Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 21

Văn bản gốc(Tây Tạng)

Trang 23 / 24 (50.000 ký tự/trang)
ར་དགོད་པ་དང་བསྡུས་ནས། ཨཱ་ལི་ཀཱ་ལི་གཉིས་པོ་ཉིས་འགྱུར་དུ་གྱུར་པ་དང་། ཧཱུཾ་ཡིག་ལ་སོགས་པའི་
ས་བོན་ལྔ་པོ་དང་མ་ནིང་གི་ས་བོན་རྣམ་པར་དགོད་པ་དང་། ཚངས་པ་རིང་པོ་རྣམ་པར་དགོད་པ་དང་། ཨཱ་ལི་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གཞོམ་དུ་མེད་པའི་ཡི་གེ་རྣམ་པར་དགོད་པ་རྣམས་ནི། སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་ཚན་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཡི་
གེ་རྣམས་ཀྱི་མཆོག་གཟུགས་ཀྱིས། །ཨ་ནི་ཡི་གེ་དམ་པའོ། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་གསུངས་པ་ཡིན་ནོ། །མདོར་བསྟན་པ་ལ་ལྟོས་ནས་རྒྱས་པར་བསྟན་པ་སྟེ། མདོར་བསྟན་པ་ནི་ཡང་དག་པར་བསྡུས་པས་ཁོང་དུ་ཆུད་པར་བྱེད་པའོ། །རྒྱས་པར་བསྟན་པ་ནི། རྒྱ་ཆེན་
པོས་སོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་སྟེ། རྒྱས་པར་བསྟན་པ་འདི་རྣམས་ནི་ལེའུ་ཞེས་བྱ་བའི་དོན་ཏེ། གང་ཞིག་རལ་གྲི་དང་མིག་ཅེས་བྱ་བ་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་པོ་རྣམས་ཀྱི་དོན་ནི་སྔར་གསལ་བར་བཤད་པ་དེ་རྣམས་ཏེ། དེ་རྣམས་སྔར་གསུངས་པའི་དཔྱིད་ཀྱི་ཐིག་ལེའི་སྒྲུབ་
པའི་ཐབས་ཀྱི་ཆོ་ག་རྟོགས་པ་ལས་འགྱུར་རོ་ཞེས་བསྒྲུབ་པར་བྱས་པ་ཡིན་ནོ། །དབང་པོ་ཞན་པའི་སེམས་ཅན་ཡོངས་སུ་གཟུང་པའི་ཕྱིར་དང་། འདི་ནི་དབང་པོ་རྣོན་པོའི་གང་ཟག་གི་ཡུལ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མདོར་བསྟན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། མདོར་བསྟན་པ་
ལས་ན། བླ་མའི་ཞབས་ཀྱི་བཀའ་དྲིན་ཏེ། དེའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་རིན་པོ་ཆེ་སྟོན་པ་པོ་བླ་མ་ཡང་དག་པར་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་ཀྱིས་ཡང་དག་པར་བརྒྱན་པའི་མཁས་པ་གང་ཡིན་པའོ། །དེ་བཞིན་དུ་གང་ཡང་གཞན་དུ་རྒྱས་

པར་བསྟན་པ་དང་། ཤེས་རབ་མའི་མངོན་པར་བརྗོད་པ་དང་། སློབ་དཔོན་དེའི་བཀའ་དྲིན་ལས་ལྷན་ཅིག་སྐྱེས་པ་མྱོང་བས་ན། རྐང་པ་སོ་སོ་དང་། ཚིག་སོ་སོའི་ངག་དེ་ཁོ་ན་ཉིད་འགྱུར་བ་མེད་པ་སྣང་བར་མཛད་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱལ་བ་མཆོག་རྣམས་ཀྱིས་ཡང་དག་པར་རོལ་
པར་མཛད་པ་འབད་པ་དང་བཅས་པས་ཉེ་བར་ཐོབ་པ་རྣམས་ཏེ། གང་ཁོ་ན་མྱོང་བ་དེ་ཁོ་ན་མདོ་དང་རྒྱུད་ཐམས་ཅད་ཀྱི་ནང་དུ་བལྟ་བར་བྱའོ། །གསུངས་པ། ལུང་ལས་ཡིད་ཆེས་ཉིད་དང་ནི། །དེ་བཞིན་བླ་མ་ལས་ཡིད་ཆེས། །རང་ལས་ཡིད་ཆེས་ཉིད་དང་ནི། །དེ་བཞིན་གཞན་ལས་ཡིད་ཆེས་
པ། །ཡིད་ཆེས་བཞི་ཡིས་གཟུང་བར་བྱ། །ཞེས་བྱ་བ་ལ་སོགས་པས་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་གང་ཡང་རྡོ་རྗེ་མཁའ་འགྲོ་དང་ལྡན་པའི་རང་གི་སྙིང་པོ་ཡང་ཕྱི་རོལ་དུ་མ་ཡིན་ཏེ། དེ་ལྟར་བྱས་ནས་བདག་གིས་དཔྱིད་ཀྱི་ཐིག་ལེ་འདི་
བྱས་པ་ཡིན་ཏེ། གང་ལས་དད་པ་བརྟན་པོས་འཛིན་པར་བྱེད་པ་དེ་རྣམས་ནི་གཞལ་དུ་མེད་པའི། །དད་པ་བརྟན་པོས་བཟུང་པའི་གཞུང་བྱེད་པ་ཉིད་ཀྱིས་རང་བཞིན་བརྟན་པའི་སྒོ་ནས་གཞུང་རྫོགས་པར་བརྟན་པའི་ཕྱིར་ཞེས་པ་དཔལ་ལྡན་བླ་མ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
བདག་ལ་ཕན་པ་རྡོ་རྗེའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བཀའ་ཐོབ་པ། དེ་བཞིན་གཤེགས་པའི་སྐུར་གནས་པ། སྤྱོད་པའི་བརྟུལ་ཞུགས་ནག་པོ་པ་བདག་གིས་དཔྱིད་ཀྱི་ཐིག་ལེར་བརྗོད་པ་འདི་ནི། རྒྱས་པར་བསྟན་པ་བཅུའི་བདག་ཉིད་དུ་བྱས་པ་གང་ཡིན་པ་ནི་ཡོངས་སུ་རྫོགས་
པ་སྟེ། རྒྱུད་ཐམས་ཅད་ཀྱི་དོན་ཡང་དག་པར་བསྡུས་པས་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ་ཞེས་པ་རྫོགས་པའི་རིམ་པའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་གསང་བ་ཆེན་པོའི་སྒྲོན་མ་ལས། རྒྱས་པར་བསྟན་པ་བཅུ་པའི་རྒྱས་པར་བཤད་
པའོ། །དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།ས་སྐྱོང་འཛིན་མའི་ཐིག་ལེའི་གཙུག་རྒྱན་ནགས་ནང་དུ། །འཕགས་ཡུལ་མཁས་པའི་དཔྱིད་ཀྱི་རིན་ཆེན་རབ་དཀོད་པ། །དེ་ཚེ་དཔྱིད་ཀྱི་ཐིག་ལེའི་རྒྱས་འགྲེལ་མེ་ཏོག་གི། །རྫོགས་པའི་སྦྲང་རྩི་བུང་བ་གཞོན་

ནུས་འཐུངས་པའོ། །རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་ཐིག་ལེ་ལ་ཡང་དག་པར་རེག་པས། དཔལ་ཧེ་རུ་ཀའི་དཔྱིད་ཀྱི་དགའ་བ་ཡང་དག་པར་ཐོབ་པ་དེ་ལ། ཆོས་ཀྱི་རྒྱལ་པོ་
གྲགས་པ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་མཐའ་དག་གཟིགས་པའི་སྤྱན་དང་ལྡན་པ་དེས་གསོལ་བ་བཏབ་ནས། དེའི་བཀའ་ལུང་དང་། གྲུབ་པའི་སྐྱེས་བུ་ཞང་གི་རིང་ལུགས་པ་ཆེན་པོ་བསོད་ནམས་རིན་ཆེན་གྱིས་ཀྱང་
བསྐུལ་ནས། པཎྜི་ཏ་ཆེན་པོ་དེ་ཉིད་དང་། གཞོན་ནུ་དཔལ་གྱིས་རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་བསྒྱུར་ཅིང་ཞུས་པའོ།། ༄༅༅། །རྒྱ་གར་སྐད་དུ། གུ་ཧྱ་ཏཏྟྭ་པྲ་ཀ་ཤ་ནཱ་མ། བོད་སྐད་དུ། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐོག་མ་ཐ་མ་ལ་སོགས་རབ་ཏུ་དབྱེ་བ་སྤངས་ཤིང་དཔེ་མེད་ཀུན་འགྲོ་ནམ་མཁའི་དངོས། །བསོད་ནམས་ཡེ་ཤེས་བདག་ཉིད་སྦྱོར་བ་གཉིས་ཀས་རྣམ་སྤྲས་རང་གི་རང་བཞིན་ཤར་གང་ཡིན། །རྒྱལ་བ་ཁྱུ་མཆོག་སྐུ་རྣམས་
གསུམ་པོ་དེ་ལ་བཏུད་ནས་གསང་བའི་དེ་ཉིད་རབ་གསལ་བ། །སྤྱོད་པའི་རྡོ་རྗེ་རྟོག་པས་སེམས་ཅན་ཕུང་པོས་གསལ་བར་ལེགས་རྟོགས་བྱ་ཕྱིར་བཤད་པར་བྱ། །རྒྱུ་རྣམས་ཀུན་དུ་གང་གནས་ཤིང་། །མདོ་སྡེའི་སྡེ་སྣོད་ལ་སོགས་དང་། །གཞན་ཡང་རིག་བྱེད་བདག་གིས་ངག། །ཚངས་ལ་སོགས་པ་
བཤད་པ་དང་། །གང་དུའང་འདི་ནི་རྙེད་དཀའ་བའི། །བསྟན་བཅོས་གང་ཡང་ཡོད་མིན་ཏེ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་ཉིད་ལས་གསུངས་པ་ཡིན། །བཟླས་དང་བསམ་གཏན་དེ་བཞིན་དུ། །སྦྱིན་སྲེག་སྟོན་དང་དཀྱིལ་འཁོར་བྲི། །སྤྱོད་པ་རྣམ་པ་སྣ་ཚོགས་དང་། །ཕྱག་རྒྱ་
འཆིང་བའང་དེ་བཞིན་ཏེ། །བརྟུལ་ཞུགས་ཆོ་ག་སྣ་ཚོགས་དང་། །ཆོས་གོས་ལ་སོགས་རྣམ་འཛིན་པ། །མཆོད་རྟེན་ལ་སོགས་པ་ཡི་ལས། །ངེས་པས་བརྡུང་བར་གནས་པ་དང་། །བྱ་དང་བྱེད་པའི་དངོས་པོ་ཡིས། །དངོས་པོ་ཀུན་ལ་བདག་བརྟེན་པས། །སེམས་ཅན་གང་ཞིག་ཅིས་འདུལ་བ། །

དེ་རྣམས་དེ་ཡི་གཟུགས་བཟུང་ནས། །སེམས་ཅན་བསམ་པའི་ཁྱད་པར་གྱིས། །རྡོ་རྗེ་འཛིན་པས་གང་གསུངས་པ། །གང་ཞིག་ཤེས་པ་ལུས་ཅན་རྣམས། །འགྱུར་བ་མེད་པའི་ངོ་བོ་ཡིས། །བྱང་ཆུབ་སྙིང་པོ་བླ་མེད་པར། །ཁྱིམ་ན་གནས་ཞིང་མྱུར་འགྲོ་བའོ། །བྲམ་ཟེ་རྒྱལ་རིགས་ལ་སོགས་རིགས། །ལྷ་
སོགས་སྐྱེ་གནས་ལས་བྱུང་བ། །ཆགས་དང་འཇིག་པའི་དུས་གང་གིས། །སྐྱེ་དང་གནས་དང་འཇིག་པ་སྟེ། །རིགས་ངན་སྨྱིག་མ་མཁན་ལ་སོགས། །གང་གཞན་དམན་ལ་འཇུག་པ་རྣམས། །མ་རུངས་སྲོག་ནི་གཅོད་པ་དང་། །གང་ཡང་བརྫུན་པ་ལ་བརྩོན་པ། །རྟག་ཏུ་གཞན་གྱི་བུད་མེད་བསྟེན། །
དེ་བཞིན་ཚིག་རྩུབ་སྨྲ་བ་དང་། །དམན་འགྲོ་སློང་མོ་བྱེད་པ་དང་། །གཞན་གྱི་ནོར་ལ་ལོངས་སྤྱོད་ཅིང་། །ཆགས་སོགས་ཉོན་མོངས་དྲ་བ་ཡིས། །འཁོར་བའི་དགོན་པར་བཅིངས་པ་དག །དེས་ཀྱང་གང་དུ་ས་མཆོག་ནི། །ཇི་ལྟར་འདོད་པ་ཐོབ་འགྱུར་བ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་
གསུམ་ཆོས་ཀྱི་རང་བཞིན་ཅན། །ཡོན་ཏན་སྐྱོན་གྱི་དོན་ངེས་པ། །དེ་ནི་བདག་གིས་བསྟན་པར་བྱ། །དཔལ་ལྡན་འདུས་པའི་ལམ་གྱི་ནི། །རིམ་པ་གཉིས་ཀའི་ངོ་བོ་ལས། །དཔལ་ལྡན་འདུས་པ་ལྷག་ཡིད་འོང་། །རྒྱུད་རྣམས་ཀུན་ཡོན་གཙོ་བོ་ཡིན། །དུས་ནི་རྣམ་བཞིའི་དབྱེ་བ་
ཡིས། །རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ། །བརྒད་པ་དང་ནི་བལྟས་པ་དང་། །དེ་བཞིན་གཞན་ནི་ལག་བཅངས་དང་། །གཉིས་གཉིས་སྤྲོད་པ་བཞི་པ་སྟེ། །དེ་དག་རྒྱུད་ནི་རྣམ་པ་བཞི། །འདུས་པའང་རྣམ་པ་གཉིས་གསུངས་ཏེ། །བསྐྱེད་དང་རྫོགས་བྱུང་རིམ་པའོ། །རྣལ་འབྱོར་བསྐྱེད་པར་
བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །དབང་པོ་གཉིས་ཀའི་སྙོམས་འཇུག་པ། །འདུས་པ་ཞེས་བྱར་རྣམ་པར་བརྗོད། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །དེ་བཞིན་མཁའ་འགྲོ་མ་རྣམས་དང་། །ཨཱ་ལི་ཀཱ་ལིར་ལྡན་པ་དག །མངོན་པར་བརྗོད་པས་གང་དུ་འཇུག །དེ་ཉིད་དུ་
ནི་ཡེ་ཤེས་ཀྱི། །རིན་ཆེན་མཆོག་ནི་བརྟག་པར་བྱ། །བསྲེག་དང་བཅད་དང་བདར་བ་ཡིས། །མཁས་པ་དག་གིས་གསེར་བཞིན་དུ། །ཡིད་ཆེས་རྣམ་པ་བཞི་ཡིས་ནི། །ལྷན་ཅིག་སྐྱེས་པ་བརྟན་པར་བཟུང་། །སེམས་ཅན་ཐ་མལ་ཅིག་ཤོས་ཀྱི། །ཡིད་ཆེས་དག་ནི་ཐམས་ཅད་ལས། །བླ་མ་ཉིད་ནི་བྱེད་

