོང་དུ་ལོངས་སྤྱོད་བདེ་བ་ཚོལ་ ཞེས་བྱ་བ་ལ་སོགས་པས་འཆིང་བའི་དཔེ་བསྟན་པའོ། །ད་ནི་རང་བཞིན་ཤེས་ན་གྲོལ་བའི་རྒྱུར་བསྟན་པའི་ཕྱིར། གང་ཞིག་ངོ་བོ་ཤེས་པས་གར་ཡང་འགྲོ་མེད་པའི། །ཏིང་འཛིན་རོལ་པས་བསམ་མི་ཁྱབ་པར་སྤྲོ། །ཞེས་པ་ལ། དངོས་པོ་ཐམས་ཅད་སེམས་རླུང་གི་རྣམ་འཕྲུལ་ དུ་ཤེས་ལ་དེ་མ་སྐྱེས་པར་ཤེས་ནའོ། །ད་ནི་མཚོན་བྱེད་ཀྱི་བདེ་བ་ལ་ཞེན་ན་དེ་ཉིད་མི་མཐོང་བར་བསྟན་པའི་ཕྱིར། གང་ལ་ཡིད་ཀྱི་བྱ་རྒོད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་དཔེ་གཉིས་ཏེ། བྱ་རྒོད་རྟེན་པའི་ཤིང་གི་དཔེ་དང་། ནམ་མཁའི་མེ་ཏོག་ལ་བུང་བས་འཇིབ་པ་མཐོང་བའི་ དཔེའོ། །དང་པོ་ལ་གཉིས་ཏེ། བཅིང་བ་དང་བཏང་བའི་དཔེའོ། །བྱ་རྒོད་གནས་པའི་ཤིང་དེ་བྱ་ཐལ་གྱིས་རྩ་བ་བསྲུལ། མཆུས་ཤུན་པ་བཤུས་པས་ལོ་མ་དང་མེ་ཏོག་མི་སྐྱེ་བ་དེ་བཞིན་དུ་རྣལ་འབྱོར་པས་སེམས་རླུང་འདྲེས་ནས་སེམས་བདེ་བའི་རྣམ་པར་སྐྱེས་པ་ལ་དེར་ཞེན་ན་ མེ་ཏོག་དང་འདྲ་བའི་འོད་གསལ་མི་མཐོང་ལ། ལོ་མ་དང་འདྲ་བའི་ཟུང་འཇུག་གི་སྐུ་མི་མཐོང་བའོ། །དེའི་ཕྱིར། གང་ལ་ཡིད་ཀྱི་བྱ་རྒོད་རྟེན་ཅིང་གནས་པའི་ཤིང་། །དེ་ལ་བདེ་བའི་མེ་ཏོག་ལོ་མ་སྐྱེ་བ་མེད། །ཅེས་བྱའོ། །འོ་ན་དེ་གཉིས་གང་གིས་མཐོང་ཞེ་ན། སེམས་རླུང་ བཅིངས་པ་དང་འཇིག་རྟེན་པའི་སེམས་བསད་པས་འོད་གསལ་མཐོང་ལ། བཏང་བས་ཟུང་འཇུག་མཐོང་བའོ། །ངེས་པར་ཡིད་ཀྱིས་བྱ་རྒོད་བཅིངས་བསད་ན། །ཞེས་པ་ནི་འོད་གསལ་བའི་ངང་དུ་སེམས་རླུང་བཅིང་བ་དང་བསད་པའོ། །དེས་ཅིར་འགྱུར་ཞེ་ན། འཁྲུལ་འཁོར་ འཆད་དེ། གཡོ་ཞིང་འགྱུར་བས་མ་ལེགས་བྱེད་པར་གང་ཞིག་འགྱུར། །ཞེས་བྱ་བ་ལ་རླུང་གིས་གཡོ་ཞིང་སེམས་བརྒྱ་དྲུག་ཅུར་འགྱུར་བ་བཅད་པས་མ་ལེགས་བྱེད་པ་སྟེ། དགེ་མི་དགེའི་བག་ཆགས་འཇོག་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། །བྱ་རྒོད་བཅིངས་པ་ལས་ བཏང་ན་ཤ་ཁྲག་འཐུང་བས་བཀྲེས་པ་མེད་པ་དང་འདྲ་བར་ཡིད་ཀྱི་ལུས་ཆུ་ཟླ་ལྟར་གནས་པ་དེ་ཤེས་རབ་ཀྱིས་གཉིས་སུ་མཐོང་བའི་ཕྱོགས་བཅོམ་པས་དེ་ཉིད་གྲོགས་ཡིན་ནོ། །སྣང་བའི་དངོས་པོ་གང་ཆུ་ཟླ་ལྟར་ཤེས་པའི་རྣལ་འབྱོར་པ་དེ་ལ་གནས་གར་ཡང་གཟུང་འཛིན་གྱིས་ གནོད་པའི་འབད་པ་བྱེད་པ་མེད་དོ། །དེ་བས་ན་འོད་གསལ་སྟོང་ཉིད་བརྟན་པར་བྱ་བ་ལས་འཁྲུལ་པ་སྤང་དུ་མེད་པའི་ཕྱིར། སྟོང་ཉིད་བརྟན་གྱིས་འཁྲུལ་པ་སྤང་དུ་མེད། །ཅེས་བྱའོ། །འཁྲུལ་པས་འཆིང་སྤངས་སེམས་པར་མ་བྱེད་ཅིག །ཅེས་བྱ་བ་ནི་ འོད་གསལ་བས་ས་ཧ་ཛའི་རྣལ་འབྱོར་མ་རྟོགས་པར་འཁྲུལ་པའི་རྣལ་འབྱོར་གང་གིས་ཀྱང་འཇིག་རྟེན་པའི་སེམས་འཆིང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གང་ལས་བྱུང་དེ་ནི་ངེས་ལྟོས་ལ། །མི་རྟོག་ཏིང་ངེ་འཛིན་གྱིས་དེ་གསལ་གྱིས། །ཞེས་བྱ་བ་ལ་འཇིག་རྟེན་པའི་སེམས་ གང་དང་གང་བྱུང་བ་དེ་ཤེས་རབ་ཀྱི་མིག་གིས་ལྟོས་ལ་གསལ་བར་གྱིས་ཞེས་བྱ། གང་གིས་ཤེས་ན་མི་རྟོག་ཏིང་ངེ་འཛིན་གྱིས་ཏེ་མི་རྟོག་པ་ཤེས་རབ་དང་། ཏིང་ངེ་འཛིན་དངོས་སུ་སྨོས་ལ་གསུམ་ཤུགས་ཀྱིས་ཤེས་པར་བྱ་སྟེ་དབང་པོ་ལྔ་ལྡན་གྱིས་གསལ་བའོ། །མཇུག་བསྡུ་ བའི་ཚུལ་གྱིས་གདམས་པ་ནི། རྣམ་རྟོག་དྲི་མ་ཆེན་པོ་མ་ལུས་ཁྲུས། །ནམ་མཁའི་མེ་ཏོག་དང་འདྲ་དངོས་པོ་མཉམ་པར་རྟོགས། །ཞེས་བྱ་བ་ནི། རྟོག་པའི་དྲི་མ་འཁྲུ་བ་ལ་འཁྲུལ་པའི་དངོས་པོ་ནམ་མཁའི་མེ་ཏོག་དང་འདྲ་བར་ཤེས་རབ་ཀྱིས་བརྟགས་པ་དང་ཤེས་ཤིང་གོམས་ པར་བྱ་བའི་ལམ་དེ་ཟུང་འཇུག་ཏུ་མཉམ་པར་བརྟག་པར་བྱའོ། །དཔེ་གཉིས་པ་ལྡོག་པའི་དབང་དུ་བྱས་ནས། ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེ་ཏོག་བུང་བས་འཇིབ་པ་མཐོང་བ་འདྲ། །ཞེས་བྱ་བ་ནི། མཚོན་བྱེད་ཀྱི་བདེ་བ་དེ་ལ་སེམས་ངེས་པར་ སྦྱངས་པས་འཇིག་རྟེན་པའི་སེམས་རྣམས་རྒྱུ་བའི་བག་ཆགས་དང་བྲལ་ཡང་རྣལ་འབྱོར་ཏེ། དབྱིངས་དང་རིག་པ་གཉིས་མེད་མ་མཐོང་བ་ནི་རླུང་སེམས་རང་བཞིན་ལ་མ་བཅུག་པར་ཚོར་བ་བདེ་བས་ཀུན་ནས་དཀྲིས་པ་དང་བཅས་པ་ལ་ཞེན་པ་ནི་ནམ་མཁའི་མེ་ཏོག་ལ་བུང་བས་འཇིབ་པ་ མཐོང་བ་དང་འདྲ་བའི་ཕྱིར་རོ། །འོ་ན་མཚོན་བྱེད་དུ་བཤད་པ་ཅི་ཞེ་ན། དེ་ནི་ཉེས་པ་མེད་དེ་མཛུབ་མོས་ཟླ་བ་མཚོན་པ་དང་འདྲ་བར། རླུང་སེམས་བདེ་བའི་རྣམ་པར་བརླབས་ནས་བརྟན་པ་དང་། རླུང་སེམས་རང་བཞིན་ལ་གཞུག་དགོས་པའི་ཕྱིར་རོ། །དེ་ཉིད་ལ་ཞེན་ན་དོན་དམ་ པ་ལ་སླུ་བ་དང་འཁྲུལ་པ་ཞེས་བྱ་སྟེ་ལྟོས་པས་གཞག་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་ངེས་སྦྱངས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རླུང་སེམས་བདེ་བའི་རྣམ་པར་ངེས་པར་སྦྱངས་པས་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུས་སྟོང་པའི་སྟོང་པ་ ཆེན་པོ་དེ་བླ་མ་དམ་པ་དང་། སངས་རྒྱས་ཀྱི་ཚིག་བཞིན་དུ་ཐམས་ཅད་སྟོང་པ་འོད་གསལ་དུ་བཅུག་ལ་བསྒོམ། སྤྱོད་པ་རྣམ་པར་དག་པ་སྟེ་དེ་ལས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལངས་ལ་ལྷའི་སྐུ་དེ་ཡང་ཆུ་ཟླ་ལྟར་ཤེས་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱའོ། །འོ་ན་ ཐམས་ཅད་སྟོང་པ་འོད་གསལ་འབའ་ཞིག་གོམས་པར་བྱ་བ་ལས་སྤྲོས་པས་ཅི་བྱེད་ཅེ་ན། སྤྲོས་པ་ལྟར་སྣང་ཡང་འཇིག་རྟེན་པ་རྣམས་ཀྱི་སྤྲོས་པའི་གནས་པ་དང་འགལ་བ་ཞེས་བྱའོ། །དེ་ནི་ནམ་མཁའི་མེ་ཏོག་ལ་བུང་བས་འཇིབ་པ་དང་འདྲ་བའི་ཕྱག་རྒྱ་དང་། བདག་གཞན་ དུ་ལྟ་བའི་འཁྲུལ་པ་འོད་གསལ་གྱིས་སྦྱོང་བའོ། །འོད་གསལ་དུ་ཇི་ལྟར་བསྒོམ་ཞེ་ན། འཇིག་རྟེན་སྤྲོས་ལ་རྡོ་རྗེ་ཕབ་ནས་ནི། །ཞེས་བྱ་བ་ནི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བཞུ་ལ་ཚུར་བསྡུའོ། །འཇིག་འཛིན་ངོ་ཚ་ཨ་ཝ་དྷཱུ་ཏཱིས་སྤོངས། །ཞེས་བྱ་བ་ནི་རླུང་སེམས་དང་ བཅས་པ་རྩ་དབུ་མར་བཅུག་ལ་འོད་གསལ་བསྒོམ་པའོ། །དཔེ་བཞི་པའི་མཇུག་བསྡུ་བའི་ཕྱིར། བྱང་ཆུབ་སྨོན་པ་ཞེས་བྱ་སྟེ་བཤད་ཟིན་ཏོ། །སྙིང་རྗེ་དང་ཤེས་རབ་གཉིས་མེད་དུ་ངེས་པར་སྦྱང་བ་འདིར་ཐེག་པ་ཆེན་པོའི་ལམ་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་ལྟ་བུའི་ལམ་ དེ་ནི་མཁའ་འགྲོ་མའི་དམོད་སྔགས་དང་འདྲ་བ་དེ་གང་ལས་རྙེད་ཅེ་ན་བླ་མ་ལས་ཏེ་དེ་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར། རྣལ་འབྱོར་མ་ཉམས་མྱོང་ན་རྣལ་འབྱོར་པར་འགྱུར་བས། །ཞེས་བྱ་བ་ནི། སྙིང་རྗེ་དང་ཤེས་རབ་དང་། དབྱིངས་དང་རིག་པ་གཉིས་མེད་དུ་བསྒོམས་ པ་ལ་བྱ་ལ་དེ་བླ་མ་ལ་རག་ལས་ཏེ། དཔེར་ན་གཞོན་ནུ་མའི་བདེ་བ་སྐྱེས་པ་ལ་རག་ལས་པ་དང་འདྲའོ། །དེ་བས་བླ་མ་དམ་པའི་ཐབས་གང་གིས་སྲིད་པའི་འཁྲུལ་པ་དེ་ཚེ་འདི་ལ་གཅོད་པས་དེའི་ལུང་ལས་གཅེས་པར་བྱ་བ་ཅི་ཡང་མེད་དོ། །དེའི་ཕྱིར་བདག་ལ་ལེགས་སུ་འདོད་པའི་ མཁས་པ་རྣམས་ཀྱིས་དམ་པ་བསྟེན་པར་བྱའོ། །སྙིང་རྗེས་གཞན་ཕན་ཞེས་པ་ནི་གོ་སླའོ། །ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། ཡི་གེ་ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི། ལམ་དེའི་མཇུག་སྡུད་དེ། བདེན་པ་གཉིས་ཀྱི་མཚན་ ཉིད་དང་། དེ་གཉིས་སུ་མེད་པ་ཟུང་འཇུག་སྟོན་པ་སྟེ། དེའི་མིང་གི་རྣམ་གྲངས་དོན་དམ་པའི་ཧེ་རུ་ཀ་དང་། རྡོ་རྗེ་སེམས་དཔའ་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུ་འདི། །གཞན་ལ་ཕན་པའི་བསམ་ པས་བྲིས་པ་ཡིན། འདི་ལ་ཉེས་པར་གྱུར་པ་དེ་དག་ཀུན། །འཕགས་དང་མཁའ་འགྲོ་རྣམས་ཀྱིས་བཟོད་པར་མཛོད། །ཐ་མའི་དུས་སུ་གྱུར་པ་ན། །ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིང་གནས་པའི་མཐུ་མེད་པས། །ཚིག་རྗེས་ བཅད་པར་མི་ནུས་ཀྱིས། །བཤེས་གཉེན་དམ་པ་བསྟེན་བྱ་སྟེ། །ཤིན་ཏུ་བརྩོན་པའི་སེམས་ལྡན་པས། །གཡང་ས་རབ་ཏུ་དྲན་བྱ་སྟེ། །གཞན་དག་གྲོལ་བར་བྱ་བའི་ཕྱིར། །སྙིང་པོའི་དོན་འདི་བཀྲོལ་བ་ཡིན། །བརྩེ་བས་འདི་བཀྲོལ་བསོད་ནམས་ཀྱིས། །ལམ་དམན་ཞུགས་ པའི་འགྲོ་བ་རྣམས། །དམ་པའི་ལམ་ལ་གནས་པར་ཤོག །རྡོ་རྗེའི་གླུའི་དོན་གསལ་བར་བྱེད་པ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཙཱརྱ་གཱི་ཏི། བོད་སྐད་དུ། སྤྱོད་པའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་གདན་པ་ལ་ཕྱག་འཚལ་ལོ། །གཟུགས་བརྙན་ཅི་འདྲ་འགྲོ་བ་སྲིད་པ་དེ་འདྲ་སྟེ། །རང་གི་ངོ་བོ་བརྟགས་ན་རང་བཞིན་ཡོད་མ་ཡིན། །རང་གི་ངོ་ བོ་གཟུགས་བརྙན་འདྲ་ཤེས་མ་སྐྱེས་པས། །ཀྭ་ཡེ་རྨོངས་པའི་སེམས་ཁྱོད་མི་ཤེས་མ་བྱེད་ཅིག །དྲི་མེད་མཁའ་དང་རྒྱས་པའི་ནོར་བུ་མེ་ལོང་ལ། །དེ་ལ་གསལ་བར་སྣང་བ་བདག་དང་འགྲོ་བ་ཀུན། །ཇི་ལྟར་བྱིས་པ་རང་གི་གཟུགས་བརྙན་ལ་འཁྲུལ་ལྟར། །བདག་གཞན་འབྱེད་པའི་ འཁྲུལ་པ་ལ་ནི་ཅི་ཕྱིར་གནས། །གང་གིས་གཟུགས་བརྙན་ལ་ནི་རྟག་པར་ཤེས་ཤིང་རྟོགས། །དེ་ནི་ཕྱུགས་དང་འདྲ་སྟེ་གྲིབ་མ་ལ་རྒོལ་ཡིན། །དཀྱིལ་འཁོར་འཁོར་ལོ་བསྒོམ་པ་བརྟན་པར་བྱ་བ་སྟེ། །དེ་ཉིད་ཤེས་པའི་རྣལ་འབྱོར་པ་ཡིས་དེར་མི་གནས། །མཚོན་ པར་བྱ་བ་མཆོག་ཏུ་བདེ་ཆེན་གཅེས་པ་སྟེ། །དཀྱིལ་འཁོར་དེ་ལ་བསྡུས་ཏེ་བརྟན་པར་བྱ་བ་ཡིན། །ཁྱོད་ཀྱིས་བརྟགས་ཤིང་བསྐྱེད་པའི་ཚུལ་ནི་གང་ཡིན་པ། །དེ་ལ་དེ་ཉིད་རང་བཞིན་ཡིན་པར་ཇི་ལྟར་སེམས། །ཇི་སྲིད་དེ་ཉིད་རང་བཞིན་ཡོངས་སུ་མ་ཤེས་པས། །དེ་སྲིད་བྱང་ཆུབ་བླ་ ན་མེད་པ་ཇི་ལྟར་འགྲུབ། །རྣམ་རྟོག་སྤྲོས་པ་མ་ལུས་དངོས་པོ་མེད་པ་སྟེ། །དེ་དག་མཆོག་ཏུ་བདེ་བ་ཆེན་པོའི་རང་བཞིན་ཡིན། །འཇིག་རྟེན་ཆོས་བརྒྱད་དག་ལ་སེམས་ནི་མཉམ་པ་དང་། །ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པར་འགྱུར་བར་གྱིས། །གནས་ན་ཤིན་ཏུ་རྣམ་པར་དག་ པར་འགྱུར་བ་སྟེ། །སྤྲོས་པའི་སྤྱོད་པ་མ་ལུས་ཡོངས་སུ་སྤོང་བ་ཡིན། །རྣམ་པར་རྟོག་པ་སྣ་ཚོགས་ཀྱིས་ནི་དངོས་གང་བསྐྱེད། །དེ་ནི་མཆོག་ཏུ་རྣམ་པར་དག་པའི་རང་བཞིན་མིན། །སྤྲོས་པ་དང་ནི་རྣམ་རྟོག་མ་ལུས་ཡོད་མིན་ལ། །དེ་ནི་དེ་བཞིན་ཉིད་དེ་མཆོག་ཏུ་རྣམ་དག་དངོས། ། དེ་བཞིན་ཉིད་ཀྱི་ཏིང་འཛིན་མེ་ཆེན་འབར་བ་སྟེ། །ཉོན་མོངས་སོག་མ་མ་ལུས་སྲེག་པར་བྱེད་པ་ཡིན། །གང་ཚེ་འཇིག་རྟེན་ཡོངས་སུ་ཤེས་པར་གྱུར་པ་ན། །དེ་ཚེ་འགྲོ་བ་ཐམས་ཅད་ནམ་མཁའ་བཞིན་དུ་འགྱུར། །འགྲོ་བའི་རང་བཞིན་མཁའ་འདྲ་བ་ལ་མིག་འཕྲུལ་ཅིང་། །རྣམ་རྟོག་ རབ་རིབ་ཀྱིས་རྨོངས་ལྡོངས་པར་མ་བྱེད་ཅིག །འགྲོ་བ་སྔོན་ཆད་ཅི་འདྲ་ཕྱིས་ཀྱང་དེ་འདྲ་སྟེ། །སྔ་ཕྱི་དག་དང་བར་ལ་ཁྱད་པར་ཡོད་མ་ཡིན། །རབ་རིབ་ཅན་གྱིས་ཇི་ལྟར་མཁའ་ལ་སྐྲ་མཐོང་དང་། །རྣམ་རྟོག་རབ་རིབ་འཇིག་རྟེན་མཐོང་ལ་ཁྱད་པར་མེད། །རྣམ་རྟོག་རང་བཞིན་མཁའ་དང་ མཉམ་པའི་རང་བཞིན་དུ། །བརྟགས་པའི་རང་བཞིན་མ་ལུས་པ་དག་བསྒོམ་པར་གྱིས། །སྡིག་པའི་རྣམ་སྨིན་ཆོམ་རྐུན་འཇིགས་པ་མཐོང་བ་ཡིས། །ཀྭ་ཡེ་ཚུལ་ཁྲིམས་ནོར་ཆེན་བསྲུང་ཕྱིར་མེལ་ཚེ་བྱོས། །སྲིད་པའི་མཚན་རིངས་དག་ལ་གཏི་མུག་གཉིད་ལོག་གིས། །ཀྭ་ཡེ་སེམས་ནི་ བག་མེད་མ་བྱེད་མེལ་ཚེ་བྱོས། །ཉི་མ་མེད་ན་ཉིན་མོ་ཡོད་པ་མིན་པ་ལྟར། །ཚུལ་ཁྲིམས་ནོར་དང་བྲལ་ལ་བསམ་གཏན་ག་ལ་ཡོད། །གཉིད་ལོག་པ་ཡི་ཁང་པར་ཆོམ་རྐུན་ཞུགས་པ་ཡིས། །ཀྭ་ཡེ་ཁྱོད་ཀྱིས་ཚུལ་ཁྲིམས་ནོར་ཆེན་ཕྲོགས་ས་རེ། །སྐད་ ཅིག་ཙམ་ཡང་བྱ་བ་ངན་ལ་མ་ཆགས་པར། །དེ་ཉིད་ཉི་མ་མ་ཤར་བར་དུ་མེལ་ཚེ་བྱོས། །ཇི་སྲིད་དེ་ཉིད་ཉི་མ་དག་ནི་ཤར་བ་ན། །དེ་སྲིད་སྲིད་པ་ནོར་བུ་བཞིན་དུ་ཅི་དགར་སྤྱོད། །བདག་ནི་གང་ཡིན་འགྲོ་བ་ཁྱེད་རྣམས་དེ་ཡིན་ཏེ། །རང་བཞིན་འབྱེད་པའི་ནང་གི་གནོད་པ་ མ་བྱེད་ཅིག །རྣམ་རྟོག་ནང་གི་གནོད་པ་འདི་ནི་གཞོམ་བྱ་སྟེ། །དུག་སྦྲུལ་ལྟ་བུ་དེ་ནི་བདུད་རྩིའི་རོས་ཞི་བྱ། །ནང་གི་གནོད་པ་སྦྲུལ་གདུག་མགོ་མངས་ལྟ་བུ་སྟེ། །འགྲོ་བ་མ་ལུས་སྣ་ཚོགས་རྟོགས་ཤིང་ཤེས་ནས་ནི། །དེ་བཞིན་ཉིད་དེ་བདུད་རྩི་ཆེན་པོའི་རོ་ཞེས་བྱ། །རྣལ་འབྱོར་ ཆེན་པོའི་སེམས་ཀྱི་ངལ་སོའི་གནས་གང་ཡིན། །བདུད་རྩི་ཆེན་པོའི་རོ་ནི་རྟག་ཏུ་བཏུང་བྱས་ནས། །བདེ་བ་ཆེན་པོའི་མྱ་ངན་འདས་མཆོག་ཤེས་པར་འགྱུར། །གཅེར་བུ་སྦྱིན་སྲེག་བྱེད་པ་བྲམ་ཟེ་མ་ཡིན་ཞིང་། །རལ་པ་འཛིན་པ་དང་ནི་རིགས་དང་རྒྱུད་ཀྱིས་མིན། །གང་ཞིག་ལུས་དང་ངག་ དང་ཡིད་ནི་ཡོངས་དག་ན། །དེ་ལྟ་བུ་ནི་བྲམ་ཟེ་ཡིན་པར་སངས་རྒྱས་གསུང་། །སྡིག་པ་བཅུ་པོ་གང་ཡིན་པ་ནི་སྤང་བྱ་ཞིང་། །དགེ་བ་བཅུ་པོ་ཡོན་ཏན་སྟོབས་དང་ལྡན་པར་བྱ། །དམན་པའི་རིགས་སུ་སྐྱེས་ཀྱང་འདི་ནི་གང་གི་ཚེ། །མ་ཤི་བར་དུ་ཆོས་མ་ཡིན་པ་སྤྱད་མི་བྱ། །བཟོད་ པའི་ཆོས་འཛིན་པ་ཡིས་ཁྲོ་བ་ལས་རྒྱལ་ཞིང་། །ཡུལ་གྱི་བདེ་བ་འདོད་པ་མ་ལུས་སྤང་བར་བྱ། །བདེ་བའི་ཆོས་ཀྱིས་མཚོ་ལ་རྟག་ཏུ་ཁྲུས་བྱ་ཞིང་། །འདུས་པའི་སྐྱོན་དང་འཇིགས་དང་གཏི་མུག་བསྐྱེད་མི་བྱ། །ཡང་དང་ཡང་དུ་ཀེང་རུས་བཞོན་པ་ལ་ཞོན་ཅིང་། །རྟག་ཏུ་མི་ གཙང་འཛག་པ་རྨོངས་པས་མ་ཚོར་རམ། །འདོད་དང་གཏི་མུག་ངན་འགྲོའི་ལམ་ནི་སྤང་བྱ་ཞིང་། །ཀྭ་ཡེ་སེམས་ཁྱོད་རང་གིས་རང་གི་དྲི་མ་ཁྲུས། །གུས་པས་བླ་མ་དམ་པའི་ཆུ་མིག་བསྟེན་བྱ་ཞིང་། །གཏི་མུག་ཆེན་པོའི་དྲི་མས་གང་གོས་ཟད་པར་བྱ། །བླ་མའི་མན་ངག་དེ་ ཉིད་ཆུ་ཡིན་པས། །དེ་བླངས་ནས་ནི་རང་ཉིད་བཀྲུ་བར་ཤེས་པར་བྱ། །སེམས་ཁྱོད་ཡོངས་སུ་གོ་བར་གྱིས་ལ་རང་ལ་ནི། །ཡོངས་སུ་བལྟ་ཞིང་གཏི་མུག་མུན་ནག་ཆེན་པོ་སྦྱོངས། །མི་ནི་གང་ཞིག་ཐུབ་པའི་ཆོས་གཏམ་མི་ཉན་པ། །དེ་ནི་ཆུ་དང་ནགས་ཀྱི་མི་དང་མཉམ་པ་ཡིན། །ངེས་པར་ འཇིག་རྟེན་འཇིག་རྟེན་ཕ་རོལ་འགྲོ་བས་ན། །ཐུབ་པའི་ཆོས་ཀྱི་གཏམ་ནི་མཉན་པར་བྱ་བ་ཡིན། །ཐུབ་པའི་ཆོས་ཐོས་ནས་ནི་ཆོས་མིན་གནས་མི་བྱ། །མནར་མེད་འགྲོ་ལ་སུས་ཀྱང་བཟུང་བར་མི་ནུས་པས། །ཆོས་ཐོས་ནས་ནི་ཆོས་ཀྱི་དོན་བཞིན་གང་བསྒོམས་པ། །དེས་ནི་བདེ་བར་མཐོ་རིས་ ཐར་པའི་འབྲས་བུ་ཐོབ། །གཏི་མུག་མུན་ནག་དག་ལ་ཆོས་ནི་སྒྲོན་མ་སྟེ། །སྲིད་པའི་མཚོ་ལས་གྲོལ་བར་བྱེད་པའི་གཟིངས་ཡིན་ནོ། །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་ཚུལ་ཁྲིམས་ཀྱི་སྤྱོད་པ་གླུར་བླངས་པ་རྫོགས་སོ།། །།པཎྜི་ཏ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙཱརྱ་གཱི་ཏི་བྲྀཏྟི། བོད་སྐད་དུ། སྤྱོད་པའི་གླུའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཟུང་ འཇུག་སྐུ་ལ་ཕྱག་འཚལ་ལོ། །སྤྱོད་པ་གླུ་ཡི་དོན་དབྱེ་བ། །གཞན་ལ་ཕན་པའི་བློ་ཡིས་བྲི། །འདིར་ཡང་དག་པའི་ལྟ་བ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས། རྡོ་རྗེའི་གླུས་འོད་གསལ་བ་དང་། འགོག་པའི་དང་དོན་དམ་པའི་བདེན་པ་གཙོར་བསྟན་ནས། སྤྱོད་པའི་གླུས་བདག་ བྱིན་གྱིས་བརླབ་པ་དང་། །ལམ་གྱི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་ཕྱིར། །གཟུགས་བརྙན་ཅི་འདྲ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱ་བའི་ཡུལ་ནི་གཉིས་ཏེ། མེད་པ་དང་། ཡོད་པའི་རང་བཞིན་ནོ། །མེད་པ་ནི་མ་ཡིན་པ་ལ་དེར་སྣང་ བ་སྟེ། དཔེར་ན་རབ་རིབ་ཅན་གྱི་ཤེས་པ་བཞིན་ནོ། །གཟུགས་བརྙན་ཅི་འདྲ་ཞེས་པ་ནི་དེ་ལ་གསུམ་སྟེ། མེ་ལོང་གཡའ་མེད་པ་དང་། བཞིན་ཉེ་བར་གནས་པ་དང་། ནམ་མཁའི་སྒྲིབ་གཡོགས་མེད་པ་ལ་གཟུགས་སྣང་ངོ་། །དེ་བཞིན་དུ་སེམས་དང་རླུང་གི་རྣམ་འཕྲུལ་ལས་ མ་རིག་པས་ཁྱད་པར་དུ་བྱས་པ་ལ་སྲིད་པ་གསུམ་གྱི་འགྲོ་བ་གསལ་བར་སྣང་སྟེ། དེ་ཡང་སྣང་བ་ཙམ་ལས་དོན་དུ་གྲུབ་པ་གང་ཡང་མེད་དོ། །དེའི་ཕྱིར། རང་གི་ངོ་བོ་བརྟགས་ན་རང་བཞིན་ཡོད་མ་ཡིན། །ཞེས་བྱ་བའོ། །ཇི་ལྟར་བརྟགས་པས་མེད་པར་ཤེས་ཤེ་ ན། བདག་དང་ཁམས་གསུམ་པའི་རང་གི་ངོ་བོ་གཟུགས་བརྙན་ལྟར་སྣང་བ་ཙམ་དུ་ཤེས། མ་སྐྱེས་པར་ཤེས་པའོ། །དེ་ཀྭའི་ཞེས་བོས་ནས་གདམས་པའོ། །གཟུགས་བརྙན་ལ་འཁྲུལ་བར་མ་བྱེད། གཟུགས་བརྙན་གྱི་རང་བཞིན་མི་ཤེས་པར་མ་བྱེད་ཅེས་པའོ། །དེ་ལྟར་མདོར་ བསྟན་ནས་དཔེ་དོན་གྱི་མཚན་ཉིད་རྒྱས་པར་བསྟན་པའི་ཕྱིར། དྲི་མེད་མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའ་དྲི་མ་མེད་པ་དང་། ནོར་བུ་དང་། མེ་ལོང་དག་པ་དང་། བཞིན་གསུམ་འདུས་པ་ལས་གཟུགས་བརྙན་སྣང་བ་དེ་བཞིན་དུ་སེམས་དང་རླུང་དང་ལས་དང་མ་རིག་པ་ ལས་བདག་དང་ཁམས་གསུམ་པའི་གཟུགས་བརྙན་སྣང་སྟེ། དེ་ལ་འཁྲུལ་ཏེ་རྟག་པ་དང་ཡང་དག་པར་ཤེས་པ་ནི་སེང་གེ་རང་གི་གྲིབ་མ་ལ་བརྒལ་བས་རྒྱ་མཚོར་ཤི་བ་དང་འདྲ་སྟེ་བླུན་པའོ། །ཡང་བརྡ་མི་ཤེས་པའི་བྱིས་པས་རང་གི་གཟུགས་བརྙན་ལ་འབྲད་པ་དང་འདྲ་སྟེ་བླུན་ པའོ། །དེ་བཞིན་དུ་བདག་དང་ཁམས་གསུམ་པ་གཟུགས་བརྙན་ལྟར་སྣང་བ་ལ་བདག་དང་གཞན་དུ་ཅིའི་ཕྱིར་འཁྲུལ་ཏེ་འཁྲུལ་པར་མ་བྱེད་ཅེས་བྱ་བའོ། །དེ་ཡང་མདོ་ལས། ཇི་ལྟར་མེ་ལོང་ངོས་ལ་ནི། །སྣང་ཡང་དེ་ན་ཡོད་མིན་ལྟར། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། ། ཅེས་པ་དང་། ཡང་། དོན་ཡོད་མ་ཡིན་སེམས་ཉིད་དེ། །བག་ཆགས་ཀྱིས་ནི་དཀྲུགས་པའི་ཡིད། །དོན་དུ་སྣང་བ་བྱུང་བ་ཡིན། །ཞེས་གསུངས་པས་བདག་དང་ཁམས་གསུམ་པའི་དངོས་པོ་ཚུ་རོལ་མཐོང་བའི་ཤེས་པ་དང་། ཤེས་བྱ་མ་ལུས་པར་ནམ་མཁའི་མེ་ཏོག་ལྟར་ཤེས་ པར་བྱའོ། །ད་ནི་ཡོད་པའི་རང་བཞིན་མཐོང་བའི་དབང་དུ་བྱས་ནས། དཀྱིལ་འཁོར་འཁོར་ལོ་བསྒོམ་པ་བརྟན་པར་བྱ་བ་སྟེ། ཞེས་བྱ་བ་དེ་ལ་ལྔ་སྟེ་རྟེན་འབྲེལ་ལ་མཐུ་ཡོད་པ་དང་། དེ་ཡིན་པ་དང་། དེར་ཤེས་པ་དང་། དེར་བསྒོམ་པ་དང་། བྱིན་གྱི་རླབས་འབྱུང་བའོ། ། དེ་ལྟར་ཡོད་པ་མ་ཡིན་པའི་དོན་བསལ་ནས་སེམས་རླུང་གཉིས་ཟག་མེད་ཀྱི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་ཚེ། རྟེན་དང་བརྟེན་པའི་ལྷའི་འཁོར་ལོར་སྣང་བ་སྟེ་ཉེར་ལེན་གྱི་རྒྱུ་སེམས་ལྷན་ཅིག་བྱེད་པའི་རྐྱེན་རླུང་ཟག་མེད་ཀྱི་ཡོན་ཏན་གསུམ་འདུས་པ་ལས་ཡིད་ཀྱི་ལུས་སྒྱུ་མ་ ལྟ་བུ་ལ་སོགས་པར་སྣང་ངོ་། །དེ་ཡང་རང་བཞིན་གྱིས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ཤེས་པ་མེད་ན་མེད་པའི་ཕྱིར་རོ། །དེ་ཡང་ཤེས་བྱེད་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བདག་བྱིན་གྱིས་བརླབ་པའི་རང་བཞིན་དུ་དཔེ་གསུམ་དང་ བཅུ་གཉིས་ཀྱི་སྒོ་ནས་མཚོན་ཅིང་ཤེས་པ་དང་། དེ་ཡང་དབང་པོ་ལྔས་དབང་བྱས་ནས་བསྒོམ་པ་དང་། དེ་ལས་བྱིན་གྱི་རླབས་ཆོས་ཐམས་ཅད་སྒྱུ་མ་ལྟར་སྣང་བ་ངེས་པའི་ཤེས་པ་སྐྱེའོ། །གཞན་ལྷས་སྐྱོང་བ་ལ་སོགས་པ་འཕགས་པའི་ལྷས་བཤད་པ་ལས་ཤེས་པར་བྱའོ། །དེ་ ཉིད་ཤེས་པའི་རྣལ་འབྱོར་པ་ཡིས་དེར་མི་གནས། །ཞེས་བྱ་བ་ནི་སྒྱུ་མར་ཤེས་ཀྱང་སྒྱུ་མས་བྱས་པའི་བུད་མེད་ལ་ཆགས་པ་སྐྱེ་བ་དང་འདྲ་བར་ཞེན་པ་ཡོད་པས་དེ་འོད་གསལ་གྱིས་སྦྱངས་པའོ། །མཚོན་པར་བྱ་བ་མཆོག་ཏུ་བདེ་ཆེན་ཞེས་པ་སྟེ། །ཞེས་པའི་ཚིག་གཉིས་པོ་གོ་ སླའོ། །ཁྱེད་ཀྱིས་བརྟགས་ཤིང་བསྐྱེད་པའི་ཚུལ་ནི་གང་ཡིན་པ། །ཞེས་བྱ་བ་ནི་བདེན་པ་གཉིས་ཀྱི་མཚན་ཉིད་དང་མི་ལྡན་པའི་བརྟགས་པའི་རྣལ་འབྱོར་དགག་པ་སྟེ་གོ་སླའོ། །ཇི་སྲིད་དེ་ནི་རང་བཞིན་ཡོངས་སུ་མི་ཤེས་པས། །དེ་སྲིད་བྱང་ཆུབ་བླ་ན་མེད་པ་ཇི་ལྟར་འགྲུབ། །ཅེས་ བྱ་བ་ནི་འོད་གསལ་དང་ཟུང་འཇུག་གོ། །རྣམ་རྟོག་སྤྲོས་པ་མ་ལུས་དངོས་པོ་མེད་པ་སྟེ། །ཞེས་བྱ་བ་ནི་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུའོ། །དེ་དག་མཆོག་ཏུ་བདེ་བ་ཆེན་པོ་འོད་གསལ་གྱི་རང་བཞིན་གྱིས་སྦྱངས་པ་ཡིན་ཞེས་བྱའོ། །དེའི་རྒྱུ་ཅི་ཞེ་ན། འཇིག་རྟེན་གྱི་ཆོས་ བརྒྱད་ལ་མཉམ་པ་ཉིད་དུ་བྱ་བ་དང་། །ཏིང་ངེ་འཛིན་གྱི་མཆོག་ལ་གནས་པར་འགྱུར་བ་སྟེ། དེ་ལ་གཉིས། ཐུན་མོང་གི་ཚོགས་ཚུལ་ཁྲིམས་དང་ལྡན་པ་དང་། ལོངས་སྤྱོད་ལ་མི་ལྟོས་པ་དང་། བཟོད་པ་དང་ལྡན་པ་དང་། དམ་བཅའ་བརྟན་པ་དང་། འདུ་འཛི་སྤོང་བ་ དང་། ཤེས་བཞིན་དང་ལྡན་པ་དང་། བདེན་པ་གཉིས་ལ་མ་ཡེངས་པའི་དྲན་པ་དང་། བྱ་བ་དང་དེ་མ་ཡིན་པ་ཤེས་པ་དང་། སྒྲིབ་པ་ལྔ་སྦོང་བ་དང་། ཟས་ཀྱི་ཚོད་རིག་པ་དང་། འཇིག་རྟེན་པའི་སྤྱོད་པ་ལ་བློ་རྣལ་དུ་ཕེབས་པའོ། །ཐུན་མོང་མ་ཡིན་པའི་ དབང་བཞི་ལེགས་པར་ཐོབ་པ། བྱང་ཆུབ་ཀྱི་སེམས་བརྟན་པ། བླ་མ་ལ་གུས་པའོ། །དེ་ལྟ་བུའི་ཚོགས་ལ་གནས་ན་ལུས་ངག་ཡིད་གསུམ་དང་། སྒྲིབ་པ་གསུམ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་སྟེ་སྤྲོས་པའི་སྤྱོད་པ་མ་ལུས་པ་སྤོང་པའོ། །རྣམ་པར་རྟོག་པ་ཞེས་བྱ་བའི་ཚིག་ གཉིས་སྤྲོས་པའི་རྣལ་འབྱོར་དགག་པ་སྟེ་གོ་སླའོ། །ཇི་སྲིད་སྲིད་པ་གསུམ་དང་། ཅིར་སྣང་འཇིག་རྟེན་པའི་སེམས་སྤྲོས་པ་དང་། རྣམ་རྟོག་མ་ལུས་པ་དོན་ཡོད་པ་མ་ཡིན་པས། དེ་ཕྱིར་བསལ་བ་དེ་ནི་དེ་བཞིན་མཆོག་ཏུ་རྣམ་པར་དག་པའི་རང་བཞིན་ནོ། །དེ་ལ་དབང་པོ་ལྔས་ དབང་བྱས་པའི་ཏིང་ངེ་འཛིན་གྱི་མེས་ཉོན་མོངས་པའི་སོག་མ་འཇིག་རྟེན་པའི་སེམས་རྣམ་པར་བསྲེགས་པས་གང་གི་ཚེ་འཇིག་རྟེན་གསུམ་དང་། འཇིག་རྟེན་པའི་སེམས་རྣམས་ནམ་མཁའི་དཀྱིལ་ལྟར་ཡོངས་སུ་ཤེས་པ་དེའི་ཚེ། འགྲོ་བ་མ་ལུས་པའི་རྟོག་པ་ནུབ་ནས་ནམ་མཁའ་བཞིན་ དུ་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་སྣང་ལ་ངེས་པའི་ཤེས་པ་སྐྱེ་བའི་དྲི་མ་སྦྱོང་དགོས་པ་གསུངས་པ། རྣམ་རྟོག་རབ་རིབ་ཀྱིས་རྨོངས་ལྡོངས་པར་མ་བྱེད་ཅིག །ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་གསུམ་པོ་རང་བཞིན་དག་པའི་ངང་དུ་ཁྱད་པར་གང་ཡང་མེད་ལ། རྟོག་པས་བྱེ་བྲག་བྱས་པའོ། །དེའི་དོན་རྒྱས་པར་བསྟན་པའི་ཕྱིར། རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ད་ནི་འོད་གསལ་བའི་ཏིང་ངེ་འཛིན་གྱིས་ལས་དང་ཉོན་མོངས་པ་སྐྱེ་བ་དག་པར་མ་བྱས་བར་དུ། ལས་འབྲས་ཤིན་ཏུ་ཕྲ་བ་ལ་ཡང་འཛེམ་དགོས་པ་ བསྟན་པའི་ཕྱིར། སྡིག་པའི་རྣམ་སྨིན་ཆོམ་རྐུན་འཇིགས་པ་མཐོང་བ་ཡིས། ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ཁོ་ན་ཉིད་ཀྱི་ཉི་མ་འོད་གསལ་བའི་ཏིང་ངེ་འཛིན་གྱིས་ལས་ཀྱི་འཇུག་པ་བཅད་ནས། བཟོད་པ་དེ་དང་ལྡན་པ་བཞིན་དུ་རང་གི་རྒྱུད་ལ་དགེ་བའི་སེམས་རྫོགས་ པར་བྱེད་པ་ལ་སོགས་པའི་ཚེ་ནི་དེ་མི་དགོས་པས་དེ་སྲིད་ཅི་དགར་སྤྱོད་ཅེས་བྱའོ། །དེ་བས་ན་དེ་སྲིད་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །དེ་ལྟར་ལྟ་བ་དང་སྤྱོད་པ་དག་ལ་བྲམ་ཟེ་ཞེས་བྱའི། རིགས་ལ་སོགས་པ་མ་ཡིན་པར་བསྟན་པའི་ཕྱིར་གཅེར་བུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལམ་ ཕྱིན་ཅི་མ་ལོག་པ་དང་ལྡན་ན་རིགས་ལ་མི་ལྟོས་པར་བསྟན་པའི་ཕྱིར། དམན་པའི་རིགས་སུ་སྐྱེས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །འཁྲུལ་པའི་དབང་གིས་རྟག་ཏུ་འཁོར་བ་དེ་ལས་བཟློག་པར་གདམས་པ་ནི། ཡང་དང་ཡང་དུ་ཞེས་བྱ་བ་ལ་སོགས་པས་མཇུག་བསྡུས་ཏེ་གདམས་ པ། ཀྭའི་ཞེས་བོས་ནས་སེམས་ཁྱོད་རང་གིས་རང་གི་དྲི་མ་ཁྲུས། །ཞེས་བྱ་བ་ལ། བཞིན་གྱི་དྲི་མ་མེ་ལོང་ལ་བལྟས་ནས་སེལ་བ་ལྟར། མེ་ལོང་དང་འདྲ་བའི་བླ་མ་དང་། ཆུ་དང་འདྲ་བའི་མན་ངག་གིས་མ་རིག་པའི་དྲི་མས་གང་གོས་པ་དེ་ཟད་པར་བྱའོ། །དེའི་ཕྱིར་བླ་མའི་མན་ངག་ གི་ཆུས་རྟོག་པའི་དྲི་མ་བཀྲུ་བར་བྱའོ། །ཚུལ་ཇི་ལྟར་བཀྲུ་ཞེ་ན། སེམས་ཁྱོད་ཡོངས་སུ་གོ་བར་གྱིས་ལ་རང་ལ་ནི། །ཡོངས་སུ་བལྟ་ཞིང་གཏི་མུག་མུན་པ་ཆེན་པོ་སྦྱོངས། །ཞེས་བྱ་བ་ལ་ཆོས་ཐམས་ཅད་སེམས་དང་རླུང་གི་རྣམ་པར་འཕྲུལ་བར་གོ་བར་གྱིས་ལ་རང་ལ་རང་སྟེ། རླུང་དང་སེམས་རང་བཞིན་ལ་བཅུག་ལ་ནམ་མཁའ་དང་འདྲ་བར་ལྟོས་ཞེས་བྱའོ། །དེ་ལྟ་བུའི་ཐུབ་པའི་ཆོས་ཀྱི་གཏམ་མི་ཉན་པ་དང་། དེའི་སྐལ་བ་མེད་པ་ནི་མེ་ལྟར་སྣང་བ་ཡིན་ནོ། །དེ་བས་ན་ངེས་པར་འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་པ་ཡིད་ལ་བྱས་ལ། ཐུབ་པའི་ཆོས་ཀྱི་ གཏམ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཉན་ཞིང་གོམས་པར་བྱའོ། །དེ་ཐོས་ནས་དེ་དང་འགལ་བའི་ལས་མི་བྱ་སྟེ་མནར་མེད་པར་འགྲོ་བ་ལ་དེ་མིན་པ་གང་གིས་ཀྱང་འཛིན་པར་མི་ནུས་པའི་ཕྱིར་རོ། །དེ་ཐོས་ནས་དེ་ལྟར་དེ་སྦྱངས་ནས་གནས་སྐབས་ཀྱི་འབྲས་བུ་མཐོ་རིས་ལ། མཐར་ཐུག་གི་ འབྲས་བུ་བྱང་ཆུབ་འཐོབ་པའོ། །མ་རིག་པའི་མུན་པ་ལ་ཆོས་ཏེ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་། ཐ་མ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་བར་ནི་སྒྲོན་མ་སྟེ་རང་བཞིན་གྱིས་འོད་གསལ་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་སྲིད་པའི་རྒྱ་མཚོ་ཆེན་པོ་སྒྲོལ་བར་ བྱེད་པའི་གྲུ་དང་གཟིངས་ཡིན་པས་ངེས་པར་བསྟེན་ཞིང་གོམས་པར་བྱའོ། །སྤྱོད་པའི་གླུའི་འགྲེལ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཨ་བྷི་ས་མ་ཡེ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའི་སྐུ་ནི་དཔལ་ལྡན་དགའ་བ་རྒྱས་པ་མགོན་པོ་སྣ་ཚོགས་ཤེལ་ལྟ་བུ། འཇིག་རྟེན་འདས་པའི་སྦྱོར་བས་འཇིག་རྟེན་སྙིང་གི་མུན་པ་རྣམ་པར་འཇོམས་པ་མྱུར་མཛོད་ཅིག །ནོར་བུ་བྱི་དོར་བྱས་པས་དགོས་པ་འབྱུང་ལྟར་མཁས་ པས་ཚོགས་གཉིས་འདོད་ཕྱིར་འདི་ལ་ནི། བསྙེན་བཀུར་རིམ་པ་སྒྲུབ་པའི་ཐབས་ནི་འཁྲུལ་པ་སྤོང་བ་རབ་བཤད་བྱ། དང་པོ་ཁོ་ནར་རིའི་རྩེ་མོ་ལ་ཁ་ལྷོར་བལྟས་ཏེ་གཏོར་མ་བཏང་ནས་སྐྲ་གྲོལ་རོ་ལ་འདུག་ལ་དམ་ཚིག་བསྟེན་ནས། སེམས་ཅན་ཐམས་ཅད་སྡོམ་པའི་གོ་འཕང་ཐོབ་པར་འདོད་པས་ ཡི་གེ་བཞིའི་དོན་མངོན་དུ་བྱས་ལ། ཅིག་ཅར་དུ་སྟོང་པའི་ངང་ལས་ཐ་མལ་པའི་ང་རྒྱལ་སྤངས་ལ། ཤེས་རབ་མ་དང་བཅས་པའི་སྡོམ་པ་ཕྱག་གཉིས་པའི་ང་རྒྱལ་གྱིས། ཐོག་མར་ཨོཾ་དང་མཐར་ཧཱུཾ་ཕཊ་ཅེས་པའི་ཨཱ་ལི་ཀཱ་ལིའི་སྔགས་འོད་ཟེར་དང་བཅས་པས་གཡོན་སྐོར་དུ་དཀྲིས་ནས། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ལ་བགེགས་ཀྱི་ཚོགས་འཇོམས་པར་བསམས་ཏེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་ལྷག་པར་མོས་པ་བྱས་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་སྔགས་བཞི་པོ་བརྗོད་པས་ནག་པོ་ལྗང་གུ་དཀར་པོ་སེར་པོ་ལས་འཕྲོས་པའི་གཟུགས་ཤིན་ཏུ་ཆེ་བ་ཚངས་པའི་གནས་ནས་ས་འོག་ཏུ་ཁྱབ་པ། ཤར་བྱང་ནུབ་ལྷོ་ལ་རིམ་པ་ལྟར་བཀོད་པས་དེའི་འོད་ཟེར་གྱིས་དེའི་ཁ་དོག་དང་མཚུངས་པའི་ རྡོ་རྗེའི་ར་བ་གྲུ་བཞི་པ། དེ་དང་མཉམ་དུ་ཧཱུཾ་ལས་སྐྱེས་པ་སྣ་ཚོགས་རྡོ་རྗེ་དེ་ལ་ཧཱུྃ་གིས་མཚན་པའི་ས་གཞི་ས་འོག་གི་བར་དུའོ། །དེའི་འོད་ཟེར་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པའི་ར་བ། དེའི་ཕྱིར་མདའི་དྲ་བ། འོག་ཏུ་རྡོ་རྗེ་བླ་རེས་བརྒྱན་པའི་གུར་བསམ་པར་བྱའོ། །དེ་ནས་སུམྦྷ་ལ་སོགས་ པའི་སྔགས་བཞི་ལས་གྲུབ་པའི་ཁྭ་གདོང་མ་ལ་སོགས་པ་བཞི་དང་། དེ་གཉིས་གཉིས་ཀྱི་འོད་ལས་གྲུབ་པའི་གཤིན་རྗེ་བརྟན་མ་ལ་སོགས་པའི་ལྷ་མོ་བརྒྱད་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་རྡོ་རྗེ་ཐོ་བ་གཡོན་ཕུར་བུ་སྟེ། དེ་ཡང་ལྟེ་བ་ཡན་ཆད་རང་དང་འདྲ་བ་བསྣམས་པས་རང་ དང་འདྲ་བ་དུ་མ་སྤྲུལ་ནས་ཕྱོགས་བཅུ་ན་གནས་པའི་བགེགས་ཚོགས་བཀུག་ནས་ཧཱུྃ་རིང་བརྗོད་པས་དེ་ལས་གྲུབ་པའི་ར་བ་དང་ཉེ་བའི་ཁྲོན་པ་བརྒྱད་དུ་བཅུག་ལ་སྔགས་འདིས་མགོ་ལ་ཕུར་པ་གཞག་པར་བྱའོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་པྲ་དུ་ཥྚཱ་ན་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀཱི་ལ་ ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱཾ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་བརྡུང་བའི་སྔགས་ཀྱིས་བརྡུང་བར་བྱ་བའོ། །ཨོཾ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཨཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྡེག་པ་དང་བརྡུང་བ་དག་གིས་ བགེགས་ཀྱི་ཚོགས་བདེ་བ་ཆེན་པོ་དང་རོ་གཅིག་པར་གྱུར་པར་བསམས་ལ། །བགེགས་ལྷག་མ་བསྐྲད། དེའི་འོད་ར་བ་ལ་ཐིམ་པར་གྱུར་པས་དེ་ལས་བྱུང་བའི་རྡོ་རྗེ་དང་པདྨ་འཁོར་ལོའི་ཁོར་ཡུག་བསྒོམས་ལ། འགྲོ་བ་ཡང་རྣམ་པ་ཐམས་ཅད་ཀྱིས་བགེགས་མེད་པར་བསམ་པར་ བྱའོ། །དེ་ལྟར་སྙིང་གར་ཨཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་སྔོན་པོའི་འོད་ཟེར་གྱིས་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། ཕྱག་རྒྱས་ཨརྒྷ་ལ་སོགས་པ་དབུལ་ཞིང་ཧཱུཾ་ལས་བྱུང་བའི་ལྷ་མོ་བཅུ་དྲུག་གིས་ མཆོད་པར་བྱའོ། །དེ་ལ་མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ་ནི། དཀར་བ། དུ་བའི་མདོག །མར་མེའི་རྩེ་མོ་ལྟ་བུ་དང་། དམར་བ་ཕྱག་གཡས་ཀྱི་དང་པོ་ན་མེ་ཏོག་གི་གཞོང་པ་སྤོས་ཁང་མར་མེ་དྲིའི་དུང་ཆོས་སོ། །ཅིག་ཤོས་ཀྱི་གསུམ་ལ་ཌ་མ་རུ་དང་ཐོད་པ། ཁ་ཊྭཱཾ་ གའོ། །པི་ཝང་མ། གླིང་བུ་མ། རྔ་ཟླུམ་མ། རྫ་རྔ་མ་ནི། སྔོ། སེར། དམར། ལྗང་བ་སྟེ། ཕྱག་དང་པོ་གཉིས་ཀྱིས་རང་རང་གི་རོལ་མོ་འཁྲོལ་བ། གཞན་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུའོ། །བཞད་མ་དམར་མོ་ཕྱག་དང་པོ་གཉིས་ཀྱིས་བཞད་པའི་སྟངས་མཛད་པ། སྒེག་ མོ་སྔོན་མོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དཀུར་བརྟེན་པ། གླུ་མ་སེར་མོ་འཁར་བའི་སིལ་ཁྲོལ་རྡེབ་པ། གར་མ་ལྗང་གུ་ཕྱག་གཉིས་པ་པད་ཀོར་མཛད་པ་འདི་རྣམས་ཀྱི་ཕྱག་གཞན་རྣམས་ཀྱི་ཐོད་པ་དང་ཁ་ཊྭཱཾ་གའོ། །གཟུགས་མ་དཀར། རོ་མ་དམར། རེག་མ་ལྗང་། ཆོས་ མ་དཀར་མོ་སྟེ་ཕྱག་གཡས་དང་པོ་མེ་ལོང་རོའི་སྣོད། གོས་སྣ་ཚོགས། ཆོས་འབྱུང་ངོ་། །ཅིག་ཤོས་གསུམ་ལ་ཌ་མ་རུ་དང་ཐོད་པ་ཁ་ཊྭཱཾ་གའོ། །བཅུ་དྲུག་པོ་ཞལ་གཅིག་ཕྱག་བཞི་པའོ། །དེའི་རྗེས་ལ་རྐང་པ་བརྒྱད་པས་བསྟོད་པ་བྱ། སྡིག་པ་བཤགས་པ་ལ་སོགས་པ་བྱ། ཨོཾ་ སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་བ་ཤུདྡྷོ྅ཧཾ། ཞེས་པའི་དོན་མངོན་དུ་བྱས་ལ། ཁམས་གསུམ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་དུ་བལྟ་ཞིང་རང་གི་སེམས་ཉིད་ཡི་གེ་གསུམ་གྱི་ངོ་བོ་ཉིད་ཨོཾ་ཨཱཿཧཱུྃ། དེ་ལ་ཨུ་ཧ་མགོ་ཟླ་ཚེས་ཐིག་ལེ་ནཱ་ད་ལ་རིམ་པས་ནང་དུ་ཐིམ་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་དོན་བསམ་ཞིང་ཡིད་ཀྱིས་གདོན། ནཱ་ད་ཙམ་གྱི་རྟོག་པ་ཡང་སྤང་ངོ་། །དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རང་གི་སེམས་ཉིད་ནཱ་དའི་རྣམ་པར་ནམ་མཁའ་ལ་བཞག་ལ། དེ་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་བ་གཞུའི་དབྱིབས་ཅན་ བ་དན་གཉིས་དང་ལྡན་པའོ། །རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་འབར་བ་བདུན་གྱིས་མཚན་པ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ལྟ་བུ་ལ་བུམ་པས་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེ་ཕྱེད་པས་མཚན་པ། དེ་དག་ཀྱང་ རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཀྱི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཡོན་དང་ཅིག་ཤོས་ཀྱི་ཉིས་འགྱུར་གྱིས་འཁོར་བའི་ཨཱ་ལི་ཀཱ་ལི་ལས་ཟླ་བ། དེ་ལས་ གཟུགས་བརྙན་ལྟ་བུའི་ཡི་གེའི་དབུས་སུ་སྔར་བཞག་པའི་ནཱ་ད་ལས་རིམ་པ་ལྟར་སྤྲོ་བ་བསྡུ་བ་ལས་འཁོར་ལོ་ལྔའི་ས་བོན་ཧཱུྃ་ཕྱི་དཀར་ལ་ནང་སྔོ་བ། ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལྔའི་ལྷ་དང་བཅས་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའོ། ། དེ་ལ་བཅོམ་ལྡན་འདས་སྣ་ཚོགས་པདྨ་དང་ཉི་མ་ལ་གཡས་བརྐྱང་གཡོན་བསྐུམ་པའི་ཞབས་ཀྱིས་འཇིགས་བྱེད་དང་དུས་མཚན་མནན་པ་སྐུ་མདོག་ནག་པོ། ཤར་དང་བྱང་ལ་སོགས་པའི་ཞལ་ནི་གནག་ལྗང་དམར་སེར་བའོ། །ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་པ། སྟག་གི་པགས་ པའི་ཤམ་ཐབས་ཅན། ཕྱག་བཅུ་གཉིས་པ། རྡོ་རྗེ་དང་དྲིལ་བུར་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོའི་པགས་པ་དཀར་པོ་ཁྲག་དང་བཅས་པ་རྒྱབ་ཏུ་འཛིན་པ། གཡས་ཀྱི་འོག་མ་རྣམས་ཀྱིས་ཌ་མ་རུ་དང་། དགྲ་སྟ་དང་། གྲི་གུག་ དང་། རྩེ་གསུམ་པའོ། །གཡོན་འོག་མ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །ཁྲག་གིས་གང་བའི་ཐོད་པ། རྡོ་རྗེའི་ཞགས་པ། ཚངས་པའི་མགོ་བོའོ། །བརྒྱ་ཕྱེད་མི་མགོའི་དོ་ཤལ་ཅན། འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་ལག་གདུབ་རྐེད་རྒྱན་ཐལ་བའི་རང་བཞིན་ ཏེ་ཕྱག་རྒྱ་དྲུག་དང་ལྡན་པ། མིའི་རྒྱུས་པའི་ཚངས་སྐུད་ཅན། དཔྲལ་བའི་སྟེང་ན་ཐོད་པ་ལྔ་དང་ནོར་བུ་དང་ཅུང་ཟད་གཡོན་དུ་ཡོ་བའི་ཟླ་བ་ཚེས་པ་དང་། སྣ་ཚོགས་རྡོ་རྗེས་བརྒྱན་པའི་རལ་པའི་ཐོར་ཅོག་ཅན། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། སྒེག་པ། དཔའ་བ། མི་སྡུག་པ། དྲག་པོ། །བཞད་པ། འཇིགས་པ། སྙིང་རྗེ་ཆེ་བ། རྨད་དུ་བྱུང་བ། ཞི་བ་སྟེ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་མདུན་གྱི་རྡོ་རྗེ་ཕག་མོ་ནི་མདོག་དམར་བ། ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་ཞིང་འཕྱང་བ། ནམ་མཁའི་གོས་ཅན་ལ། ཐོད་པའི་དུམ་བུས་རྐེད་རྒྱན་བྱས་པ། གཡོན་པས་འཁྱུད་ཅིང་ཀ་པཱ་ལའི་ཁྲག་གི་རྒྱུན་ཡབ་ལ་སྟོབས་པ། གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་གྱེན་དུ་བསྒྲེང་བ། ཆགས་པ་མེད་པ་ཉིད་ཀྱི་ཕྱིར་མི་མགོ་སྐམ་པོའི་ཕྲེང་བ། ཉི་མའི་འོད་ཀོར་ཅན། ཕྱག་རྒྱ་ལྔ་དང་ལྡན་པ་ ཁྲག་འཛག་པ། ཅུང་ཟད་དགོད་ཅིང་བ་སྤུ་ལངས་པའོ། །འཁོར་རྣམས་ནི་ཤར་ལ་སོགས་པ་ཕྱོགས་གཡོན་སྐོར་ལ། མེ་ལ་སོགས་པའི་མཚམས་གཡས་སུ་བསྐོར་རོ། །དེ་ལ་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མའོ། །དེ་ཡང་ གནག །ལྗང་། དམར། སེར་བ། ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག་བཞི་ལ་གཡོན་པས་ཐོད་པ་ཁ་ཊྭཱཾ་ག །གཡས་པས་ཌ་མ་རུ་དང་གྲི་གུག་གཅེར་བུ་གཡས་བརྐྱང་བས་བཞུགས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་བྱང་སེམས། ཉི་མ། བདུད་རྩི་ལྔ། སྒྲོན་མ་ལྔ། གྲུབ་པའི་དངུལ་ཆུ་ལྟ་བུར་གྱུར་པས་གང་བའི་པད་སྣོད་བཞིའོ། །ཡང་ན་བཞི་ཀ་ཡང་བདུད་རྩི་ལྔས་གང་བའོ། །དེ་ནས་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་བའོ། །དེ་ལ་ཤར་གྱི་རྩིབས་ལ་དཔའ་བོ་ཐོད་པའི་དུམ་ བུ་དང་དཔའ་མོ་རབ་གཏུམ་མོའོ། །བྱང་ལ་ཀེང་རུས་ཆེན་པོ་དང་གཏུམ་མིག་མའོ། །ནུབ་ཏུ་ཀེང་རུས་ཅན་དང་འོད་ལྡན་མའོ། །ལྷོ་རུ་མཆེ་བ་གཙིགས་པ་དང་སྣ་ཆེན་མའོ། །མེ་ལ་ཆང་དགྲ་དང་དཔའ་བློ་མའོ། །བདེན་བྲལ་ལ་འོད་དཔག་མེད་དང་ཐུང་ངུ་མའོ། །རླུང་ལ་རྡོ་རྗེའི་འོད་དང་ལང་ཀའི་ དབང་ཕྱུག་མའོ། །དབང་ལྡན་ལ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །དེའི་ཕྱིར་གསུང་གི་འཁོར་ལོ་དམར་པོ་སྟེ་པདྨ་དམར་པོའི་ཕྲེང་བས་བསྐོར་བའོ། །དེ་ལ་ཤར་གྱི་རྩིབས་ལ་མྱུ་གུ་ཅན་དང་ས་སྲུང་མའོ། །བྱང་ལ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ལ་དཔའ་བོ་ ཆེན་པོ་དང་རླུང་ཤུགས་མའོ། །ལྷོ་ལ་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །མེ་ལ་རབ་ཏུ་བཟང་པོ་དང་ལྷ་མོ་སྔོ་བསངས་མའོ། །བདེན་བྲལ་ལ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །རླུང་ལ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །དབང་ལྡན་ལ་མིག་མི་བཟང་དང་བྱ་ གདོང་མའོ། །དེ་ནས་སྐུའི་འཁོར་ལོ་དཀར་པོ་སྟེ་འཁོར་ལོའི་ཕྲེང་བ་དཀར་པོས་བསྐོར་བའོ། །དེའི་ཤར་གྱི་རྩིབས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བྱང་ལ་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །ནུབ་ལ་རྟ་མགྲིན་དང་ཆང་འཚོང་མའོ། །ལྷོ་ལ་ནམ་མཁའི་སྙིང་ པོ་དང་འཁོར་ལོའི་གོ་ཆ་མའོ། །མེ་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བདེན་བྲལ་ལ་པདྨ་གར་དབང་དང་སྟོབས་ཆེན་མའོ། །རླུང་ལ་རྣམ་སྣང་དང་འཁོར་ལོས་སྒྱུར་མའོ། །དབང་ལྡན་ལ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཐོད་པའི་དུམ་བུ་ལ་སོགས་པའི་ དཔའ་བོ་རྣམས་ནི་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། མཆེ་བ་གཙིགས་པའི་ཞལ། རལ་པའི་ཐོར་ཅོག་དང་ལྡན་པ། དཔྲལ་བ་ལ་རྡོ་རྗེ་ཕྲེང་བས་མཚན་པའི་དཔའ་བོའི་རས་ཀྱིས་བཅིངས་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་དང་བཅས་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ ཌ་མ་རུ་དང་ཁ་ཊྭཱཾ་ག་བསྣམས་པའོ། །ཚངས་སྐུད་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། གཡས་བརྐྱང་པས་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་རྣམས་ནི་ཞལ་གཅིག་པ། སྤྱན་གསུམ་པ། དྲག་མོའི་གཟུགས་ལ་སྐྲ་གྲོལ་ཞིང་གོས་དང་བྲལ་བ། ཕྱག་གཉིས་པ་གཡོན་ པས་འཁྱུད་ཅིང་ཐོད་པ་བསྣམས་པ། གཡས་པས་སྡིགས་མཛུབ་གྲི་གུག་དང་བཅས་པས་བསྡིགས་པའོ། །དེ་ནས་སྒོ་རྣམས་སུ་ཁྲ་གདོང་མ། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ་སྟེ་མིང་དང་མཐུན་པའི་གདོང་ཅན། ཁྱད་པར་གཞན་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ནོ། ། མཚམས་རྣམས་ལ་གཤིན་རྗེ་བརྟན་མ། གཤིན་རྗེ་ཕོ་ཉ་མ། གཤིན་རྗེ་མཆེ་བ་མ། གཤིན་རྗེ་འཇོམས་མ་སྟེ་མིའི་གདོང་པ་ཅན་ཡིད་འཕྲོག་པ། གཡས་དང་ཅིག་ཤོས་ཀྱི་མདོག་གཉིས་པ། བརྒྱད་པོ་ཡང་རོའི་གདན་ནོ། །མཁའ་འགྲོ་མ་ལ་སོགས་པའི་ལྷ་ཐམས་ ཅད་ཀྱང་མི་མགོའི་དོ་ཤལ་ཅན། དཔྲལ་བར་རྡོ་རྗེ་ཕྲེང་བས་མཚན་པའོ། །དུམ་བུས་བརྒྱན་པའི་སྐ་རགས་ལ་གཡེར་ཀའི་སྒྲ་སྒྲོགས་པའོ། །འདི་ལྟ་བུའི་འཁོར་དང་ལྷན་ཅིག་འཁྲུངས་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོ་ཏིང་ངེ་འཛིན་སེམས་དཔའོ། །ལྟེ་བ་ལ་ཨཱ་ ལི་ཀཱ་ལིའི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་དཀྱིལ་འཁོར་གྱི་ལྷའི་རང་བཞིན་སྤྲོས་པས་གཡས་པའི་རླུང་དང་ལྷན་ཅིག་ཕྱིར་སོང་ནས་འགྲོ་བ་ཐམས་ཅད་འཁོར་ལོའི་བདག་ཉིད་དུ་བྱས་ཏེ། ཡོངས་སུ་གྲུབ་པའི་དཔའ་བོ་དང་དཔའ་མོ་རྣམས་དང་རོ་གཅིག་ཏུ་གྱུར་ནས། གཡོན་གྱི་རླུང་དང་ ལྷན་ཅིག་ནང་དུ་ཞུགས་པས་རང་གནས་སུ་གཟུགས་བརྙན་ལྟ་བུའི་ཟླ་བའི་དཀྱིལ་འཁོར་བལྟའོ། །དེ་ལ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུར་བཅས་པས་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པ། ཞབས་ བརྐྱང་བསྐུམ་དུ་བཞུགས་པ་ཡེ་ཤེས་སེམས་དཔའི་རང་བཞིན་ཏེ། དེ་ལྟར་སེམས་དཔའ་གསུམ་ལྡན་དུ་བདག་ཉིད་བལྟའོ། །ཡང་ན་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། དེའི་ནཱ་ད་དང་བཅས་པ་ནི་བདེ་བ་ཆེན་པོའི་ བདུད་རྩིའི་རང་བཞིན་དུ་བསམ་མོ། །ཨོཾ་ཨཱཿཧཱུཾ། ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེའི་རྗེས་ལ་མིག་གཉིས་ལ་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་དང་ཨོཾ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཟུགས་རྡོ་རྗེ་མས་འཁྱུད་པའོ། །རྣ་བ་གཉིས་ལ་པདྨ་དང་ ཉི་མའི་སྟེང་དུ་རྡོ་རྗེ་དང་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ་སྒྲ་རྡོ་རྗེ་མས་འཁྱུད་པའོ། །སྣ་ལ་པདྨ་དང་ཉི་མའི་སྟེང་དུ་རིན་པོ་ཆེ་དང་ཏྲྃ་ལས་སེར་སྣ་རྡོ་རྗེ་སེར་པོ་དྲི་རྡོ་རྗེ་མས་འཁྱུད་པའོ། །ལྕེའི་རྩེར་ཆུ་སྐྱེས་དང་ཉི་མའི་སྟེང་དུ་འདམ་སྐྱེས་དམར་པོ་དང་ཨྃ་ལས་འདོད་ཆགས་རྡོ་རྗེ་དམར་པོ་རོ་རྡོ་རྗེ་མས་ འཁྱུད་པའོ། །དཔྲལ་བར་ཆུ་སྐྱེས་དང་ཉི་མའི་སྟེང་དུ་རལ་གྲི་དང་ཧྃ་ལས་ཕྲག་དོག་རྡོ་རྗེ་ལྗང་གུ་རེག་བྱ་རྡོ་རྗེ་མས་འཁྱུད་པའོ། །ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་དང་ཧཱུཾ་ལས་དབང་ཕྱུག་རྡོ་རྗེ་དཀར་པོ་ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པའོ། །དེ་ལ་གཏི་མུག་རྡོ་རྗེ་ལ་སོགས་པ་ ནང་གི་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་རང་བཞིན་ལྷའི་མིག་ལ་སོགས་པ་སྟེར་བ་སྟེ། དེ་ཡང་རིམ་པ་ལྟར་སའི་སྙིང་པོ། ཕྱག་ན་རྡོ་རྗེ། ནམ་མཁའི་སྙིང་པོ། འཇིག་རྟེན་དབང་ཕྱུག །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ཀུན་དུ་བཟང་པོའི་མིང་གཞན་ནོ། །རལ་པའི་ཐོར་ཅོག་ ལ་རྣམ་སྣང་། མི་བསྐྱོད། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། ཞལ་གཅིག་སྤྱན་གསུམ་ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་གཉིས་ཏེ་གཡས་པ་རྣམས་ལ་འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ་དམར་པོ། རལ་གྲི། །རྡོ་རྗེ་དཀར་པོ་རྣམས་སོ། ། གཡོན་ཐམས་ཅད་དྲིལ་བུའོ། །གཡས་བརྐྱང་བས་བཞུགས་པ། འདི་རྣམས་ཀྱི་ཡུམ་ནི། ཛཿཧཱུཾ་བཾ་ཧོཿཁཾ་རཾ་ལས་སྐྱེས་པ་ཕྱིའི་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་རང་བཞིན་རང་འོད་མ་གཡོན་བརྐྱང་པས་གནས་པ། ཕྱག་གཉིས་པ། གཡས་པ་ཐམས་ཅད་ལ་རིམ་པ་ལྟར་མེ་ལོང་། པི་ཝང་། དྲིའི་དུང་ཆོས། རོའི་སྣོད། གོས་སྣ་ཚོགས། ཆོས་འབྱུང་ངོ་། །གཡོན་ཐམས་ཅད་དྲིལ་བུ་སྟེ་སྒྲ་རྡོ་རྗེ་མ་ནི་གཡོན་པ་ཡང་པི་ཝང་བསྒྲེང་བ་རིན་འབྱུང་གིས་རྒྱས་བཏབ་པའོ། །དེ་ལས་ལྟེ་བ་དང་སྙིང་ག་མགྲིན་པ་སྤྱི་བོར་པདྨ་དང་ཟླ་བ་ལ་ལཱྃ་མཱྃ་པཱྃ་ཏཱྃ་ལས་བྱུང་བའི་ལྟུང་བྱེད་མ་གསོད་བྱེད་མ་འགུགས་ བྱེད་མ་གར་གྱི་དབང་ཕྱུག་མ་སྟེ། སྤྱན་མ། མཱ་མ་ཀཱི །གོས་དཀར། སྒྲོལ་མའི་རང་བཞིན། འདི་དག་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་པས་འཁོར་ལོ། རྡོ་རྗེ། པདྨ། རལ་གྲི། གྲི་གུག་བསྣམས་པའོ། །གཡོན་པ་ཐོད་པ། ཁ་ཊྭཱཾ་གའོ། །གསང་གནས་སུ་པདྨ་དང་ཟླ་བ་ལ་ཁྃ་ལས་བྱུང་ པའི་པདྨའི་དྲ་བ་དུ་བ་ལྟ་བུ། ཞལ་གསུམ་ཕྱག་དྲུག་མ་གཡས་དཀར་བ་ཅིག་ཤོས་དམར་བ། ཕྱག་གཡས་པས་ལྕགས་ཀྱུ་ཚངས་མགོ་གྲི་གུག །གཡོན་པས་ཐོད་པ། ཁ་ཊྭཱཾ་ག །ཞགས་པའོ། །སྤྱན་གསུམ་པ། ཕྱག་རྒྱ་ལྔ་དང་ལྡན་པ། སྐྲ་གྲོལ་ཞིང་ནམ་མཁའི་གོས་ཅན་གཡས་བརྐྱང་ བས་བཞུགས་པའོ། །ལྔ་པོ་འདི་དག་ཀྱང་རིམ་པ་ལྟར་ས་ཆུ་མེ་རླུང་ནམ་མཁའ་རྣམ་པར་དག་པའི་རང་བཞིན་ནོ། །དེ་དག་ལ་རིམ་པ་བཞིན་བྷྲུྃ་ཧཱུྃ་ཧྲི་ཧོཿཨྃ་ལས་བྱུང་བའི་དཀར་པོ། ནག་པོ། དམར་པོ། ལྗང་གུ། སེར་པོའི་རང་བཞིན། རྣམ་སྣང་། མི་བསྐྱོད། སྣང་མཐའ། དོན་གྲུབ། རིན་འབྱུང་སྟེ། གཟུགས་དང་། རྣམ་པར་ཤེས་པ་དང་། འདུ་ཤེས་དང་། འདུ་བྱེད་དང་། ཚོར་བའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་གྱིས་འཁྱུད་པ་དང་རྒྱས་བཏབ་པའོ། །གཟུགས་ལ་སོགས་པའི་ཕུང་པོའི་དེ་བཞིན་ཉིད་ལ་གཙུག་ཏོར་གྱི་པདྨ་དང་ཟླ་བ་ལ་ཧི་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ དཀར་པོ་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རང་འོད་མས་འཁྱུད་པ་སྟེ། དེ་ནི་ཡེ་ཤེས་དང་དབྱིངས་ཀྱི་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་ལ་རྣམ་སྣང་གི་ཕྱག་གཡས་འཁོར་ལོ་བསྣམས་ནས་བསྒྲེང་བ། མི་བསྐྱོད་པ་རྡོ་རྗེ་དང་བཅས་པས་ས་གནོན་མཛད་པ། འདི་གཉིས་ཀ་གཡོན་པ་དྲིལ་བུ་འཛིན་ པས་ལྷ་མོའི་དཀུ་ལ་བརྟེན་པའོ། །སྣང་མཐའ། དོན་གྲུབ། རིན་འབྱུང་དག་ནི་པདྨ་དམར་པོ། སྣ་ཚོགས་རྡོ་རྗེ། རིན་པོ་ཆེ་བསྒྲེང་བས་བསྣམས་པ། གཡོན་པས་དྲིལ་བུ་ཐུགས་ཀའི་ཐད་དུ་ཡུམ་གྱི་རྒྱབ་ཏུ་འཁྱུད་པའོ། །རྡོ་རྗེ་སེམས་དཔའ་ཕྱག་གཡས་པས་རྡོ་རྗེ་འཛིན་པ་རོལ་པ་ དང་བཅས་པས་སྙིང་གའི་ཐད་དུ་ཡུམ་གྱི་རྒྱབ་ཏུ་འཁྱུད་པ། གཡོན་དྲིལ་བུ་ལྷ་མོའི་དཀུ་ལ་བརྟེན་པའོ། །ཡང་ན་རྣམ་ཤེས་ཀྱི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ། ཕུང་པོ་ལྔའི་བདག་ཉིད་མི་བསྐྱོད་པ་འདི་ལྟར་ཤེས་པར་བྱའོ། །འདི་ནི་ཕན་ཚུན་དུ་བདག་ཉིད་གཅིག་ཏུ་རྟོགས་པའི་ ཕྱིར་རོ། །དེ་ལྟར་རྣམ་སྣང་ལ་སོགས་པ་ལ་མི་བསྐྱོད་པས་རྒྱས་གདབ་པར་བྱའོ། །དེ་ནས་སྤྱི་བོ། མགྲིན་པ། སྙིང་ག་དག་ལ་རྟག་པ་དང་། འོད་དཔག་མེད་དང་། མི་བསྐྱོད་པ་གསུམ་ནི་ཤེས་རབ་དང་བཅས་པ་ལུས་ངག་ཡིད་གསུམ་རྣམ་པར་དག་པའི་རང་བཞིན་ནོ། །གཏི་མུག་རྡོ་རྗེ་ལ་སོགས་ པའི་ལྷ་རྣམས་ནི་སྙོམས་འཇུག་གིས་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་སྐྱེ་མཆེད་དང་ཁམས་དང་ཕུང་པོ་ལ་སོགས་པ་ལ་ཐིམ་པར་གྱུར་ཏོ། །དེའི་རྗེས་ལ་སྙིང་གར་ཨོཾ་ཧ་ལས་རྡོ་རྗེ་སེམས་དཔའ་དཀར་པོ། སྤྱི་བོར་ན་མ་ཧི་ལས་རྣམ་སྣང་སེར་པོ། གཙུག་ཏོར་ལ་སྭཱ་ཧཱ་ཧུ་ལས་པདྨ་གར་དབང་ དམར་པོ། ཕྲག་པ་གཉིས་ལ་བཽ་ཥཊ་ཧེ་ལས་མི་བསྐྱོད་པ་ནག་པོ། མིག་གཉིས་ལ་ཧཱུཾ་ཧཱུཾ་ཧོ་ལས་རྡོ་རྗེ་ཉི་མ་དམར་པོ། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལས་རྟ་མཆོག་ལྗང་གུའོ། །དེ་ལ་རྡོ་རྗེ་ཅན་ནི་ཞལ་གསུམ་ཕྱག་དྲུག་པ། གཞན་རྣམས་ནི་ཞལ་གཅིག་ཕྱག་བཞི་པའོ། །དང་པོའི་ཕྱག་གཡས་ ལ་རྡོ་རྗེ། ཌ་མ་རུ། ཚངས་མགོའོ། །གཡོན་པ་དྲིལ་བུ། ཁ་ཊྭཱཾ་ག །ཐོད་པ། རྩ་བ་གཡས་པ་གཡོན་པའི་ཞལ་ནི་དཀར་བ། དམར་བ། སྔོ་བའོ། །གཞན་རྣམས་ལ་འཁོར་ལོ། པདྨ། རྡོ་རྗེ། རིན་པོ་ཆེ། རལ་གྲི་དང་ཌ་མ་རུ་གཡས་ན་བསྣམས་པའོ། །གཡོན་པ་དྲིལ་བུ་ ཐོད་པ་དང་བཅས་པའི་ཁ་ཊྭཱཾ་གའོ། །དེ་དག་ལ་རིམ་པ་ལྟར་ཕག་མོ། གཤིན་རྗེ་མ། རྨོངས་བྱེད་མ། སྐྱོད་བྱེད་མ། སྐྲག་བྱེད་མ། གཏུམ་མོ་དག་གིས་འཁྱུད་པའོ། །དེ་ལ་ཕག་མོ་དམར་བ་སྟེ་ཞལ་གསུམ་ཕྱག་དྲུག་མ། རྩ་བ་དང་གཡས་གཡོན་གྱི་ཞལ་ནི་དམར་བ། སྔོ་བ། ལྗང་ བའོ། །གཡོན་པ་གསུམ་ནི་ཐོད་པ་ཁ་ཊྭཱཾ་ག་ཞགས་པའོ། །གཡས་པ་གསུམ་ནི་ལྕགས་ཀྱུ་ཚངས་མགོ་གྲི་གུག་གོ། །གཤིན་རྗེ་མ་ལ་སོགས་པ་ནི་སྔོ་བ། དཀར་བ། སེར་བ། ལྗང་བ། དུད་ཀ་སྟེ་གོས་དང་བྲལ་ཞིང་སྐྲ་གྲོལ་བ། ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། གཡོན་ པས་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་དང་། དྲིལ་བུ། གཡས་པས་ཌ་མ་རུ་དང་གྲི་གུག་གོ། །ཕྱག་རྒྱ་ལྔ་དང་ལྡན་པས་གཡས་བརྐྱང་པས་བཞུགས་པ། དེ་ལ་ལྷ་དཀར་བ་དག་ཟླ་བའི་གདན་དང་འོད་ཀོར་ཅན། །གཞན་ནི་ཉི་མའི་གདན་དང་དེའི་འོད་ཀོར་ཅན་དུ་རང་ཉིད་ལ་བསམས་ནས། ཡུམ་ ལ་ཡང་མིག་ལ་སོགས་པའི་རྣམ་པར་དག་པ་སྐད་ཅིག་མས་བསྒོམ་པར་བྱའོ། །གོ་ཆ་ཡང་ལྷ་མོའི་ལྟེ་བ་ལ་ཨོཾ་བཾ་ལས་ཕག་མོ་སྟེ། སྙིང་གར་ཧཾ་ཡོཾ་ལས་གཤིན་རྗེ་མ། མགྲིན་པར་ཧྲིཾ་མོཾ་ལས་རྨོངས་བྱེད་མ། དཔྲལ་བ་ལ་ཧྲེཾ་ཧྲིཾ་ལས་སྐྱོད་བྱེད་མ། སྤྱི་བོ་ལ་ཧཱུྃ་ཧཱུྃ་ལས་སྐྲག་བྱེད་མ། ཡན་ ལག་ཐམས་ཅད་ལ་ཕཊ་ཕཊ་ལས་གཏུམ་མོའོ། །འདི་དྲུག་པོ་ལ་ཡབ་མེད་པའོ། །དེའི་རྗེས་ལ་ཧཱུྃ་ཀར་པོ་ལས་སྐྱེས་པའི་རྡོ་རྗེ་ནག་པོ། བྱཱྃ་དམར་པོ་ལས་ནོར་བུ་དམར་པོའི་རྩེ་ལ་བྱཱྃ་སེར་པོས་བྱིན་གྱིས་བརླབས་པའོ། །ལྷ་མོ་ལ་ཨ་ལས་པདྨ་འདབ་མ་གསུམ་པ་དྱཱཾ་ལས་ཟེའུ་འབྲུ་དཀར་པོའི་ རྩེ་མོ་ལ་དྱཱཾ་སེར་པོས་བྱིན་གྱིས་བརླབས་པ། དེ་ཡང་ལྷ་མོའི་སྙིང་པོ་དང་ཉེ་སྙིང་གཉིས་ལྟེ་བ་དང་སྙིང་ག །རང་གི་སྙིང་པོ་དང་ཉེ་སྙིང་མགྲིན་པ་དང་དཔྲལ་བ་ལའོ། །བཅོམ་ལྡན་འདས་མ་ལ་བཅོམ་ལྡན་འདས་ཀྱིས་འོ་བྱེད་པ། ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གིས་ཡུམ་གྱི་ལྟེ་བ་དང་སྙིང་ག །ཡུམ་ གྱི་སྙིང་པོ་དང་ཉེ་སྙིང་གིས་ཡུམ་རང་གི་མགྲིན་པ་དང་དཔྲལ་བ་སྟེ། དེ་ནས་ཡུམ་གྱིས་ཡབ་ལ་འོ་བྱེད་དོ། །དེ་ནས་ཡི་གེ་གསུམ་གྱི་དགའ་བ་ཡང་བརྩམ་པར་བྱའོ། །དེ་ནས་གཡོན་པས་གཡས་པའི་རྐང་པ་མནན་ལ་གཡོན་ཕྱོགས་སུ་གྱེན་ལ་བལྟ་ཞིང་ལག་པ་གཉིས་མཐེ་བོང་རྩེ་སྤྲད་ལ་ཐུར་ལ་ བསྟན་ལ་མཛུབ་མོ་མདུད་པར་བྱས་ལ་གུང་མོ་རྩེ་སྤྲད། མིང་མེད་དང་མཐེའུ་ཆུང་བརྐྱང་ནས་དཔྲལ་བའི་སྟེང་དུ་གཡོན་དུ་བསྐོར་བཞིན་པ་ནི་འབར་བའི་ཕྱག་རྒྱ་སྟེ། ཕེཾ་ཞེས་བརྗོད་ཅིང་ཐུགས་ཀའི་འོད་ལས་བྱུང་པའི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལྷ་མོ་བཅུ་དྲུག་ལ་ སོགས་པས་མཆོད་ནས་བདག་དང་ལྷ་རྣམས་ལ་གཞུག་པར་བྱའོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བརྗོད་ནས། པད་ཀོར་བྱས་ལ་འཁྱུད་པའི་ཚུལ་གྱིས་བྱེད་ཅིང་། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་འཁོར་ལོ་དང་དུས་ གཅིག་ཏུ་སྤྱན་དྲངས་པའི་རྣལ་འབྱོར་མ་ལ་སོགས་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་ཌ་མ་རུ་བསྣམས་པ་རྣམས་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་ཅིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་བརྗོད་ཅིང་གཡོན་པའི་ཕྱག་གཡོ་བའི་ཐོད་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་དབང་བསྐུར་བས། རང་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་བསམས་ནས་ལྷག་པའི་བདུད་རྩི་ལས་ལྷ་རྣམས་དེ་བཞིན་གཤེགས་པས་ རྒྱས་གདབ་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པས་བཅོམ་ལྡན་འདས་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མི་བསྐྱོད་པ། ཡུམ་ལ་རྣམ་སྣང་། མཁའ་འགྲོ་མ་ལ་སོགས་པ་ལ་རིན་འབྱུང་། ཐུགས་གསུང་སྐུ་ལ་གནས་པའི་ལྷ་རྣམས་ལ་མི་བསྐྱོད་པ་སྣང་ མཐའ་རྟག་པའོ། །དམ་ཚིག་གི་ལྷ་རྣམས་ལ་དོན་གྲུབ་པོ། །དེ་ནས་མཆོད་པ་སྔོན་དུ་འགྲོ་བས་རོ་མ་ཞེས་པའི་ལྷ་མོས་ཕུལ་བའི་བདུད་རྩི་མྱངས་ནས་རྐང་པ་བརྒྱད་པའི་བསྟོད་པ་བྱའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀལྤ་ཨགྣི་སནྣི་བྷཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མུ་ཀུ་ཊོཏྐ་ ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་དཾཥྚྲ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷྲཱ་ཛི་ན་ཨམྦ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་དྷུམྠཱནྡྷ་ཀཱ་ར་བ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་བཅོམ་ལྡན་འདས་ཀྱི་རྐང་ པ་བརྒྱད་པའོ། །ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་རཱ་ཧཱི་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿཨཱརྱ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོཀྱ་མཱ་ཏེ་མ་ཧཱ་བི་དྱེ་ཤྭ་རི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་བྷཱུ་ཏ་བྷ་ཡ་བཱ་ཧེ་མ་ཧཱ་བཛྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མཿཤོ་ཥ་ཎི་རོ་ཥ་ཎི་ཀྲོདྷ་ནི་ཀ་རཱ་ ལི་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མསྟྲཱ་ས་ནི་མ་ར་ཎི་སུ་པྲ་བྷེ་ད་ནི་ཨ་པ་རཱ་ཛ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་ཛ་ཡེ་བི་ཛ་ཡེ་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ། ཅེས་པས་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད་ལ། སྤྲོས་པའི་ལྷ་མོས་བསྟོད་པ་ཉིད་དོ། ། སྔར་བཤད་པའི་ལྷ་ཐམས་ཅད་མ་ལུས་པའི་སྟོང་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་ཡེ་ཤེས་སེམས་དཔའི་རང་བཞིན་ཡབ་ཡུམ་གྱིས་སྒྱུ་མ་ལྟ་བུ་ཆགས་པའི་སྒྲས་འགྲོ་བ་ཐམས་ཅད་བཀུག་ནས་དུར་ཁྲོད་ལ། དེ་དམ་ཚིག་ལ་དང་། སྐུ་གསུང་ཐུགས་བདེ་ཆེན་གྱི་མཁའ་འགྲོ་མ་ལ་སོགས་པ་བཅོམ་ལྡན་ འདས་ཡབ་ཡུམ་ལ། དེ་ཡང་ཕྱག་གཉིས་པ་ལ། དེའི་ཤེས་རབ་ཀྱང་དེ་ལ་ཐུགས་ཀའི་ཁུ་བའི་རང་བཞིན་ཆགས་པ་ཆེན་པོའི་ཧཱུཾ་དམར་པོ་ལ། དེ་ལ་ཡང་ཨཱུ་ཧ་ལ། མགོ་ཟླ་ཚེས་ལ། ནཱ་ད་ཐིག་ལེ་ཡང་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་རྗེས་སུ་གཞིག་པའི་རིམ་པས་སྙིང་རྗེ་དང་སྟོང་ པ་གཉིས་སུ་མེད་པའི་རང་བཞིན་ལྷའི་འཁོར་ལོ་སྣ་ཚོགས་པ་ཡང་དོན་དམ་པར་བལྟ་ཞིང་འོད་གསལ་དུ་འཇུག་པར་བྱའོ། །དེ་ནས་དེའི་ངང་ལས་སྐད་ཅིག་གིས་བཞེངས་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རང་བཞིན་སོ་སོ་ལ་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོ་སོ་ལ་སྦྱར་བ་དབང་པོ་ད