Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 24 / 24 (50.000 ký tự/trang)
ང་། ལོངས་སྤྱོད་པ་དང་ཐིམ་པ་ནི་གནས་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་བལྟའོ། །གནས་འདི་རྣམས་སུ་ཞེས་བྱ་བ་ནི་བརྗོད་མ་ཐག་པའོ། །དེ་བཞིན་གཤེགས་པ་རྣམས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཇི་ལྟར་བདེ་བས་ཞེས་
བྱ་བ་ནི། ཏིང་ངེ་འཛིན་གྱི་བདེ་བའི་བྱེ་བྲག་གིས་སོ། །བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བ་ནི་འཛག་པ་མེད་པའི་བདེ་བས་ཡེ་ཤེས་བསྐྱེད་པའི་ཕྱིར་རོ། །རིམ་པ་ཇི་ལྟ་བར་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་གཟུགས་ཀྱིས་ཞེས་བྱ་བ་ནི་གནས་ཉི་ཤུ་རྩ་བཞི་པོ་
རིམ་པ་ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི་ཚུལ་གྱིས་ཐིག་ལེ་འབྱུང་ཞིང་། ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །བསྐྱེད་པ་དང་། གནས་པ་དང་། རབ་ཏུ་ཐིམ་པའོ་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ཚུལ་གྱིས་ཏེ། དཔེར་ན་ཉི་མ་ཤར་བ་དང་། ཕྱེད་པ་དང་། ནུབ་པ་བཞིན་
ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདི་རྣམས་ཀྱི་གཙོ་བོས་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་མགོ་ཟུག་པ་དང་། ལོངས་སྤྱོད་པ་དང་། ཐིམ་པ་ལ་སོགས་པ་ཐམས་ཅད་ཀྱི་གཙོ་བོ་ནི་རླུང་ཡིན་ཞེས་བྱ་བའི་དོན་ཏོ། །ཨོ་ཌི་ཡ་ན་ཞེས་བྱ་བ་ནི་རྣ་བ་གཡས་པ་སྟེ་
འབྱུང་བའི་ལམ་མོ། །གནད་ཀྱི་སྒོ་ཕྱེད་པ་ཞེས་བྱ་བ་ནི་སྨིན་མཚམས་སུའོ། །རྡོ་རྗེ་མཁའ་འགྲོ་མས་བསྐུལ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་མེས་བདེ་བ་བསྐུལ་བའོ། །ཛཱ་ལནྡྷ་རར་བདེ་བ་ཆེན་པོའི་ཡེ་ཤེས་འདུ་བའོ་ཞེས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་བདེ་
བར་གཤེགས་པ་རྣམས་ཀྱི་དབུའི་གཙུག་ཏོར་ནས་ཞུགས་པའི་དམ་ཚིག་གི་འཁོར་ལོའི་མིང་ཅན་དུ་བདེ་བའི་ཡེ་ཤེས་སྡུད་ཅེས་བྱ་བའི་དོན་ཏོ། །ཕྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྡུད་པར་བྱའོ་ཞེས་བྱ་བ་ནི་ཡེ་ཤེས་རིམ་པ་ནས་སྟོན་བཞིན་པའོ། །འདི་ཉིད་དཀྱིལ་འཁོར་

དང་། སྦྱིན་སྲེག་དང་། མཆོད་པ་དང་། བཟླས་པ་དང་། བསམ་གཏན་དང་། སེམས་པ་དང་། རྡུལ་ཚོན་འབྲི་བ་ལ་སོགས་པའི་བསོད་ནམས་འདིའོ་ཞེས་བྱ་བ་ནི། རྣལ་འབྱོར་པ་བདག་ལ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་བདུད་རྩི་
ལེན་ཅིང་། བདག་གི་ལུས་ངག་ཡིད་སིམ་པར་བྱེད་པས་ན་སྦྱིན་སྲེག་དང་དཀྱིལ་འཁོར་ལ་སོགས་པ་འདི་ཉིད་མཆོག་སྟེ། ཕྱིའི་དཀྱིལ་འཁོར་ལ་སོགས་པས་ལུས་ངལ་བར་བྱེད་པས་ཅི་ཞིག་བྱ་སྟེ། སྤང་བར་བྱ་ཞེས་བྱ་བ་ཡིན་ལ། དེ་ལས་གཞན་པ་གསང་སྔགས་ཀྱི་སྒོའི་
སྤྱད་པ་སྤྱོད་པའི་ལས་དང་པོར་གཏོགས་པ་རྣམས་ཀྱིས་སྤང་པར་མི་བྱ་སྟེ། འབད་པས་སྤྱད་པར་བྱ་བའི་དོན་ཏོ། །རྒྱུད་ཀྱི་རིམ་པའོ་ཞེས་བྱ་བ་ནི་རིམ་པ་སྟོན་པར་བྱེད་པ་ལས། འདི་ནི་རིམ་པ་དང་པོ་ལུས་ཅན་རྣམས་ལ་རང་བཞིན་དུ་བསྟན་ཏོ། །དཔལ་རིམ་པ་བཞི་པའི་
འགྲེལ་པ་ལས། །རྒྱུད་ཀྱི་རིམ་པའི་འགྲེལ་པ་བསྟན་པ་སྟེ་དང་པོ་རྫོགས་སོ།། །།བསྲུབ་པ་དང་སྲུབ་པར་བྱེད་པའི་སྦྱོར་བ་ལས་ཞེས་བྱ་བ་ནི་རྩ་གཉིས་ཕྲད་པར་བྱེད་པའི་སྦྱོར་བའམ། རྩ་གསུམ་ལ་དཀྲུགས་པའི་སྦྱོར་བའོ། །ཡེ་ཤེས་ཀྱི་མེ་འདི་ལ་ཞེས་བྱ་
བ་ནི་ལྟེ་བ་ན་གནས་པའི་རང་འབྱུང་གི་མེ་འདི་ལའོ། །ལས་ཀྱི་རླུང་གིས་བསྐྱོད་པ་ཞེས་བྱ་བ་ནི་གཡས་དང་གཡོན་པའི་སྟོབས་སམ། བསྐྱོད་པ་ལས་འབྱུང་བས་སོ། །ལྟེ་བའི་དཀྱིལ་འཁོར་དུ་དུ་བ་དང་འབར་བ་དང་གསལ་བ་དང་ཞེས་བྱ་བ་ནི། དེའི་དབང་གིས་དང་པོར་དུ་
བ་སྟེ་རླངས་པ་དང་། དེ་ལས་འབར་བ་དང་། དེ་ལས་ཀུན་དུ་གསལ་བའམ། ཡང་ན་དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན་དུ་བ་ལྟ་བུ་ལ་སོགས་པའི་རྟགས་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་འཁོར་ལོར་སོང་སྟེ་ཞེས་བྱ་བ་ནི། བདག་གི་ཆོས་ཀྱི་
འཁོར་ལོར་སོང་བའོ། །བདེ་བར་གཤེགས་པ་བསྲེགས་ཞེས་བྱ་བ་ནི། དེ་ན་གནས་པའི་ཡི་གེ་ཐམས་ཅད་ཀྱི་རང་བཞིན་བསྲེགས་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོར་སོང་ཞིང་། ཐམས་ཅད་ལ་བསྐོར་བ་གསུམ་བྱས་པ་དང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་དེ་དམ་