པར་འགྲོ། །བླ་མ་རྣམ་པ་གཉིས་གསུངས་ཏེ། །རྒྱུ་འབྲས་འབྱུང་བ་ཐོབ་འགྱུར་བའོ། །རྒྱུ་ཡི་ངོ་བོས་མདོར་བསྟན་པ། །འབྲས་བུས་རྒྱས་པར་སྟོན་པ་ཉིད། །མདོར་བསྟན་ལུས་དང་ངག་ཡིན་ཏེ། །རྒྱས་སྟོན་བྱེད་པ་སེམས་ཉིད་ཡིན། །དཀྱིལ་འཁོར་སློབ་དཔོན་ངོ་བོ་ཡིས། །ཕྱི་དང་
བཅས་པའི་ནང་ན་བཞུགས། །འདི་ནི་སེམས་ཅན་ཐམས་ཅད་ཀྱི། །བླ་མ་དམ་པ་གཉིས་སུ་བརྗོད། །འབད་དང་བཅས་པས་རབ་མཆོད་ན། །སྤྱོད་དང་གྲོལ་བའི་འབྲས་རབ་གསོལ། །ཡི་གེ་དེ་ནི་ནང་ན་ཨོཾ། །ཕྱུགས་ནང་རི་དགས་རྒྱལ་པོར་མཚུངས། །རིག་བྱེད་ནང་ན་ངེས་བརྗོད་ཡིན། །མེ་ཏོག་པ་
རི་ཛ་ཏར་མཚུངས། །མཁས་པས་དངོས་གྲུབ་དུ་མ་ནི། །དེ་ཡི་བཀའ་དྲིན་དག་གིས་འཐོབ། །བླ་མ་དག་ནི་མ་གཏོགས་པ། །གཟེགས་མ་ཙམ་ཡང་འགྲུབ་མི་འགྱུར། །མཐོ་རིས་ས་སྟེང་ས་འོག་གི། །དོན་ཀུན་བླ་མ་ཉིད་ཀྱིས་བསྒྲུབ། །མཚམས་མེད་ལྔ་ཡི་ལས་རྣམས་ནི། །བྱས་པའི་མིས་ཀྱང་འགྲུབ་
པར་འགྱུར། །དེ་ལ་མ་གུས་བསྐལ་བ་ཡི། །གྲངས་མེད་སྐྱེ་བར་འགྲུབ་མི་འགྱུར། །གསང་བ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས་བདག་དང་གཞན་གྱི་ཚོགས་ཀྱི་ཆོས་ཉིད་ཀྱི་ཚུལ་རྣམ་པར་གནོན་པ་ལ་འཇུག་པ་དང་རྒྱུད་དང་སྔགས་དང་ཡེ་ཤེས་གསང་བ་དང་དེ་བཞིན་གཤེགས་པའི་གསུང་རབ་སྟོན་པ་
པོ་བླ་མ་ལ་མཉེས་པར་བྱ་བ་སྟེ་དང་པོའོ།། །།དེ་ནས་ཆེས་གསུང་བཤད་པར་བྱ། །མདོར་བསྡུས་སེམས་ལས་སྤྲུལ་པ་སྟེ། །དབང་པོ་དྲུག་ལས་རྣམ་གྲོལ་བ། །བྱང་ཆུབ་སེམས་ནི་རྙོག་པ་མེད། །དངོས་དང་དངོས་མེད་གཉིས་ཀ་སྤངས། །དང་པོའི་སངས་རྒྱས་རྗེས་འགྲོ་མད། །བརྟན་པ་
དང་ནི་གཡོ་བ་དང་། །སྤྲོ་ཞིང་སྡུད་པར་བྱེད་པའོ། །འདུས་པ་ཚོགས་པར་གསུངས་པ་སྟེ། །རྫོགས་པ་རིམ་པའི་རང་བཞིན་ཏེ། །མྱ་ངན་འདས་ལ་དམིགས་སུ་མེད། །འཁོར་བ་ཡི་ནི་བདེ་བ་ཆེ། །སྙིང་རྗེ་ཆེན་པོ་ཐབས་ཆེན་པོ། །སེམས་ཅན་དོན་ལ་འཇུག་པར་འགྱུར། །སྐུ་གསུང་ཐུགས་ཀྱི་
ཚུལ་ཅན་གྱིས། །དཀྱིལ་འཁོར་གསུམ་པོ་རྣམས་སུ་ནི། །བསྐྱེད་པའི་རིམ་པའི་ངོ་བོ་ཡིས། །འདི་ནི་རྫོགས་པར་བྱེད་པའི་མཆོག །རྣམ་པ་དེ་ལྟའི་ཡེ་ཤེས་ཆེ། །མདོར་བསྡུས་ནས་དེ་བདག་གིས་བརྗོད། །འདི་སྐད་བདག་གིས་ཞེས་བརྗོད་དང་། །ཐོས་པ་ཞེས་བྱ་འང་དེ་མ་ཐག །གཞན་

ཡང་དུས་ཞེས་བྱ་བ་སྟེ། །གཅིག་ན་ཞེས་བྱ་གསུངས་པ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས། །དེ་ལྟར་གཞན་ཡང་དེ་འོག་ཏུ། །སྐུ་གསུང་ཐུགས་དང་རྡོ་རྗེ་ཞེས། །བཙུན་མོའི་བྷ་ག་རྣམས་ལ་འདིར། །བཅོམ་ལྡན་འདས་ནི་བཞུགས་སུ་ཞེས། །རྣལ་འབྱོར་རྒྱུད་ལས་རབ་ཏུ་
གྲགས། །གསང་བའི་མཆོག་གི་དགྱེས་པ་ནི། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག །ཞེས་བྱ་བ་ཡང་གཞན་དུ་བསྟན། །ཐོག་མཐའ་ཡི་ཡང་ཚིག་ལ་གནས། །རྣལ་འབྱོར་རྣལ་འབྱོར་
མ་རྒྱུད་ཀྱི། །རབ་གསལ་འདི་ཡི་བཤད་བྱ་བ། །རེ་ཞིག་རྣལ་འབྱོར་རྒྱུད་ལས་ནི། །ཇི་ལྟར་བསྟན་དེ་བདག་གིས་བསྙད། །ཨེ་ཡིག་ས་རུ་ཤེས་བྱ་སྟེ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཡིན། །བརྩེ་བ་ཆེ་དང་ཐབས་ཆེན་པོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་དེ། །ལྟེ་བར་སྣ་
ཚོགས་འདབ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་གནས་པའོ། །བཾ་ཡིག་ཆུ་རུ་ཤེས་བྱ་སྟེ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་དང་སྨོན་ལམ་ངོ་བོ་སྟེ། །ལྷ་མོ་རྡོ་རྗེའི་རིགས་རྗེས་འགྲོ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་པའི། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ཡིག་མེ་རུ་བསྟན་པ་
སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱིས་སྦྱོར་བ་སྟེ། །ལྷ་མོ་པདྨའི་རིགས་བྱུང་ཡིན། །མགྲིན་པར་ཆུ་སྐྱེས་བརྒྱད་གཉིས་འདབ། །ལོངས་སྤྱོད་འཁོར་ལོར་གནས་པའོ། །ཨ་ཡིག་རླུང་གི་གཟུགས་ཅན་དེ། །ཉོན་མོངས་ཐམས་ཅད་རབ་འཇོམས་པ། །དམ་
ཚིག་ཕྱག་རྒྱ་ཆེན་པོ་སྟེ། །སྒྲོལ་མ་འཁོར་བ་སྒྲོལ་བྱེད་མ། །བཏང་སྙོམས་ཡེ་ཤེས་སྦྱོར་བ་ཡིས། །ལྷ་མོ་ལས་ཀྱི་རིགས་ལས་བྱུང་། །སུམ་ཅུ་རྩ་གཉིས་འདམ་སྐྱེས་ལ། །བདེ་ཆེན་འཁོར་ལོ་ཆེན་པོར་རོ། །ཨེ་དང་བཾ་ཞེས་བྱ་བ་ཉིད། །གཉིས་གཉིས་སུ་ནི་བརྗོད་པ་སྟེ། །འོག་དང་སྟེང་དུ་
སྙོམས་འཇུག་པས། །ཤེས་རབ་ཐབས་ཀྱི་རང་བཞིན་ནོ། །ཨེ་ཡིག་ཤེས་རབ་བརྗོད་པ་སྟེ། །བཾ་ཞེས་བྱ་བ་ཐབས་ཡིན་ནོ། །འདིར་ནི་བཾ་གྱིས་བརྒྱན་པ་ཡིས། །ཨེ་ཞེས་བྱ་བ་ངེས་པར་མཛེས། །བཾ་ནི་སྙིང་ག་མགྲིན་པ་ཡིན། །དབུས་ན་རྒྱན་གྱི་མཆོག་ཡིན་ཏེ། །ཨེ་ནི་མགོ་བོ་ལྟེ་བ་

ལ། །རྒྱན་ཆ་ཕྱི་རོལ་ཡང་དག་གནས། །སངས་རྒྱས་ལྔ་ཡི་བདག་ཉིད་སྐུ། །བཾ་ཡིག་རྡོ་རྗེར་བརྗོད་པ་སྟེ། །ལྷ་མོ་ལྔ་ཡི་བདག་ཉིད་སྐུ། །ཨེ་ཡིག་ཡིན་ཏེ་པདྨར་བརྗོད། །ཨེ་ཡི་རྣམ་པ་ལྷ་རྫས་གང་། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །
སངས་རྒྱས་རིན་ཆེན་ཟ་མ་ཏོག །ཁམས་གསུམ་པ་ནི་མ་ལུས་པ། །འདི་སྐད་རྒྱུད་དུ་གསུངས་པ་ཡིན། །དེ་མཐར་བདག་གིས་ཞེས་གསུངས་པ། །ལོངས་སྤྱོད་རྫོགས་སྐུར་གྲགས་པ་སྟེ། །དེ་ནི་ཁམས་གསུམ་གྱི་བདེ་བ། །ཐམས་ཅད་མྱོང་བའི་རྒྱུ་རུ་འགྱུར། །ཡོན་ཏན་གསུམ་བརྒྱན་མཚན་
མ་ནི། །མཁའ་དབྱིངས་སྟེང་དུ་ཡང་དག་གནས། །དེ་ཉིད་དངོས་པོ་བསྒྲུབས་པ་སྟེ། །མི་ཡི་སྣ་རྩེར་བརྗོད་པ་ཡིན། །དེ་ཡི་དབུས་སུ་གནས་པའི་སེམས། །རྟོག་བཅས་ཟླ་བ་ལྟ་བུ་ནི། །ཀུན་རྫོབ་བྱང་ཆུབ་སེམས་ཞེས་བྱ། །སངས་རྒྱས་གཟུགས་ནི་ཤིན་ཏུ་མཛེས། །དགའ་བ་རང་བཞིན་གང་དེ་
ནི། །ཆགས་པ་ཞེས་བྱས་མངོན་པར་བརྗོད། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི། །བདག་གི་ཞེས་བྱར་རབ་ཏུ་གྲགས། །གཞན་ཡང་ཐོས་པ་ཞེས་གསུངས་པ། །སྤྲུལ་པའི་སྐུ་རུ་བརྗོད་པ་སྟེ། །གང་ཚེ་ཟླ་བ་ལྟ་བུ་ཡི། །སེམས་ཆེན་པོ་ནི་ནུབ་གྱུར་པ། །བྷ་གའི་དབུས་སུ་སོན་པ་གང་། །དེ་ནི་
ཡུངས་ཀར་ཞེས་བྱར་འདོད། །ཆགས་བྲལ་གྱི་ནི་རང་བཞིན་དེ། །འདི་ནི་ཉི་མ་ལྟ་བུའི་འོད། །དེ་ནི་ཁྲག་ཏུ་ཤེས་བྱ་སྟེ། །སྟེང་དུ་འོད་གསལ་འཕྲོ་བའོ། །རིག་པའི་སྣ་རྩེར་གནས་པ་ནི། །པདྨ་བཞི་ནི་གསལ་བྱེད་པ། །རྒྱལ་བ་རྣམས་ཀྱི་སྤྲུལ་སྐུ་སྟེ། །དེ་ནི་ཐོས་པ་ཞེས་བྱར་གྲགས། །ཤེས་
རབ་ཐབས་ཀྱི་བདག་ཉིད་སྦྱོར། །འདིར་ནི་བདག་གིས་ཐོས་པར་བརྗོད། །ཤེས་རབ་བདག་གིས་ཞེས་གྲགས་ཏེ། །ཐོས་པ་ཐབས་ཀྱི་མཚན་ཉིད་དོ། །དམིགས་བཅས་པ་དང་དམིགས་མེད་པའི། །ཤེས་རབ་གཉིས་སུ་བརྗོད་པ་སྟེ། །དམིགས་མེད་བདག་གིས་ཤེས་བྱ་ལ། །དམིགས་དང་བཅས་
པ་ཐོས་པར་འདོད། །དམིགས་དང་བཅས་པ་འཁོར་བ་སྟེ། །དམིགས་སུ་མེད་པ་མྱ་ངན་འདས། །རྡོ་རྗེ་འཛིན་པ་དབུགས་དབྱུང་ཆེ། །མྱ་ངན་འདས་པར་རྒྱལ་བས་གསུངས། །དེ་བཞིན་གཤེགས་པའི་དབུགས་དབྱུང་ཆེ། །དེ་བཞིན་དུ་ཡང་འཁོར་བར་རོ། །ཁ་སྦྱོར་དང་ནི་ཕྱེ་བའི་

གཟུགས། །བདག་གིས་ཐོས་པ་ཞེས་བྱ་ཡིན། །འདིར་ནི་མང་དུ་སྨོས་ཅི་དགོས། །མདོར་བསྡུས་ནས་དེ་བརྗོད་བྱ་སྟེ། །ཁུ་བ་ཉིད་དང་དེ་བཞིན་ཁྲག །དེ་བཞིན་ཟླ་བ་ཉི་མ་དང་། །ནུབ་པ་དང་ནི་འཆར་བ་དང་། །དེ་བཞིན་མཚན་མོ་ཉིན་མོ་དང་། །སྡུད་པ་དང་ནི་སྤྲོ་བ་ཉིད། །དེ་བཞིན་དུ་ཡང་སྟེང་དང་
འོག །བདག་ཉིད་དང་ནི་གཞན་ཉིད་དེ། །གཅིག་དང་དུ་མ་དེ་བཞིན་ནོ། །བུད་མེད་དང་ནི་སྐྱེས་པའང་རུང་། །ཆུ་དང་མེ་ཡང་དེ་བཞིན་ཏེ། །བདག་གིས་ཤེས་པ་ཞེས་བཤད་པ། །བདེ་བ་དང་ནི་སྡུག་བསྔལ་ཉིད། །དེ་ལྟར་རྒྱལ་བས་རབ་གསུངས་པའི། །ཚིག་ནི་མཛེས་པ་གཉིས་པོ་
དག །ལྡོག་པ་དང་ནི་འཇུག་པ་སྟེ། །ཡོན་ཏན་སྐྱོན་ནི་རབ་འཇུག་པའོ། །དུས་གཅིག་ན་ཞེས་བྱ་བའི་ཚིག །དེ་ཉིད་ལས་ནི་གཞན་པ་དག །དུས་ཞེས་བྱ་བ་རྗེས་འགྲོ་བའོ། །གཞན་དག་གིས་ནི་བསྟན་པ་ཡིན། །ཚིག་གཉིས་ཇི་ལྟར་འབྱུང་བཞིན་དུ། །ཡང་དག་ཇི་བཞིན་བཤད་པར་བྱ། །
ས་མ་ཡ་ནི་དུས་གསུམ་སྟེ། །དུས་ནི་རྣམ་པ་གསུམ་དུ་འདོད། །དུས་བཟང་དང་ནི་དུས་ངན་དང་། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །སྣ་ཡི་བུ་གའི་སྒོ་གཉིས་ནས། །འོང་བ་དུས་བཟང་ཞེས་བྱ་སྟེ། །འགྲོ་བ་ཉིད་ནི་དུས་ངན་ནོ། །དེ་དག་གཅིག་ཏུ་བརྗོད་པ་སྟེ། །གཅིག་པུ་ཟླ་མེད་
པར་གྱུར་པ། །དུས་ནི་བསམ་གྱིས་མི་ཁྱབ་འགྱུར། །སྲོག་དང་རྩོལ་བ་བྲལ་བ་སྟེ། །དབུགས་འབྱུང་རྔུབ་པ་རྣམ་སྤངས་པའོ། །འགྲོ་དང་འོང་བ་ལས་གྲོལ་བ། །དུས་གཅིག་ན་ཞེས་བརྗོད་པ་ཡིན། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་པ། །འདོད་
ཆགས་དང་ནི་ཆགས་བྲལ་དག །གཉིས་པོ་འདྲེས་པ་མི་དམིགས་པ། །མར་ལ་མར་བླུགས་ཇི་ལྟ་བུར། །འདྲེས་པར་གྱུར་པ་རྙོག་པ་མེད། །དེ་བཞིན་འདོད་ཆགས་ཆགས་བྲལ་དག །གཅིག་པུར་རོ་མཉམ་པ་ཡི་དུས། །འགོག་པ་ཉིད་དུ་འདོད་པ་དང་། །དཔྱིད་ཉིད་དུའང་བསྟན་པ་ཡིན། །
དུས་གསུམ་མཉམ་པར་སྦྱོར་བ་ལས། །དུས་ནི་གཅིག་ཅེས་བརྗོད་པ་སྟེ། །འདི་ནི་ཉི་མ་ཟླ་བ་དང་། །འཆར་བ་དང་ནི་ནུབ་པ་དང་། །སྙིང་སྟོབས་དང་ནི་རྡུལ་ལོག་པ། །མུན་པ་མེ་ཡི་རང་བཞིན་ས། །བྱང་ཆུབ་སེམས་ནི་བརྟན་གྱུར་པ། །དུས་གཅིག་ན་ཞེས་བརྗོད་པ་

ཡིན། །དུས་གཅིག་པོ་ནི་དེ་ཉིད་དུའང་། །བཅོམ་ལྡན་འདས་ནི་བཞུགས་སོ་ཞེས། །ཇི་སྙེད་གཉིས་མེད་འགྲུབ་པ་ཡིས། །བདུད་རྣམས་ཉིད་ནི་བཞི་པོ་དང་། །ཆགས་སོགས་ཉོན་མོངས་དྲ་བ་ནི། །འཇོམས་པས་བཅོམ་པ་ཞེས་བྱའོ། །མཁའ་
དབྱིངས་གནས་ཀྱི་རྣམ་པ་སྟེ། །ཨེ་ཡིག་བྷ་ག་ཞེས་ཀྱང་བྱ། །སུ་ལ་དེ་ཡོད་རྟག་པ་སྟེ། །ཐོག་མཐའ་མེད་པར་འབྱུང་ཕྱིར་རོ། །དེ་ལས་སྐྱེ་དང་འཇིག་པའི་ཕྱིར། །འདེབས་པས་ཀྱང་དེ་ཕྱག་བྱའོ། །བྱང་སེམས་རིན་པོ་ཆེ་གང་ཡིན། །ནམ་མཁའི་དབྱིངས་ནི་མ་གཏོགས་
པར། །གཞན་དུ་གནས་ནི་མ་མཐོང་སྟེ། །དེས་ན་དེ་འདྲར་འདི་རུ་བརྗོད། །སྐུ་དང་གསུང་ཐུགས་གང་ཡིན་ཉིད། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །སངས་རྒྱས་ཐམས་ཅད་བསྐྱེད་པའོ། །བཅོམ་ལྡན་འདས་སུ་དེ་ལ་བཤད། །བཞུགས་པ་ཞེས་བྱར་གང་གསུངས་པ། །གནས་
པར་གྱུར་པ་བརྗོད་པ་ཡིན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དུས་གཅིག་ཉིད་དུ་གྱུར་པ་ན། །རྡོ་རྗེ་སེམས་དཔའ་རང་བཞིན་གྱིས། །འཇིག་རྟེན་རྣམས་ཀྱི་རེ་སྐོང་བྱེད། །སེམས་ཅན་སྣོད་གྱི་ཚུལ་གྱིས་ནི། །འཇིག་རྟེན་རྣམ་པ་གཉིས་སུ་གསུངས། །གཡོ་བར་
གྱུར་པ་སེམས་ཅན་དེ། །དེ་བཞིན་གནས་པའི་སྣོད་ཡིན་ནོ། །སྐལ་བཟང་དང་ནི་སྐལ་ངན་གཉིས། །རེ་རེ་ཞིང་ཡང་གཉིས་སུ་དབྱེ། །ས་དང་ཆུ་དང་མེ་རླུང་གིས། །རང་བཞིན་རྣམ་པ་བཞི་རུ་བརྗོད། །རྡོ་རྗེ་སེམས་དཔའ་རང་བཞིན་གྱིས། །དེ་རྣམས་རེ་བ་སྐོང་བར་མཛོད། །རྡོ་རྗེ་
སེམས་སུ་བསྟན་པ་སྟེ། །སེམས་དཔའ་དགའ་བར་བརྗོད་པ་ཡིན། །སྐད་ཅིག་བཞི་ལས་བྱུང་བས་ན། །དགའ་བ་རྣམ་པ་བཞི་རུ་བསྟན། །དགའ་བ་དང་ནི་མཆོག་དགའ་དང་། །དགའ་བྲལ་གྱི་ནི་དགའ་བ་དང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་གྱིས། །སྐད་ཅིག་བཞི་
ལས་ཡང་དག་འབྱུང་། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པ་མེད་དང་མཚན་ཉིད་བྲལ། །དེ་དག་ལས་ནི་སྐྱེ་བ་གང་། །དགའ་བ་བཞི་ནི་དམ་པ་བརྟེན། །དགའ་བར་ལྷན་ཅིག་གྱུར་པའི་སེམས། །རྡོ་རྗེ་སེམས་དཔར་འདི་བརྗོད་དོ། །འདོད་ཆགས་ཆགས་བྲལ་རྣམ་པར་

གྲོལ། །རང་བཞིན་དག་ཅིང་དྲི་མ་མེད། །འཁོར་བའི་རྒྱ་མཚོ་ཕ་རོལ་སོན། །བཞུགས་པ་ཞེས་བྱར་རྣམ་པར་གྲགས། །ཐམས་ཅད་སྒྲ་རུ་བརྗོད་པ་ཡིན། །ལྷ་སོགས་འགྲོ་བ་དྲུག་རྣམས་ཀྱི། །གཟུགས་ལ་སོགས་པ་ཡུལ་གྱི་དངོས། །འདོད་པའི་ངོ་བོས་ཡང་དག་གནས། །འཇིག་རྟེན་
གསུམ་དུ་གང་བྱུང་དེ། །མ་ལུས་ཐམས་ཅད་ཞེས་བྱར་གསུངས། །དེ་བཞིན་གཤེགས་སྒྲར་བརྗོད་པ་ནི། །དྲུག་པ་རྣམས་ནི་དེར་འཇུག་དང་། །དབང་པོ་རྣམས་དང་འབྱུང་ཆེན་དང་། །ཕུང་པོའི་དངོས་དེ་ཇི་ལྟར་ན། །གང་ནས་དེ་ལྟར་འོངས་གྱུར་ན། །དེ་ནི་དེ་ལྟར་འགྲོ་བས་ན། །དེ་ལྟར་དེ་
བཞིན་གཤེགས་ཏེ་དག །གཅིག་ནས་གཅིག་ཏུ་དེ་བཞིན་འོངས། །ལྷ་སོགས་འགྲོ་བའི་རང་བཞིན་དག །ཡུལ་རྣམས་དག་ནི་ཐམས་ཅད་ཀྱི། །ཡུལ་ལའང་རོ་མྱོང་ཡོད་པས་ན། །དབང་པོ་དག་ནི་དེ་བཞིན་གཤེགས། །འགྲོ་བ་རྣམས་དང་ཡུལ་རྣམས་ལ། །དངོས་སུ་ཇི་བཞིན་
འགྲོ་འགྱུར་བ། །དེ་བཞིན་དངོས་པོ་དེ་ཡིས་ནི། །དེ་ཉིད་དུ་ནི་སླར་འགྲོ་བས། །དེ་བཞིན་གཤེགས་པའི་རང་བཞིན་ཅན། །དེ་དག་ཉིད་ནི་ཐམས་ཅད་ཀྱི། །དེ་ལྟར་སྐུ་དང་གསུང་དང་ཐུགས། །རྡུལ་དང་སྙིང་སྟོབས་མུན་པ་གསུམ། །བདེ་དང་སྡུག་བསྔལ་དེ་བཞིན་རྨོངས། །དེ་
རྣམས་རྡོ་རྗེ་དེ་ཉིད་དེ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མི་ཕྱེད་པས་ན་རྡོ་རྗེར་བརྗོད། །ཟད་དང་སྐྱེ་མེད་ངོ་བོ་ཡིས། །དེ་ནི་མི་ཕྱེད་པ་རུ་གྲགས། །ཉོན་མོངས་དྲ་བས་འཆིང་བའི་ཕྱིར། །དབང་པོ་རྣམས་དང་སངས་རྒྱས་འཇིག །སྦྱོར་བ་དང་ནི་བྲལ་བ་ཡིས། །རྡོ་རྗེ་སེམས་དཔའ་
འཇོམས་པ་མིན། །དེ་ནི་སྐྱེ་བ་མེད་པ་ཉིད། །དེ་ནི་གང་ན་གནས་པ་མིན། །དེ་ཡི་བཙུན་མོ་ཤེས་རབ་གནས། །ལྷ་སོགས་བུ་མོའི་འགྲོ་བར་འགྱུར། །སངས་རྒྱས་ཐམས་ཅད་བསྐྱེད་མ་སྟེ། །སེམས་ཅན་ཀུན་གྱི་དགེ་འབྱུང་མ། །སེམས་ཅན་བསམ་པའི་ཁྱད་པར་གྱིས། །སྣ་ཚོགས་
གསལ་བར་ཡང་དག་བསྟེན། །ཤེས་རབ་རྡོ་རྗེའི་བཙུན་མོར་བརྗོད། །བརྟན་པ་དང་ནི་གཡོ་བར་གནས། །རྡོ་རྗེ་བཙུན་མོ་སྤྱན་མ་དང་། །རྡོ་རྗེ་བཙུན་མོ་མཱ་མ་ཀཱི། །རྡོ་རྗེ་བཙུན་མོ་གོས་དཀར་མོ། །རྡོ་རྗེ་བཙུན་མོ་སྒྲོལ་མ་སྟེ། །འཛིན་ཅིང་སྤེལ་པར་བྱེད་པས་ན། །རྡོ་རྗེ་བཙུན་མོར་དེ་དག་བརྗོད། །

གཟུང་ཞིང་སྤེལ་བར་བྱ་བས་ནི། །རང་ཉིད་རྡོ་རྗེ་དེ་བཞིན་ནི། །རྡོ་རྗེ་འདོད་པའི་ངོ་བོ་ཡིས། །རྡོ་རྗེ་བཙུན་མོ་དེ་དག་གནས། །དེ་ཡི་བྷ་ག་ཞེས་གསུངས་པ། །ཡི་གེ་ཨེ་ཡི་ཆ་བྱད་ཉིད། །རིགས་ལྔ་ཡི་ནི་རང་བཞིན་དང་། །སངས་རྒྱས་ངག་ནི་གདན་བཞི་ཡིན། །
མཚན་ནི་སུམ་ཅུ་རྩ་གཉིས་དང་། །དེ་བཞིན་དཔེ་བྱད་བརྒྱད་ཅུ་དང་། །ལྡན་པའི་རྡོ་རྗེ་སེམས་དཔའ་ནི། །དཔལ་ལྡན་བདེ་བས་དཔའ་བ་སྟེ། །འཁོར་བའི་ཕ་རོལ་མཐར་གནས་པ། །འབྱོར་བ་རང་གི་རང་བཞིན་སྐྱེས། །སྤྱོད་ཅིང་དྲ་བའི་ལྟ་བ་ཡིས། །བཅིངས་ལས་གྲོལ་བ་ཁྱབ་བདག་
སྟེ། །སྐོ་ཤམ་འཕྲོག་པོ་འབྱིན་པོ་དང་། །འཛིན་པོ་ཉིད་དང་ཡིད་འགྲོ་བའི། །བྷ་ག་ཉིད་ནི་གནས་ཡིན་ཏེ། །དེ་ན་འདི་ནི་རྟག་ཏུ་བཞུགས། །པ་ཞེས་བྱ་བའི་ཚིག་ནི་འདིར། །ནམ་མཁའི་ཁམས་ལ་ཡོངས་སུ་བརྗོད། །བཅོམ་ལྡན་འདས་ཀྱི་ཚིག་གིས་ཀྱང་། །བྱང་ཆུབ་སེམས་སུ་
ཡོངས་བརྗོད་དེ། །ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་དང་། །བྷ་གའི་དཀྱིལ་འཁོར་གནས་པ་དང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། །གསུམ་པ་འདི་དག་དབྱེ་བ་མེད། །འདི་སྐད་ལ་སོགས་ངག་གིས་ནི། །རང་གི་ངོ་བོར་རབ་ཏུ་བསྟན། །འགྲོ་ཀུན་རྣམ་པ་གསུམ་
དང་འབྲེལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིས། །དེ་དག་དཀོན་མཆོག་དམ་པ་གསུམ། །དེ་ལས་རིན་ཆེན་ལྔ་ཉིད་དེ། །རིན་ཆེན་ལྔ་ཡི་རང་བཞིན་ལུས། །སངས་རྒྱས་རྣམས་ཀྱི་གནས་ཞེས་བརྗོད། །སྐུ་གསུང་ཐུགས་ཀྱི་དཀོན་མཆོག་
རྣམས། །འདི་སྐད་ཅེས་བྱ་སོགས་པར་བཤད། །གསང་བ་དེ་ཉིད་རབ་གསལ་བ། །དེ་ལྟར་མཆོག་ཏུ་མཁྱེན་ནས་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྒྱལ། །སྐྲག་པ་དང་ནི་འཇིགས་པར་འགྱུར། །འདི་དེ་དཀོན་མཆོག་ཉམས་དགའ་མཆོག །མི་ཕྱེད་པས་ནི་རྟག་ཏུ་གནས། །
འདོད་དང་གཟུགས་དང་གཟུགས་མེད་དང་། །སྣ་ཚོགས་ཁྱབ་སྟེ་རྣམ་པར་བཞུགས། །འདི་སྐད་ཅེས་སོགས་ངོ་བོ་ཡིས། །དག་མཆོག་ཤིན་ཏུ་མཛེས་པས་སོ། །འཁོར་བ་འཁོར་ལོ་བཟློག་བྱ་སྟེ། །མྱ་ངན་འདས་པའི་དབྱིངས་ལ་བརྟེན། །གསང་བ་དེ་ཁོ་ན་ཉིད་རབ་ཏུ་

གསལ་བ་ལས་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ལོངས་སྤྱོད་དང་སྤྲུལ་པ་དང་། ཆོས་ཀྱི་རང་བཞིན་དཀོན་མཆོག་གསུམ་དུ་མཚོན་པ་སྔོན་དུ་འགྲོ་བའི་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པའི་བཤད་པ་བསྟན་པ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཀུན་
རྫོབ་ཇི་བཞིན་དེ་བཞིན་དུའོ། །ཡང་ན་ཨེ་ཡིག་ཐིག་ལེ་སྟེ། །བཾ་ཞེས་བྱ་བ་སྒྲ་རུ་བརྗོད། །བདག་གི་ཆགས་པའི་སེམས་ཀྱིས་ནི། །ཐོས་པ་ཞེས་བྱ་བསྟན་པར་གསུངས། །གཅིག་ན་ཞེས་བྱ་མདོར་བསྟན་པ། །དེ་བཞིན་དུ་ནི་རྒྱས་བསྟན་ཏེ། །མདོར་བསྟན་པ་ཡི་མཚན་ཉིད་ནི། །ཐབས་ཞེས་བྱ་
པར་ཡོངས་སུ་བརྗོད། །རྒྱས་བསྟན་མཚན་ཉིད་དེ་ཡང་ནི། །ཤེས་རབ་ཏུ་ཡང་ཡོངས་སུ་བསྒྲགས། །མདོར་བསྟན་པ་དང་རྒྱས་བསྟན་པ། །དེ་ནས་གཉིས་སུ་བརྗོད་པར་བྱས། །རྒྱས་བསྟན་བསྲུབ་བྱ་སྲུབ་བྱེད་ནི། །མདོར་བསྟན་སོ་སོའི་གདན་ཡིན་ནོ། །བཅོམ་ལྡན་སེམས་ཀྱི་རྡོ་རྗེ་སྟེ། །
བཞུགས་པའི་ཚེ་ནི་གནས་པའོ། །དེ་ཀུན་འབྱུང་བ་ངོ་བོ་སྟེ། །འབྱུང་བ་བཞི་པོ་རྣམས་ནི་ཡུལ། །སངས་རྒྱས་ཕུང་པོ་ལ་སོགས་ཀུན། །སྲས་བཅས་དབང་པོ་དང་ལྷན་ཅིག །སྐུ་གསུང་ཟླ་བ་ཉི་མ་སྟེ། །ཐུགས་རྡོ་རྗེ་ནི་དབྱེར་མེད་པ། །བརྟེན་པའི་ངོ་བོས་གནས་པ་སྟེ། །རྟེན་ནི་བུད་མེད་བྷ་
གར་བརྗོད། །རྟེན་དང་བརྟེན་པའི་ངོ་བོ་ཡིས། །ཚིག་ནི་གཉིས་གཉིས་དག་གིས་ཀྱང་། །ཕན་ཚུན་འབྲེལ་ནས་དེ་དག་ནི། །བརྒྱུད་ནས་རིམ་པ་བཞིན་དུ་རྟོགས། །དེ་དག་རང་འབྱུང་ངོ་བོ་ཡིན། །ཤེས་དང་ཤེས་བྱ་རབ་དབྱེ་བས། །བདག་ལ་མིན་གཞན་ལས་ཀྱང་མིན། །གཉིས་མིན་རྒྱུ་མེད་
ལས་ཀྱང་མིན། །དངོས་པོ་སྐྱེས་པའི་ངོ་བོ་དང་། །དངོས་པོ་མེད་པའི་རང་བཞིན་མིན། །རྟག་མིན་མི་རྟག་པའང་མིན། །འདི་ནི་ཆང་དང་གཞན་མ་ཡིན། །རྟེན་ཅིང་འབྲེལ་འབྱུང་ངོ་བོ་ཡིས། །བརྟན་པ་དང་ནི་མི་གཡོ་བ། །དམའ་དང་མཐོ་བ་ཐང་དང་ཆུ། །སྣ་ཚོགས་ཁྱབ་སྟེ་རྣམ་པར་
བཞུགས། །ཨེ་ཡིག་དང་ནི་བཾ་ཡིག་དང་། །བདག་གིས་ཞེས་དང་ཐོས་པ་ཞེས། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །སྐུ་དང་གསུང་ནི་དེ་བཞིན་ཏེ། །ཐུགས་ཀྱི་རྡོ་རྗེ་བཙུན་མོ་ཡི། །བྷ་ག་རྣམས་ལ་ཞེས་བྱ་གཞན། །བཅོམ་ལྡན་འདས་ནི་བཞུགས་ཞེས་པ། །སྒྲ་དང་སྒྲ་ཉམས་