ཚིག་གི་འཁོར་ལོ་ནས་ལོངས་སྤྱོད་ཀྱི་འཁོར་ལོར་སོང་སྟེ། ཐབས་དེ་ལ་གནས་པའི་ཡེ་ཤེས་ལ་བསྐོར་བ་གསུམ་བྱེད་ཞེས་བྱ་བའི་དོན་ཏོ། །མཛོད་སྤུར་སོང་སྟེ་གནད་ཀྱི་སྒོ་ཕྱེ་བ་དང་ཞེས་བྱ་བ་ནི་དགའ་བའི་དབང་ཕྱུག་གི་མིང་ཅན་དེ། བདེ་བ་ཆེན་པོའི་འཁོར་ལོར་
སྟོན་པའོ། །ཨོ་ཌི་ཡ་ན་ཞེས་བྱ་བ་ནས་ཕྱུང་ཞིང་ཞེས་བྱ་བ་ནི་བདག་གི་རྣ་བ་གཡས་པ་ནས་ཡེ་ཤེས་ཀྱི་མེ་ཕྱུང་བའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་དང་། སྤྱི་གཙུག་གི་ཁུང་བུར་སོང་སྟེ་ཞེས་བྱ་བ་ནི་
ཡང་ཡེ་ཤེས་ཀྱི་མེ་དེ་བདག་གི་ཨོ་ཌི་ཡ་ན་ནས་ཕྱུང་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཛ་ལནྡྷ་རའི་ལམ་ནས་འཇུག་ཅིང་། དམ་ཚིག་གི་འཁོར་ལོར་གཤེགས་པའོ། །གསེར་གྱི་སྒོ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཞབས་གསེར་གླིང་ནས་བྱུང་བའོ། །འབར་
བ་འཛིན་པ་ཞེས་བྱ་བར་བཞུགས་སོ་ཞེས་བྱ་བ་ནི་སླར་བདག་གི་སྤྱི་བོ་ནས་ཞུགས་པའོ། །སྔོན་བཞིན་དུ་འཁོར་ལོ་ཐམས་ཅད་མ་ལུས་པར་བསྲེགས་ཏེ་ཞེས་བྱ་བ་ནི་འོངས་ནས་ཡང་སླར་འགྲོ་བའི་དུས་སོ། །འགྲོ་བ་དང་འཇུག་པ་ཡང་མི་མཐོང་ཞེས་བྱ་བ་ནི།
ཡར་མེའི་ལམ་ནས་ཡང་འགྲོ་བ་དང་། མར་ཆུའི་ལམ་ནས་འོང་བ་མི་མཐོང་བའོ། །ཅིའི་ཕྱིར་ཞེ་ན་སྐྲའི་ཉག་མ་གཅིག་བརྒྱ་སྟོང་དུ་གཤགས་པའི་ཚད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་ཚུལ་གྱིས་འགྲོ་བ་དང་། འོང་བར་བྱེད་པའམ། ཡང་ན་ཤིན་ཏུ་ཕྲ་བའི་ཚུལ་
དུ་ཡིད་གཏད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་རིམ་པའོ་ཞེས་བྱ་བ་ནི། དེ་ལྟར་རྒྱུད་ལ་གནས་པ་སྟེ། འཁོར་ལོ་བཞི་གནས་པའི་ཡི་གེ་རྣམས་ཨཱ་ལི་ཀཱ་ལི་ལས་གཞན་མ་ཡིན་པའམ། ཡང་ན་ཡར་འགྲོ་བ་ནི་ཀཱ་ལིའི་སྒྲ་དང་ལྡན་པར་འགྲོ་ལ། མར་
འོང་བ་ནི་ཨཱ་ལིའི་སྒྲ་དང་ལྡན་པར་འོང་བའི་ཕྱིར་རོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ལས། སྔགས་ཀྱི་རིམ་པའི་འགྲེལ་པ་བསྟན་པ་སྟེ་གཉིས་པ་རྫོགས་སོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་སོང་སྟེ་ཞེས་

བྱ་བ་ནི་ཡེ་ཤེས་ཀྱི་མེ་དེ་སྔར་བཞིན་མ་བསྲེགས་པ་རྣམས་བསྲེགས་ཤིང་། སྔོན་གྱི་ལམ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་བདུད་རྩི་བླང་བར་བྱ་ཞིང་། ཕྱིར་ཐུགས་ཀར་འགྲོའོ། །དམ་ཚིག་གི་འཁོར་ལོར་དཀྲུགས་ཤིང་ཞེས་
བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་དཀྲུགས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཁྱེར་ནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའིའོ། །གོང་གི་སྒོ་ནས་ཕྱུང་སྟེ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསེར་
གླིང་ནས་སོ། །འོ་མའི་རྒྱུན་ལྟར་འོང་ཞིང་། དེ་ཉིད་སྒོ་ནས་ཞུགས་སོ་ཞེས་བྱ་བ་ནི། བདག་གི་སྤྱི་བོའི་སྒོ་ནས་འཇུག་པའོ། །སོའི་མཚམས་ཀྱི་མཐའི་བུག་པ་ནས་འོངས་ཏེ་ཞེས་བྱ་བ་ནི་བདག་གི་རྙིལ་གྱི་མཚམས་ནས་འོངས་པའོ། །ལོངས་སྤྱོད་ཀྱི་འཁོར་
ལོར་ངལ་བསོ་སྟེ་ཞེས་བྱ་བ་ནི་གནས་དེར་གནས་ཤིང་བདེ་བ་རྒྱས་པའོ། །བསྲེགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དགའ་བ་སྐྱེད་པ་སྟེ་ཞེས་བྱ་བ་ནི་སྔར་གྱི་ཡི་གེ་བསྲེགས་པ་རྣམས་སླར་གསོ་ཞིང་དགྱེས་པ་བསྐྱེད་པའོ། །ལྟེ་བའི་དཀྱིལ་འཁོར་དུ་གནས་པ་
ཡིན་ནོ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་ཡེ་ཤེས་ཐམས་ཅད་རྒྱས་ཞེས་བྱ་བའི་དོན་ཏོ། །འདི་ཉིད་འདའ་བར་མི་བྱ་བ་སྟེ། མཁའ་འགྲོ་མ་ཀུན་གྱི་སྡོམ་པ་ཞེས་བྱ་བ་ཡིན་ནོ། །འདི་ལ་ཡང་འབྱུང་བ་དང་། འོང་བ་དང་། འཇུག་པ་ཡང་མི་མཐོང་སྟེ།
སྐྲ་ཉག་མ་གཅིག་བརྒྱ་སྟོང་དུ་གཤགས་པའི་ཚད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུད་གོང་དུ་བརྗོད་པ་དང་མཚུངས་སོ། །ཡེ་ཤེས་ཀྱི་རིམ་པའོ་ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་སྦྱོར་བས་བདུད་རྩི་འཛག་པའི་བདེ་བའི་ཕྱིར་མི་འདའ་བ་ནི་བདེ་བའི་ཡེ་ཤེས་སུ་དགོངས་སོ། །
དཔལ་རིམ་པ་བཞི་པའི་འགྲེལ་པ་ལས་ཡེ་ཤེས་ཀྱི་རིམ་པ་བསྟན་པ་སྟེ་གསུམ་པ་རྫོགས་སོ།། །།ད་ནི་རྒྱུད་དང་སྔགས་དང་། ཡེ་ཤེས་སྤང་བ་ཞེས་བྱ་བ་ནི་གསང་བའི་རིམ་པའི་ཁྱད་པར་ཏེ་རྒྱུད་དུ་རྟོགས་པ་དང་། སྔགས་སུ་རྟོགས་པ་དང་།