སྤངས་པ་སྟེ། །མཐའ་དག་ངག་ལ་ངེས་པར་གྲོལ། །ད་ལྟར་བྱུང་བའི་རང་བཞིན་ཕྱིར། །བྱིས་པ་ལྐུགས་ལ་སོགས་ཤེས་པའི། །ཤེས་བྱ་ལྟ་བུར་དེ་རབ་གྲགས། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ཀུན་རྫོབ་ཇི་བཞིན་དེ་བཞིན་དེ། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །སྒྱུ་
མ་སྨིག་རྒྱུ་འདྲ་བ་སྟེ། །སེང་གེ་ཟླ་བའི་གྲོང་ཁྱེར་མཚུངས། །རྨི་ལམ་རྩེད་མོ་བཞིན་དུ་སྣང་། །དེ་དག་ལ་སོགས་ངོ་བོ་ནི། །ཁམས་གསུམ་མ་ལུས་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ན། །བདག་གིས་ཐོས་ཞེས་ངེས་པ་རུ། །རང་རིག་པ་ཡི་ངོ་བོ་ཡིས། །སངས་རྒྱས་ཀྱིས་ཀྱང་མཁྱེན་པ་
མིན། །འདུས་པར་སེམས་དང་ཕྲད་པ་ནི། །རྨི་ལམ་སད་པ་ལྟ་བུ་སྟེ། །ཇི་ལྟར་གཞོན་ནུའི་ངོ་བོ་ཡིས། །དབང་པོ་གཉིས་ནི་འདུས་པ་བཞིན། །བྷ་གར་ལིང་ག་རབ་གཞག་ནས། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཐོག་མ་དབུས་མཐར་དྲི་མེད་པའི། །ཡེ་ཤེས་ཅི་ཞིག་སྐྱེ་འགྱུར་ཏེ། །
ཡེ་ཤེས་དེ་ནི་རང་རིག་པས། །གཞན་གྱིས་བརྗོད་པར་ནུས་མ་ཡིན། །ནམ་མཁའི་ཁམས་ཀྱི་དབུས་གནས་པའི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་སོགས་པས་དེ་ཉིད་གསུངས། །རྗེས་སུ་དྲན་པ་བཅུ་དྲུག་གནས། །བདེ་ཆེན་ནམ་མཁའི་ཁམས་གནས་པ། །བདེ་བ་ཅན་ཞེས་
མངོན་པར་བརྗོད། །ཕུང་པོ་དང་ནི་ཁམས་དང་ནི། །སྐྱེ་མཆེད་ཐམས་ཅད་དེ་ལས་བྱུང་། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང་། །ཚངས་སོགས་ལྷ་ཡི་སྐྱེ་གནས་དང་། །ཁམས་གསུམ་པར་ནི་གྱུར་པ་ཀུན། །དེ་ཉིད་ལས་ནི་ངེས་པར་བྱུང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་
ཁྲོ་བོའི་རྒྱལ་པོ་དག །དེ་ཉིད་ལས་ནི་བྱུང་ནས་སུ། །དེ་ཉིད་དུ་ཡང་མྱ་ངན་འདས། །རིག་བྱེད་གྲུབ་མཐའ་མཐའ་དག་ཏུ། །སྙིང་པོ་གཅིག་པུར་རབ་ཏུ་གྲགས། །བདེ་བ་ཅན་དེ་ལྷ་རྫས་མཆོག །སངས་རྒྱས་རྣམས་ཀྱི་ལྷག་པའི་གནས། །སངས་རྒྱས་ལྔ་ཡི་བདག་ཉིད་ཀུན། །
ལྷ་ཚོགས་འགྲོ་དྲུག་གནས་པ་རྣམས། །དེ་ཉིད་ལས་ནི་བྱུང་བ་སྟེ། །མ་ལུས་སངས་རྒྱས་གར་མཁན་ནོ། །འདི་དེ་རྣལ་འབྱོར་རྒྱུད་དུ་ནི། །དེ་ཉིད་ངོ་བོ་མི་ཤིགས་པར། །སངས་རྒྱས་བྱེ་བ་སྙེད་རྣམས་ཀྱིས། །བཞེད་པ་གཅིག་གི་དུས་སུ་གསུངས། །རི་རབ་ལྷུན་པོའི་རྡུལ་མཉམ་དང་། །གངྒཱའི་

བྱེ་མ་ལྟ་བུར་ནི། །ཀུན་ནས་ཏིལ་གྱི་གོང་བུ་ལྟར། །མཁའ་དབྱིངས་ཞེས་གྲགས་འདི་ན་སྣང་། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱིས། །ཡོངས་སུ་གང་བའི་དེ་བཞིན་གཤེགས། །མཐའ་དག་རྣམས་ཀྱི་རིགས་པ་འདིས། །དེར་ནི་འདི་སྐད་གསུངས་པ་ཡིན། །དཔེར་ན་ཡུངས་མར་ནུབ་
པའི་སྡོང་བུ་ནི། །མར་མེའི་རྩེ་མོའི་རྒྱུན་ནི་རབ་ཏུ་འཇུག །དེ་ཡི་ཡུངས་མར་སྡོང་བུ་ཟད་དུས་འགྱུར། །ཞི་བར་འགྱུར་ཏེ་རྣམ་ཤེས་འདི་དེ་བཞིན། །ཡུངས་མར་སྡོང་བུ་གང་ཞིག་རྩེ་རྒྱུན་གང་། །མར་མེའི་ལུས་གང་མེ་ཡི་དངོས་པོ་གང་། །སྣང་བའི་ངོ་བོའམ་ཡང་ན་མུན་པ་སྟེ། །དེ་ལ་སོགས་པའི་
ལེགས་པར་རྟོགས་པར་གྱིས། །དཔེར་ན་གཙུབ་ཤིང་གཙུབ་གཏན་ལག་པ་ཡིས། །རྩོལ་བ་ཐོབ་པས་མེ་ཡི་རྩེ་དམིགས་ལ། །བརྟགས་ན་གཙུབ་ཤིང་དེ་དག་ལ་ཡོད་མིན། །དེ་བཞིན་འགྲོ་བ་གཡོ་པ་ལ་སོགས་པའི། །འགྲོ་བ་མཐའ་དག་སོ་སོར་སྣང་བ་ཙམ། །བདེ་སོགས་ངོ་བོ་མ་བརྟགས་
ཉམས་དགའ་བ། །འདི་སྐད་བདག་གིས་ཞེས་བྱ་ལ་སོགས་པ། །བསམ་མི་ཁྱབ་སྟེ་ཇི་ལྟ་དེ་ལྟ་བུའོ། །དེ་དག་ནི་གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས་རྣམ་པར་ཤེས་པའི་ངོ་བོ་ཀུན་རྫོབ་པ་རྐྱེན་ལས་འབྲེལ་ཏེ་འབྱུང་བ་སོ་སོར་སྣང་བ་ཙམ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཤེས་
པའི་ངོ་བོ་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་རྣམ་པར་ཤེས་པའི་བཤད་པ་བསྟན་པ་སྟེ་གསུམ་པའོ།། །།དེ་ནས་རྣལ་འབྱོར་མ་རྒྱུད་ཀྱི། །རིམ་པ་གཞན་ཡང་བཤད་པར་བྱ། །རྣལ་འབྱོར་གྱི་ནི་རྒྱུད་དག་ཏུ། །འདི་སྐད་ཅེས་སོགས་གསུངས་པ་གང་། །དེ་ཉིད་རྣལ་
འབྱོར་མ་རྒྱུད་མ། །མེ་དེ་གཞན་དག་སོག་མ་འདྲ། །རང་བཞིན་དབྱེ་བ་ཡོད་མིན་ཤེས། །ཐུགས་ཀྱི་རྡོ་རྗེས་དེ་སྐད་གསུངས། །ཤྲཱི་ནི་གཉིས་སུ་མེད་པར་གནས། །ཧེ་ནི་རྒྱུ་དང་བྲལ་བ་སྟེ། །རུ་ནི་ངོ་བོ་ཉམས་པས་སོ། །ཀ་ནི་གང་དུའང་མི་གནས་པ། །ཤྲཱི་ཞེས་བྱ་བ་བྷ་གར་བརྗོད། །ཧེ་རུ་ཀ་ཞེས་
བྱ་བའི་སེམས། །མཁའ་དབྱིངས་གནས་པ་དེ་ཉིད་ནི། །ཧེ་རུ་ཀ་དཔལ་ཞེས་བྱར་བརྗོད། །རྒྱུད་བྱེད་པ་ནི་ཡེ་ཤེས་ཏེ། །དེ་ལ་སྐྱེ་བ་ཞེས་ཀྱང་བྱ། །རྣལ་འབྱོར་མ་རྣམས་ལེགས་འདུས་པ། །ཛཱ་ལནྡྷ་རའི་དཔལ་གནས་སུའོ། །རྐང་མཐིལ་གཞུ་ཡི་རྣམ་པ་ཡི། །རླུང་གི་དཀྱིལ་

འཁོར་ཡང་དག་གནས། །ལྟེ་བའི་ཕྱོགས་འདིར་མེ་ཉིད་ནི། །གྲུ་གསུམ་རྣམ་པར་འབར་བའོ། །ལྟོ་བར་ཆུ་ཞེས་གྲགས་པ་ཡིན། །དཀྱིལ་འཁོར་ཟླུམ་པོའི་རྣམ་པའོ། །སྙིང་ག་རུ་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཡིན་ནོ། །དེ་སྟེང་མགྲིན་པའི་ཕྱོགས་སུ་ནི། །རི་རབ་
རི་ཡི་རྒྱལ་པོ་ཡང་། །རི་བརྒྱད་རིམ་པ་བདུན་ཡིན་ཏེ། །རིན་པོ་ཆེ་དང་ལྡན་པའོ། །དེ་ཡི་རྩེ་མོ་མགོར་གསུངས་ཏེ། །འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །དེ་ཡི་དབུས་སུ་ཧཾ་ཡིན་ཏེ། །ཨཱ་ལི་ཀཱ་ལི་ལས་སྤྲུལ་པ། །མི་ཤིགས་གོ་འཕང་ཉམས་དགའ་བ། །བདེ་བ་ཆེན་པོ་ཞེས་བྱར་བརྗོད། །
བདེ་ཆེན་འཁོར་ལོ་ཆེན་པོ་ནི། །སྡེ་ཚན་ཐ་མའི་མིང་སྤངས་པའོ། །ཧེ་རུ་ཀ་དཔལ་རྒྱུད་ཆེན་དུ། །མེ་ཞེས་བྱ་བར་མངོན་པར་བརྗོད། །ཆགས་སོགས་ཉོན་མོངས་དྲ་བ་ཡིས། །རྩ་ཉིད་ལ་ནི་ཟ་ཕྱིར་རོ། །འཁོར་ལོ་གསུམ་གྱི་རྣལ་འབྱོར་མ། །དེ་ཡང་མེ་ཞེས་བྱ་བར་བརྗོད། །རྣལ་
འབྱོར་མ་རྩ་སུམ་ཅུ་དྲུག །རྩ་ནི་མགོ་ལས་སྐྱེས་ཞེས་བརྗོད། །དེ་ཡིས་བསྐུལ་བའི་ཡེ་ཤེས་ནི། །མཆོག་ཏུ་དགའ་བའི་ངོ་བོ་སྟེ། །འདི་དེ་བཅོམ་ལྡན་ཞེས་སུ་གསུངས། །འདི་དེ་རང་འབྱུང་གཅིག་པུ་ཉིད། །ཀུན་ཞེས་རྣམ་པར་བཤད་པ་སྟེ། །སངས་རྒྱས་ཕུང་པོ་དེ་བཞིན་ཏེ། །བདེ་
བའི་མཁའ་འགྲོ་མ་དེ་དག །རྩ་ནི་སུམ་ཅུ་རྩ་དྲུག་ཉིད། །ཌཻ་ནི་ནམ་མཁའ་འགྲོ་མ་ཞེས། །སངས་རྒྱས་ཁམས་དང་རྣམ་པར་རྟོག །ནམ་མཁའ་ཀུན་དུ་རྒྱུ་གྲུབ་པས། །ནམ་མཁའ་འགྲོ་མ་ཞེས་བྱར་བརྗོད། །སངས་རྒྱས་ཕུང་པོ་ལ་སོགས་དང་། །དེ་ཡི་འབྱུང་བ་ཁམས་ཞེས་
བརྟགས། །བུད་མེད་མི་སོགས་རྣམ་རྟོག་པས། །རྣམ་པར་རྟོག་པ་གཉིས་སུ་གསུངས། །མཁའ་འགྲོ་མ་ནི་ཀུན་གྱིས་ཏེ། །རང་བཞིན་ཉིད་ཕྱིར་དེ་ཡི་དངོས། །སེམས་དཔའ་ཞེས་པའང་འཁོར་བ་ནི། །མཆོག་ཏུ་དགའ་བའི་ངོ་བོ་ཡིན། །བྱང་ཆུབ་སེམས་ནི་མི་ཕྱེད་ཕྱིར། །འདི་
ལ་རྡོ་རྗེ་སེམས་དཔར་བརྗོད། །དེ་ཡི་ཕྱིར་ནི་དེ་འོག་ཏུ། །བདེ་བ་མཆོག་ཅེས་རྒྱུད་ལས་གསུངས། །ནམ་མཁའི་ཁམས་སུ་གནས་པས་ཀྱང་། །དེ་ནི་བདེ་བ་མཆོག་ཏུ་བརྗོད། །གསང་བ་ས་ཡི་ཁམས་ཡིན་ཏེ། །དེ་བཞིན་མཆོག་ནི་ཆུ་ཡིན་ནོ། །དགྱེས་པ་ཞེས་བྱ་མེ་ཡིན་ནོ། །རླུང་ནི་ཐམས་ཅད་

བདག་ཉིད་གནས། །རྟག་ཏུ་བཞུགས་འདིར་མཁའ་ཡིན་ཏེ། །བདེ་བ་ཆེན་པོའི་རང་བཞིན་ནོ། །བཤང་བ་གསང་བ་ཞེས་གསུངས་ཏེ། །གཅི་བ་མཆོག་ཅེས་བྱ་བར་བརྗོད། །དགྱེས་པ་ཁུ་བ་ཞེས་གསུངས་ཏེ། །ཁྲག་ནི་ཐམས་ཅད་བདག་ཉིད་གྱུར། །རྟག་ཏུ་བཞུགས་པ་ཤ་ཡིན་ཏེ། །དེ་ཡི་
ངོ་བོ་རྟག་ཏུ་གནས། །རྟག་ཏུ་བཞུགས་པར་འདི་གསུངས་པ། །མཁའ་འགྲོ་མ་རྣམས་རང་བཞིན་ཏེ། །བདེ་བ་ཆེན་པོའི་ཡེ་ཤེས་མཆོག །མི་ཤིགས་ཧཾ་ཞེས་བྱ་བར་འགྱུར། །འདི་ཉིད་མཆོག་གི་དེ་ཉིད་དེ། །བདེ་བ་ཆེན་པོར་བརྗོད་པ་ཡིན། །རྣལ་འབྱོར་རྒྱུད་དུ་དེ་བཞིན་གཤེགས། །
འདི་སྐད་བདག་གིས་ཞེས་གསུངས་ཏེ། །དེ་ཉིད་རྣལ་འབྱོར་མ་རྒྱུད་དུ། །བདེ་བ་མཆོག་ཏུ་བརྗོད་པ་ཡིན། །འདི་ནི་རྣལ་འབྱོར་རྒྱུད་དང་ནི། །རྣལ་འབྱོར་མ་རྒྱུད་ཅེས་བྱར་ཡང་། །བདེ་བ་ཆེན་པོའི་ཡེ་ཤེས་མཆོག །མེ་ཞེས་བྱ་བར་མངོན་པར་བརྗོད། །ཤེས་རབ་ཐབས་ཀྱི་རང་བཞིན་
གྱིས། །ཚོགས་གཉིས་དག་ནི་བསགས་པ་ཡིན། །དེ་དག་ཉིད་ནི་ཡེ་ཤེས་མཆོག །ཕྱི་དང་བཅས་པའི་ནང་ན་གནས། །ཁམས་གསུམ་རྒྱུ་མི་རྒྱུར་བཅས་ནས། །འདི་དེ་སྤངས་ནས་གཞན་མེད་དེ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །སྒྲུབ་པོའི་ཚུལ་གྱིས་ཡོད་པ་ཡིན། །གསང་བ་དེ་ཁོ་
ན་ཉིད་རབ་ཏུ་གསལ་བ་ལས་རྣལ་འབྱོར་མའི་རྒྱུད་དུ་གསུངས་པའི་རྫོགས་པའི་རིམ་པའི་རང་བཞིན་བསྟན་པ་སྟེ་བཞི་པའོ།། །།བླ་མའི་མན་ངག་ལ་བརྟེན་ནས། །མཁས་པ་རྣམས་ཀྱིས་ལགས་གསུངས་པའི། །གསང་བའི་དེ་ཉིད་རབ་གསལ་བ། །སྡོམ་བརྩོན་ནག་པོས་བྱས་
པ་ཡིན། །གསང་བ་དེ་ཉིད་རབ་གསལ་འདི། །བྱས་ལས་བསོད་ནམས་གང་བསྒྲུབས་པ། །དེ་ཡིས་སྐྱེ་བོ་ཡང་དག་བསྒྲུབས། །སངས་རྒྱས་ཡུལ་སར་འགྲོ་བར་ཤོག །རྣལ་འབྱོར་མའི་རྒྱུད་ཀྱི་རྫོགས་པའི་རིམ་པའི་བཤད་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ། སློབ་དཔོན་
ཆེན་པོ་སྤྱོད་པའི་བརྟུལ་ཞུགས་ནག་པོས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་འགོས་ལྷས་བཙས་ཀྱིས་བསྒྱུར་བ་ལས། །སླད་ཀྱིས་དཔལ་སུ་མ་ཏི་ཀཱིརྟི་དང་། མར་བ་ཆོས་ཀྱི་དབང་ཕྱུག་གིས་གཏན་ལ་ཕབ་པའོ།། ༄། །རིམ་པ་བཞི་པ་བཞུགས། །བཅོམ་

ལྡན་འདས་འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨེ་བཾ་མཱ་ཡཱ། ཨེ་ལས་ཀྱི་ཕྱག་རྒྱའོ། །བཾ་ཆོས་ཀྱི་ཕྱག་རྒྱའོ། །མཱ་ཕྱག་རྒྱ་ཆེན་པོའོ། །ཡཱ་དམ་ཚིག་གི་ཕྱག་རྒྱའོ། །ཨེ་ཤེས་རབ། བཾ་ཐབས་སོ། །སྤྲུལ་པའི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་
ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོ་དང་། ཨཱ་ལི་དང་ཀཱ་ལི་ནི་གཡོན་དང་གཡས་དག་ཏུའོ། །ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཾ་ཨཿཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་དང་། ཨོཾ་སྤྲུལ་པའི་འཁོར་ལོ་ལའོ། །ཨོཾ་ཏྲཱཾ་ཛྲཱིཾ་ཁཾ་ཧཱུཾ་ལཾ་མཾ་པཾ་ཧཱུཾ་ཆོས་ཀྱི་འཁོར་ལོ་ལའོ། །ཨོཾ་ཨཱ་ཨཱི་ཨཱུ་ཨཻ་ལོངས་སྤྱོད་ཀྱི་འཁོར་
ལོ་ལའོ། །ཧཾ་བདེ་བ་ཆེན་པོའི་འཁོར་ལོ་ལའོ། །མཆོག་ཏུ་སྲུང་བ་ནི་ཡི་གེ་ཀྵའོ། །ཟླ་བ་དང་ཉི་མ་དག་ནི་འོག་དང་སྟེང་གི་སྒོ་གཉིས་སོ། གནད་འབྱེད་པ་དང་གསེར་གྱི་སྒོ་སྟེ་འགྲོ་བ་དང་འོང་བའོ། །རྣལ་འབྱོར་བཞི་ནི་མྱུར་བ་དང་། རླངས་པ་དང་། རྣམ་པར་འཆིང་བ་དང་། སྣ་ཚོགས་
གནས་པ་སྟེ། སྟེང་དང་། ལོགས་དང་། ཐད་ཀ་དང་། འོག་ཏུ་འོ། །ཏིང་ངེ་འཛིན་གསུམ་ནི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་པོ་མཆོག་གོ། །ལས་གསུམ་ནི་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་བཞུགས་པའོ། །ཡན་ལག་བཞི་ནི་བསྙེན་པ་དང་།
ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མོ། །སྡེ་པ་བཞི་ནི་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ་དང་། དགེ་འདུན་ཕལ་ཆེན་པའོ། །
དབྱེ་བ་བཞི་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེན་པོའི་ཆེན་པོའོ། །སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པ་དང་། མཚན་ཉིད་དང་བྲལ་པའོ། །དགའ་བ་བཞི་ནི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་
བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །འབྲས་བུ་བཞི་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། དྲི་མ་དང་བྲལ་བའོ། །བཟང་པོ་བཞི་ནི་བདག་གི་བཟང་པོ་དང་། གཞན་གྱི་བཟང་པོ་དང་། དུས་ཀྱི་བཟང་པོ་དང་། ཡེ་ཤེས་ཀྱི་བཟང་པོའོ། །གདན་བཞི་ནི།

བདག་གི་གདན་དང་། གཞན་གྱི་གདན་དང་། རྣལ་འབྱོར་གྱི་གདན་དང་། དེ་ཁོ་ན་ཉིད་ཀྱི་གདན་ནོ། །དེ་ཁོ་ན་ཉིད་བཞི་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དཀྱིལ་འཁོར་གསུམ་ནི། སྐུའི་དཀྱིལ་
འཁོར་དང་། གསུང་གི་དཀྱིལ་འཁོར་དང་། ཐུགས་ཀྱི་དཀྱིལ་འཁོར་རོ། །ཤེས་རབ་གཉིས་ནི་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའོ། །དམིགས་པ་དང་བཅས་པ་ནི་ཏཱ་ཐའི་དབུགས་དབྱུང་བ་སྟེ་འཁོར་བའོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཆང་གི་དབུགས་
དབྱུང་སྟེ་མྱ་ངན་ལས་འདས་པའོ། །སྐུ་གསུམ་ནི་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའོ། །དེ་བཞིན་གཤེགས་པ་ལྔ་ནི། རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའོ། །ཕུང་པོ་ལྔ་ནི་གཟུགས་
དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ལྷ་མོ་བཞི་ནི་སྤྱན་མ་དང་། མཱ་མ་ཀཱི་དང་།
གོས་དཀར་མོ་དང་། སྒྲོལ་མའོ། །འབྱུང་བ་བཞི་ནི་ས་དང་། ཆུ་དང་། མེ་དང་། རླུང་ངོ་། །བྱང་ཆུབ་སེམས་དཔའ་དྲུག་ནི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོའོ། །
དབང་པོ་དྲུག་ནི་མིག་ལ་སོགས་པའི་དབང་པོའོ། །ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །དབྱུ་གུ་ནི་དྲུག་ཅུ་རྩ་བཞིའོ། །འཕོ་བ་ནི་བཅུ་དྲུག་གོ། །ཐུན་ནི་བཞིའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་སོ། །འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ས་བཅུ་ནི། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་།

འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་པ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ། །འདི་དག་ནི་སའི་རིམ་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་ཡེ་ཤེས་ཀྱི་གནས་སྐབས་ཀྱི་ས་རྣམས་སོ། །ནང་གི་ས་བཅུ་ནི།
གནས་དང་། ཉེ་བའི་གནས་དང་། ཞིང་དང་། ཉེ་བའི་ཞིང་དང་། ཚནྡོ་ཧ་དང་། ཉེ་བའི་ཚནྡོ་ཧ་དང་། འདུས་པ་དང་། ཉེ་བའི་འདུས་པ་དང་། དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་དོ། །ཡུལ་ཉི་ཤུ་རྩ་བཞིའི་དབྱེ་བ་ཐ་དད་དེ། པུལླཱི་ར་མ་ལ་ཡ་དང་། ཛཱ་ལནྡྷ་ར་དང་། ཨོ་ཌི་ཡ་ན་དང་། ཨརྦུ་
ད་ནི་གནས་སོ། །གོ་དཱ་ཝ་རཱི་དང་། རཱ་མེ་ཤྭ་རི་དང་། དེ་ཝཱི་ཀོ་ཊ་དང་། མཱ་ལ་ཝི་ནི་ཉེ་བའི་གནས་སོ། །ཀཱ་མ་རཱུ་པ་དང་ཨོ་ཊེ་ནི་ཞིང་ངོ་། །ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལ་ནི་ཉེ་བའི་ཞིང་ངོ་། །ཀ་ལིངྒ་དང་། ལཾ་བཱ་ཀ་ནི་ཚནྡོ་ཧའོ། །ཀཱཉྩི་དང་། ཧི་མཱ་ལ་ཡ་ནི་ཉེ་བའི་ཚནྡོ་ཧའོ། །པྲེ་ཏ་པུ་རི་དང་། གྲྀ་ཧ་
དེ་བ་ཏཱ་ནི་འདུས་སའོ། །སཽ་རཱཥྚ་དང་། སུ་ཝརྞ་དྭཱི་པ་ནི་ཉེ་བའི་འདུས་སའོ། །ན་ག་ར་དང་སིནྡྷུ་ནི་དུར་ཁྲོད་དོ། །མ་རུ་དང་ཀུ་ལུ་ཏཱ་ནི་ཉེ་བའི་དུར་ཁྲོད་དེ། །འདིར་རིམ་པ་ཇི་ལྟ་བར་མགོ་དང་། སྤྱི་གཙུག་དང་། རྣ་བ་གཡས་དང་། རྒྱབ་དང་། རྣ་བ་གཡོན་པ་དང་། སྨིན་མཚམས་དང་།
མིག་གཉིས་དང་། དཔུང་པ་དག་དང་། མཆན་ཁུང་དག་དང་། ནུ་མ་གཉིས་དང་། ལྟེ་བ་དང་། སྣ་རྩེ་དང་། ཁ་དང་། ལྐོག་མ་དང་། སྙིང་ག་དང་། མདོམས་བར་དང་། མཚན་མ་དང་། བཤང་ལམ་དང་། བརླའི་ཕྱོགས་དང་། བྱིན་པ་གཉིས་དང་། སོར་མོ་རྣམས་དང་། རྐང་
པ་གཉིས་ཀྱི་བོལ་དང་། མཐེ་བོང་དག་དང་། པུས་མོ་དག་ཏུ་བལྟའོ། །པུལླཱི་ར་མ་ལ་ཡར་དབང་བྱེད་དོ། །ཛཱ་ལནྡྷ་རར་ལོངས་སྤྱོད་དོ། །ཨོ་ཌི་ཡན་དུ་འཇུག་གོ། །ཛཱ་ལནྡྷ་རར་དབང་བྱེད་དོ། །ཨོ་ཌི་ཡན་དུ་ལོངས་སྤྱོད་དོ། །ཨརྦུ་དར་འཇུག་གོ། །ཨོ་ཌི་ཡན་དུ་དབང་བྱེད་དོ། །ཨརྦུ་དར་ལོངས་སྤྱོད་དོ། །གོ་དཱ་བ་རིར་
འཇུག་གོ། །ཨརྦུ་དར་དབང་བྱེད་དོ། །གོ་དཱ་བ་རིར་ལོངས་སྤྱོད་དོ། །རཱ་མེ་ཤྭ་རིར་འཇུག་གོ། །གོ་དཱ་བ་རིར་དབང་བྱེད་དོ། །རཱ་མེ་ཤྭ་རིར་ལོངས་སྤྱོད་དོ། །དེ་ཝཱི་ཀོ་ཊིར་འཇུག་གོ། །རཱ་མེ་ཤྭ་རིར་དབང་བྱེད་དོ། །དེ་ཝཱི་ཀོ་ཊིར་ལོངས་སྤྱོད་དོ། །མཱ་ལ་བར་འཇུག་གོ། །དེ་ཝཱི་ཀོ་ཊིར་དབང་བྱེད་དོ། །མཱ་ལ་ཝར་ལོངས་

སྤྱོད་དེ། །ཀ་ལིངྒར་འཇུག་གོ། །མཱ་ལ་ཝར་དབང་བྱེད་དོ། །ཀཱ་མ་རཱུ་པར་ལོངས་སྤྱོད་དོ། །ཨོ་ཏྲེར་འཇུག་གོ། །ཀཱ་མ་རཱུ་པར་དབང་བྱེད་དོ། །ཨོ་ཏྲེར་ལོངས་སྤྱོད་དོ། །ཏྲི་ཤ་ཀུ་ནེར་འཇུག་གོ། །ཨོ་ཏྲིར་དབང་བྱེད་དོ། །ཏྲི་ཤ་ཀུ་ནེར་ལོངས་སྤྱོད་དོ། །ཀོ་ས་ལར་འཇུག་གོ། །ཏྲི་ཤ་ཀུ་ནེར་དབང་
བྱེད་དོ། །ཀོ་ས་ལར་ལོངས་སྤྱོད་དོ། །ཀ་ལིངྒར་འཇུག་གོ། །ཀོ་ས་ལར་དབང་བྱེད་དོ། །ཀ་ལིངྒར་ལོངས་སྤྱོད་དོ། །ལམྦཱ་ཀར་འཇུག་གོ། །ཀ་ལིངྐར་དབང་བྱེད་དོ། །ལམྦཱ་ཀར་ལོངས་སྤྱོད་དོ། །ཀཱཉྩིར་འཇུག་གོ། །ལམྦཱ་ཀར་དབང་བྱེད་དོ། །ཀཱཉྩིར་ལོངས་སྤྱོད་དོ། །ཧི་
མཱ་ལ་ཡར་འཇུག་གོ། །ཀཱཉྩིར་དབང་བྱེད་དོ། །ཧི་མཱ་ལ་ཡར་ལོངས་སྤྱོད་དོ། །ཡི་དགས་ལྷག་གནས་སུ་འཇུག་གོ། །ཧི་མཱ་ལ་ཡར་དབང་བྱེད་དོ། །གྲྀ་ཧ་དེ་བ་ཏཱར་ལོངས་སྤྱོད་དོ། །ཡི་དགས་ལྷག་གནས་སུ་འཇུག་གོ། །ཡི་དགས་ལྷག་གནས་སུ་དབང་བྱེད་དོ། །གྲྀ་ཧ་དེ་བ་ཏཱར་
ལོངས་སྤྱོད་དོ། །སཽ་རཱཥྚར་འཇུག་གོ། །གྲྀ་ཧ་དེ་བ་ཏཱར་དབང་བྱེད་དོ། །སཽ་རཱཥྚར་ལོངས་སྤྱོད་དོ། །སུ་ཝརྞ་དྭཱི་པར་འཇུག་གོ། །སཽ་རཱཥྚར་དབང་བྱེད་དོ། །སཽ་ཝརྞ་དྭཱི་པར་ལོངས་སྤྱོད་དོ། །ན་ག་རར་འཇུག་གོ། །སུ་ཝརྞ་དྭཱི་པར་དབང་བྱེད་དོ། །ན་ག་རར་ལོངས་སྤྱོད་དོ། །སིནྡྷུར་
འཇུག་གོ། །ན་ག་རར་དབང་བྱེད་དོ། །སིནྡྷུར་ལོངས་སྤྱོད་དོ། །མ་རུའི་ཡུལ་དུ་འཇུག་གོ། །སིནྡྷུར་དབང་བྱེད་དོ། །མ་རུའི་ཡུལ་དུ་ལོངས་སྤྱོད་དོ། །ཀུ་ལུ་ཏཱར་འཇུག་གོ། །མ་རུའི་ཡུལ་དུ་དབང་བྱེད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །ཡན་ལག་ཐམས་ཅད་ལ་འཇུག་གོ། །
གནས་འདི་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཇི་ལྟར་བདེ་བར་རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་སྐྱེ་ཞིང་གནས་ལ་འཇུག་པའོ། །འདི་རྣམས་གཙོ་བོ་ཇི་ལྟ་བར་ཨོ་ཌ་ཡན་དང་གནད་འབྱེད་པའི་
སྒོ་ནས་རྡོ་རྗེ་མཁའ་འགྲོ་མ་བསྐུལ་ཞིང་ཛཱ་ལནྡྷ་རར་ནི་བདེ་བ་ཆེན་པོའི་ཡེ་ཤེས་དང་འདྲེས་ཏེ། ཕྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་རྣམས་སྡུད་པའོ། །འདི་ཉིད་ལ་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་བསམ་གཏན་དང་བསྒོམ་བྱ་དང་གཟུགས་དང་རྡུལ་ཚོན་དགྱེ་