ཡེ་ཤེས་སུ་རྟོགས་པ་སྤངས་པའམ་དགག་པའོ། །སྒོ་དགག་པ་འགྲོ་བ་དང་འོང་བ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ནི། དབང་པོའི་སྒོ་འགག་ཅིང་ཡར་འགྲོ་བ་དང་། མར་འོང་བ་ལས་གྲོལ་བའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ་ཞེས་བྱ་བ་ནི། དེ་
བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའི་རྟོག་པ་དང་བྲལ་བའམ། ཡང་ན་མི་གཙང་པའི་ལུས་སྤངས་ནས་པགས་པ་དང་། ཤ་དང་ཁྲག་རུས་པ་དོར་ཏེ། རྡོ་རྗེའི་སྐུར་གྱུར་པའོ། །ཡུལ་རྣམས་ལས་གྲོལ་བའོ་ཞེས་བྱ་བ་ནི་ཡུལ་རྣམས་ལ་ཞེན་
པ་མེད་པ་སྟེ། མི་རྟོག་པའི་ཡུལ་ལ་གནས་པའི་ཕྱིར་རོ། །མུན་པ་སྨག་ཏུ་གྱུར་པ་ལ་ཟླ་བའི་ནོར་བུ་ལྟར་འོད་གསལ་བ་ཞེས་བྱ་བ་ནི། དཔེར་ན་མུན་པ་འགའ་ཞིག་ལ་མར་མེའམ། ཆུ་ཤེལ་འོད་དང་ལྡན་པ་བཞག་ན་གསལ་བར་འགྱུར་བ་ལྟར། མ་རིག་པའི་མུན་
པ་ཆེན་པོས་སྨག་ཏུ་འགྱུར་བ་ལ་ཡེ་ཤེས་ཀྱི་ཟླ་བའི་འོད་ཀྱིས་བསལ་བར་བྱེད་པའི་དོན་ཏོ། །རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་རྡུལ་ལས་ཁྲག་གི་རང་བཞིན་ཕྱིར་བོར་བའོ། །སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་རྣམས་གཟོད་མ་ནས་སྟོང་པར་ཤེས་པའོ། །མཚན་
མ་མེད་བ་ཞེས་བྱ་བ་ནི་ཆོས་རྣམས་གཟོད་མ་ནས་མཚན་མ་མེད་པར་རྟོགས་པའོ། །སྨོན་པ་མེད་པ་ཞེས་བྱ་བ་ནི། སྨོན་པར་བྱ་བ་ཆོས་གང་ཡང་གྲུབ་པ་མེད་པར་ཤེས་པའོ། །རང་དང་གཞན་དང་ཞེས་བྱ་བ་ནི། བདག་ཏུ་རྟོག་པ་སྤངས་པ་དང་། གཞན་དུ་རྟོག་པ་
སྤངས་པའོ། །རང་རིག་པའི་ཡེ་ཤེས་སྤངས་པ་ཞེས་བྱ་བ་ནི་རིག་པའི་ཡེ་ཤེས་དང་བྲལ་བའམ། ཡང་ན་ཕྱོགས་གཅིག་ཤེས་པའི་ཡེ་ཤེས་སྤངས་པའོ། །ཕྱག་རྒྱ་ཆེན་པོའི་ཐབས་ནི་བདག་རིག་གཞན་རིག་ཐམས་ཅད་རིག་པ་ཡིན་པའི་ཕྱིར་རོ། །མཆོག་
ཏུ་ཞི་བ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཡིན་ཏེ། འཇིག་རྟེན་པའི་དཔེར་བྱ་བ་ལས་འདས་པའི་ཕྱིར་རོ། །འདོད་ཆགས་དང་ཞེས་བྱ་བ་ནི་རང་བཞིན་དུ་གནས་པའི་ཟླ་བའི་གཟུགས་འཕྲལ་བར་གནས་པའོ། །འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་གསང་བའི་རྡོ་རྗེ་དང་

བྲལ་བ་ཡིན་ལ། རྣམ་པར་འགྲེལ་པ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པ་ལ་ཞུ་བའི་བདག་ཉིད་དུ་གྱུར་ཏེ། གསང་བའི་རྡོ་རྗེར་ཞུགས་པ་དང་། འདོད་ཆགས་དང་བྲལ་བ་སྟེ་ནོར་བུ་ལས་ཕྱིར་མི་འབྱུང་བ་དང་བྲལ་བ་སྟེ། འདྲེས་པ་ཞེས་
བྱ་བའི་དོན་ཡིན་ནོ། །མར་ལ་མར་བླུགས་པ་ལྟར་མྱ་ངན་ལས་འདས་པ་བྱང་ཆུབ་ཀྱི་སེམས་བདག་མེད་པའོ་ཞེས་བྱ་བ་ནི། དཔེར་ན་མར་མེ་འཆི་ཀ་མ་ལ་མར་སླར་བསྣན་པ་ན་གསལ་བར་འགྱུར་བ་ལྟར། དེ་ལྟར་བརྗོད་པའི་ཏིང་ངེ་འཛིན་ལ་ཡང་ནས་ཡང་དུ་གནས་
པས་བདེ་བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བའི་ཕྱིར་ཞིང་གསལ་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདག་མེད་པ་རྟོགས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བཙུན་མོའི་བྷ་ག་ཞེས་བྱ་བ་ནི་བདེ་བ་ཅན་ལའོ་ཞེས་བྱ་བ་ནི་འཇོམས་པའམ། སྐལ་བ་སྟོན་པས་བྷ་
གའོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྐྱེད་པས་ནི་དེ་སྐད་ཅེས་བྱའོ། །བཞུགས་སོ་ཞེས་བྱ་བ་ནི་གནས་པ་ལྟ་བུའོ་ཞེས་བྱ་བ་ནི་བདེ་བ་འབྱུང་བའི་གནས་ཏེ་ཁུ་བའི་གཟུགས་ཀྱིས་བཞུགས་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ་ཞེས་བྱ་བ་ནི། ཐུན་མོང་མ་ཡིན་པའི་ཐེག་པ་འདི་ལ་ཕུང་པོ་ལྔ་ནི་རྒྱལ་བ་རྣམ་པ་ལྔ་ཡིན་པ་ལ་སོགས་པའི་སྒྲས་ཁམས་རྣམས་ལྷ་མོ་བཞི་ཡིན་ཞིང་། སྐྱེ་མཆེད་རྣམས་ནི་བྱང་ཆུབ་སེམས་དཔའོ། །དེ་རྣམས་ཀྱི་སྐུ་དང་
གསུང་དང་ཐུགས་ནི་ཨོཾ་ཨཱཿཧཱུཾ་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་རྣམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ནི་འབྱུང་བ་དང་། འཇུག་པ་དང་། གནས་པའི་ཡི་གེ་གསུམ་ཞེས་བྱའོ། །ཡི་གེ་འདི་རྣམས་ནི་ཞེས་བྱ་བ་ནི་འབྲུ་གསུམ་མོ། །དེ་རྣམས་ཀྱི་བྱང་ཆུབ་
ཀྱི་སེམས་ཀྱི་ཁུ་བའོ། །དེ་རྣམས་ཏེ་ཕུང་པོ་ལ་སོགས་པའི་བདེ་བར་གཤེགས་པ་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཏེ་ཡི་གེ་གསུམ་མོ། །བཙུན་མོ་ནི་མི་ལ་སོགས་པའི་བུད་མེད་ཀྱི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པའི་བུ་མོ་བཞིའོ། །