བ་ལ་སོགས་པར་རྟོགས་པར་བྱའོ། །རྒྱུད་ཀྱི་རིམ་པའོ།། །།བསྲུབ་བྱ་སྲུབ་བྱེད་ཡང་དག་པར་སྦྱོར་བས་ཡེ་ཤེས་ཀྱི་མེ་ལས་ཀྱི་རླུང་གིས་སྦར་ཏེ་ལྟེ་བའི་དཀྱིལ་འཁོར་དུ་དུ་བ་འཐུལ་བ་དང་འབར་བ་དང་གནས་པ་དང་གསལ་བ་དག་གི་དམ་ཚིག་གི་འཁོར་ལོར་སོན་པའི་
བདག་གི་དེ་བཞིན་གཤེགས་པ་རྣམས་བསྲེགས་པས་ལོངས་སྤྱོད་ཀྱི་འཁོར་ལོར་ཆུད་པའི་ཐབས་ལ་བསྐོར་བར་བྱ་སྟེ། མཛོད་སྤུར་སོང་ནས་གནད་འབྱེད་པའི་སྒོ་ཨོ་ཌ་ཡ་ན་གྱི་མིང་ཅན་བྱུང་ནས་འཇིག་རྟེན་གྱི་ཁམས་རྣམས་སུ་སོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བསྡུས་ཏེ་སྤྱི་གཙུག་
གི་བུ་ག་ནས་སོན་ནས་གསེར་སྒོ་ཛཱ་ལནྡྷ་རའཱི་མིང་ཅན་ནས་ཞུགས་ཏེ། སྔ་མ་ལྟར་དམ་ཚིག་གི་འཁོར་ལོ་བསྲེག་གོ། །འབྱུང་བ་དང་འཇུག་པ་ནི་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཀྱི་ཕྱིར་རོ་ཞེས་བྱའོ། །སྔགས་ཀྱི་རིམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་
ཀར་ཕྱིན་པའི་དམ་ཚིག་གི་འཁོར་ལོ་བསྡུས་ཏེ། ཆོས་དབྱིངས་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་སྔར་བསྟན་པའི་སྒོ་ནས་བྱུང་སྟེ་འོ་མའི་རྒྱུན་ལྟར་འོངས་ནས་སྒོ་དེ་ཉིད་ནས་ཞུགས་ཏེ་མཚམས་ཀྱི་ནང་དུ་སོན་པའི་བུ་ག་ནས་ལོངས་སྤྱོད་ཀྱི་འཁོར་ལོར་ངལ་བསོ་ཏེ་བསྲེགས་པའི་དེ་བཞིན་གཤེགས་པ་
དམ་ཚིག་གི་དཀྱིལ་འཁོར་དུ་སོང་བ་རྣམས་ལ་དགའ་བ་བསྐྱེད་ནས་ལྟེ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ནོ། །འདིར་ཡང་འབྱུང་བ་དང་འགྲོ་བ་དང་འོང་བ་ཡང་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཀྱི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱའོ། །ཡེ་ཤེས་ཀྱི་
རིམ་པའོ།། །།ད་ནི་རྒྱུད་དང་སྔགས་དང་ཡེ་ཤེས་སྤངས་པ་སྒོ་གཉིས་འགྲོ་འོང་ལས་རྣམ་པར་གྲོལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་བྲལ་བ། ཡུལ་རྣམས་ལས་ངེས་པར་ལོག་པ། མུན་ནག་སྟུག་པོ་ལ་ནོར་བུ་ཆུ་ཤེལ་ལྟར་འོད་གསལ་བ་རྡུལ་དང་བྲལ་བ་སྟོང་པའི་མཆོག །མཚན་མ་
མེད་ཅིང་སྨོན་པ་མེད་པའི་ཡེ་ཤེས། རང་གཞན་རིག་པ་དང་བྲལ་བ། མཆོག་ཏུ་ཞི་བ། འདོད་ཆགས་དང་ཆགས་བྲལ་འདྲེས་པ། མར་ལ་མར་བཞག་པ་ལྟར་མྱ་ངན་ལས་འདས་པ། བདག་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། བཙུན་མོའི་བྷ་ག་ལ་ནི་བདེ་བ་ཅན་གྱི་མིང་ཅན་ལའོ། །བཞུགས་

སོ་ནི་གནས་དང་ལྡན་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་མོ། །དེ་རྣམས་ཀྱི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་རྣམས་སོ། །བཞུགས་
སོ་ནི་གནས་དང་ལྡན་པའོ། །དེ་རྣམས་ཀྱི་བཙུན་མོ་ནི་མི་ལ་སོགས་པའི་གཟུགས་སུ་གནས་པའོ། །དེའི་བྷ་ག་དེ་ལ་ཞེས་བྱ་བའི་དོན་ཏོ། །ཨེ་བཾ་ཞེས་བྱ་བའི། ཨེའི་ཆ་བྱད་བཟང་པོ་གང་། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གནས་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་
ཏོག །དེ་ཡི་སྤྲུལ་པའི་སྐུ་བདག་གིས། །ལོངས་སྤྱོད་རྫོགས་དེ་ཐོས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ད་ལྟར་ཡང་བཞུགས་པའོ། །དུས་གཅིག་ན་ཞེས་བྱ་བ་ལན་ཅིག་གི་ཚེ་
དེའི་དུས་གཅིག་ན་སྟེ་འབོག་པའི་དུས་དང་དཔྱིད་ཀྱི་དུས་ཞེས་བྱ་བ་སྟེ། ཇི་སྲིད་དུ་གཡས་དང་གཡོན་པའི་རླུང་སྣ་སྦུབས་སུ་སོན་པའི་རླུང་འགོག་པ་ན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གང་རྒྱུ་ལས་བྱུང་དང་རྒྱུ་དེ་དག །དེ་བཞིན་གཤེགས་པ་ཡིས་ནི་གསུངས་པ་སྟེ། དེ་དག་ལ་ནི་འགོག་པ་གང་
ཡིན་པ། །དགེ་སྦྱོང་ཆེན་པོ་ཡིས་ནི་འདི་སྐད་གསུངས། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ད་ལྟར་བྱུང་བའི་རང་བཞིན་ལས། །འདའ་བར་དཀའ་བར་བྱས་པའི་ཕྱིར། །ཞེས་བྱའོ། །གསང་བའི་རིམ་པའོ།། །།དེ་བཞིན་གཤེགས་པའི་གསུང་རབ་ཆོས་ཀྱི་ཕུང་
པོ་བརྒྱད་ཁྲི་བཞི་སྟོང་ལས་བསྟན་པའི་རིམ་པ་བཞི་པོའི་དོན་འདི་ནི་སྤྱོད་པའི་བརྟུལ་ཞུགས་པ་སློབ་དཔོན་ནག་པོས་མཛད་པའོ། །རིམ་པ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་དང་། དགེ་སློང་གྲགས་པ་ཤེས་རབ་ཀྱིས་བསྒྱུར་ཏེ། ཡུལ་དབུས་
ཀྱི་དཔེ་དང་གཏུགས་པའོ། །གང་ཕྱིར་དམ་པ་རྣམས་ཀྱི་ཐུགས། །སྟོན་ཀའི་ཟླ་འོད་དང་མཚུངས་པས། །བདག་གིས་ཉེས་པར་སྣང་ན་ཡང་། །རང་གི་བུ་བཞིན་བཟོད་པར་གསོལ།། ༄༅༅། །རྒྱ་གར་སྐད་དུ། ཨོ་ལ་ཙསྟུ་སྟ་ཡ་བི་བྷངྒ་ནཱ་མ། བོད་སྐད་དུ། རིམ་པ་བཞིའི་རྣམ་

པར་འབྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །གང་གིས་ཉི་མའི་དཀྱིལ་འཁོར་དང་། །བདུད་བཞི་རྣམ་པར་མནན་མཛད་པའི། །གང་མཛད་དེ་ལ་ཕྱག་འཚལ་ནས། །རིམ་པ་བཞི་ནི་གསལ་བར་
དགྲོལ། །ཨེ་ཝཾ་མཱ་ཡཱ་ཞེས་བྱ་ནི། །ཞེས་བྱ་བ་ལ་སོགས་པ་ལ། འདིར་ཨེ་ཝཾ་མཱ་ཡཱ་ནི། རེ་ཞིག་ཐུན་མོང་མ་ཡིན་པའི་ཐེག་པ་འདི་ལ་སྡུད་པར་མཛད་པ་ནི། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན་ལ། དེ་ཡང་དགོངས་པའི་སྐད་ཀྱིས། ཨེ་དང་ཝཾ་ནི་སྡུད་པར་མཛད་པའི་གསུང་མ་ཡིན་གྱི། རྡོ་
རྗེ་འཆང་གི་བཞུགས་པའི་བཞུགས་གནས་བརྡས་བསྟན་པ་ཡིན་ནོ། །དེ་ཡང་ཚིག་མཛེས་པ་དང་། ལེགས་པ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་ལ་མོས་པ་རྣམས་དང་། ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་བརྗོད་པར་བྱ་བའི་གཙོ་བོ་ཐབས་དང་ཤེས་རབ་ཀྱི་དངོས་པོ་ནི། ཡི་གེ་
གཉིས་ཀྱིས་བསྟན་པ་ཡིན་ལ། དེ་ཉིད་ཚིག་ལ་ལྟོས་པ་མེད་པ་དང་། སྤྲོས་པ་སྤོང་བ་རྣམས་ལ། དེ་ནས་གསང་བ་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ཡི་གེ་གཉིས་ཀྱི་ཚིག་ལས་གཞན་པར་རྒྱུད་དེ་དང་དེ་ལས་གསུངས་པ་ཡིན་ནོ། །དེ་བས་ན་རྡོ་རྗེ་འཆང་ཉིད་ཀྱིས་གསུང་བར་བྱ་བའི་སྐྱེ་བོ་
ལ་དགོངས་ནས་དགྱེས་པའི་རྡོ་རྗེ་ལ་སོགས་པའི་རྒྱུད་ཁ་ཅིག་ཏུ་ཡི་གེ་གཉིས་ཀྱིས་བཤད་དེ། དེ་ཡང་དངོས་པོ་རྣམས་ཆུ་དང་། རླུང་དང་། ནམ་མཁའ་རྣམས་ཀྱིས་བསྡུས་པ་ནི་ཕ་ལས་བྱུང་བ་སྟེ་ཝཾ་ངོ་། །སའི་ཁམས་དང་། མེའི་ཁམས་དང་། ཡེ་ཤེས་ཀྱི་ཁམས་རྣམས་ནི་མ་ལས་བྱུང་བ་
སྟེ་ཨེའོ། །དེ་བས་ན་ཨེ་ཝཾ་ངོ་། །དེ་བས་ན་སྡུད་པར་མཛད་པའི་གསུང་མ་ཡིན་པར་བསྟན་པའི་ཕྱིར། ཨེ་ནི་ལས་ཀྱི་ཕྱག་རྒྱའོ། །ཝཾ་ནི་ཆོས་ཀྱི་ཕྱག་རྒྱའོ། །མཱ་ནི་ཕྱག་རྒྱ་ཆེན་པོའོ། །ཡཱ་ནི་དམ་ཚིག་གི་ཕྱག་རྒྱའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཨེ་ནི་རྣོ་བ་ཡིན་པའམ། འོག་གི་ཆ་ལ་གནས་
པའམ། བྷ་གའི་རྣམ་པར་གནས་པའམ། གྲུ་གསུམ་དུ་གནས་པའམ། ནམ་མཁའ་ལྟར་སྟོང་པར་གནས་པའམ། གཅོད་ཅིང་འབིགས་པའི་རང་བཞིན་ཡིན་པའི་ཕྱིར་རམ། སྲེད་པའི་རང་བཞིན་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་ཡང་ཇི་སྐད་དུ། འབུམ་ཕྲག་ལྔའི་ཀྱེ་རྡོ་རྗེ་ལས། །

ཤེས་རབ་ཨེ་ཡི་གཟུགས་ཅན་མ། །བློ་ལྡན་ནམ་མཁའི་ཁམས་སུ་བསམ། །ཞེས་པ་དང་། གཞན་ཡང་དེ་ཉིད་ལས། རྣོ་ཕྱིར་མེ་ཡི་གཟུགས་དག་ཏུ། །དེ་ཡང་མ་མོ་རྣམས་སུ་བརྟགས། །དབྱངས་ཡིག་དང་པོའི་རང་བཞིན་དུ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བརྟགས། །ཞེས་གསུངས་སོ། །
ལས་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་བདེ་བའི་ལས་བྱེད་པའི་ཕྱིར་རོ། །རྒྱ་ཞེས་བྱ་བ་ནི་དེས་མཚོན་པར་བྱེད་པའི་ཕྱིར། དེ་སྐད་ཅེས་བྱའོ། །གཞན་ཡང་ཝཾ་ནི། ཆོས་བརྗོད་པའི་ཡི་གེ་དང་འདྲ་བའམ། དཀར་པོའི་དོན་བརྗོད་པ་ཡིན་པའམ། ཆུ་དཀར་བ་ཡིན་པའམ། ཉོན་མོངས་
པ་ཐམས་ཅད་འཁྲུ་བར་བྱེད་པའམ། བདེ་བ་ཆེན་པོའི་མཚན་ཉིད་འཛིན་པས་དེ་སྐད་ཅེས་བྱའོ། །མཱ་ནི་ཀུན་དུ་ཁྱབ་ཅིང་རྒྱ་ཆེ་བའམ། ཟབ་པའམ། ཡངས་པའམ། གཏོས་ཆེ་བའམ། རྒྱུན་མི་འཆད་པའི་བདེ་བ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཡཱ་ནི་འདའ་བར་བྱ་བ་མ་ཡིན་པའམ།
ཇི་ལྟར་གནས་པ་དེ་ལྟར་གནས་པའམ། ཇི་བཞིན་པའི་མཚན་ཉིད་སྟོན་པའམ། ཇི་ལྟར་བྱོན་པ་དེ་ལྟར་གཤེགས་པའམ། དམ་བཅས་པ་ལྟར་གནས་པ་དེའི་ཕྱིར། དེ་སྐད་ཅེས་བྱའོ། །གཞན་ཡང་ཡི་གེ་བཞི་ནི་འབྱུང་བ་བཞིའི་མཚན་ཉིད་ཅན། ལྷ་མོ་སྤྱན་མ་ལ་སོགས་པས་བྱིན་གྱིས་
བརླབས་པ། སྐད་ཅིག་བཞི་དང་། དགའ་བ་བཞི་དང་། དབང་བཞི་དང་། སྐུ་བཞི་ལ་སོགས་པ་ཡང་ཡིན་ནོ། །གཞན་ཡང་ཡི་གེ་བཞི་ནི་ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱག་རྒྱ་བཞིར་བསྟན་པ་དེ་ཉིད་སྟོང་པ་ཉིད་དང་། སྙིང་རྗེ་ལས་གཞན་པ་ཡོད་པ་མ་ཡིན་
པར་བསྟན་པ་ནི། ཨེ་ནི་ཤེས་རབ་བོ། །ཝཾ་ནི་ཐབས་སོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་མེད་པ་སྟོན་པ་ནི་ཤེས་རབ་ཡིན་ལ། དངོས་པོའི་མཚན་ཉིད་སྟོན་པ་ནི་ཐབས་ཡིན་ཏེ། གོང་བུ་གསུམ་གསུམ་སྟེ་དྲུག་གི་བདག་ཉིད་དོ། །དེ་བས་དེའི་ཕྱིར་དངོས་པོ་ཐམས་ཅད་ནི་ཡི་གེ་གཉིས་སོ། །སྤྲུལ་
པའི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། བདེ་བ་ཆེན་པོའི་འཁོར་ལོའོ་ཞེས་བྱ་བ་ནི་ལུས་ཅན་རྣམས་ལ་རྩའི་འཁོར་ལོའི་གཟུགས་ཀྱིས་རང་བཞིན་དུ་གནས་ཞེས་པའི་དོན་ཏོ། །དེ་རྣམས་ཀྱི་འདབ་མའི་གྲངས་རིམ་བཞིན་དུ། དྲུག་ཅུ་རྩ་བཞི་དང་།

བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་སུ་རིག་པར་བྱ་སྟེ། དབྱུ་གུ་དང་། ཐུན་མཚམས་དང་། འཕོ་བ་དང་། ཆུ་ཚོད་ཀྱི་དབྱེ་བས་རྟོགས་པར་བྱའོ། །དེ་རྣམས་ཀྱི་ཁ་དོག་ནི་སེར་པོ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་སྟེ། ལས་བཞིའི་བྱེ་བྲག་གིས་དབྱེ་བར་
བྱའོ། །ཨཱ་ལི་ཀཱ་ལི་ནི་གཡོན་པ་དང་། གཡས་པའོ་ཞེས་པ་ནི། གཡོན་པ་ནི་ཨ་ལ་སོགས་པ་བཅུ་དྲུག་གི་དབྱངས་སུ་འོང་ལ། ཡོན་ཏན་ཞེས་བྱའོ། །གཡས་པ་ནི་ཀ་ལ་སོགས་པ་ལྔ་ཚན་གྱི་རང་བཞིན་དུ་འགྲོ་སྟེ། སྐྱོན་གྱི་ངོ་བོ་ཞེས་བྱའོ། །དེ་བས་ན་དེ་གཉིས་ནི་ཡོན་ཏན་སྐྱོན་གྱི་རང་བཞིན་ཞེས་
བྱ་བ་ཡང་ཡིན་ནོ། །གཞན་ཡང་གཡས་པ་དང་། གཡོན་པ་ནི། ཞི་བ་དང་། ནུས་པ་ཞེས་ཀྱང་བྱའོ། །ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཾ། ཞེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོའོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་པ་ནི། སྤྲུལ་པའི་འཁོར་ལོ་ལ་གནས་པའི་ཡི་གེ་རྣམས་སོ། །ཨོཾ་ཏཾ་ཧཾ་ཁཾ་ཧཱུཾ། ལཱཾ་མཱཾ་པཱཾ་ཏཱཾ།
ཆོས་ཀྱི་འཁོར་ལོ་ཞེས་པ་ནི། ཆོས་ཀྱི་འཁོར་ལོ་ལ་གནས་པའི་ཡི་གེ་རྣམས་སོ། །དེའི་དབུས་སུ་ནི་ཡི་གེ་ཧཱུཾ་སྟེ། བདེ་བར་གཤེགས་པ་ལྔའི་རང་བཞིན་ནོ། །དེ་ལྟར་ཡང་གོང་དུ་བསྟན་པའི་སྡེ་ཚན་རྣམས་ཀྱི་རང་བཞིན་ནི་སྤྲུལ་པའི་འཁོར་ལོ་ཞེས་བྱ་སྟེ། དེའི་ལྟེ་བ་ལ་ནི་རྣལ་འབྱོར་མ་
ཐམས་ཅད་ཀྱི་རང་བཞིན་ཡི་གེ་ཨཾ་གནས་པའོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་ཞེས་པ་ནི། མགྲིན་པའི་འདབ་མ་བཅུ་དྲུག་གོ། །དེ་ལ་གནས་པའི་ཡི་གེ་ནི་ཨོཾ་ཨཱ་ཨཱི་ཨཱ་ཨཻ་ཞེས་བྱ་བ་རྣམས་སོ། །བདེ་བ་ཆེན་པོའི་འཁོར་ལོ་ཞེས་བྱ་བ་ནི། གོང་དུ་བརྗོད་པའི་ཆུ་ཚོད་སུམ་ཅུ་
རྩ་གཉིས་ཀྱི་བདག་ཉིད་དོ། །དེའི་ལྟེ་བ་ལ་ནི་ཡི་གེ་ཧཾ་ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྡོམ་པའི་བདག་ཉིད་དོ། །འོག་ཏུ་ཡི་གེ་ཀྵ་ཞེས་བྱ་བ་སྟེ། འོག་གི་སྒོ་སྲུང་བའོ། །ལུས་ཐམས་ཅད་ལ་འགྲོ་བ་དང་། འོང་བའི་སྒོ་གཉིས་སུ་གནས་པ་ལས། འོག་གི་སྒོ་སྲུངས་ནི་
ནི་ཀྵ་སྟེ་འོག་སྒོར་རོ། །དེ་ཉིད་ནི་འཇིག་རྟེན་ཕན་པ་རྣམས་ལ་ཕུང་པོ་ཟད་པར་བྱེད་པ་ཡང་ཡིན་ནོ། །ཟླ་བ་དང་ཉི་མ་དག་ནི་འོག་དང་སྟེང་གི་སྒོ་གཉིས་སོ་ཞེས་བྱ་བ་ནི། སྒོ་གཉིས་ཀྱི་མིང་བསྟན་པ་ཡོན་ཏན་དང་སྐྱོན་གྱི་རང་བཞིན་ཅན་ནོ། །དེ་ཡང་སྟེང་གི་ནི་གདུང་བ་བསྐྱེད་པའི་སྒོ་ཡིན་ལ། འོག་གི་

ནི་ལུས་ངག་ཡིད་སེམས་པར་བྱེད་པའི་སྒོ་ཞེས་བྱའོ། །གནད་འབྱེད་པའོ་ཞེས་བྱ་བ་ནི། སྟེང་གི་དགའ་བའི་དབང་ཕྱུག་སྟེ་སྟེང་ནའོ། །དེ་གཉིས་ཉིད་ནི་འགྲོ་བ་དང་འོང་བ་སྟེ། ཡར་ལ་སྲེག་པའི་ཚུལ་དུ་འགྲོ་ལ། མར་ནི་གསོ་བའི་ཚུལ་དུ་འོང་བས་ན། འགྲོ་བ་དང་འོང་བའོ། །རྣལ་འབྱོར་
བཞི་ཞེས་བྱ་བ་ནི། འགྲོ་བ་དང་འོང་བ་གཉིས་ཀ་ལའོ། །མྱུར་བ་དང་ཞེས་བྱ་བ་ནི་མེའོ། །རླངས་པ་དང་ཞེས་བྱ་བ་ནི་རླུང་ངོ་། །རྣམ་པར་འཆིང་བ་དང་ཞེས་བྱ་བ་ནི་སའོ། །དལ་བ་དང་ཞེས་བྱ་བ་ནི་ཆུ་སྟེ། དེ་ལྟར་ན་འགྲོ་འོང་གཉིས་ནི་རྣལ་འབྱོར་བཞིའོ། །སྟེང་གི་ལོགས་ནས་འཛག་པ་
ནི་འོག་ཏུའོ་ཞེས་བྱ་བ་ནི་དེ་ལྟར་འགྲོ་བའི་རྣལ་འབྱོར་གྱི་སྟོབས་ཀྱིས། སྟེང་ཚངས་པའི་འཇིག་རྟེན་ནས་འཛག་པ་ནི་མི་ལ་སོགས་པའི་འོག་གི་ཡུལ་དུའོ། །ཏིང་ངེ་འཛིན་གསུམ་སྟེ་འགྲོ་བ་དང་འོང་བ་དེ་ཉིད་ལའོ། །དང་པོའི་རྣལ་འབྱོར་དང་ཞེས་པ་ནི་སྟོང་པ་ཉིད་དམ། ཡང་ན་ཙཎྜཱ་ལཱི་
གྱེན་དུ་བསྐྱོད་པའོ། །དཀྱིལ་འཁོར་རྒྱལ་པོ་མཆོག་དང་ཞེས་པ་ནི། ཕྱག་མཚན་ལ་སོགས་པ་གྱུར་པ་ལས་གཟུགས་ཡོངས་སུ་རྫོགས་པའམ། ཡང་ན་ཙཎྜཱ་ལཱི་འོག་ཏུ་སྤྱན་དྲངས་པའོ། །ལས་ཀྱི་རྒྱལ་པོ་མཆོག་གོ་ཞེས་པ་ནི་སྐུ་ཕྲ་མོའི་སྤྲོ་བའམ། ཡང་ན་བདེ་བའི་སྟོབས་ཀྱིས་གཟུང་
བའོ། །དེ་ཉིད་གསལ་པར་བསྟན་པ། དགུག་པ་དང་ཞེས་སྨོས་ཏེ་གཏུམ་མོས་སོ། །གཤེགས་སུ་གསོལ་བ་དང་ཞེས་པ་ནི་གཏུམ་མོ་སྟེ་སྟེང་དུའོ། །གཟུང་བའོ་ཞེས་པ་ནི། དེ་ལྟར་འཛག་པ་དེའོ། །ཡན་ལག་བཞིའི་ནི་ཞེས་པ་ནི། སྒྲུབ་པར་བྱེད་པའི་རྣལ་འབྱོར་རྣམས་ལའོ། །བསྙེན་
པ་དང་། ཉེ་བར་སྒྲུབ་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་པ་ནི། རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པས་གོ་རིམས་བཞིན་དུ་བསྙེན་པ་སྟོང་པ་ཉིད་དང་། ཉེ་བར་སྒྲུབ་པ་ས་བོན་དགོད་པ་དང་། སྒྲུབ་པ་སྐུ་ཡོངས་སུ་རྫོགས་པ་དང་། སྒྲུབ་པ་ཆེན་པོས་ཡན་ལག་གསལ་བའམ། ཡང་
ན་སྐུ་ཕྲ་མོ་སྤྲོས་པས་འགྲོ་བའི་དོན་བྱེད་པའོ། །ཅིག་ཤོས་ལྟར་ན་ནི། བསྙེན་པ་ལ་ཁྲོ་བོ་གཙུག་ཏོར་ཞེས་བྱ་བའི་རིགས་སུ་བསྒོམ་པ་དང་། ཉེ་བར་སྒྲུབ་པའི་དུས་སུ་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞེས་བྱ་བའི་གཟུགས་སུ་བསྒོམ་པ་དང་། སྒྲུབ་པ་ལ་ནི་ལྷའི་གཟུགས་ཞེས་བྱ་བར་བསྒོམ་

པ་དང་། སྒྲུབ་པ་ཆེན་པོ་ལ་སངས་རྒྱས་ཀྱི་བདག་པོ་ཞེས་བྱ་བའི་མིང་ཅན་བསྒོམ་པའོ། །དེ་ཡང་ཁྲོ་བོ་གཙུག་ཏོར་ཞེས་བྱ་བ་ནི། རྣམ་པར་ཤེས་པ་དང་ནམ་མཁའི་རིགས་མི་བསྐྱོད་པ་ཡིན་ཏེ། བླ་མའི་ཞལ་ལས་རྟོགས་པར་བྱ་བ་ཡིན་ལ། བདུད་རྩི་འཁྱིལ་པའི་ཁྲོ་བོ་ནི་
རླུང་དོན་ཡོད་གྲུབ་པའི་རིགས་སྙིང་ག་ན་གནས་པ་ཡིན་ནོ། །ལྷའི་གཟུགས་ནི་གཏུམ་མོ་སྤྲོ་བ་སྟེ། འོད་དཔག་ཏུ་མེད་པའོ། །སངས་རྒྱས་བདག་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། འཛག་པ་མེད་པའི་བདེ་བའོ། །འབྲས་བུ་བཞི་ནི་ཞེས་པ་ནི། སྟོན་བཞིན་པའོ། །གང་ཡིན་ཞེ་ན། རྒྱུ་མཐུན་པ་
དང་ཞེས་བྱ་བ་སྨོས་ཏེ། ཧཱུཾ་དུ་བསྐྱེད་པ་ལ་སོགས་པའི་ཡིན་ནོ། །རྣམ་པར་སྨིན་པ་དང་ཞེས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཡིན་ནོ། །སྐྱེས་བུ་བྱེད་པ་དང་ཞེས་པ་ནི། མངོན་པར་རྫོགས་པར་བྱང་ཆུབ་པ་ལྔའི་ཚུལ་དུའོ། །བྲལ་བའོ་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་གཟུང་
བར་རྟོག་པ་དང་། འཛིན་པར་རྟོག་པའི་དྲི་མ་གཉིས་སྤོང་ཞེས་བྱ་བའི་དོན་ཏོ། །དབྱེ་བ་བཞི་ཞེས་བྱ་བ་ནི། སྐྱེས་བུ་གྲུབ་པ་པོའི་ཁྱད་པར་བསྟན་པ་ཡིན་ནོ། །རྟུལ་པོ་དང་ཞེས་བྱ་བ་ནི་དབང་པོ་རྟུལ་པོ་སྟེ་ཐ་མའོ། །འབྲིང་དང་ཞེས་བྱ་བ་ནི། དབང་པོ་འབྲིང་པོ་སྟེ་བར་མའོ། །རྣོན་པོ་
ཞེས་བྱ་བ་ནི་སྐྱེས་བུ་དབང་པོ་རྣོན་པོའི་ཡང་རྣོན་པོ་སྟེ། དབང་པོ་རབ་ཏུ་གཏུགས་པའོ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་རོ། །རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ནི་དགའ་བའོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་མཆོག་དགའི་བདག་ཉིད་དོ། །རྣམ་པར་ཉེད་པ་དང་ཞེས་
བྱ་བ་ནི། ཁྱད་པར་གྱི་དགའ་བའི་སྐད་ཅིག་མའོ། །མཚན་ཉིད་དང་བྲལ་བའོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྐད་ཅིག་གོ། །དེ་ཉིད་བལྟ་བ་དང་། དགོད་པ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པའོ། །དགའ་བ་བཞི་ནི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་
གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ་ཞེས་བྱ་བ་ནི་གོ་སླའོ། །བཟང་པོ་བཞི་ནི་ཞེས་པ་ནི། བདག་གི་བཟང་པོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ལྷར་བསྐྱེད་པའམ། ཡང་ན་ཕུང་པོ་ལ་སོགས་པ་གཟོད་མ་ནས་ལྷའི་རང་བཞིན་ཡིན་པའམ། གཟོད་