སོགས་པ་སྨོས་པ་ནི་ལྷ་དང་ལྷ་མིན་ལ་སོགས་པ་ཡང་ནུས་པ་ཅན་གྱིས་འགུགས་པ་ཡིན་ལ། སོགས་པའི་སྒྲ་གཅིག་གིས་སྤྲུལ་པའི་གཞོན་ནུ་མ་ཡང་ངོ་། །དེ་ལ་བུད་མེད་ཀྱི་དོན་མི་དེའི་བྷ་གའོ་ཞེས་བྱ་བ་ནི་སྐལ་པ་སྟོན་པ་དེའི་སྐྱེ་གནས་སོ། །ཨེ་ཝཾ་འདི་ནི་ཞེས་བྱ་བ་ནི། །རྒྱུད་
ལས་གསུངས་པའི་ལེགས་པར་སྦྱར་བའི་སྐད་འདིའོ། །ཨེ་ཡི་ཆ་བྱད་བཟང་པོ་གང་། །ཞེས་བྱ་བ་ནི་སྐབས་ཁྱད་པར་ཅན་འདིར་ནི་ཨེའི་ཆ་བྱད་ཞེས་བྱ་བ་སྐྱེ་གནས་དངོས། ཨེའི་ཆ་བྱད་དུ་འདུག་པ་ཡིན་ལ། ཡི་གེ་མ་ཡིན་ནོ། །བཟང་པོ་ནི་བདེ་བ་ཡིན་པས་སོ། །
དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨེའི་དབུས་གསང་བའི་རྡོ་རྗེ་ཝཾ་གི་རྣམ་པ་ལྟ་བུ་བཀོད་པ་ཡིན་གྱི། ཡི་གེ་ཝཾ་ནི་མ་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །ཞེས་བྱ་བ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ཀྱི་
ཕུལ་དུ་ཕྱིན་པ་ནི་འདི་ལས་གཞན་ན་མེད་ཅེས་བྱ་བའི་དོན་ཏོ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་བྱ་བ་ནི་སངས་རྒྱས་ནི་བར་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཟ་མ་ཏོག་ནི་ཡི་གེ་གཉིས་སོ། །དེ་ལ་བདག་གི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་
སྐུ་ཐོས་སོ་ཞེས་བྱ་བ་ནི་འཛག་པའི་དོན་ལ་བྱའི། རྣ་བའི་ཡུལ་དུ་ནི་མ་ཡིན་ནོ། །འཛག་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཏེ། སྤྲུལ་པ་དེ་འཆར་བ་དང་། ལོངས་སྤྱོད་པ་སྟེ། ཉམས་སུ་མྱོང་བ་ལ་ཐོས་པ་ཞེས་བྱའོ། །འདི་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ནི་གཏན་ཚིགས་དེ་བས་
ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཞེས་པ་ནི། ཐིག་ལེ་གསུམ་ལ་ལྕགས་གསུམ་གྱི་གཟུགས་སོ། །རྡོ་རྗེ་བཙུན་མོའི་བྷ་ག་ཞེས་བྱ་བ་ནི་གོང་དུ་བཤད་པ་ཉིད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་
ལྡན་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་དེ་བཞུགས་སོ་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བཅོམ་ལྡན་འདས་ནི་ཀུན་རྫོབ་ཏུ་བྱང་ཆུབ་ཀྱི་སེམས་སོ། །དུས་གཅིག་ན་ཞེས་བྱ་བ་ནི་རླུང་འགོག་པའི་དུས་གཅིག་ནའོ། །སམ་གཅིག་དང་ཞེས་བྱ་བ་

ནི་མཉམ་པའམ། མི་འདའ་བའི་དུས་གཅིག་ནའོ། །འགོག་པའི་དུས་དང་ཞེས་བྱ་བ་ནི་ཕྱིར་མི་འབྱུང་བའོ། །དཔྱིད་ཀྱི་དུས་ཇི་སྲིད་པའི་དུས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྐྱེ་བའམ། དགའ་བའི་མཐའ་ཞེས་བྱ་བའི་དོན་ཏོ། །དེ་ཡང་
གསལ་བར་བསྟན་པ་ནི་གཡས་པ་གཡོན་པའི་སྣ་བུག་ཏུ་སོང་བ་ཞེས་བྱ་བ་ནི་གཡས་གཡོན་ན་གནས་པའི་རླུང་ངོ་། །འགོག་པ་ཐོབ་པ་ནི་འགག་པའི་དོན་ཏོ་ཞེས་བྱ་བ་ནི་རླུང་དེ་ཉིད་དོ། །དེ་ལྟར་རླུང་འགགས་པ་དེས་རྟོག་པ་མི་འགག་གམ་ཞེས་དོགས་པ་ལ། ཆོས་
གང་རྒྱུ་བྱུང་དེ་དག་ནི། །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སློང་ཆེན་པོས་དེ་སྐད་གསུངས། །ཞེས་བྱ་བ་སྨོས་ཏེ། ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་ངོ་ཞེས་ཀྱང་གསུངས་ལ། དེ་བས་རྣམ་པར་རྟོག་པའི་རྒྱུ་རླུང་
འགགས་ན་རྟོག་པ་ཡང་འགག་ལ། གཞན་ཡང་གཡས་དང་གཡོན་དུ་བཀག་ན་མེ་འབར་ལ། མེས་བདུད་རྩི་འཛག་ཅིང་དེ་འཛགས་པས་ལུས་ངག་ཡིད་ཚིམ་པར་བྱེད་དོ། །དེས་ནི་སྡུག་པའི་ལྷ་མཉེས་པར་འགྱུར་བ་སྟེ། དེས་རྡོ་རྗེ་སེམས་དཔའི་གནས་ཐོབ་
པར་འགྱུར་རོ། །སྲིད་པའི་རང་བཞིན་དག་པའི་ཕྱིར་ཞེས་བྱ་བ་ནི་ཆོས་རྣམས་ནི་གཟོད་མ་ནས་རང་བཞིན་རྣམ་པར་དག་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ཤིན་ཏུ་རིང་དུ་སྤངས་པའི་ཕྱིར། རང་བཞིན་གྱིས་འབྱུང་བྲལ་བར་བྱས། །ཞེས་བྱ་བ་ནི་བདེ་བ་ཆེན་པོ་
ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི། གདོད་མ་ནས་བདག་ལ་ལྡན་པ་ལས། བདག་ལ་རྟོག་པ་མེད་པས་རིང་དུ་སྤངས་ཤིང་བྲལ་བར་བྱ་སྟེ། དེ་བས་ན་སེམས་ཅན་རྣམས་ཀྱིས་བླ་མ་དམ་པ་བསྟེན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གསང་བའི་རིམ་པའོ་ཞེས་བྱ་བ་
ནི། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་གདོད་མ་ནས་ཡོད་པ། རང་བཞིན་གྱིས་གསང་པའམ། ཡང་ན་འདི་ལྟ་བུའི་ལྷན་ཅིག་སྐྱེས་པ་ནི་གསང་བར་བྱ་བ་ཡིན་ཞིང་སྦ་བར་བྱ་བ་ཡིན་ནོ། །རང་གི་སེམས་འདི་ནི་རིམ་པ་བཞི་པའོ་ཞེས་བྱ་བ་འདི་ནི་དེ་ལྟར་

བརྗོད་པའི་རིམ་པ་གསུམ་གྱི་ཐ་མ་ནི། གསང་བའི་རིམ་པ་སྟེ། རང་གིས་རང་གི་སེམས་རྟོགས་པ་འབྱུང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་བཞིན་གཤེགས་པའི་གསུང་རབ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྟོགས་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་
བྱའི་སྙིང་པོ་བདག་གིས་རྟོགས་ནས་ཞེས་བྱ་བའོ། །བརྟུལ་ཞུགས་སྤྱོད་པ་ཞེས་བྱ་བ་ནི་བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ། སེམས་ཅན་གྱི་དོན་དུ་འགྱུར་བའི་བྱ་བ་སྣ་ཚོགས་པའོ། །སློབ་དཔོན་ཞེས་བྱ་བ་ནི་ཨཱ་ཙཱརྱ་སྟེ། ཀུན་དུ་སྤྱོད་པའམ། ཆོ་གའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་
བྱའོ། །དཔལ་རིམ་པ་བཞི་པའི་འགྲེལ་པ་ཨཱ་ཙཱརྱ་ནག་པོ་ཉིད་ཀྱིས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཔྟ་ཨཀྵ་ར་སཱ་དྷ་ན། བོད་སྐད་དུ། ཡི་གེ་བདུན་
པའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་འཛིན་པ་འདི་དག་གིས། །བདག་ངོས་དྲན་པ་ཙམ་གྱིས་ནི། །བློ་དང་ལྡན་པ་ལེགས་གྱུར་པ། །ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །འདི་བསྒོམ་པ་ལ་དབང་བར་གྱུར་པའི་སྔགས་པས་ཐོ་རངས་མལ་ནས་ལངས་ཏེ།
སྙིང་གར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་བལྟས་ལ། དེའི་འོད་ཟེར་གྱིས་བདག་ཉིད་དྲི་མ་མེད་པར་བྱས་ནས། དེའི་ལྕགས་ཀྱུས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། འཆད་པར་འགྱུར་བའི་སྐུ་མདོག་དང་ཕྱག་དང་མཚོན་ཆར་ལྡན་པ་འཁོར་དང་བཅས་པ་
ནམ་མཁའི་ཕྱོགས་སུ་བལྟས་ཏེ། ཡིད་ཀྱི་རང་བཞིན་གྱི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བདག་གི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་
འཕགས་པ་དང་སོ་སོའི་སྐྱེ་བོ་མ་ལུས་པའི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་། །བདག་འདི་ནས་བྱང་ཆུབ་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཐེག་པ་ཆེན་པོའི་ཚོགས་ཀྱི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱིར་མི་ལྡོགས་པའི་བྱང་ཆུབ་

དཔའི་ཚོགས་ཀྱི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་བར་ཇི་སྲིད་དུ་དེ་རྣམས་ལ་མཆོག་ཏུ་མཐར་ཐུག་པའི་མྱ་
ངན་ལས་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་དགོད་པའི་སླད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་བདག་གི་ལུས་དབུལ་བར་བགྱིའོ། །དགེ་བ་འདི་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བྱས་ལ་ཡི་གེ་བརྒྱ་པ་བརྗོད་པས་
བཅོམ་ལྡན་འདས་མཉེས་པར་བྱས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦྦ་
ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿབཛྲ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེ་ནས་སེམས་ཅན་ཐམས་ཅད་ལས་ལྷའི་བདེ་བ་ཉེ་བར་སྦྱོར་བའི་རྣམ་པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པའི་རྣམ་པའི་སྙིང་རྗེ་དང་། ལྷའི་བདེ་བ་རྒྱུན་
མི་འཆད་པར་ངེས་པའི་རྣམ་པའི་དགའ་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོའི་ལམ་ཉེ་བར་སྦྱོར་བའི་རྣམ་པའི་བཏང་སྙོམས་བསྒོམ་པར་བྱའོ། །དེའི་རྗེས་ལ་ཆོས་ཐམས་ཅད་ཡིད་ཀྱིས་དམིགས་ཏེ་སྒྱུ་མ་དང་རྨི་ལམ་ལྟ་བུར་ཉེ་བར་བརྟགས་ལ། སྟོན་
ཀའི་ཉི་མ་གུང་གི་ནམ་མཁའ་དྲི་མ་མེད་པའི་དཀྱིལ་ལྟ་བུར་ཆོས་ཐམས་ཅད་མངོན་དུ་བྱས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་ཡི་གེ་ཧཱུཾ་ལས་བདག་ཉིད་འཆད་པར་འགྱུར་བའི་དཔལ་ཧེ་རུ་ཀའི་
གཟུགས་སྐུ་མདོག་དང་མཚོན་ཆར་ལྡན་པ་མངོན་པར་སྤྲུལ་ལ། སྙིང་གའི་ས་བོན་གྱི་ལྕགས་ཀྱུས་ཕྱོགས་བཅུ་ན་གནས་པའི་བགེགས་ཀྱི་ཚོགས་བཀུག་སྟེ་ཁྲོན་པར་ཆུད་པར་བྱས་ལ། ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་ཕུར་བུས་གདབ་བོ། །ལྷ་མོ་དེ་རྣམས་སྐུ་