མ་ནས་སྐྱེ་བ་མེད་པ་ནི་བཟང་པོ་ཞེས་བྱའོ། །དུས་ཀྱི་བཟང་པོ་ཞེས་བྱ་བ་ནི། འགོགས་པའི་དུས་སམ། བསམ་དུ་མེད་པའི་དུས་ལ་སོགས་པའོ། །ཡེ་ཤེས་ཀྱི་བཟང་པོ་ཞེས་བྱ་བ་ནི། དེའི་སྟོབས་ཀྱིས་འཛག་པ་མེད་པས་ཕུང་པོ་ལ་སོགས་པ་རྒྱས་པར་འགྱུར་རོ། །རླུང་གི་བཟང་པོ་ཞེས་
བྱ་བ་ནི་འགགས་པས་བཟང་པོ་ཡིན་པའམ། རྒྱུ་བ་མེད་པས་བཟང་པོ་ཡིན་པའམ། ཡང་ན་རླུང་བཞི་ལས་རེ་རེ་འགྲུབ་པའམ། ཡང་ན་མེའི་རི་མོ་ཅན་ན་གནས་པ་ཡིན་པའམ། ཡང་ན་གཡོན་པ་དང་གཡས་པ་དག་ལས་སོ། །གཡོན་པའི་རྒྱུ་བ་ནི་རླུང་གི་བཟང་པོ་ཞེས་བྱའོ། །གནས་
བཞི་ནི་ཞེས་བྱ་བ་ནི་རྟེན་པར་བྱ་བའམ། གཞི་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཞན་གྱི་གནས་དང་ཞེས་བྱ་བ་ནི་གཞན་རྟེན་ལ་ལྟོས་པའི་ཕྱིར་ཏེ། ལས་སམ། ཡེ་ཤེས་སམ། བཀའོ། །བདག་གི་གནས་དང་ཞེས་བྱ་བ་ནི་རྣལ་འབྱོར་པ་བདག་ཉིད་བདེ་བའི་གནས་ཡིན་པའི་ཕྱིར་རོ། །
རྣལ་འབྱོར་གྱི་གནས་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ལས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟེན་གྱི་བདེ་བ་བྱུང་བའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་གནས་དང་ཞེས་བྱ་བ་ནི། དེ་ལྟར་སྙོམས་པར་ཞུགས་པ་ལས། བདེ་བ་རྟོགས་པའམ། ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ཁོ་ན་གསུམ་ཞེས་བྱ་
བྱ་བ་ནི། ཕྱིན་ཅི་མ་ལོག་པས་དེ་ཁོ་ན་ཉིད་དོ། །དེ་ནི་བདག་གི་དེ་ཁོ་ན་ཉིད་རང་ཞེས་བྱ་བ་སྟེ། བདག་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ལྷའི་དེ་ཁོ་ན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་གཟོད་མ་ནས་ཕྱིན་ཅི་མ་ལོག་པའི་ལྷ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཞེས་བྱ་བ་ནི་
གཟོད་མ་ནས་ཕུང་པོ་རྣམས་ཕྱིན་ཅི་མ་ལོག་པའི་ལྷའི་གཞལ་ཡས་ཁང་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་ནི་ཞེས་བྱ་བ་ནི། སྙིང་པོའི་གནས་སམ། སྙིང་པོ་ལེན་པའམ། སྙིང་པོ་ཐིམ་པ་ཡིན་པས་དཀྱིལ་འཁོར་རོ། །སྐུའི་དཀྱིལ་འཁོར་ཞེས་བྱ་བ་ནི། ལུས་འདོམ་
གང་གྲུ་བཞི་པའམ། ལྷའི་གནས་ཡིན་པའི་དོན་ཏོ། །གསུང་གི་དཀྱིལ་འཁོར་དང་ཞེས་བྱ་བ་ནི། དེའི་ནང་དུ་ས་བོན་ལས་ལྷར་བསྐྱེད་པའི་ཕྱིར་རོ། །ཐུགས་ཀྱི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་སེམས་ཉིད་ཐམས་ཅད་ཀྱི་གཞི་ཡིན་ལ། དེ་ཉིད་དཀྱིལ་འཁོར་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་གནས་

ཡིན་པས་སོ། །ཤེས་རབ་གཉིས་ནི་འབིགས་པའམ། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའོ། །དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའོ་ཞེས་བྱ་བ་ནི་མིང་གཉིས་སོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཛིན་གྱི་དབུགས་འབྱིན་པའོ་ཞེས་བྱ་བ་ནི་དམིགས་
པ་མེད་པ་ལ་གནས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་སྟེ། རྟོགས་པའི་གོ་སྐབས་མེད་ཅིང་། དབུགས་འབྱིན་པའོ། །སྤྲུལ་པའི་དམིགས་པ་ནི་ཞེས་བྱ་བ་ནི་རྟོགས་པའི་སྤྲུལ་པས་སོ། །དེ་བཞིན་གཤེགས་པའི་དབུགས་འབྱིན་པ་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏེ། རགས་པའི་
རྟོག་པ་ལས་དབུགས་ཕྱུང་བའི་ཕྱིར་རོ། །འཁོར་བའོ་ཞེས་བྱ་བ་ནི། ཇི་སྲིད་དུ་དམིགས་པ་མེད་པ་ལ་གནས་པ་དེ་སྲིད་དུ་འཁོར་བའོ། །སྐུ་གསུམ་ནི་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའོ་ཞེས་བྱ་བ་ནི། སྐུ་གསུམ་ནི་ཐིག་ལེ་གསུམ་མམ།
ཡི་གེ་གསུམ་གྱི་བདག་ཉིད་འབྱུང་བའམ། འཇུག་པ་དང་། གནས་པའི་རླུང་གསུམ་མོ། །དེ་བཞིན་གཤེགས་པ་ལྔ་ནི་ཞེས་བྱ་བ་ནི་རྒྱུད་ལས་གསུངས་པའི་རྒྱལ་བ་རིགས་ལྔའོ། །གཟུགས་དང་ཞེས་བྱ་བ་ནི་རྣམ་པ་སྣང་མཛད་དོ། །ཚོར་བ་དང་ཞེས་བྱ་བ་ནི་རྒྱལ་བ་འོད་དཔག་ཏུ་མེད་པའོ། །
འདུ་ཤེས་དང་ཞེས་བྱ་བ་ནི་རྒྱལ་བ་རིན་ཆེན་འབྱུང་ལྡན་ནོ། །འདུ་བྱེད་དང་ཞེས་བྱ་བ་ནི་རྒྱལ་བ་དོན་ཡོད་གྲུབ་པའོ། །རྣམ་པར་ཤེས་པའོ་ཞེས་བྱ་བ་ནི་རྒྱལ་བ་མི་བསྐྱོད་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་།
བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཡོངས་སུ་གྱུར་པའོ། །ལྷ་མོ་བཞི་ནི་ཞེས་བྱ་བ་ནི། ན་བཟའ་དཀར་མོ་ལ་སོགས་པའོ། །སའི་ཁམས་དང་། ཆུ་དང་། མེ་དང་། རླུང་དང་ཞེས་བྱ་བ་ནི་ལྷ་མོ་
སྤྱན་མ་ལ་སོགས་པ་གོ་རིམས་བཞིན་ཏེ། ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ་ཞེས་བྱ་བ་ནི་གཏི་མུག་དང་། ཞེ་སྡང་དང་། ཕྲག་དོག་དང་། འདོད་ཆགས་

དང་། སེར་སྣ་ལ་སོགས་པ་རྣམས་སོ། །ས་བཅུ་ཞེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའོ། །དེ་ནས་འདི་ལྟར་འཁོར་ལོ་གསུམ་གྱི་བདག་ཉིད་དོ། །གནས་ནི་པུལླཱི་ར་མ་ལ་ཡ་དང་། ཛཱ་ལནྡྷ་ར་དང་། ཨཽ་ཌ་ཡ་ན་དང་། ཨརྦུ་ད་སྟེ། བཞི་པོ་ནི་གནས་ཡིན་ནོ། །ཉེ་བའི་གནས་ཞེས་བྱ་བ་
ནི། གོ་དཱ་བ་རི་དང་། རཱ་མེ་ཤྭ་རི་དང་། དེ་ཝཱི་ཀོ་ཊི་དང་། མཱ་ལ་བ་སྟེ། བཞི་པོ་ནི་ཉེ་བའི་གནས་ཏེ་བརྒྱད་ཡིན་ལ། དེ་ཡང་ཐུགས་ཀྱི་འཁོར་ལོ་སྟེ་མཁའ་ལ་སྤྱོད་པ་ཡིན་ནོ། །ཞིང་དང་ཞེས་བྱ་བ་ནི། ཀཱ་མ་རཱུ་པ་དང་། ཨོ་ཊེའོ། །ཉེ་བའི་ཞིང་དང་ཞེས་བྱ་བ་ནི། ཏྲི་ཤ་ཀུ་ནེ་དང་། ཀོ་ས་
ལའོ། །ཚནྡོ་ཧ་ཞེས་བྱ་བ་ནི། ཀ་ལིངྒ་དང་། ལམྦཱ་ཀའོ། །ཉེ་བའི་ཚནྡོ་ཧ་ཞེས་བྱ་བ་ནི། ཀཱཉྩི་ཀ་དང་། ཧི་མ་ལ་བྱའོ། །འདི་ནི་གསུང་གི་འཁོར་ལོ་སྟེ་ས་ལ་སྤྱོད་པའོ། །འདུ་བ་དང་ཞེས་བྱ་བ་ནི། ཡི་དགས་ལྷག་པར་གནས་པ་དང་། ཁྱིམ་གྱི་ལྷའོ། །ཉེ་བའི་འདུ་བ་དང་ཞེས་
བྱ་བ་ནི། སཽ་རཱཥྚ་དང་། གསེར་གླིང་ངོ་། །དུར་ཁྲོད་དང་ཞེས་བྱ་བ་ནི། ན་ག་ར་དང་སིནྡྷུའོ། །ཉེ་བའི་དུར་ཁྲོད་དང་ཞེས་བྱ་བ་ནི། མྱ་ངན་དང་། ཀུ་ལུ་ཏའོ། །ཉི་ཤུ་རྩ་བཞིར་དབྱེ་བས་དབྱེ་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས་ཉི་ཤུ་རྩ་བཞིར་དབྱེ་བར་བྱའོ། །པུ་ལླཱི་ར་མ་
ལ་ཡ་ཞེས་བྱ་བ་ནས། ཀུ་ལུ་ཏ་ཞེས་བྱ་བ་ཡན་ཆད་ནི་གོ་སླའོ། །འདི་རྣམས་རིམ་པ་ཇི་ལྟ་བས། །ཞེས་བྱ་བ་ནི་གོང་དུ་བརྗོད་པ་དེ་རྣམས་སོ། །སྤྱི་བོ་དང་ཞེས་བྱ་བ་ནི། པུ་ལླཱི་རར་ནི་རབ་ཏུ་གཏུམ་མའོ། །སོ་དང་སེན་མོ་རབ་ཏུ་སྐྱེད། །ཅེས་བྱའོ། །སྤྱི་གཙུག་དང་ཞེས་བྱ་བ་
ནི། ཛཱ་ལནྡྷ་རར་གཏུམ་མིག་མ། །སྐྲ་དང་སྤུ་ནི་རབ་ཏུ་སྐྱེད། །ཅེས་བྱ་བའོ། །རྣ་བ་གཡས་པ་དང་ཞེས་བྱ་བ་ནི། ཨོ་ཌ་ཡ་ན་ཞེས་བྱ་བའི་གནས་མིང་ནི། ལྷ་མོ་འོད་ལྡན་མ་ཞེས་བྱ་བ་པགས་པ་དང་དྲི་མ་སྐྱེད་པའོ་ཞེས་བྱའོ། །རྩིབ་ལོགས་དང་ཞེས་བྱ་བ་ནི། ཨརྦུ་ད་ན་ཤངས་
ཆེན་མ། ཤ་ནི་རབ་ཏུ་སྐྱེད་མཛད་མའོ། །ཞེས་བྱའོ། །རྣ་བ་གཡོན་པ་དང་ཞེས་བྱ་བ་ནི། གོ་དཱ་བ་རིར་དཔའ་བློ་མ། །རྒྱུས་པ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །སྨིན་མའི་དབུས་དང་ཞེས་བྱ་བ་ནི། རཱ་མེ་ཤྭ་རར་མིའུ་ཐུང་མ། རུས་པ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །མིག་

དག་དང་ཞེས་བྱ་བ་ནི། ལངྐའི་བདག་མོ་ལྷ་མོའི་རྫོང་། དེས་ནི་མཆིན་པ་རབ་ཏུ་སྐྱེད། །ཅེས་བྱའོ། །ལག་པའི་རྩ་བ་དག་དང་ནི། །ཞེས་བྱ་བ་ནི། མཱ་ལ་བར་ནི་ལྗོན་གྲིབ་མ། །སྙིང་སྤྲུག་རབ་ཏུ་སྐྱེད་པར་མཛད། །ཅེས་བྱའོ། །མཆན་ཁུང་དག་དང་ཞེས་བྱ་བ་ནི།
ཀཱ་མ་རཱུར་གནས་ས་སྲུང་མ། །མིག་ནི་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །ནུ་མ་གཉིས་དང་ཞེས་བྱ་བ་ནི། ཨོ་ཏྲེར་འཇིགས་བྱེད་ཆེན་མོ་གནས། །མཁྲིས་པ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །ལྟེ་བ་དང་ཞེས་པ་ནི། ཏྲི་ཤ་ཀུ་ནེར་རླུང་ཤུགས་མ། །གློ་བ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །
སྣའི་རྩེ་མོ་དང་ཞེས་བྱ་བ་ནི། ཀོ་ས་ལར་ནི་སྐྱེམས་གསོལ་མ། །རྒྱུ་མ་རབ་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །ཁ་དང་ཞེས་བྱ་བ་ནི། ཀ་ལིངྒར་ནི་སྔོ་བསངས་མོ། །རྩིབ་ལོགས་སྐུད་པའི་རྟེན་བྱེད་མའོ། །ཞེས་བྱའོ། །ཕྲག་གོང་ཞེས་བྱ་བ་ནི། ཤིན་ཏུ་བཟང་མོ་ལམྦ་ཀར། །ལྟོ་བའི་གནས་ནི་རབ་
ཏུ་སྐྱེད། །ཅེས་བྱའོ། །སྙིང་དང་ཞེས་བྱ་བ་ནི། ཀཱཉྩི་ལ་གནས་རྟ་རྣ་མ། །ལྟག་པར་དྲི་ཆེན་སྐྱེད་པར་བྱེད། །ཅེས་བྱའོ། །ཕོ་མཚན་དང་ཞེས་བྱ་བ་ནི། གསང་གནས་ལ་གནས་བྱ་གདོང་མ། །མཚོགས་མའི་སྲུབས་ནི་སྐྱེད་པར་བྱེད། །ཅེས་བྱའོ། །རྟགས་དང་ཞེས་བྱ་བ་ནི། པྲེ་ཏ་
པུ་རིར་རབ་གནས་པ། །འཁོར་ལོའི་ཤུགས་ཅན་མཆིལ་མ་སྐྱེད། །ཅེས་བྱའོ། །བཤང་བའི་ལམ་དང་ཞེས་བྱ་བ་ནི། ཁྱིམ་གྱི་ལྷ་གནས་དུམ་སྐྱེས་མ། །རྣག་ནི་རྟག་པར་སྐྱེད་པར་བྱེད། །ཅེས་བྱའོ། །བྲང་གི་གནས་དང་ཞེས་བྱ་བ་ནི། སཽ་རཱཥྚར་གླང་སྣ་མ། །རྟག་ཏུ་རྣག་ནི་རབ་ཏུ་སྐྱེད། །
ཅེས་བྱའོ། །བྱིན་པ་དག་དང་ཞེས་བྱ་བ་ནི། འཁོར་ལོས་སྒྱུར་མ་གསེར་གླིང་གནས། །རྡུལ་ནི་རྟག་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །སོར་མོ་རྣམས་དང་ཞེས་བྱ་བ་ནི། ཤིན་ཏུ་དབང་མོ་གྲོང་ཁྱེར་གནས། །ཚིལ་ནི་རྟག་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །རྐང་པའི་རྒྱབ་དང་ཞེས་བྱ་བ་ནི།
སིནྡྷུར་སྟོབས་ཆེན་མ་ཞེས་གནས། །མྱ་ངན་བཅས་ཤིང་མཆི་མ་སྐྱེད། །ཅེས་བྱའོ། །མཐེ་བོང་དག་དང་ཞེས་བྱ་བ་ནི། མ་རོར་འཁོར་ལོས་སྒྱུར་བ་གནས། །ལྟག་པར་ལུད་པ་སྐམ་པོ་སྐྱེད། །ཅེས་བྱའོ། །པུས་མོ་གཉིས་དང་ཞེས་བྱ་བ་ནི། ཀུ་ལུ་ཏར་གནས་བརྩོན་ཆེན་མ། །སྣ་ཆུ་

རྟག་ཏུ་སྐྱེད་པར་བྱེད། །ཅེས་བྱའོ། །བལྟ་བར་བྱའོ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཐ་ཚིག་གོ། །པུལླཱི་ར་མ་ལ་ཡར་ནི་མགོ་ཟུག་གོ་ཅེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་ཐིམ་མོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་བཤད་པའི་གནས་ཉི་ཤུ་རྩ་བཞི་པོར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ལུས་ཀྱི་ཁམས་སྐུ་
གསུམ་གྱི་ཚུལ་གྱིས་མགོ་ཟུག་པ་ད