མདོག་དམར་པོ་འབར་བ་གསལ་ཞིང་། ཕྱག་གཉིས་པ་མགོ་སྐྱེས་དམར་སེར་གྱེན་དུ་འབར་བ། གྲི་གུག་དང་ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ་ཞལ་རྣམ་པར་འགྱུར་བ། སྨད་རྩེ་མོའི་རྣམ་པར་བྱས་པ། མགོ་བོའི་ཕྲེང་བས་བརྒྱན་པའོ། །སྔགས་པས་ཁྲོ་བོའི་མིག་གིས་སྔགས་བཟླས་ཤིང་།
བགེགས་རྣམས་ཁྲོན་པར་ཆུད་པར་བྱས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཤར་ལ་སོགས་པར་གཡོན་ནས་རྣམ་པར་བསྐོར་ཞིང་། མེ་ལ་སོགས་པར་གཡས་ནས་བསྐོར་ཏེ་དགོད་དོ། །
དེ་ནས་ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི་སརྦ་དུཥྚཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། འདིས་སྤྱི་བོར་བརྟན་པོར་བཞག་པར་བྱའོ། །ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ།
འདིས་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ། །དེ་ནས་ཕུར་པའི་འོད་ཟེར་འབར་བའི་འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ལོགས་སུ་རྡོ་རྗེའི་ར་བ་དང་། སྟེང་དུ་རྡོ་རྗེ་གུར་དང་། རྡོ་རྗེ་བླ་རེ་དང་། མདའི་དྲ་བ་དང་། ཕྱི་རོལ་དུ་རྡོ་རྗེ་མེ་འབར་བ་བསྒོམས་ལ་སྔགས་ཀྱིས་ཀྱང་བརྟན་པར་བྱ་སྟེ། ཨོཾ་
མེ་དི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་ཝི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་རཾ་ཧཱུཾ་ཕཊ། སའི་ཆ་བགེགས་མེད་པར་བལྟས་ལ། དེའི་དབུས་སུ། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་
བྱུང་བའི་རྡོ་རྗེ་ལྟེ་བར་ཧཱུཾ་ཡིག་དེ་ཉིད་ཅན་བལྟས་ཏེ། དེའི་འོད་ཟེར་གྱི་སྤྲིན་སྤྲོས་པས་འགྲོ་བ་རྣམས་དཔའ་བོའི་རང་བཞིན་དུ་བསམས་ལ། དེ་ཉིད་བསྡུས་པས་ཡུད་ཙམ་གྱིས་སྣ་ཚོགས་རྡོ་རྗེས་བསྐོར་བའི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་འཁོར་ལོ་རྩིབས་དྲུག་པའི་དབུས་སུ་འཇིགས་
བྱེད་དང་དུས་མཚན་ཡང་དག་པར་མནན་པའི་དཔའ་བོ་ཞལ་གསུམ་ཕྱག་དྲུག་པ། ཆར་སྤྲིན་སྔོན་པོ་ལྟ་བུ་ལ། །སྟག་གི་པགས་པའི་ཤམ་ཐབས་ཅན། །གཡོན་བརྐྱང་པ་ཡི་གོམ་པས་གནས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །ཟླ་བ་ཕྱེད་པས་ཐོད་དུ་བྱས། །སྣ་ཚོགས་རྡོ་རྗེ་སྤྱི་

བོར་འཛིན། །བརྒྱ་ཕྱེད་མགོ་བོས་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུའི་ཕྱག་གཉིས་ཀྱིས། །ཕག་མོ་ལ་ནི་འཁྱུད་པར་བརྩོན། །གཡོན་པ་ཐོད་པ་ཁ་ཊྭཱཾ་ག། །གཡས་པའི་ཕྱག་ན་རྩེ་གསུམ་པ། །གཉིས་ཀྱིས་མི་ཡི་པགས་པའི་གོས། །མངའ་བདག་ཕྱག་རྒྱ་དྲུག་གིས་བརྒྱན། །
རྩ་བའི་ཞལ་ནི་སྔོན་པོ་ཆེ། །གཡས་པ་སེར་པོ་ལྟ་བུ་ལ། །གཡོན་པ་ལྗང་གུ་འཇིགས་པ་ཆེ། །མི་ཡི་རུས་པའི་རྒྱན་གྱིས་བརྒྱན། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །ཕག་མོ་མགོན་པོ་ལྟ་བུ་སྟེ། །འོན་ཀྱང་མི་ཡི་པགས་པ་སྤངས། །ལྷ་མོ་
མདའ་དང་གཞུ་འཛིན་ཅིང་། །ལྷན་ཅིག་སྐྱེས་དགའི་གཟུགས་ཅན་མ། །དེ་ནས་འཁོར་ལོ་རྩིབས་དྲུག་ལ། །ཤར་ལ་སོགས་པར་གཡོན་རིམ་བཞིན། །དང་པོ་ལྷ་མོ་ཧེ་ལ་ཀི། །གཉིས་པ་རྡོ་རྗེ་འཇིགས་བྱེད་མ། །གསུམ་པ་དྲག་ཅིང་གཏུམ་པ་མོ། །བཞི་པ་རྡོ་རྗེ་ཉི་མ་སྟེ། །ལྔ་པ་རྡོ་རྗེ་དྲག་མོ་
ཡིན། །དྲུག་པ་རྡོ་རྗེ་མཁའ་འགྲོ་མ། །སྔོན་མོ་སེར་མོ་དམར་མོ་དང་། །ལྗང་དང་དུང་མདོག་དཀར་རིམ་བཞིན། །ལྷ་མོ་འདི་རྣམས་ཆེར་དྲག་ཅིང་། །ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་མ། །ཀུན་ཀྱང་ཡི་དགས་ཉི་མའི་གདན། །ཕྱག་བཞི་དང་ནི་སྤྱན་གསུམ་མ། །མི་ཡི་པགས་པ་རྟག་འཛིན་
ཅིང་། །དྲིལ་བུ་ཅང་ཏེའུ་ལེགས་པར་བསྣམས། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །གཡོན་བརྐྱང་པ་ཡི་གོམ་པས་གནས། །ཀུན་ཀྱང་ཕྱག་རྒྱ་ལྔར་འཆང་ཞིང་། །མགོ་བོའི་ཕྲེང་བས་རྣམ་པར་བརྒྱན། །ཡི་གེ་བདུན་ལས་ཡང་དག་བྱུང་། །དངོས་གྲུབ་ཐམས་ཅད་རབ་སྟེར་མ། །དེ་ལྟར་
ཡོངས་སུ་གྱུར་པའི་དཀྱིལ་འཁོར་གྲུབ་པར་བལྟས་ཏེ། སྙིང་གའི་ས་བོན་གྱི་ལྕགས་ཀྱུ་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ལ། ནམ་མཁར་བལྟས་ཏེ། ཛཿཧཱུཾ་བཾ་ཧོཿ། དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ཏེ། དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་
གཅིག་ཏུ་རྣམ་པར་བསམས་ལ། སྙིང་གའི་ས་བོན་གྱི་ལྕགས་ཀྱུ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཡིད་ཀྱིས་མཆོད་པས་མངོན་པར་མཆོད་ལ། དབང་བསྐུར་བའི་དོན་དུ་ཚིགས་སུ་བཅད་པ་འདིས་གསོལ་པ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་

མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་གཟུགས་འཛིན་པས་རང་གི་སྟོབས་ཀྱིས་བྱུང་བའི་དབང་བསྐུར་བའི་རྫས་རྣམས་ཀྱིས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །
ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བ་དང་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བརྗོད་ཅིང་དབང་བསྐུར་ཏེ། དབང་བསྐུར་ནས་དཀྱིལ་འཁོར་གྱི་བདག་པོའི་སྤྱི་བོར་མི་བསྐྱོད་པ་
བསྐྱེད། ཁྲག་འཐུང་མ་ལ་སོགས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པར་བསམ་མོ། །དེ་ནས་གོ་ཆ་ཤེས་པར་བྱ་སྟེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་བསྐྱེད་པར་བྱའོ། །དེའི་རྗེས་ལ་སྙིང་གར་རྡོ་རྗེའི་སྟེང་དུ་ཧ་དཀར་པོ་བསམས་
ཏེ། ཨོཾ་ཧ་བཛྲ་སཏྭ་ཧཱུཾ་ཧཱུཾ་ཕཊ། སྤྱི་བོར་ཟླ་བ་ལ་འཁོར་ལོའི་སྟེང་དུ་ཧི་སེར་པོ་བལྟས་ལ། ན་མ་ཧི་བཻ་རོ་ཙ་ན་ཧཱུཾ་ཧཱུཾ་ཕཊ། སྤྱི་གཙུག་ཏུ་ཉི་མ་ལ་པདྨའི་སྟེང་དུ་ཧུ་དམར་པོ་བལྟས་ལ། སྭཱ་ཧཱ་ཧུ་པདྨ་ནརྟེ་ཤྭ་ར་ཧཱུཾ་ཧཱུཾ་ཕཊ། ཕྲག་པ་གཉིས་སུ་ཉི་མ་ལ་རྡོ་རྗེའི་སྟེང་དུ་ཧེ་སྔོན་པོ་བལྟས་ཏེ། བཽ་ཥཊ་ཧེ་ཤྲཱི་ཧེ་རུ་ཀ་
ཧཱུཾ་ཧཱུཾ་ཕཊ། མིག་ཏུ་ཉི་མར་རིན་པོ་ཆེའི་སྟེང་དུ་ཧོ་སེར་པོ་བལྟས་ལ། ཧཱུཾ་ཧཱུཾ་ཧོ་བཛྲ་སཱུརྱ་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཧཾ་ལྗ་གུ་བལྟས་ཏེ་ཕཊ་ཧཾ་པར་མ་ཨ་ཤྭ་བཛྲ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་འདི་ནི་གོ་ཆ་དྲུག་གི་སྔགས་སོ། །གཞན་ཡང་ཕག་མོའི་གོ་ཆའི་སྔགས་ནི། དེའི་རྡོ་རྗེའི་ལྟེ་
བར་ཟླ་བའི་དཀྱིལ་འཁོར་ལ་བཾ་དམར་པོ་བསམས་ལ། ཨོཾ་བཾ་བཛྲ་བཱ་རཱ་ཧཱི་ཧཱུཾ་ཧཱུཾ་ཕཊ། སྙིང་གར་ཟླ་བ་ལ་ཡོཾ་སྔོན་པོ་བལྟས་ཏེ། ཧཾ་ཡོཾ་ཡ་མེ་ནཱི་ཧཱུཾ་ཧཱུཾ་ཕཊ། ལྕེར་པདྨ་ལ་ཧྲིཾ་དཀར་པོ་བསམས་ལ་ཧྲིཾ་མོཾ་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། སྤྱི་བོར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཧྲེཾ་ལྗང་གུ་བལྟས་ལ་ཨོཾ་ཧྲེཾ་ཧྲིཾ་སན་ཙཱ་ལ་ནི་ཧཱུཾ་
ཧཱུཾ་ཕཊ། སྤྱི་གཙུག་ཏུ་རིན་པོ་ཆེའི་སྟེང་དུ་ཧཱུཾ་ནམ་མཁའི་མདོག་ཅན་བལྟས་ཏེ། ཧཱུཾ་ཧཱུཾ་སཾ་ཏྲཱ་ས་ནི་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་ཕཊ་དུ་བའི་མདོག་ཅན་བལྟས་ལ། ཕཊ་ཕཊ་ཙཎྜི་ཀ་ཧཱུཾ་ཧཱུཾ་ཕཊ། དེའི་རྗེས་ལ་སྤྱི་བོར་པདྨ་དཀར་པོ་ལ་ཟླ་བ་ལ་ཨོཾ། མགྲིན་པར་པདྨ་དམར་

པོ་ཆོས་ཀྱི་འབྱུང་གནས་ལ་ཨཱཿ། སྙིང་གར་སྣ་ཚོགས་པདྨ་ལ་ཉི་མར་ཧཱུཾ་བསམས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབ་བོ། །དཀྱིལ་འཁོར་པའི་ལྷ་མོ་ཐམས་ཅད་ཀྱང་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབས་ཏེ་ཡང་ཡི་གེ་བརྒྱ་པ་བརྗོད་པས་བརྟན་
པར་བྱའོ། །རིག་སྔགས་བཟླས་པས་འགྲུབ་པར་འགྱུར་རོ་ཞེས་པས་བཟླས་པ་བརྗོད་པར་བྱའོ། །སྙིང་གར་པདྨའི་ཉི་མར་རྩིབས་དྲུག་པའི་འཁོར་ལོ་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་བདུན་དཀོད་དོ། ཡིད་ཀྱིས་བརྗོད་པ་ལྟ་བུའི་སྔགས་བཟླའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཇི་སྲིད་མི་སྐྱོའི་
བར་དུ་བཟླས་ཏེ། སྐྱོ་བར་གྱུར་ན་ཡི་གེ་བརྒྱ་པ་བརྗོད་ལ། དཀྱིལ་འཁོར་གྱི་འཁོར་ལོ་སྙིང་གའི་ས་བོན་ལ་ཆུད་པར་བྱས་ནས་ལངས་ཏེ། ལྷའི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །གུང་དང་དགོངས་མོའི་ཐུན་ལ་ལྷའི་ཁྱིམ་དུ་ཞུགས་ཏེ། བདེ་བའི་སྟན་ལ་འདུག་ནས་སྙིང་གའི་
ས་བོན་ལས་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་ཏེ་གནས་ཇི་ལྟ་བར་བལྟས་ཏེ། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱ་སྟེ། སྒོམ་པའི་ཐོག་མ་དང་ཐ་མར་ནི་གཏོར་མ་སྦྱིན་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་ཡཾ་དང་རཾ་ཡོངས་སུ་གྱུར་
པ་ལས་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཱཿལས་སྐྱེས་པའི་ཐོད་པའོ། །དེའི་དབུས་སུ་ཨོཾ་གྱི་ཡི་གེས་མཚོན་པའི་རྫས་རྣམས་སོ། །དེའི་སྟེང་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའོ། །དེ་ནས་རྡོ་རྗེ་པདྨ་མཉམ་པར་སྦྱོར་བ་ལས་མེ་འབར་ཏེ་དེས་དེ་རྣམས་སྤྲོས་པ་དང་། བཙོས་པ་དང་ཞུ་
བར་གྱུར་ཏེ་སྟོན་ཀའི་ཟླ་བ་ལྟར་དཀར་པོར་གྱུར་པ་དང་། དེའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་གྱི་བདུད་རྩི་བཀུག་སྟེ་དེ་ཉིད་དུ་བཅུག་ནས། ཨོཾ་ཨཱཿཧཱུཾ་ཞེས་པས་བྱིན་གྱིས་བརླབ་བོ། །ཨོཾ་སརྦ་བཛྲ་ཌཱ་ཀི་ནཱི་བྷ་ཀྵི་མེ་ཤོ་དྷ་ཡ་དུ་ཧྱཾ་བཛྲ་ཎི་སྭཱ་
ཧཱ། ཞེས་པས་ལན་གསུམ་གྱི་བར་དུ་བསྔགས་ལ། ནམ་མཁའི་ཕྱོགས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བལྟས་ཏེ། མཛུབ་མོས་མདུད་བྱས་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་སྦྱར་ནས། །དེ་ནི་དཔྲལ་བའི་དབུས་སུ་རབ་བཞག་སྟེ། །བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་

བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུག །དེ་ནས་ཚིགས་སུ་བཅད་པ་བརྗོད་པར་བྱ་སྟེ། །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུངས་ཚིག་ཀྱང་ཚད་
མ་མཆོག་ཡིན་པའི། །བདེན་པ་འདིས་ནི་ལྷ་མོ་འདི་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེའི་རྗེས་ལ་རྡོ་རྗེ་ཐལ་མོ་ཁ་གྱེན་ལ་ཕྱེ་ནས་སྤྱི་བོར་ལེགས་པར་གཞག་ལ། ཨོཾ་ཨཱཿཨཱ་ར་ལླི་ཧོ་ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། ཞེས་ལན་
གསུམ་མམ་བཞི་འམ་ལྔ་རུ་བརྗོད་ལ། གཙོ་བོ་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་དབུལ་ལོ། །དེའི་རྗེས་ལ་མཆོད་པ་བྱས་ལ། ཡང་ཚིགས་སུ་བཅད་པ་བརྗོད་དེ། སྲིད་དང་ཞི་བར་གྱུར་ནས་ཆགས་པའི་ཀུན་རྟོག་རླབས་བཅོམ་ཞིང་། །དེ་ཉིད་དུ་ན་དངོས་པོ་མ་ལུས་
མཁའ་བཞིན་དུ་གཟིགས་པ། །ཆེས་ལྕི་ཐུགས་རྗེའི་ཆུ་ཡིས་ཐུགས་ཀྱི་པདྨ་རྒྱས་པའི་མགོན། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་ཐུགས་བརྩེར་མཛོད་ཅིག་མཛོད། །ཅེས་བྱ་བ་འདིས་བསྟོད་ལ་གཏོར་མའི་ལྷག་མ་མཚན་མོ་རྒྱུ་བ་རྣམས་ལ་འདིས་སྦྱིན་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་
ཁཱ་ཧི་སརྦྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེཏ་པི་ཤཱ་ཙ་ཨུན་མ་ད་ཨ་པ་སྨཱ་ར་གྲ་ཧ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་པ་ལིཾ་གྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་པི་བ་ཐ་མཱ་མེ་ཨ་ཏི་ཀྲ་མ་ཐམ་མ་སརྦྦ་ཀཱར་ཏ་ཡ་སཏྶུ་ཁ་བི་བྲིདྡྷ་ཡེ་ས་ཧ་ཡི་ཀཱ་བྷ་བནྟུ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཡི་གེ་བརྒྱ་པ་
མུཿའི་མཐའ་ཅན་བཏོན་པས་གཤེགས་སུ་གསོལ་ལོ། །ཟས་ཀྱི་དུས་སུ་སྔར་བཞིན་བཟའ་བ་ཐམས་ཅད་སྦྱངས་ཏེ། ལྟེ་བའི་པདྨའི་ཟེའུ་འབྲུར་མཐེ་བོང་གི་ཚད་ཀྱི་མེ་རྣམ་པར་བསམས་ལ། སྲོག་དང་རྩོལ་བ་བསྡམས་པས་མེ་བར་ཏུ་སྦར་ཏེ་ཡིད་ཀྱི་མཆོད་པས་མཆོད་ལ། དེ་ཉིད་དུ་འབར་བའི་
རྣམ་པར་གྱུར་པར་བལྟས་ནས། འབར་བའི་དབུས་སུ་བཅོམ་ལྡན་འདས་ཐུགས་ཀའི་ས་བོན་ལས་བསྐྱེད་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་ཏུ་བྱས་ནས། ལྗགས་ཧཱུཾ་ལས་རྡོ་རྗེར་བྱུང་བར་བསམས་ཏེ། བདུད་རྩི་དེས་སྦྱིན་སྲེག་བྱའོ། །ནང་གི་སྦྱིན་སྲེག་གི་ཆོ་གའོ། །མཆོད་པའི་དུས་སུ་

རང་གི་རེག་པ་ཡུད་ཙམ་གྱིས་ཕག་མོའི་གཟུགས་སུ་བལྟས་ལ་སྒྲུབ་ཐབས་ལ་སོགས་པ་ནས་གསུངས་པའི་ཚོགས་ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་བ་དང་། གོ་ཆ་གཉིས་དང་། ལུས་ངག་བྱིན་གྱིས་བརླབས་པ་བྱས་ནས་བདག་ཀྱང་དེ་བཞིན་དུ་ཧེ་རུ་ཀའི་
རྣམ་པར་བྱས་ཏེ། ཡི་གེ་ཨེ་ལས་ལྷ་མོའི་པདྨ་འདབ་མ་གསུམ་པ་དང་ཡི་གེ་ཨཱཿལས་ཟེའུ་འབྲུའོ། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་། ཡི་གེ་ཨོཾ་ལས་སྐྱེས་པའི་རྡོ་རྗེ་དང་། དེའི་བུ་གར་ནི་ཕཊ་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་པའི་སྔགས་དྲན་ཞིང་བསྐྱོད་པས་རབ་ཏུ་དགའ་བའི་སྒྲས་དེ་བཞིན་
གཤེགས་པ་ཐམས་ཅད་བཀུག་སྟེ། ཁའི་ལམ་ནས་སྙིང་གར་ཞུགས་ནས། བདེ་བ་ཆེན་པོ་ཞུ་བར་གྱུར་ནས་རྡོ་རྗེའི་ལམ་ནས་པདྨར་དབབ་བ། །དེ་ནས་བདུད་རྩི་དེ་ཉིད་ཀྱིས་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱའོ། །ནང་གི་མཆོད་པའི་ཆོ་གའོ། །དེ་ནས་རྫོགས་པའི་རིམ་པའི་
ཏིང་ངེ་འཛིན་གྱིས་སེམས་བརྟན་པར་འདོད་པས། ཨཱ་ལི་ཀཱ་ལི་སྔོན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ལྟེ་བའི་དབུས་སུ་རྫོགས་པ་ཡི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཡི་གེའི་གནས་ཀྱི་མཆོག་གྱུར་པ། །དེ་ཡི་དབུས་སུ་གནས་པ་བསམ། །སྐུ་གསུང་
ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་གཟུགས་ཀྱི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །སེམས་ཉིད་དུ་ནི་བསྒོམ་པར་བྱ། །བསམ་གྱིས་མི་ཁྱབ་དེ་ཡང་བསམ། །སེམས་ཉིད་དུ་ནི་བརྟག་མི་བྱ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །
མཉམ་མེད་ཡོན་ཏན་གཏེར་གྱུར་སྡོམ་པའི་ཡི་གེ་བདུན་པ་འདིའི། །སྒྲུབ་ཐབས་འབད་པར་བྱས་ལས་བསོད་ནམས་ཐོབ་པ་དེས། །འཇིག་རྟེན་མ་ལུས་པ་ནི་དཔའ་བོའི་དབང་པོ་ལྟར། །འགྲོ་རྣམས་གཅིག་གྱུར་མཐར་ཐུག་རབ་ཏུ་གནས་གྱུར་ཅིག །ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་
པོ་ནག་པོ་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང་། ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་བའོ། །སླད་ནས་བོད་ཀྱི་ལོ་ཙཱ་བ་ཨཱ་ཙཱརྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པའོ།། །།