Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 19 / 24 (50.000 ký tự/trang)
། །གོམ་སྟབས་བརྒྱད་ཀྱིས་གར་བྱའོ། །འཁྱུད་སོགས་བྱ་བ་ཀུན་དང་ནི<། ། །,། །>འཁྱུད་ཅིང་ནུ་མ་བཙིར་བ་དང་། །བྱ་བ་མཆོད་པའི་ཁྱད་པར་གྱིས། །དང་པོ་རྣལ་འབྱོར་མ་མཉེས་བྱ། །ནང་གི་བདག་ཉིད་སྦྱིན་སྲེག་གིས། །སྐྱེ་བོ་དམ་པ་ཀུན་འདུས་བྱ། །ཧེ་རུ་ཀ་དཔལ་རྒྱལ་པོ་ ཆེ། །མཛའ་བ་ཐམས་ཅད་ཡང་དག་འདུས། །ཞི་བའི་ཆུ་ལས་དངོས་གྲུབ་ནི། །དམ་པའི་གནས་ནི་རྟག་པ་འགྲུབ། །རྒྱུན་ཆགས་ལ་སོགས་ཐམས་ཅད་དང་། །བཟའ་བ་ཞིམ་པོ་སྣ་ཚོགས་དང་། །ཤ་རློན་དག་གིས་ཁྱད་པར་དུ། །སྔགས་དང་ལྡན་པས་སྦྱིན་སྲེག་བྱ། །ཨོཾ་ སརྦ་བཛྲ་ཀི་མི་ནི་བྷ་ཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲཱི་ཎི་ཧཱུཾ་ཕཊ་སྭཱ་ཧཱ། མངོན་པར་བསྔགས་ཤིང་བྱིན་གྱིས་བརླབ་པའོ། །ལྟོ་བ་ཡིས་ནི་སྦྱིན་སྲེག་མེས། །པདྨའི་འདབ་མ་འདབ་བརྒྱད་པ། །དཔའ་བོའི་དབང་སོགས་སུམ་ཅུ་བདུན། པདྨའི་ལྟེ་བ་གེ་སར་ལ། །ཇི་བཞིན་ལས་ཀྱི་རྗེས་ མཐུན་པར། །ལྷ་ཡི་བདག་ཉིད་དངོས་བྱས་ལ། །ཆོ་གས་སྦྱིན་སྲེག་ཀུན་བྱས་ན། །བརྟག་མི་དགོས་པར་དངོས་གྲུབ་འགྱུར། །བཟའ་འམ་ཡང་ན་བཏུང་བ་དག །བརྟུལ་ཞུགས་ཅན་ནི་ཅི་ཟ་བ། །མཆོག་དང་བར་མའི་དབུགས་དབྱུང་བ། །བསམ་པ་ ཐམས་ཅད་རབ་ཏུ་བརྟག །བདག་ཉིད་ལྷ་ནི་ལྷ་ཡི་མཆོག །བདག་ཉིད་ལྷ་ནི་ལྷ་དམ་པ། །བདག་གི་གཟུགས་ལ་མ་ཆགས་ལ། །གཟུགས་བརྙན་ལ་སོགས་ལྟ་བུར་ཤེས། །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཀུན་གྱི་གནས་ཡིན་ཏེ། །དེ་ལས་འབད་པ་ ཐམས་ཅད་ཀྱིས། །བདག་ཉིད་ཧེ་རུ་ཀ་དཔལ་མཆོད། །དེ་ལྟར་འབད་པ་ཐམས་ཅད་ཀྱིས། །དགེ་བ་ཡོངས་སུ་རྒྱས་པར་འགྱུར། །ལས་ཚོགས་གང་ཞིག་བསམས་པ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དཀྱིལ་འཁོར་ལས་ཀྱི་ནང་གི་སྦྱིན་སྲེག་གོ། །དྲུག་ཅུ་པ་ སོགས་བཟར་བཅས་པའི། །ཟན་དྲོན་ཤ་དང་ཉ་ཤ་དང་། །བར་དང་མཆོག་གི་ལྔ་པོ་ཡི། །གཏོར་མ་འབད་དེ་དབུལ་བར་བྱ། །ཐོད་པའི་ནང་དུ་ལེགས་བཞག་སྟེ། །དང་པོ་ཕྱག་རྒྱས་སྤྱན་དྲང་ངོ་། །གྱེན་དུ་ཕེཾ་གྱི་སྒྲ་སྒྲོགས་ཤིང་། །མིག་དང་གདོང་དང་ཡན་ལག་བསྒྱུར། །བཀུག་ ཅིང་བཀུག་ཅིང་ཀུན་མཆོད་ལ། །དཔའ་བོ་རྣལ་འབྱོར་མས་སྤྱན་དྲངས། །རྡོ་རྗེ་ཐལ་མོ་སྤྱི་བོར་དབྱེ། །རེག་པར་གྱུར་ན་འབྱུང་བར་འགྱུར། །དཔའ་བོ་རྡོ་རྗེ་རྣལ་འབྱོར་མ། །ཇི་བཞིན་ལས་ལ་སྦྱར་བར་བྱ། །མཚན་མོ་སྐྲ་གྲོལ་གཅེར་བུ་ཡིས། །བརྟུལ་ཞུགས་ཅན་གྱིས་གཏོར་མ་ སྦྱིན། །ཧེ་རུ་ཀ་དཔལ་རྣལ་འབྱོར་བདག །དེས་ནི་རྣལ་འབྱོར་མ་རྣམས་མཉེས། །གཏོར་མའི་ཆོ་གའོ། །ཕ་རོལ་ཕྱིན་པའི་རྒྱ་དྲུག་སོགས། །བྱང་ཆུབ་སུམ་ཅུ་རྩ་བདུན་ཉིད། །གནས་ལ་སོགས་པ་ས་བཅུ་དང་། །ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །གདན་དུ་བྱས་པའི་བདག་ ཉིད་ཅན། །དབང་བསྐུར་བ་ནི་དམ་པའོ། །དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་མངོན་སུམ་གནས། །མཉེས་བྱེད་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །དེ་ལྟར་ཕྱི་དང་ནང་གི་སྦྱིན་སྲེག་བྱ། །གཏོར་མའི་བྱ་བ་དང་། མཆོད་པའི་བྱ་བའི་ལས་མ་ལུས་ པར་བྱས་པའི་རྣལ་འབྱོར་གྱིས་སློབ་མ་མ་ལུས་པའི་ཚོགས་ཀྱི་བདག་ཉིད་མངོན་སུམ་དུ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །གཉིས་མེད་གཉིས་མེད་ རྣལ་འབྱོར་བདག །བྱང་ཆུབ་ཤེས་རབ་ཡན་ལག་སྤྲུལ། །མ་དང་དེ་བཞིན་ཕ་དག་དང་། །རྒྱལ་པོ་དང་ནི་རྒྱལ་རིགས་གཉིས། །ཐོད་པ་དེར་ནི་ལེགས་བཞག་པ། །སློབ་མའི་སྡིག་པ་འཇིག་བྱེད་པའོ། །སློབ་དཔོན་ཁས་ནི་དབང་བསྐུར་བ། །ཡིག་བདུན་ཀུན་མཁྱེན་གྱི་སློབ་མ། །བུ་ ཚུར་ཞེས་ནི་བརྗོད་བྱ་ཞིང་། །གོ་ཆ་ཆེ་ལ་སོགས་པས་བསྲུང་། །རྡོ་རྗེ་སེམས་སོགས་པས་གོ་བསྐོན། །དར་དཔྱང་དག་ཀྱང་བཅིང་བར་བྱ། །སེམས་ཅན་དམན་དང་མཆོག་དང་ནི། །སློབ་མ་ལ་སོགས་ཡིད་ཤེས་བྱ། །དངོས་གྲུབ་འདོད་པས་དངོས་ཀུན་གྱིས། །དང་པོར་སློབ་དཔོན་ མགུ་བར་བྱ། །སློབ་མ་ཡོངས་སུ་བརྟག་པའོ།། །།དེ་ནས་སློབ་མ་སོགས་བྱ་བ། །ལག་པས་ལག་པ་བཟུང་ནས་ནི། །ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བྱ་བས་དཔའ་བོ་བསྐུལ་བར་བྱའོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །སློབ་མའི་གསོལ་བའོ། །དོན་དམ་སྨྲ་བའི་སེངྒེ་རྣལ་འབྱོར་ཆེ་ཞེས་པ། ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་པ་ཉོན་མོངས་གཅོད་མཛད་ལྷའི། །རྣལ་ འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་མངོན་དུ་ཕྱོགས་པར་བྱས་ལ། ཨོཾ་ན་མཿསྟེ་ཧཱུཾ། ན་མཿམི་ཧཱུཾ། མ་མོ་ན་མཿཧཱུཾ་སྭཱ་ཧཱ། ཞེས་བྱ་བས་སྐུ་གསུང་ཐུགས་ཀྱི་སྒོ་ནས་ཕྱག་བྱ་བ་སྔོན་དུ་འགྲོ་བས་ལན་གསུམ་ཕྱག་བྱས་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛོ་པ་སྠ་ན་ཡ་ཨཱཏྨ་ནཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཱཏྨ་ནཾ་བཛྲ་ཌཱ་ཀི་ནི་ཨ་དྷི་ཏིཥྛི་སྭཱ་མཾ་ཞེས་བྱ་བས་ལུས་ ཐམས་ཅད་ཀྱིས་ཕྱག་བྱེད་དུ་གཞུག་གོ། །དེ་ནས་གཡོན་ཕྱོགས་སུ་དེ་སྙིང་གར་ཐལ་མོ་སྦྱོར་དུ་བཅུག་ལ་ཤར་ཕྱོགས་ཀྱི་སྒོ་ནས། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནཱིརྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཱཏྨ་ནཾ་བཛྲ་ལཱ་མི་རཏྣ་ཨ་བྷི་ཥིཉྩ་ཏུ་མཱཾ། དེ་ ནས་བྱང་ཕྱོགས་ཀྱི་སྒོར་ཐལ་མོ་དེ་ཉིད་དཔྲལ་བར་བཞག་ལ་ཕྱག་བྱེད་དུ་གཞུག་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཱཏྨ་ནཾ་བཛྲ་ཁཎྜ་རོ་ཧིརྱ་པྲ་བརྟ་ཡ་མཱཾ། དེ་ནས་ནུབ་ཕྱོགས་ཀྱི་སྒོར་ཐལ་མོ་དེ་ཉིད་མགོར་བཞག་ལ་ཕྱག་བྱེད་དུ་གཞུག་ སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛ་ཀརྨ་ཀ་ར་ཎ་ཡ་ཨཱཏྨ་ནཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཱཏྨ་བཛྲ་རཱུ་བི་ནིརྱ་ཀརྨ་ཀུ་རུ་མཱཾ། ཕྱག་བཞིའོ། །དེ་ནས་ལྷོར་ནི་ཕྱོགས་བྱས་ཏེ། །སློབ་མའི་ལག་ནས་བཟུང་ནས་ནི། །བདེ་མཆོག་སྡོམ་པའི་ཆོ་ག་བཞིན། །ཐམས་ཅད་བརྗོད་དེ་སྦྱིན་པར་བྱ། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་འོངས་པའི། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་གྲགས་སོ། ། སློབ་དཔོན་ཁྱོད་ཀྱིས་གཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་ སྦྱིན། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་བཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ ཀྱང་ཅི་ནུས་བྱ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །གང་ཕྱིར་རྒྱུད་ལས་གསུངས་པ་རྣམས། །བློ་ཆེན་ཁྱོད་ཀྱིས་རྟག་ཏུ་ནི། །དངོས་གྲུབ་ཕྱིར་ནི་བསྲུང་བར་བྱ། །དམ་ཚིག་བསྒྲགས་པའོ། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་ བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་ པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་གཏང་ངོ་། །རྡོ་རྗེའི་རིགས་མཆོག་ ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་ བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་ནི་བསྒྲལ་པར་བགྱི། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབྱུགས་མ་ཕྱུང་བ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ ལ་དགོད། །སྡོམ་པ་གཟུང་བའོ། །དེང་ཁྱོད་དཔའ་པོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་དམ་ཚིག་བླུད་པ་ནི། །ག་བུར་ཙནྡན་ལྡན་པ་དང་། །བདེ་བའི་མེ་ཏོག་ཆུར་བཅས་པ། །སངས་རྒྱས་ཀུན་དང་མཁའ་འགྲོ་མའི། །སློབ་མ་བློ་གྲོས་བརྟན་པ་ལ། །བླངས་ཏེ་རྒྱུན་གྱིས་དེ་ལ་སྦྱིན། །ཐོབ་པ་ ལེགས་པར་སྦྱངས་ནས་ནི། །གཟི་མདངས་བཅས་པས་འདི་སྐད་བརྗོད། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འཐོབ། ཨོཾ་སརྦ་པཉྩ་ཨ་མྲྀ་ཏོད་ཀ་ཋ་ཋ་ཧཱུཾ། དེང་ནས་བརྩམས་ཏེ་ཁྱོད་ ཀྱི་དཔལ་ཧེ་རུ་ཀ་ང་ཉིད་ཡིན་གྱིས། །གང་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤོངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་སྨྲར་གཞུག་གོ། །ཐང་ཆུ་ལྔ་རྩི་ལེགས་སྦྱར་བའི། །བསྐུས་ཤིང་གོས་ནི་ལེགས་བརྡུངས་དང་། །བྱི་ལའི་སྟུག་པ་ཉིད་དང་ནི། །གུ་གུལ་ལྷན་ཅིག་སྦྱར་ནས་ནི། །པདྨའི་སྣོད་དུ་གཞག་ནས་སུ། །ཡི་དགས་མེ་ ཡིས་གདུང་བར་བྱ། །གཉིས་མེད་གཉིས་མེད་སྔགས་ཀྱིས་ནི། །འགྱིང་བཅས་འདུག་སྟེ་གཟི་ལྡན་པ། །སྔར་བཤད་རྒྱན་དང་ལྡན་པ་དང་། །དེ་བཞིན་གོ་ཆ་བགོས་ནས་ནི། །འཁོར་ལོ་ཀུན་གྱི་དཔའ་བོ་དང་། །རྣལ་འབྱོར་མ་རྣམས་དེ་སྙིང་གཞུག །གཡས་བརྐྱང་པ་ ལ་ལེགས་བསྡམས་པས། །གཉིས་མེད་སྔགས་ནི་བརྗོད་ནས་ནི། །གདུག་པ་དེ་དང་གསང་སྔགས་ཀྱིས། །སྐད་ཅིག་དེ་ཉིད་དག་ལ་འཇུག །ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བྱ་བ་འདིས་དཔའ་བོ་བསྐུལ་བར་ བྱའོ། །དེ་ནས་ལག་པ་གཟུང་བ་ཡིས། །མིག་ཕྱེ་ནས་ནི་བལྟ་བར་བྱ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། ཨོཾ་བཛྲ་ནེ་ཏྲ་ཡ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱིཿ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་ འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཕུན་ཚོགས་ཁྱོད་མངོན་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །གང་དུ་མེ་ཏོག་ལྷུང་གྱུར་པ། །དེ་ ཡི་གནས་སོགས་བསྟན་པར་བྱ། །སློབ་མ་གཞུག་པའོ།། །།སྣ་ཚོགས་པདྨའི་ལྟེ་བར་གཞུག །གཉིས་མེད་གཉིས་མེད་པང་ན་གནས། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སྤྱོད་དང་གྲོལ་བ་རབ་སྩོལ་བ། །ཀུན་མཁྱེན་ཀུན་མཛད་གཙོ་བོ་སྟེ། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། ། རྣལ་འབྱོར་མ་ལ་སོགས་པའི་ཚོགས། །གྲུབ་པའི་རྣལ་འབྱོར་མ་ལྔ་པོ། །ཐོད་པའི་དུམ་བུ་ལ་སོགས་ཀུན། །འཁོར་ལོ་མཁའ་ལ་སྤྱོད་པས་བསྐོར། །རབ་གཏུམ་མོ་སོགས་ཡང་དག་འཁྱུད། །གཉིས་པོ་ཐུགས་ཀྱི་སྤྲུལ་པ་ཡིན། །མྱུ་གུ་ཅན་ལ་སོགས་པ་ཀུན། །རྣལ་འབྱོར་མ་ བརྒྱད་གཉིས་སུ་མེད། །གསུང་ནི་རྣམ་དག་ངོ་བོ་ཡིས། །མི་ཡི་འཇིག་རྟེན་དག་ཏུ་ཁྱབ། །སྟོབས་པོ་ཆེ་སོགས་པང་གནས་པ། །གྲུབ་པས་ས་འོག་གནས་པ་ཡིན། སྐུ་ཡི་སྤྲུལ་པར་བཤད་པ་སྟེ། །ཆགས་པ་ཀུན་གྱིས་རྗེས་སུ་ཆགས། །ཧེ་རུ་ཀ་དཔལ་སོགས་འཁོར་ ལོ། །གཡོན་ནས་འཁྱུད་ཅིང་ནུ་མ་འཛིན། །སྐུ་གསུམ་ཞེས་བྱའི་སྤྲུལ་པ་སྟེ། །འབྲིང་དང་མཆོག་དང་ཐ་མའོ། །ཁྭ་ལ་སོགས་པ་བརྒྱད་པོ་ཡི། །གཟུགས་ནི་སྒྱུ་ཡིས་ཡང་དག་བསྟན། །ཁྲོ་བོ་རྣམ་རྒྱལ་ལ་སོགས་བརྒྱད། །བྱང་ཆུབ་སུམ་ཅུ་རྩ་བདུན་སྤྲུལ། །མཁའ་ ལ་སྤྱོད་དང་ས་ལ་སྤྱོད། །ས་འོག་དག་གི་མ་མོ་བརྒྱད། །བརྒྱད་གཉིས་མཆོད་པའི་ལྷ་མོ་ཡིས། །ལྷ་རྣམས་དེ་ཉིད་མཚན་པ་ཡིན། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ།། །།དེ་ནས་སློབ་མས་བླ་མ་ཡི། །ཞབས་ལ་དད་པས་ཕྱག་འཚལ་ཏེ། །ཐལ་སྦྱར་ཡོན་ནི་ཕུལ་བ་ཡིས། ། དབང་བསྐུར་དོན་དུ་གསོལ་བ་གདབ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སོགས། །དེ་བཞིན་བདག་ལ་དེ་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་ དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །འཇུག་པ་སྒོ་ཡི་ལྷོ་ཕྱོགས་སུ། །ཧེ་རུ་ཀ་དཔལ་བདག་ཉིད་སེམས། །པདྨ་འདབ་བརྒྱད་སྟེང་དུ་ནི། །སེང་གེའི་ཁྲི་སོགས་ལ་བཞག་སྟེ། །སློབ་མ་གཉིས་མེད་སྦྱོར་ལྡན་པ། །སྣ་ཚོགས་སྟན་ལ་བཞག་ནས་ ནི། །གཉིས་མེད་ཡེ་ཤེས་སེམས་ལྡན་གྱིས། །མེ་ཏོག་དབང་བསྐུར་ལ་སོགས་པ། །ཐམས་ཅད་ཆོ་ག་བཞིན་སྦྱིན་ཞིང་། །དཀྱིལ་འཁོར་ལུས་ནང་ཆུད་པར་བྱ། །ཕྱག་རྒྱ་ལྔ་ལ་སོགས་པའི་ལུས། །ཧེ་རུ་ཀ་དཔལ་བདག་ཉིད་སྤྲུལ། །སྤྱོད་དང་བརྟུལ་ཞུགས་བརྟན་པ་དང་། །དེ་བཞིན་ གཉིས་མེད་ཚངས་སྤྱོད་བསྟན། །སྟེང་དུ་གདུགས་དཀར་བཟུང་ནས་ནི། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །བཀྲ་ཤིས་སྒྲ་ཡི་གང་བ་ཡིས། །གླུ་ལེན་རོལ་མོ་སྙན་པ་ཡི། །ཧེ་རུ་ཀ་དཔལ་བདག་ཉིད་སྤྲུལ། །རབ་ཏུ་འབད་དེ་མཆོད་པར་བྱ། །དབང་བསྐུར་བར་གསོལ་བའོ། ། རྣལ་འབྱོར་པ་ཡིས་ཡུངས་ཀར་ནི། །ཆོ་ག་བཞིན་དུ་ཡོངས་བཟླས་པས། །གསང་སྔགས་བརྗོད་ཅིང་བརྡེག་པ་སྟེ། །ཧེ་རུ་ཀ་དཔལ་སོགས་གཉིས་མེད། །བཟླས་ནས་དཀྱིལ་འཁོར་ཐམས་ཅད་ནི། །དཀྱིལ་འཁོར་གླུ་ཡིས་གླུ་ལེན་ཅིང་། །གཉིས་མེད་ཡེ་ཤེས་གཟིགས་པ་ རྣམས། །ཐམས་ཅད་ཆོ་ག་བཞིན་དབང་བསྐུར། །ཡང་ན་སྔར་གྱི་ཆོ་ག་ཡིས། །རྣམ་རྒྱལ་བུམ་པ་བཏེག་པར་བྱ། །འདབ་མའི་རྩེ་མོས་བླངས་ནས་ནི། །སྔ་མ་བཞིན་དུ་དབང་བསྐུར་ཞིང་། །གསང་སྔགས་ཉི་ཤུ་གཉིས་པ་དང་། །སྔར་བསྙེན་པ་ཡི་སྔགས་ཀྱིས་ནི། །ཧེ་རུ་ ཀ་དཔལ་རྣལ་འབྱོར་ཆེ། །བརྟག་མི་དགོས་པར་འགྲུབ་པར་འགྱུར། །ཡང་ན་ནུས་པ་མེད་གྱུར་ན། །འཁོར་ལོ་ཀུན་གྱི་ལྷ་རྣམས་ནི། །གཉིས་སུ་མེད་པའི་ཡེ་ཤེས་ཅན། །ནམ་མཁའི་ཁམས་ནི་ཐམས་ཅད་དགང་། །སྔོན་མཛད་པ་ཡི་ཤུགས་ཀྱིས་ནི། །དགྱེས་པ་ཆེན་པོས་ ལེགས་བྱོན་ཏེ། །ཧེ་རུ་ཀ་དཔལ་ལ་སོགས་པ། །བསྒོམས་ནས་ཐམས་ཅད་དབང་བསྐུར་རོ། །བཀྲ་ཤིས་གླུ་ཡི་རྣམ་པ་དང་། །ཆང་དང་ཤ་ཁུའི་དགའ་སྟོན་གྱིས། །རྣལ་འབྱོར་མ་ཀུན་དཔའ་བོ་རྣམས། །གཉིས་མེད་ཡེ་ཤེས་དག་གིས་སྤྲུལ། །ལྷ་ཡི་རིགས་ཀྱིས་མཚན་ པ་ཡི། །མེ་ཏོག་ཇི་བཞིན་གཏོར་བར་བྱ། །མེ་ཏོག་ལྷུང་བ་བླངས་ནས་ནི། །སློབ་མའི་མགོ་ལ་བཅིང་བར་བྱ། །འདབ་མའི་རྩེ་དང་ལག་གཉིས་ཀྱིས། །སྔགས་པས་བུམ་པ་བཏེག་ནས་ནི། །ལུས་ནང་གཏོགས་པའི་དཀྱིལ་འཁོར་ནི། །ཆོ་ག་བཞིན་དུ་ཀུན་དབང་བསྐུར། །དེ་འོག་ རྣམ་རྒྱལ་བུམ་པ་དང་། །དྲིལ་བུ་སྒྲ་སྒྲོགས་གླུ་ཡིས་ནི། །དཔའ་བོ་རྣལ་འབྱོར་མ་སོགས་ཀུན། །བསྒོམས་ལ་ཐམས་ཅད་དབང་བསྐུར་རོ། །ཆུ་ཡི་དབང་བསྐུར་བྱིན་པ་ཡིས། །སྡིག་པ་ཐམས་ཅད་བཀྲུ་བར་བྱའོ། །དེ་ནས་རྡོ་རྗེ་རྒྱ་གྲམ་མགོར། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ། སངས་རྒྱས་ཀྲུན་གྱིས་བསྔགས་པ་ཡི། །དར་དཔྱང་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་འཁོར་ལོ་ཐམས་ཅད་ཀྱི་དཔའ་བོ་ལ་སོགས་པ་བརྗོད་དོ། །སྔགས་ཀྱིས་བསྐུལ་བའོ། །ལག་ཏུ་རང་མཚན་དེ་ཉིད་དང་། ། མཚན་མའི་དབང་བསྐུར་སྦྱིན་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ནི་དབང་བསྐུར་རོ། །དེ་ནས་འདིར་རང་གི་མཚན་མའི་དབང་བསྐུར་སྦྱིན་པར་བྱ་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཱི་ར་ས་མ་ཡ་སྟྭཾ། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །རྡོ་རྗེའོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ ཏུ་རྒྱལ་བ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །དྲིལ་བུའོ། །རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་བསྙེམས་པ་དང་སྒྲོས་གནོན་འཆང་། །གཉིས་མེད་གཉིས་ མེད་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ། །ཉི་ཤུ་རྩ་གཉིས་སྔགས་ཀྱིས་ནི། །སྔགས་ཀྱི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བྱ་བ་དང་། ཤྲཱིའི་སྒྲ་དང་བཅས་པས་མིང་གི་དབང་བསྐུར་ བ་སྦྱིན་པར་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧཱུཾ་ཧ་ཧ་ཧ་ཧ་ཧོ། །རྡོ་རྗེའི་བརྟུལ་ཞུགས་ སོ།། །།ཁ་ཊྭཱཾ་ག་དད་ཌ་མ་རུ་བཟུང་སྟེ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག། །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །དབང་ བསྐུར་བ་བདུན་ནོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་བོའི་ཚོགས། །ཤེས་རབ་ཐབས་ཀྱི་སྙེམས་ཆེན་གྱིས། །གར་མཆོད་བདེ་བའི་དགའ་སྔོན་གྱིས། །གར་རོ། །སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། ། དེས་ནི་བྲལ་བར་མི་འགྱུར་ཏེ། །ཕྲེང་བ་དེ་ནི་རྒྱན་ཡིན་ནོ། །ཕྲེང་བའོ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང་། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གླུའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་ གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོ། །དྲིའོ། །རྫོགས་སངས་རྒྱས་ལ་སྦོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །སྤོས་སོ། །ཆོས་ཀྱི་མིག་ནི་ལེགས་ གསལ་བ། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་བྱས་པ། །ཡེ་ཤེས་སྒྲོན་མས་སྣང་བར་གྱིས། །མར་མེའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿཐུར་མའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་ དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་སྲས་སྐྱེ། །མེ་ལོང་ངོ་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །འཁོར་ལོའོ། །ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་ པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །དུང་ངོ་། །དེ་དག་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དོ། །ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱེད་དང་གནོད་སོགས་དང་། །གསོད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་ རྣམས་ནི་གྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་གྱིས། །གནང་བའོ། །ནང་པར་སྔར་ལངས་སེམས་བདག་ཉིད། །མ་ལུས་ལས་ནི་བྱས་ནས་ཀྱང་། །བསྲུང་དང་བཟའ་ལ་ སོགས་པ་ཡི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ་། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང་། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླས་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་ འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བར་ནི། །གཉིས་མེད་གཉིས་མེད་འཁོར་ལོར་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་ མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤང་ཞིང་། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་བ་མཚོན་ཆ་དང་། །མཚན་མ་འགོམ་ པར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་གི་མ་ཁྱོད་ བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་བྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་པ་སྔོན་འགྲོ་བའི། །ནཱ་ད་ལ་སོགས་སྔོན་འགྲོ་བས། །ཚངས་པར་སྤྱོད་པ་ཤིན་ཏུ་ བསྲུང་། །དམ་ཚིག་དེ་ལ་རྟག་ཏུ་བསྲུང་། །དེ་སྔོན་འགྲོ་བ་སྦས་པའི་གནས། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་འབྱུང་འགྱུར། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །ཇི་ལྟར་བདག་ནི་བགྱིད་པར་འཚལ། །དམ་ཚིག་དང་སྡོམ་པ་བསྲུང་བའོ།། །། འདིར་དབང་བསྐུར་བའི་སློབ་མ་ནི། །ལག་ནས་བཟུང་ནས་གཟི་བཅས་པས། །གཉིས་མེད་ཡེ་ཤེས་བླ་མེད་པ། །མ་ལུས་དོན་ནི་ཀུན་བརྗོད་བྱ། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་ལ་རྟག་མནོས་ལ། །འདོད་པ་ལྔ་ནི་སྤྱད་པར་གྱིས། ། གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡ། །གཉིས་མེད་པ་དང་ཐོགས་མེད་པ། །དམ་ཚིག་སྤྱོད་པའི་སྤྱོད་པ་བྱ། །སྣ་ཚོགས་དབང་ཕྱུག་ལེགས་སྤྱད་ཅིང་། །ཚངས་པར་སྤྱད་པའང་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་སྤྱད་པ། །སྒྲུབ་པ་པོས་ནི་ཡོངས་སུ་ བསྲུང་། །རྟག་ཏུ་སྒྲུབ་ལ་གནས་ནས་ནི། །ཡུལ་ཀུན་ལ་ནི་རྣལ་འབྱོར་པའི། །གཉིས་མེད་གྲུབ་པའི་རྣལ་འབྱོར་མ། །མི་བརྟན་སྲོག་ནི་ཇི་སྲིད་པར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགའ་བར་ནི་ལོངས་སྤྱོད་ཅིག །ཧེ་རུ་ཀ་དཔལ་ རྣལ་འབྱོར་ཆེར། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཀུན་གྱི་གནས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་ པས། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །བསྲུང་བའི་དམ་ཚིག་གོ། །།གཡོན་པ་ཡིས་ནི་ཆོས་གོས་མཐའ། །གཡས་ཀྱིས་མི་འཇིགས་དབུགས་འབྱིན་པ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །འཁོར་ལོ་ཐམས་ཅད་རྣམ་པར་གནས། །ཧེ་རུ་ ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཧེ་རུ་ཀ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ། གང་ལ་ཚིགས་སུ་བཅད་པ་འདིས་དོན་ཡོད་པར་གྲུབ་པའི་ཕྱག་རྒྱས་གནས་པ་ལས་མཆོག་ཏུ་གསང་བའི་ཆོ་གས་མགྲིན་གཅིག་ཏུ་རྒྱལ་བ་རྣམས་ཀྱིས་ལུང་སྟོན་པར་མཛད་དོ། །ལུང་བསྟན་པ་དང་གཟེངས་བསྟོད་པའོ།། །།ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་ བསྟན་པ་དང་། །དེང་ནི་བདུད་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིས། །དེང་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་ནི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་ གཡོ་ཀུན་གྱི་དམ་ཚིག་ཡིན། །དབུགས་དབྱུང་བའོ།། །།རྟ་དང་གླང་པོ་ཤིང་རྟ་ནོར། །ནོར་བུ་བྱི་རུ་མུ་ཏིག་སོགས། །ཡོན་གྱི་མཆོག་ནི་བླངས་པ་རྣམས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །དེ་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་ཕུལ་བ་ལགས། །རང་གི་སློབ་མར་ གྱུར་པ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །སློབ་མ་གུས་པ་མེད་པ་ཡིས། །དངོས་གྲུབ་རིང་བར་ཐེ་ཚོམ་མེད། །མོས་པ་ཀུན་གྱིས་སློབ་མ་ཡིས། །དང་པོར་ཡོན་གྱི་བྱ་བ་ཡིན། །གལ་ཏེ་ལྷ་ནི་མཉེས་འདོད་ན། །འབད་དེ་བླ་མ་མཉེས་པར་བྱ། །དཔའ་བོ་ཇི་བཞིན་རིག་དེ་བཞིན། ། རིག་པ་ཇི་བཞིན་བླ་མ་འདྲ། །དཔའ་བོ་རིག་དང་བླ་མ་ལ། །མཆོད་པའི་འབྲས་བུ་མཉམ་པ་ཡིས། །སློབ་དཔོན་གྱི་ནི་ཡོན་ཡིན་ནོ། །དེ་བས་འདིར་ནི་མདོར་བསྡུས་ནས། །མེ་ཏོག་ལྡན་ཞིང་ཤིན་ཏུ་བསླབས། །ཤིན་ཏུ་གསང་བའི་ས་ཕྱོགས་ནི། །ཁམས་ལྔ་དང་ནི་ཡང་དག་ ལྡན། །ཕྱེ་མར་བྱས་ཏེ་དེ་ཐམས་ཅད། །རྡོ་རྗེ་ལམ་དུ་བྱུག་པར་བྱ། །ཀུན་དུ་དགའ་ལ་སོགས་པ་བཞི། །འཁོར་ལོ་ཀུན་བདག་རྣལ་འབྱོར་ལྡན། །འདོད་ཆགས་ཆོས་ལས་བྱུང་བའི་མགོན། །ཆགས་པ་ཀུན་གྱིས་རྗེས་ཆགས་པས། །པདྨའི་སྣོད་དུ་ལག་གཞག་སྟེ། ། རྣལ་འབྱོར་མ་ནི་འདི་སྐད་སྨྲ། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་ཐར་གནས་བུད་མེད་ཀུན། །གུས་དང་བཅས་པས་མཆོད་པ་དང་། །གཉིས་མེད་ཚུལ་གྱིས་ཙུམ་པ་ན། །དཔའ་བོ་ཁྱོད་ནི་སྤྲོར་གྱུར་ཏམ། །སྨྲོས་ཤིག་དཔའ་བོ་བདེ་བ་ ཆེ། །ཅི་གསུངས་དམ་ཚིག་བསྟེན་པར་ནི། །ལྷ་མོ་བདག་གིས་བྱེད་པར་ནུས། །པདྨ་རྒྱས་པར་བྱས་ནས་ནི། །སྐྲ་བཤིགས་གོས་དང་བྲལ་བྱས་ནས། །མེ་ཏོག་ཆུན་ལྡན་དཔའ་བོ་ཡིས། །རྣལ་འབྱོར་མ་ལ་རྡོ་རྗེ་སྦྱིན། །དེང་ནས་བརྩམས་ཏེ་བུ་ཁྱོད་ནི། །བརྟུལ་ཞུགས་བཟང་པོས་ འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། དམངས་རིགས་ཐ་མ་དག་སྤྱད་ཅིང་། །བྷ་ག་པདྨར་ཙུམ་པ་ན། །བདུད་རྩི་ལྔ་ནི་བསྒྲུབ་པར་བྱ། །རྣལ་འབྱོར་མ་ཡི་རྐང་གཡོན་ནི། །ལུང་བསྒོ་བར་ནི་སྤྱི་བོར་གཞག །རྡོ་རྗེ་རྣལ་འབྱོར་མ་དཔའ་བོ། །གཉིས་མེད་ཡེ་ཤེས་སེམས་ ལྡན་ལ། །དཔའ་བོ་ལས་བྱུང་བྱང་ཆུབ་སེམས། །རྒྱུན་གྱིས་དབང་ནི་བསྐུར་བར་བྱ། །འདི་ནི་བྱང་ཆུབ་འགྲུབ་རྣལ་འབྱོར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་བདག་སྦྱོར་བས། །ཡང་དག་བདེ་བ་མྱོང་བར་གྱིས། །གཉིས་མེད་ཡེ་ཤེས་དབང་བསྐུར་ནི། །གསང་བ་ ཀུན་ལ་སོགས་པར་བཤད། །འདི་དག་ཐམས་ཅད་གསང་བ་ཆེ། །དབང་བསྐུར་བ་ནི་མཆོག་གི་གནས། །ཡོན་དང་དད་པ་སྔོན་འགྲོ་བས། །དེར་ནི་ཕྱག་རྒྱ་གཏད་པར་བྱ། །དེ་ནས་ཇི་སྐད་བཤད་པ་ཡི། །ཆོ་གས་སྦྱིན་སྲེག་ལས་བྱ་ཞིང་། །རྣལ་འབྱོར་མ་ལ་གཏོར་མ་སྦྱིན། །མཁའ་ འགྲོ་མ་ནི་མཆོད་འགྲུབ་འགྱུར། །སངས་རྒྱས་ཞིང་སོགས་ཞིང་རྣམས་ལ། །ཁྱད་པར་དུ་ནི་སྦྱིན་ལ་སྤྱོད། །དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང་། །བྲམ་ཟེ་གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་གཅིག་དང་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་ གཉིས་དག་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། ། རྣལ་འབྱོར་རྩ་བའི་ཆོས་ལ་ནི། །ཞིང་བཟང་པོ་ལ་ས་བོན་བཏབ། །མཚམས་མེད་པ་དང་སྡིག་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །མངོན་པར་ཞུགས་པ་ཙམ་གྱིས་ནི། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །སྦྱིན་བདག་བཟང་པོ་རྣལ་འབྱོར་པ། །རིམ་གྱིས་མྱུར་དུ་ བྱང་ཆུབ་འཐོབ། །མེ་ཏོག་ཆུ་ཡི་དབང་བསྐུར་དང་། །ཅོད་པན་རྡོ་རྗེ་བདག་པོ་དང་། །མིང་དང་གསང་སྔགས་བརྟུལ་ཞུགས་དང་། །གནང་དང་དམ་ཚིག་སྤྱོད་པ་དང་། །དེ་བཞིན་ལུང་བསྟན་དབུགས་དབྱུང་དང་། །གསང་དང་ཕྱག་རྒྱ་གཏང་བ་དང་། །དབང་བསྐུར་འདི་རྣམས་ཐོབ་པ་ནི། ། སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །དབང་བསྐུར་བ་བཅུ་བཞི་པའོ། །གཡས་དང་གཡོན་གྱི་ལོགས་སུ་ནི། །བསྐོར་ལ་དེ་ནས་འཇུག་པར་བྱ། །ལོངས་སྤྱོད་རྫོགས་པ་བཟུང་ནས་ནི། །གཉིས་མེད་ཡེ་ཤེས་ངལ་བསོའོ། །ཚོན་ལ་སོགས་པའི་དངོས་པོ་ཀུན། །ནང་པར་ཐོ་རངས་བསྡུ་བར་ བྱ། །བསྡུས་ནས་གསེར་གྱི་བུམ་པར་ནི། །བཅུག་ནས་ཆུ་བོ་ཆེན་པོར་དོར། །བུམ་པ་ཐམས་ཅད་བསྡུས་ནས་ནི། །སྔོན་བཞིན་དུ་ནི་དགའ་སྟོན་བྱ། །དེ་ནས་བདུད་རྩི་ལྔ་སོགས་དང་། །སྦྱར་བས་ས་ནི་བྱུག་པར་བྱ། །སྔར་གྱི་རྫས་ཀྱི་ལྷག་མ་རྣམས། །གཉིས་མེད་ཡེ་ཤེས་སྦྱིན་སྲེག་ བྱ། །མཛའ་བོ་སྡུག་དང་རིགས་མཐུན་བཅས། །སྣོད་གྱུར་སྐྱེ་བོ་གཉིས་མེད་དང་། །བཀྲ་ཤིས་གླུ་ཡི་རྣམ་པ་དང་། །རྡོ་རྗེ་དྲིལ་བུས་རོལ་པ་བྱ། །སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་འདུལ་བར་ལྡན། །འོད་ཟེར་རྣོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་ རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་སྔགས་པ་ལྷན་ཅིག་གར་བྱེད་དོ། །ཧ་ཧ་ཧི་ཧི་ཧུ་ཧུ་ཧོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ བུདྡྷ་ཤྲཱི་ཤཱནྟི་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། སླད་ཀྱིས་པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང་། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་ཧོ་མ་བི་དྷིཿ། བོད་སྐད་དུ། དཔལ་བདེ་མཆོག་ འཁོར་ལོའི་སྦྱིན་སྲེག་གི་ཆོ་ག །བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སྔོ་སེར་དམར་པོ་མརྐཏ་ལྗང་གུའི་སྐུ་འཆང་སྤྱན་གསུམ་ཅན། །དབང་ཆེན་ལ་སོགས་ཕྱོགས་བཞིའི་ཞལ་མངའ་ཤེས་རབ་དམར་སྤྱན་གསུམ། ཕྱག་གཉིས་ བགེགས་ཀྱི་ལྤགས་འཛིན་རྡོ་རྗེ་དྲིལ་བུ་གཉིས་ན་འཆང་། །ཕྱག་གཞན་ཕྱག་མཚན་བརྒྱད་པོ་འཛིན་པ་བདེ་བ་མཆོག་གིས་སྲུངས། །ཐོག་མར་བདེ་མཆོག་འཁོར་ལོ་ཡི། །རྣལ་འབྱོར་མ་ཡི་རྒྱུད་ལས་ནི། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །སྦྱིན་སྲེག་རིམ་པ་བདག་ གིས་བཤད། །དཀྱིལ་འཁོར་དག་ནི་སྒྲུབ་དུས་སུ། །སྦྱིན་སྲེག་གིས་ནི་ཚིམ་པར་བྱས། །གསང་སྔགས་མ་བཟླས་མི་འགྲུབ་ལ། །སྦྱིན་སྲེག་མ་བྱས་འབྲས་མི་འབྱུང་། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །སྦྱིན་སྲེག་ལས་རྣམས་མེད་པ་ལས། །དངོས་གྲུབ་ འབྱུང་བར་མི་འགྱུར་རོ། །དེ་བས་འདིར་ནི་སྔགས་པ་ཡིས། །བརྩོན་པས་སྦྱིན་སྲེག་ལས་རྣམས་བྱ། །བླ་མེད་ནང་དང་ཕྱི་ཡི་སྟེ། །སྦྱིན་སྲེག་དག་ནི་གསུམ་དུ་འདོད། །གཞན་དག་ཞི་བ་ལ་སོགས་ལ། །སྦྱིན་སྲེག་དག་ནི་བཞི་རུ་འདོད། །དེ་ལ་བླ་ན་མེད་པ་དང་པོར་བརྗོད་པར་བྱ་ སྟེ། །རྣམ་རྟོག་མེད་པའི་སེམས་ཉིད་ནི། །ཐབ་ཁུང་སྒྲ་ཡི་མཚན་མ་དག །རྣམ་དབེན་མེ་ཡི་དབུས་སུ་ནི། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །སེམས་ལས་བྱུང་བ་མ་ལུས་པའི། །ཡམ་ཤིང་དག་གི་སྲེག་བླུགས་བྱ། །གཟུགས་ལ་སོགས་པའི་འབྱུང་བ་རྣམས། ། ཡམ་ཤིང་དུ་ནི་རབ་གྲགས་ཡིན། །པདྨ་ཐབ་ཁུང་ཡིན་པར་བཤད། །རྡོ་རྗེ་བླུགས་གཟར་ཡིན་པར་གྲགས། །རྟག་ཏུ་ས་བོན་སྲེག་བླུགས་ཀྱིས། །བླ་མེད་གནས་ནི་ཐོབ་པར་འགྱུར། །བླ་མེད་རྗེས་སུ་སྦྱོར་བ་ཡིས། །ཕུང་པོ་ལ་སོགས་བུད་ཤིང་བསྲེགས། །ཡེ་ཤེས་མེ་ནི་ སྐྱེས་གྱུར་པས། །ཕྱི་རོལ་བསྲེག་པ་བདག་མེད་ཡིན། །ཛྙཱ་ན་བཱ་ད་བས་བཤད་པ། །སྦྱིན་སྲེག་ཆོ་ག་ཕྱི་རིམ་པ། །སེམས་དང་སེམས་བྱུང་དག་ཡིན་ཏེ། །ཕུང་པོ་ལ་སོགས་བུད་ཤིང་བསྲེགས། །ཡེ་ཤེས་འབར་བ་བླ་མེད་འདོད། །སེམས་ཀྱིས་ཇི་ཙམ་བསམས་པ་དག ། ཕྱི་རོལ་སྦྱིན་སྲེག་ཡིན་པར་འདོད། །ཡེ་ཤེས་མེ་ལ་ཕུང་པོ་ཡི། །ཡམ་ཤིང་སྲེག་པ་བླ་མེད་ཡིན། །དེ་ནས་ཡང་ནང་གི་བརྗོད་པར་བྱ་སྟེ། ཉོན་མོངས་སེལ་བ་ཞི་བྱེད་ཡིན། །ཏིང་ངེ་འཛིན་ནི་རྒྱས་བྱེད་ཕྱིར། །རང་གི་ལྷ་ཡི་སྦྱོར་བས་བདག །ཇི་ལྟ་བར་ནི་སེམས་ཀྱིས་བྱ། །སྐྱེ་བའི་ལས་ ལས་རྣམ་གྲོལ་ཞིང་། །ཚེ་ནི་ཡང་དག་འཕེལ་བའི་ཕྱིར། །ཅི་འདོད་སྲེག་བླུགས་ལས་བྱ་བ། །ནང་གི་སྦྱིན་སྲེག་དག་ཏུ་བཤད། །ཇི་ལྟར་དུས་བཞིའི་རིམ་པ་ཡིས། །སྦྱིན་སྲེག་བཞི་ཡང་རབ་ཏུ་བཤད། །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་མངོན་སྤྱོད་ཤེས་པར་བྱ། །སྡིག་པ་འཇིག་ཕྱིར་ ཞི་བ་སྟེ། །བསོད་ནམས་ཡོངས་འཛིན་རྒྱས་པ་ཡིན། །ཆགས་པ་བསྒོམ་ཕྱིར་དབང་འགྱུར་ཏེ། །རྟོག་པ་ཟད་ཕྱིར་གསོད་པ་ཡིན། །དེ་ནས་ཡང་ཕྱིའི་བཤད་པ་བྱ་སྟེ། རྒྱུད་སོ་སོ་ལས་སློབ་དཔོན་ཐ་དད་པས་སྦྱིན་སྲེག་གི་ཆོ་ག་ཇི་སྐད་བཤད་པར་བྱ། འདི་ནི་རྣལ་འབྱོར་མའི་རྒྱུད་ལས་བསྟན་ ཏེ། བདག་གིས་འཁོར་ལོ་སྡོམ་པའི་མན་ངག་ཅུང་ཟད་ཙམ་བརྗོད་པར་བྱའོ། །དེ་ལ་ཐབ་ཁུང་ནི། སེམས་ཅན་དབྱེ་བས་མཐའ་ཡས་ཏེ། །རིགས་ཀྱི་དབྱེ་བས་ལྔ་རུ་འགྱུར། །ལས་ཀྱི་དབྱེ་བས་བཞི་རུ་འགྱུར། །ཐབ་ཁུང་རྣམས་ནི་དེ་ལྟར་བཤད། །ཞི་བ་ལ་ནི་ཟླུམ་ལ་དཀར། །རྒྱས་ལ་ སེར་པོ་དབང་ཆེན་ཏེ། །དབང་ལ་དམར་པོ་གྲུ་གསུམ་པ། །མངོན་སྤྱོད་ཟླ་བ་ཕྱེད་པ་ཡིན། །ཁྲུ་གང་ཚད་ནས་བརྩམས་ནས་ནི། །ཁྲུ་ནི་བཅུ་དྲུག་པ་ཡི་བར། །དེ་ཡི་ཚད་དུ་བརྐོས་ནས་ནི། །རང་གི་ཚད་དུ་བྱ་བ་ཡིན། །ཁྲུ་གང་ཚད་ཀྱི་ཐབ་ཁུང་ལ། །སོར་བཞི་དོར་བར་ཁ་ཁྱེར་སོར་བཞིས་བསྟོད། ། ཁྲུ་ཕྱེད་བརྐོས་ལ་དེ་བཞིན་དུ། །ཐམས་ཅད་ལ་ཡང་བལྟ་བྱ་སྟེ། །ཀུན་ཀྱང་རང་གི་ཁ་ཁྱེར་དུ་བྱའོ། །ཐབ་ཁུང་གི་དབུས་སུ་རྡོ་རྗེ་དང་ཟངས་གྲི་བྲིའོ། །ཐབ་ཁུང་གི་ནང་དུ་ཕྱོགས་བཞིར་ཁ་ཊྭཱཾ་ག་དང་དེ་བཞིན་གཤེགས་པའི་ཕྱག་མཚན་རྣམས་བྲིའོ། །ཁ་ཁྱེར་ལ་པདྨའི་སྟེང་དུ་ཟངས་གྲིའི་ ཕྲེང་བ། ཐབ་ཀྱི་ཕྱི་རོལ་དུ་གྲུ་བཞི་པ་སྒོ་བཞི་པར་དཀྱིལ་འཁོར་གྱི་ཐིག་བཏབ་སྟེ། འཁོར་ལོ་གསུམ་བྱིན་གྱིས་བརླབས་ལ། སྒོ་བཞི་དང་ལྡན་པ། དུར་ཁྲོད་བརྒྱད་དང་བཅས་པ། ཇི་ལྟར་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་གྱི་ཕྱག་མཚན་བཞིན་དུ་འདིར་ཡང་དེ་ལྟར་བལྟའོ། །ཤར་གྱི་སྒོ་ ལ་སོགས་པར་ལྕགས་ཀྱུ་ལ་སོགས་མཚན་པར་བྱའོ། །ཕྱིའི་དཀྱིལ་འཁོར་ལ། །པདྨ་ནགས་ཀྱི་ལྕུག་མ་དང་། །ཕྲེང་བ་དང་ནི་སྤྱི་བླུགས་དང་། །རི་དགས་པགས་པ་མདུང་རྩེ་གསུམ། །ཟླ་བ་ཕྱེད་པ་རྒྱལ་མཚན་དང་། །རལ་པའི་ཚོགས་དང་མིག་དང་ནི། །འཁོར་ལོ་དུང་དང་ དབྱུག་པ་དང་། །རལ་གྲི་ཕུབ་དང་མདུང་དང་ནི། །དྲིལ་བུ་བ་དན་རྨ་བྱ་དང་། །ར་སྐྱེས་ལྔ་ལྔ་བྱས་ནས་ནི། །ཤར་ཕྱོགས་སྣམ་བུ་དག་ལ་བྲི། །དེ་ལྟར་ཐབ་ཐམས་ཅད་བྱས་ནས། །ལས་དང་རྗེས་སུ་མཐུན་པའི་ཁ་ཁྱེར་བྱའོ། །ཞི་བ་ལ་ནི་རྡོ་རྗེས་མཚན་པའམ། འཁོར་ལོས་མཚན་པའོ། ། རྒྱས་པ་ལ་ནི་རིན་པོ་ཆེས་མཚན་པ། དབང་ལ་ནི་པདྨས་མཚན་པ། དྲག་པོ་ལ་ནི་རྩེ་གསུམ་པས་མཚན་པ་སྟེ། འདི་ལྟར་ལས་དང་རྗེས་སུ་མཐུན་པར་རང་རང་གི་མཚན་མས་མཚན་པའི་ཁ་ཁྱེར་བྱའོ། །ཤར་དུ་ཞི་བ་བྱ་བར་བཤད། །ལྷོ་ཕྱོགས་སུ་ནི་རྒྱས་པ་སྟེ། །དབང་གི་ལས་ནི་ནུབ་ ཏུ་བཤད། །གསད་པ་བྱང་དུ་བྱ་བ་ཡིན། །ཇི་ལྟར་ལས་དང་རྗེས་མཐུན་པར། །རྡུལ་ཚོན་གྱིས་ནི་རྫོགས་པར་བྲི། །ཡང་ན་མེ་ཏོག་དག་ཀྱང་རུང་། །ཐབ་ཁུང་དག་ནི་དེ་ལྟར་བྱ། །ཡམ་ཤིང་བུད་ཤིང་རྫས་ལ་སོགས། །མཚན་ཉིད་མེ་ཡི་རྟགས་རྣམས་ནི། །གཞན་དུ་རྒྱ་ཆེར་བཤད་པས་ ན། །འདིར་ནི་བདག་གིས་མ་བསྒྲགས་སོ། །མན་ངག་གཅིག་པུའི་རིམ་པ་དག །རྣལ་འབྱོར་རྒྱུད་ལས་གྲགས་པ་རྣམས། །མདོར་བསྡུས་ནས་ནི་ངེས་པར་ཡང་། །ཇི་ཙམ་ནུས་པ་བཤད་པར་བྱ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་ལུས་ཁྲུས་བྱས་ཏེ། །དྲི་ཞིམ་པོས་བདུགས་ལ། གུར་ གུམ་དང་། ཙནྡན་དང་། ཐལ་བ་བསྲེས་པས་ལུས་བྱུགས་ཏེ། ཇི་སྐད་བཤད་པའི་རྒྱན་བགོ་བར་བྱ་སྟེ། སྟག་གི་པགས་པ་བགོས་ཤིང་། །ཕྱག་རྒྱ་ལྔས་བརྒྱན་ཏེ། ན་རའི་རུས་པའི་རྒྱན་དང་ལྡན་པས་སེམས་ཅན་གྱི་དོན་རྟག་ཏུ་བྱའོ། །ཕྱི་རོལ་བཟློག་ཚུལ་འཆང་བ་ནི། ། དེ་ནི་ཞི་སོགས་ལས་རྣམས་ལ། །ཐུགས་ནི་ཞི་བར་ཤེས་པར་བྱ། །ཉི་མས་གདུངས་པའི་རྒྱ་མཚོ་ཚ། །གངས་ལྟར་ནང་གྲང་ཕྱི་རོལ་ཚ། །ཐུགས་རྗེ་ཆེན་པོའི་ཁྲོ་བོ་ཡིས། །དེ་བཞིན་འགྲོ་བ་ཚུལ་འདི་གསུངས། །དེ་ལྟར་བུའི་ལས་དང་རྗེས་སུ་མཐུན་པར་གོས་ཀྱི་བྱེ་བྲག་བགོ་བར་ བྱའོ། །དེ་ནི་སྒྲུབ་པ་པོའི་ལས་སོ། །དེ་ནས་རང་གི་ལྷའི་ང་རྒྱལ་བསྐྱེད་དེ། ཇི་ལྟར་བཤད་པའི་ལས་དང་རྗེས་སུ་མཐུན་པའི་གཟུགས་སུ་བྱས་ལ། ཞལ་བཞི་པ་དང་སྐུ་གསུང་ཐུགས་ཀྱི་ཕུར་བུའི་སྔགས་དང་། དེ་བཞིན་དུ་གསལ་བྱེད་ནི་ར་ཀྵ་རཀྵ་དང་། ཧཱུཾ་གསུམ་དང་ཕཊ་ནི་བརྗོད་པར་བྱའོ། ། གསང་སྔགས་དེ་ལས་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ། བགེགས་ཀྱི་ཚོགས་ཐམས་ཅད་བསྲེག་པར་བྱས་ནས། ཐལ་བ་དང་བགེགས་རྣམས་བསྲེགས་ཏེ། ཕྱོགས་བཅུར་བྱེར་བར་བསམ་མོ། །དེ་བཞིན་དུ་གཡས་བརྐྱང་བ་ལ་སོགས་པའི་སྟང་སྟབས་ཀྱང་བྱའོ། །འདི་ལྟར་བགེགས་ ཀྱི་ཚོགས་རྣམས་ཕུར་བུ་དང་། རྡོ་རྗེ་དྲ་བ་དང་། ར་བ་ལ་སོགས་པས་ཐབ་ཁུང་གི་ཐོན་ཁོར་བགེགས་མེད་པར་བྱ་སྟེ། ཐབ་ཁུང་བྱིན་གྱིས་བརླབས་པར་ཤེས་པར་བྱའོ། །ཡི་གེ་ཧཱུཾ་ངམ་རང་གི་ལྷའི་ཚོགས་ཀྱི་ཡི་གེ་གང་ཡང་རུང་བ་ལས་དང་རྗེས་སུ་མཐུན་པ་ལས་ཐབ་ཁུང་བསྐྱེད་ལ། དེའི་དབུས་ལྟེ་བ་ལ་ཡི་གེ་རེ་ཕ་འབར་བ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་པར་བྱས་ཤིང་བསྒོམས་ལ། དེའི་གྲྭ་གསུམ་ལ་ཨོཾ་ཨཱཿཧཱུཾ་ཡི་གེ་གསུམ་གྱིས་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་ས་འོག་དང་ས་བླ་མཐོ་རིས་ཀྱི་གཟུགས་པདྨ་དང་འཁོར་ལོ་དང་རྡོ་རྗེ་ གསུམ་བསྐྱེད་དེ། དབུས་སུ་རེ་ཕ་འབར་བ་ཡོངས་སུ་གྱུར་པ་མཐོང་བ་དང་། མཚན་མའི་ཡི་གེ་གསུམ་དང་། རེ་ཕ་ཡོངས་སུ་གྱུར་པ་ལས་འབར་བའི་དབུས་སུ་ཆུའི་དཀྱིལ་འཁོར་གནས་པ་ལ་ཁམས་གསུམ་གྱི་བདག་པོ་དཔལ་ཁྲག་འཐུང་བར་སྤྲོས་ཏེ། ཞི་བའི་དོན་དུ་པཱ་བ་ཀའི་མེ་ བསྒོམས་ལ་ཞི་བའི་གཟུགས་ཅན་དཀར་པོ་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། རལ་པའི་ཅོད་པན་ཅན་ཕྱག་གཡས་པ་གཉིས་ན་དབྱུག་ཐོ་དང་། མི་འཇིགས་པ། གཡོན་པ་ན་བགྲང་ཕྲེང་དང་། སྤྱི་བླུགས་འཛིན་པ། རྒྱན་དང་གོས་དཀར་པོ་བསྣམས་པ། །མཆོད་ ཕྱིར་ཐོགས་འཆང་བ། ལུས་ཐམས་ཅད་ལ་བདུད་རྩི་དཀར་པོའི་རྒྱུན་འབབ་པ། རལ་པ་ལ་མཁའ་འགྲོ་མ་གནས་པར་བསྒོམ་མོ། །དེ་བཞིན་དུ་རྒྱས་པ་ལ་ནི་ཁྱད་པར་དུ་མདོག་སེར་པོ། གོས་སེར་པོའི་རྒྱན་ཅན། དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ། ཡེ་ཤེས་ ཀྱི་མེས་སེམས་ཅན་ཐམས་ཅད་ལ་མཆོག་སྩོལ་བ། སྟོབས་དང་མདོག་དང་དཔལ་རྫོགས་པར་མཛད་པ་ཅོད་པན་དུ་བསྒོམ་མོ། །རིམ་པ་གཞན་ཡང་དབང་དང་དགུག་པ་ལ་འདོད་པའི་མེ་དམར་པོ་མེའི་དཀྱིལ་འཁོར་ལ་གནས་པ། གོས་དམར་པོས་བརྒྱན་པ། ཁཎྜ་རོ་ཧ་ཅོད་པན་ལ་གནས་པ། ཁྱད་པར་དུ་གཡས་གཡོན་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཞན་ནི་སྔ་མ་བཞིན་ནོ། །གསད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པ་མདོག་ནག་པོ་འཇིགས་པ་སྤྱན་ཟླུམ་པོ་ཧཱུཾ་གི་ས་བོན་ལས་སྐྱེས་པ་གོས་དང་རྒྱན་ནག་པོ་མི་རུས་ཀྱི་ཕྲེང་བས་ བརྒྱན་པ། ཟླ་ཕྱེད་ལྟ་བུར་འབར་བའི་དབུ་སྐྲ་གྱེན་དུ་བརྫེས་པ། གཟུགས་ཅན་མའི་ཅོད་པན་ཅན། །གཡས་ན་རལ་གྲི་འཛིན་པ། འཇིགས་བྱེད་ཆེན་པོ་ནག་པོ་འབར་བ་ལས་བྱ་རྒོད་དང་ཁྲ་ལ་སོགས་པས། ནམ་མཁའ་ཁྱབ་པར་བཀུག་སྟེ། གང་དང་གང་བྱས་པ་དེ་ཟོས་པར་བསྒོམ་ མོ། །རླུང་གི་མེས་ནི་གསད་པ་ལ་སོགས་པའི་ལས་བྱའོ། །མེ་ལྷའི་མཚན་ཉིད་དོ། །དེ་ལ་ཞི་བ་ལ་ནི་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་མེའམ། རྒྱུན་བཞག་གི་མེའམ། བྲམ་ཟེ་ཐ་མའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོ་དང་། བློན་པོ་དང་། དགོན་པ་དང་། རྒྱལ་རིགས་ཀྱི་ཁྱིམ་ ནས་བྱུང་བའི་མེས་བྱའོ། །དབང་ལ་ནི་སྨད་འཚོང་མ་དང་། རྗེའུ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེས་བྱའོ། །དགུག་པ་ལ་ནི་གར་མཁན་དང་། རོལ་མོ་བ་དང་། ལམ་དུ་བུས་པའི་མེས་བྱའོ། །གསོད་པ་ལ་ནི་རྡོ་ལས་བྱུང་བའི་མེའམ། གདོལ་པའི་ཁྱིམ་ནས་བྱུང་བའི་མེས་བྱའོ། ། ཐམས་ཅད་ཀྱང་དུར་ཁྲོད་ཀྱི་མེ་དང་། དུར་ཁྲོད་ཀྱི་སོལ་བར་ལྡན་པར་བྱའོ། །མེའི་མཚན་ཉིད་དོ། །དེ་ནས་མཆོད་ཡོན་སྣོད་གཉིས་ནི། །མ་ཆག་སྡུག་ཅིང་མཛེས་པ་ལ། ཆང་ངམ་ཡང་ན་སྦྱར་བའི་ཆང་། །མེ་ཏོག་ལྡན་པས་དགང་བར་བྱ། །དེ་ལ་བདུད་རྩི་ལྔ་པོ་ཡིས། །གཉིས་ཀ་ ཡང་ནི་བླུག་པར་བྱ། །ཡི་གེ་བདུན་པ་གཅིག་པུ་དང་། །གཉིས་པ་གནོད་མཛེས་རྒྱལ་པོ་དག །གཅིག་ནི་བརྒྱ་རྩ་བརྒྱད་པ་སྟེ། །གཉིས་པ་དག་ནི་བཞི་ཆ་ཡིན། །གནས་ལ་ལེགས་པར་བཞག་ནས་སུ། །གོས་ཀྱིས་བཀབ་སྟེ་མཆོད་པར་བྱ། །མཆོད་ཡོན་གྱི་སྣོད་ཀྱི་ཆོ་གའོ། །སྦྱིན་ སྲེག་ཡོ་བྱད་ཐམས་ཅད་ཀུན། །བདག་གི་གཡས་སུ་དགོད་པར་བྱ། །རྡོ་རྗེ་དེ་བཞིན་དྲིལ་བུ་དང་། །མཆོད་ཡོན་སྣོད་ནི་གཡོན་དུ་གཞག །དགང་གཟར་དང་ནི་བླུགས་གཟར་དང་། །མར་ནི་མདུན་དུ་གཞག་པར་བྱ། །ཐམས་ཅད་ཀྱང་ནི་བསངས་ནས་གཞག །འདི་ནི་རྫས་གཞག་པའོ། ། དེ་ནས་ཕྱི་རོལ་གྱི་མེ་བླངས་ལ། གནོད་མཛེས་ཀྱི་རྒྱལ་པོའི་གསང་སྔགས་ཀྱིས་ཀུ་ཤ་བླངས་ཏེ། །དེའི་ཆུས་ལན་གསུམ་བསངས་ལ། རྩྭ་སྐམ་པོ་གཙང་མ་དང་བཅས་པས་དག་པར་བྱས་ཏེ། བདུད་རྩི་ལྔས་བསྲེས་ཏེ་ཐབ་ཁུང་དུ་བཞག་སྟེ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཛྭ་ལ་ཧཱུཾ་ཧཱུཾ། གསང་སྔགས་འདི་དང་བཅས་པར་རླུང་གཡབ་ཀྱིས་གཡབ་སྟེ་ཐབ་ཏུ་མེ་སྦར་རོ། །དེའི་དབུས་སུ་དམ་ཚིག་སེམས་དཔའི་མེ་སྔར་བཤད་པའི་རྣམ་པར་བསམས་ཏེ། ཡེ་ཤེས་སེམས་དཔའི་མེ་སྔགས་དང་བཅས་པའི་ཕྱག་རྒྱ་འདིས་སྤྱན་དྲངས་ཏེ། ལག་པ་གཡས་པ་མི་འཇིགས་པར་ བྱས་ལ། མཐེ་བོང་སྲིན་ལག་གི་ཚིགས་ལ་བཀུག་པའི་ཐབས་ཀྱིས་སྤྱན་དྲང་ངོ་། །ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སཏྭ་མ་གྲྀ་ཧི་ཏྭ་ཡུ་དྷཾ་མ་ཧཱ་རསྨི་ཨ་སྨིནྶནྣི་ཧི་ཏོ་བྷ་བ། ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་པཱ་བ་ཀ །ཨགྣ་ཡེ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞི་བའིའོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་མ་ཧེནྡྲ། ཨགྣ་ཡེ་ མ་མ་པུཥྚིཾ་ཀུ་རུ་བཽ་ཥཊ་རྒྱས་པའིའོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀཱ་མ་ཨགྣ་ཡེ་མ་མ་ཨ་མུ་ཀཾ་བ་ཤིཾ་ཀུ་རུ་ཧོ། །དབང་གིའོ། །ཨོཾ་ཧེ་རུ་ཀ་མ་ཧཱ་བཛྲ་ཀྲོ་དྷ་ཨགྣ་ཡེ་ཛ་ཧི་ཀྲོ་དྷ་ཡ་ཧཱུཾ་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། མངོན་སྤྱོད་ཀྱིའོ། །མེ་ལྷ་འོངས་པ་དང་འཐོར་འཐུང་དང་ཉེ་རེག་བྱས་ཏེ་བཀུག་ལ་དམ་ ཚིག་གི་མེ་ལྷ་ལ་གཞུག་གོ། །དེ་ནས་མཆོད་ཡོན་གྱི་སྣོད་བླངས་ལ་བདུད་རྩི་ལྔ་དང་བསྲེས་ཏེ་ཐུགས་ཀ་ནས་ཞབས་བསིལ་དབུལ་ལོ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་པྲ་ཝཱ་ར་སཏྐཱ་རཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ལག་པ་གཉིས་ཀྱིས་ལན་གསུམ་ཨརྒྷ་འདི་དབུལ་ཏེ། ཨོཾ་མ་ཧཱ་མ་མ་ཡ་ཏད་ མ་གྲྀཧྣ་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། སྤྱན་དྲང་བའི་ཆོ་གའོ། །དེ་ནས་འཁོར་ལོ་གསུམ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཨཱཿཧཱུཾ་མགོ་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུའོ། །དེ་ནས་ཡན་ལག་དྲུག་ཏུ་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སེམས་མ་ལ་སོགས་པས་ཡིད་ཀྱིས་དབང་ བསྐུར་རོ། །ལཱ་སྱ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ། དར་དཔྱངས་དང་ཕྲེང་བ་ལ་སོགས་པ་བཅིངས་ཏེ་གོ་བསྐོན་ནོ། །དེ་ནས་མེ་ལོང་དང་སྨན་ལ་སོགས་པ་ཁྲུས་ཀྱི་ཡོ་བྱད་དང་། དྲིལ་བུ་དཀྲོལ་ཞིང་སྤོས་དང་རྫས་སྔ་མ་དང་བཅས་པ་ལ་ཡི་གེ་བརྒྱ་པ་ བཟླས་ཏེ་ཁྲུས་བྱའོ། །ཡི་གེ་བརྒྱ་པ་འདི་དག་སྟེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་མཁའ་འགྲོ་མ་ལ་སོགས་པ་བཞིའི་གསང་སྔགས་དང་། ཡི་གེ་ཉི་ཤུ་རྩ་གཉིས་ཀྱི་གསང་སྔགས་ཀྱིས་བཏབ་པའི་བུམ་པ་ལྔས་དབང་བསྐུར་རོ། །ཞི་བ་ ལ་ནི་མཁའ་འགྲོ་མའི་གཟུགས་ཅན་རྣམ་པར་སྣང་མཛད་དབུ་རྒྱན་དུ་བསམ་མོ། །རྒྱས་པ་ལ་ནི་ལཱ་མའི་ཚུལ་ཅན་རིན་ཆེན་འབྱུང་ལྡན་དབུ་རྒྱན་དུ་བསམ་མོ། །དབང་ལ་ནི་དུམ་སྐྱེས་མའི་ཚུལ་ཅན་སྣང་བ་མཐའ་ཡས་དབུ་རྒྱན་དུ་བསམ་མོ། །གསང་པ་ལ་ནི་གཟུགས་ཅན་མའི་ཚུལ་ ཅན་དོན་ཡོད་གྲུབ་པ་དབུ་རྒྱན་དུ་བསམ་མོ། །མེ་ལྷའི་ཞལ་དང་དགང་གཟར་གྱི་ཁ་ལ་རང་གི་བདག་པོའི་ས་བོན་གྱི་ཡི་གེ་དགོད་དོ། །དེ་ནས་ཨོཾ་ཌཱ་ཀི་ནཱི་ཛི་ནི་ཛི་ཀ་སྭཱ་ཧཱ། འདིས་མར་ལ་མངོན་པར་བསྔགས་ཏེ། དེ་བཞིན་དུ་རྒྱས་པ་ལ་ཡང་ལཱ་མ་དང་རིན་ཆེན་འབྱུང་ལྡན་ལ་སོགས་ པའི་སྔགས་ཀྱིས་གདབ་བོ། །དེ་ལྟར་མེ་འབར་བར་ཤེས་ནས་ཐོག་མར་བླུགས་གཟར་གྱིས་དགང་བླུགས་གསུམ། ཨོཾ་ཤྲཱི་ཧེ་རུ་ཀ་ཛྭ་ལ་ཛྭ་ལ་ཧཱུཾ་སྔགས་འདི་དང་བཅས་པར་དབུལ་ལོ། །དེ་ནས་མེ་འབར་བ་དང་མདོག་དང་སྒྲ་ལ་སོགས་པ་ལས་བགེགས་མེད་པར་ཤེས་ནས། བགེགས་ཐམས་ཅད་བཅིང་བར་བྱ་བའི་ཕྱིར་ཕྱོགས་བཞི་ནས་ཀུ་ཤ་དགྲམ་མོ། །ཨོཾ་ཨི་མེ་ཀུ་ཤ་ཤུ་བྷ་དིབ་བྱ་སུ་ར་བྲཧྨ་པ་བི་ཏ། ཏྲི་ན་རཏྣ་ཏྲ་ཡ་ར་ཏ་ཧི་དྷི་པྲྀ་ཐི་བི་ཛ་གརྦྷ། ཨ་བིགྷྣཾ་མ་མ་ཤཱནྟིཾ་ཀུ་རུ་བནྟུ་སྭཱ་ཧཱ། འདི་ལྟ་བུའི་རིམ་པས་རྩ་བ་དང་བཅས་པར་ཕྱུང་སྟེ། མདོག་ལྗང་གུའི་ མཚན་ཉིད་དང་ལྡན་པ་ཞི་བ་དང་རྒྱས་པ་ལ་སྦྱོར་རོ། །གཞན་རྣམས་ལ་ནི་མཉམ་པར་གཅད་པར་བྱའོ། །མེའི་རིམ་པ་ནི་ཤར་ནི་ཤར་གྱི་མདུན་ནས་ཏེ། ལྷོ་ནི་ལྷོའི་མདུན་ནས་སོ། །ནུབ་ནི་ནུབ་ཀྱི་མདུན་ནས་སོ། །བྱང་ནི་བྱང་གི་མདུན་ནས་སོ། །མེ་ཐབ་ཀྱི་ས་ཕྱོགས་ཀུན་དུ་ ཞལ་བཞི་པའི་སྔགས་ཀྱིས་མཆོད་ཡོན་གྱི་སྣོད་ལ་བསྔགས་ཏེ་བསང་ངོ་། །དེ་ནས་ཞལ་བཞི་པའི་སྔགས་སམ། །ཁཎྜ་རོ་ཧའི་གསང་སྔགས་གང་ཡང་རུང་བས་མདའ་དང་ཚོན་སྐུད་ལ་བཏབ་སྟེ། མདའ་བཞི་ཕྱོགས་མཚམས་སུ་བཙུགས་ལ་སྣ་ལྔའི་སྐུད་པས་ཡོངས་སུ་བསྐོར་ན་རྡོ་ རྗེའི་བཅིང་བ་བྱས་པར་འགྱུར་རོ། །ཀུ་ཤ་ལ་སོགས་པ་དགྲམ་པའི་ཆོ་གའོ། །དེ་ནས་མེའི་ལས་དང་རྗེས་སུ་མཐུན་པར་དངུལ་གྱི་སྣོད་དམ། པདྨའི་སྣོད་གང་ཡང་རུང་བ་མདུན་དུ་བསམས་ཏེ། ཡང་མཆོད་ཡོན་དང་ཞབས་བསིལ་དང་། འཐོར་འཐུང་བྱིན་ལ་དགང་བླུགས་དབུལ་ལོ། །དེ་ལ་ རིམ་པ་ནི་འདི་ཡིན་ཏེ། པུས་མོ་གཉིས་ཀྱི་ནང་དུ་ལག་པ་བཞག་སྟེ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་དགང་གཟར་བླངས་ལ། མཐེ་བོང་དང་མཐེའུ་ཆུང་བརྟན་པར་བཟུང་སྟེ། སོར་མོ་ལྷག་མ་རྣམས་ཡུ་བའི་སྟེང་དུ་བཞག་ལ་མར་གྱིས་ཡོངས་སུ་བཀང་བའི་དགང་བླུགས་བདུན་ ནམ་གསུམ་མམ་གཅིག་མེ་ལྷའི་སྔགས་ཀྱིས་མེ་ལྷའི་ཞལ་དུ་དབུལ་ལོ། །ཨོཾ་ཧེ་རུ་ཀ་ཨགྣ་ཡེ་ཨ་མུ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་རོ། །དེ་ནས་བསྲེག་པའི་རིམ་པ་བལྟ་བར་བྱ་སྟེ། དང་པོར་དགང་བླུགས་དབུལ། དེ་ནས་ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ དུའོ། །མར་ནི་ཞལ་དུའོ། །དེ་ནས་ཏིལ་དང་འབྲས་ཆན་དང་། ཞོ་ནི་ཕྱག་ཏུའོ། །དེ་ནས་ཀུ་ཤ་དང་དཱུར་བའི་མྱུ་གུ་ནི་སྤྱི་གཙུག་ལའོ། །དེ་ནས་ནས་དང་གྲོ་དང་འབྲས་དང་མོན་སྲན་གྲེའུ་རྣམས་ནི་ཞལ་ལའོ། །དེ་བཞིན་དུ་ཞི་བའི་རྫས་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ། །དྲི་ནི་ཐུགས་ཀར་རོ། ། མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འབར་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མཆོད་ཡོན་དང་འཐོར་འཐུང་ནི་ཕྱག་ལའོ། །མར་མེ་ནི་མདུན་དུ་སྟེ། དེ་དག་ནི་རིམ་པའོ། །དེ་ནས་སྡིག་པ་བསྲེག་པའི་ཕྱིར་དང་པོར་ཏིལ་གྱི་སྦྱིན་སྲེག་བྱ་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་ སྭཱ་ཧཱ། དེ་ནས་རྫས་ཐམས་ཅད་གསང་སྔགས་གཅིག་གིས་བྱའོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦྦ་བྷིསྨཾ་ཀུ་རུ་སརྦྦ་བིགྷྣཱཾ་ཧཱུཾ་ཕཊ། ཨ་མོ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡང་ན་ཨོཾ་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་ཏན་ནོ་བཱི་ར་པ་ར་ཛོ་ཏ་ཡ་ཡ་ཧཱུཾ། ཨ་མོ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ ཧཱ། ཡང་ན་རྒྱུད་གཞན་ལས་བཤད་པ་སོ་སོའི་སྤྱིའི་གསང་སྔགས་ཀྱང་རུང་ངོ་། །ཨོཾ་བཛྲ་ཨཛྙཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་ཨ་གྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་། པཱ་པཾ་ད་ཧ་ན་སྭཱ་ཧཱ། ཏིལ་དང་ཡུངས་ཀར་རྣམས་ ཀྱིའོ། །ཨོཾ་སརྦྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་ཟན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། དཱུར་བའི་མྱུ་གུའིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། གྲོའིའོ། །ཨོཾ་བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ། འབྲུའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་ སྭཱ་ཧཱ། མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའི་འོ། །ཨོཾ་མ་ཧཱ་ཤྲཱི་བྷ་ཡ་བྷ་ཡེ་སྭཱ་ཧཱ། སྟར་ཀ་དང་། བླ་གོར་ཞོ་ཤ་དང་། ཛཱ་ཏི་ཕ་ལ་རྣམས་ཀྱིའོ། །ཞུ་བའི་རྫས་ལྷག་མ་རྣམས་ཀྱི་ནི་མེའི་རང་གི་གསང་སྔགས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །ཨུ་དུམྺཱ་རའི་ཤིང་གི་ ཡལ་ག་ལ་སོགས་པ་ལྷག་མ་རྣམས་ལ་ནི། ཨོཾ་ལ་སོགས་པ་ནས་རང་གི་མིང་དང་མཐར་སྭཱ་ཧཱ་བཅས་པའི་རིམ་པས་སྦྱིན་སྲེག་བྱའོ། །རྫས་ཐམས་ཅད་ལ་བདུད་རྩི་ལྔ་དང་བསྲེས་ཏེ། སྦྱིན་སྲེག་བྱའོ། །དེ་ནས་མེ་ལ་འཐོར་འཐུང་དང་། བསང་གཏོར་ལ་སོགས་པ་བྱ་སྟེ། ཡེ་ཤེས་ཀྱི་མེ་ ལྷ་སྤྱན་དྲངས་ལ། སྙིང་ག་ནས་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་ནས་ནམ་མཁའ་ལས་བཀུག་སྟེ། ལས་མ་ལུས་པའི་གཞི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་ལྷ་ཇི་སྐད་བཤད་པའི་ལས་ཀྱི་རྒྱན་དང་། ན་བཟའ་དང་། ཇི་སྐད་བཤད་པའི་མདོག་དང་། ཕྱག་ཇི་ལྟར་གནས་པའི་ དཔལ་ཁྲག་འཐུང་གི་གཟུགས་བྱོན་པ་དང་། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་རྣམས་དང་། རང་གི་དམ་ཚིག་གི་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་སྤྱན་དྲང་ངོ་། །འཁྱུད་པའི་ཕྱག་རྒྱ་བཅིངས་ལ། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨེ་ཧྱེ་ཧི་བྷ་ག་བཱན། ཨི་ཧ་བཱཀྱ་ས་མ་ཡེ་མ་ཙ་པཉྫ་ཨི་ མྲྀ་ཏ་ཨརྒྷཾ་སཾ་པྲ་ཏཱིཙྪ་སྭ་བུ་ཙཾ་བི་ཏྲ་སི་ཏ་མེ། འདིས་ཐབ་ཁུང་གཡས་ཀྱི་དྲུང་དུ་བལྟས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཞབས་བསིལ་དང་མཆོད་ཡོན་དང་། འཐོར་འཐུང་དང་། ལྷ་བཤོས་དང་། ལཱ་སྱེ་ལ་སོགས་པས་ཡང་དག་པར་མཆོད་དེ། རྩ་ བའི་སྔགས་བརྒྱད་ཀྱིས་བསྟོད་དོ། །རྡོ་རྗེ་བཅིངས་ལ་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱའོ། །དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧོ་འདིས་མེ་ལྷའི་དམ་ཚིག་སེམས་དཔའི་ཞལ་དུ་ཐམས་ཅད་ ཀྱི་བདག་ཉིད་རབ་ཏུ་གཞུག་གོ། །དེ་ལྟར་སྔ་མ་བཞིན་དུ་མེ་ལོང་གི་ཐོག་ཏུ་ཁྲུས་བྱས་ལ་དབང་ལྔ་གསོལ་ཏེ། དར་དཔྱངས་དང་། ཕྲེང་བ་བཅིངས་ཏེ། ཡེ་ཤེས་སེམས་དཔའ་རང་གི་ཐུགས་ཀར་མཚན་མའི་དབུས་སུ་རང་གི་ཟླ་ཚེས་ཀྱི་ཡི་གེ་ལ་དཀྱིལ་འཁོར་མ་ལུས་པ་དྲུག་ཅུ་རྩ་གཉིས་ཀྱི་ལྷའི་རང་ བཞིན་མཐོང་བ་ལ་ཡང་མཆོད་ཡོན་ཕུལ་ཏེ། སྔ་མ་བཞིན་དུ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསངས་ཏེ། དེ་ནས་དགང་གཟར་བླངས་ལ་ཇི་ཙམ་ནུས་པའི་དགང་བླུགས་མེ་ལྷའི་ཞལ་དུ་དབུལ་ལོ། །དེ་བཞིན་དུ་བླུགས་གཟར་གྱིས་སྟོང་ངམ། བརྒྱ་རྩ་བརྒྱད་དམ། ཕྱེད་དམ། བཞི་ཆ་ཡང་རུང་ བསྲེག་གོ། །དེ་ནས་ཡང་དགང་བླུགས་གསུམ་དབུལ་ཏེ། འདི་ལྟར་དཀྱིལ་འཁོར་མ་ལུས་པ་ཀུན་ལ་བཅུ་ཆའི་སྦྱིན་སྲེག་བྱའོ། །ཐམས་ཅད་ལ་དགང་བླུགས་དང་སྤོས་དང་། དྲིལ་བུའི་སྒྲ་དང་ཡི་གེ་བརྒྱ་པ་གསུམ་མམ་གཅིག་བཟླས་ཏེ། མེ་ཏོག་ལ་སོགས་པ་དག་པ་དབུལ་ལོ། ། སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་སྦྱིན་སྲེག་བྱའོ། །དབྱངས་སྐྱོང་གི་གསང་སྔགས་སམ་ཡི་གེ་བདུན་པའམ། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་གསང་སྔགས་གང་ཡང་རུང་བ་ལས་འདི་ཞེས་བྱ་བ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་མཐར་གདགས་སོ། །རྒྱས་པའི་མཐར་ནི་ པུཥྚིང་ཀུ་རུ། བཽ་ཥཊ་དབང་གི་མཐར་རོ། །གསད་པའི་མཐར་ཕཊ། ཡང་དྲི་ཞིམ་པོ་ལས་བྱུང་བ་ཅི་ཡང་རུང་སྟེ། ཐམས་ཅད་བདག་གིས་ཁ་ཟས་ལ་སོགས་པ་འབྱོར་པའི་དོན་དུ་སྦྱིན་སྲེག་བྱའོ། །དེ་ལྟར་མངོན་པར་འདོད་པའི་སྦྱིན་སྲེག་བྱས་ལ་དངོས་གྲུབ་ཀྱི་ཕྱིར། རྒྱུད་ལས་བཤད་ པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །བ་ལང་ཤ་དང་རྟ་ཤ་དང་། ཤྭ་ནའི་ཤ་དང་ཁྱིམ་བྱ་དག །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སངས་རྒྱས་ཉིད་ཀྱང་ངེས་པར་འཇིག །ཕྱིར་བཟློག་ཕྲེང་བའི་གསང་སྔགས་ཀྱིས། །ཞི་བ་ལ་སོགས་ལས་རྣམས་བྱ། །རྡོ་རྗེ་ཕག་མོའི་སྔགས་གཉིས་ ཀྱིས། །དགུག་པ་ལ་སོགས་བྱ་བ་ཡིན། །དེ་ནས་ཇི་ལྟར་འདོད་པའི་སྦྱིན་སྲེག་བྱས་པའི་མཐར་ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་འདི་གསུམ་མམ། བདུན་ནམ་ཉི་ཤུ་རྩ་གཅིག་མར་གྱི་སྲེག་བླུགས་ཀྱིས་སྦར་ལ། མཆོད་ཡོན་དང་ཞབས་བསིལ་དང་། འཐོར་ འཐུང་དང་། དྲིལ་བུའི་རོལ་མོ་སྔ་མ་བཞིན་དུ་དབུལ་ལོ། །དགང་བླུགས་ཀྱི་མཐར་བདེ་ལེགས་དང་རོལ་མོ་དང་། བཀྲ་ཤིས་པའི་ཚིགས་སུ་བཅད་པ་དབུལ་ལོ། །དེ་ནས་བསྟོད་པ་བྱ་སྟེ། མངོན་པར་འདོད་པའི་དངོས་གྲུབ་གསོལ་ལ། བཟོད་པར་གསོལ་ལོ། །རྡོ་རྗེ་བཅིང་བའི་ཕྱག་རྒྱ་བཅིངས་ ལ། ཨོཾ་ཧེ་རུ་ཀ་མུཿའདིས་སྟེང་དུ་དགྲོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་བརྗོད་དོ། །དེ་ནས་ཨོཾ་ཁ་ཁ་ཁཱ་ཧི་ཞེས་བྱ་བའི་གསང་སྔགས་ཀྱིས་ཉ་དང་ཤ་དང་། ཆང་དང་། ཟན་དྲོན་ལ་སོགས་པས་ཡོངས་སུ་གང་བའི་གཏོར་མ་བྱིན་ནོ། །མེའི་དབུས་ནས་ཡེ་ཤེས་ སེམས་དཔའ་ཆོས་ཀྱི་དབྱིངས་སུ་གྱུར་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ལ་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཀྱང་སྦྱིན་སྲེག་བྱའོ། །སྲེག་བླུགས་ཀྱི་མཐར་བསྒྲུབ་བྱ་བཟུང་ལ་དགང་བླུགས་དབུལ་ལོ། །མཆོད་ཡོན་ཞབས་བསིལ་དང་བསང་ གཏོར་ཡང་བྱ། སྒྲུབ་པ་པོ་མངོན་པར་འདོད་པའི་དངོས་གྲུབ་ཀྱང་གསོལ་ཏེ། ཨོཾ་ཨགྣ་ཡེ་ཡ་ཧི་ཡ་ཧི། སརྦྦཾ་རྩེ་ཁེ་པ་ར་ཨ་ཐཾ་ཙ་ས་ཏི་དྷ་མ་ག་ཙ་ཧ་ཕྱག་བྱུག་ཅེས་བྱའོ། །སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བསྐྱེད་པའི་ཚུལ་གྱིས་སྤྲུལ་པའི་མེ་འབར་བའི་གཟུགས་ཅན་དུ་བལྟ་བ་དེ་ གཤེགས་སུ་གསོལ་ཏེ། རང་གི་ལྷའི་ང་རྒྱལ་དང་ལྡན་པས་ཕྱོགས་སྐྱོང་རྣམས་ལ་གཏོར་མ་སྦྱིན་ནོ། །རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ཡང་ལན་བདུན་གྱི་བར་དུ་བཟླས་བརྗོད་བྱའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། ཞེས་བྱ་བས་ཕྱོགས་ཀྱི་ཕུར་བུ་དང་། མདའ་རྣམས་ཕྱུང་ལ། ལས་ཐམས་ ཅད་པའི་ཆུ་འོ་མ་དང་བཅས་པ་ཁཎྜ་རོ་ཧའི་རིག་སྔགས་ཀྱིས་བཏབ་སྟེ། ཁྲུས་བྱས་ལ་གཞག་གོ། །དེ་ནས་ལན་གསུམ་བསྐོར་བ་བྱས་ཏེ། གླུ་དང་གར་ལ་སོགས་པ་མདུན་དུ་བྱ་ཞིང་ཇི་ལྟར་བདེ་བར་གནས་པར་བྱའོ།། །།དཔལ་སྡོམ་རྣལ་འབྱོར་མ་རྒྱུད་ལས། ། སྦྱིན་སྲེག་རིམ་པ་ཕྱུང་བ་འདིས། །རྣལ་འབྱོར་པ་ནི་རྟག་དགའ་བའི། །དངོས་གྲུབ་མྱུར་དུ་གྲུབ་པར་ཤོག །དཔལ་ཧེ་རུ་ཀའི་མིང་གི་རྒྱུད་ལས། དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་ མཁན་པོ་དྷརྨྨ་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིག་པ་གཞོན་ནུས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་སནྟ་ཏི་ལ་ཀ་ནཱ་མ། བོད་སྐད་དུ། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ། བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། ། མཉམ་དང་མི་མཉམ་བདེ་ཆེན་སུམ་ཅུ་རྩ་བདུན་བྱང་ཆུབ་ཆེན་པོའི་ཕྱོགས་བཞུགས་ཕུང་པོ་ཆོས་ཀྱི་རང་བཞིན་གནས་པ་རང་ལུས་རྩ་ཡི་འཁོར་ལོ་གཙོ་བོ་བཞི། །དབྱངས་ཡིག་ལྔར་བཅས་བཅུ་གཉིས་དབྱངས་ཡིག་དོན་གྱི་ཕྱི་མོ་གསལ་བྱེད་སུམ་ཅུ་རྩ་བཞིས་བརྒྱན་ཅིང་སྐུ་གསུང་ཐུགས་ཀྱི་དབྱེ་བས་ གནས་པའི་གནས་ལ་སོགས། །ས་བཅུའི་དབང་ཕྱུག་ཀུན་འགྲོ་འགྲོ་ཀུན་རང་སྙིང་དབུས་གནས་ནམ་མཁའི་ངོ་བོ་མཆོག་ཞི་ཧེ་རུ་ཀ་དཔལ་དམ་པའི་དེ་ཉིད་མྱ་ངན་འདས་རང་བཞིན། །རབ་གསལ་དཔྱིད་ཀྱི་ཐིག་ལེ་འོད་འཕྲོས་འབར་བ་སྐུ་གསུམ་རྒྱས་པ་ལེགས་རྟོགས་འགྲོ་བའི་རང་ བཞིན་དོན་བདེ་སྩོལ་བ་རྩ་ཡི་འཁོར་ལོའི་མགོན་ལ་རབ་བཏུད་ནས། །སྦྱོར་བའི་གདན་ལས་རྣམ་བྱུང་བ། །ཕྱི་ནང་བཅས་པའི་ཚུལ་གྱིས་ནི། །འཁོར་ལོ་བདེ་མཆོག་དཔལ་རིམ་ལས། །དཔྱིད་ཀྱི་ཐིག་ལེ་བཤད་བྱ་སྟེ། །རྡོ་རྗེ་མཁའ་འགྲོ་མ་དཔལ་གྲུབ། །རང་གི་ལུས་ལ་རྣམ་གནས་ པ། །ཤིན་ཏུ་ཉུང་བར་འདོད་རྣམས་ལ། །གསལ་བར་གོ་བར་བྱ་ཕྱིར་རོ། །བཅོས་མའི་དཀྱིལ་འཁོར་སྤང་བྱས་ནས། །བཅོས་མའི་སྦྱིན་སྲེག་ལས་དག་དང་། །བཅོས་མའི་བསྒོམ་པའི་ལས་དག་དང་། །བཅོས་མའི་བཟླས་པ་ཉིད་དུ་ནི། །དེ་ལ་སོགས་པའི་བཅོས་མ་ཀུན། །རང་ བཞིན་རྣལ་འབྱོར་ཚུལ་གྱིས་སྤང་། །ཕྱི་རོལ་བཅོས་མ་རབ་བྱ་བ། །རང་བཞིན་རྟོགས་པར་བྱ་ཕྱིར་ཏེ། །རང་བཞིན་རྟོགས་པར་གྱུར་པ་ན། །རབ་ཏུ་བྱ་བ་བྱེད་མིན་ཉིད། །ཇི་ལྟར་ཕ་རོལ་དོན་གཉེར་འགས། །གཟིངས་ལ་ལེགས་པར་སྦྱོར་འགྱུར་བ། །ཕ་རོལ་སོན་ནས་འདོར་བར་ འགྱུར། །རབ་ཏུ་བྱ་བའང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་པས་གང་ཞིག །བཅོས་མའི་བསམ་པས་བྱེད་པ་དག །ཐམས་ཅད་ལེགས་ཏེ་མི་ལེགས་མིན། །དེ་རབ་སྦྱར་བ་གསལ་བ་ཡིན། །དེ་རུ་ལས་ནི་རབ་འབད་དེ། །དངོས་མཆོག་རིག་པའི་རྒྱལ་བ་ཡིས། །སྒྲ་ ཤེས་བྱ་ཕྱིར་བསྟན་བཅོས་གང་། །དྲང་སྲོང་གིས་བྱེད་ཇི་ལྟ་བའོ། །དེ་ལྟར་ལས་ཀྱི་རྗེས་འབྲངས་པས། །མི་རྣམས་རབ་བྱ་བྱེད་པ་ནི། །འབད་པས་ཉོན་མོངས་བསླང་བ་ཡིས། །རང་གི་སེམས་ནི་རྣམ་པར་འཇོམས། །དེ་ནས་དཀྱིལ་འཁོར་ལ་སོགས་པའི། །ཆོ་གའི་བྱ་བའི་ཡན་ལག་ ལ། །འབད་ཀུན་རྣམ་པར་འདྲེན་མིན་ཉིད། །ངལ་བར་བྱེད་པ་འབའ་ཞིག་ཡིན། །རྣམ་མིན་རྟོག་ལ་སངས་རྒྱས་མིན། །རྣམ་རྟོག་བཅས་པས་མིན་དེ་བཞིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་པས། །མཁས་པ་རྣམས་ནི་འགྱུར་བ་ཉིད། །བྱ་བ་རང་བཞིན་ཉིད་དུ་ཡོད། །བྱེད་པ་པོ་ཡང་རང་ བཞིན་ཉིད། །བྱ་དང་བྱེད་པའི་དངོས་པོ་ཡིས། །རང་བཞིན་ཉིད་ཀྱི་དངོས་པོ་སྤངས། །དབྱེ་བ་ཀུན་གྱི་རང་བཞིན་ནི། །ཨ་ཡིག་ཡང་དག་རྣམ་པར་གནས། །ཐོག་མཐའ་མེད་པའི་ངོ་བོ་ཡིས། །རིན་ཆེན་རྣམས་ཀྱི་རྒྱ་མཚོ་བཞིན། །རྟག་ཏུ་འཇིག་རྟེན་ཐ་སྙད་ཉིད། །དེ་འགལ་ འཇིག་རྟེན་པ་མིན་པ། །ཡོད་པའམ་ནི་མེད་ཉིད་ཀྱི། །རང་བཞིན་ལས་ནི་རྟོགས་མིན་ཉིད། །འདི་ཉིད་ཀྱིས་ནི་སངས་རྒྱས་ཉིད། །འདི་ཉིད་ཀྱིས་ནི་གྲོལ་བར་འགྱུར། །རང་བཞིན་ལམ་ལ་བརྟེན་ནས་ནི། །ཐམས་ཅད་བྱེད་ཅིང་རྣམ་པར་གྲོལ། །དཔྱིད་ཀྱི་ཐིག་ལེར་བཅོས་མའི་དཀྱིལ་ འཁོར་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་བཟླས་པ་དང་བསྒོམ་པ་ལ་སོགས་པའི་ཆོ་གའི་བྱ་བ་གཟུང་བ་དང་འཛིན་པའི་དངོས་པོ་རྣམ་པར་གཅོད་པ་མཚོན་པ་སྔོན་དུ་འགྲོ་བའི་རང་བཞིན་བཤད་པ་རྒྱས་པར་བསྟན་པ་སྟེ་དང་པོའོ།། །།དེ་ནས་མདོར་བསྟན་པ་དང་རྒྱས་པར་བསྟན་པའི་ངོ་ བོ་ལ་སོགས་པ་རྒྱུད་ཀྱི་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ལུས་ཅན་གང་ཡང་རུང་བ་རྣམས་ཀྱིས་ལུས་ཀྱི་རང་གི་ལྷའི་ངོ་བོ་ཇི་ལྟ་བར་བརྗོད་པར་བྱའོ། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །རྡོ་རྗེ་ཉི་མ་ཚོར་བ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་ བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཀུན་གྱི་ངོ་བོ་ཧེ་རུ་ཀ། །མིག་ནི་གཏི་མུག་རྡོ་རྗེར་བརྗོད། །ཞེ་སྡང་རྡོ་རྗེ་མཐོང་ཐོས་པ། །དེ་བཞིན་ཕྲག་དོག་རྡོ་རྗེ་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བརྗོད། །རེག་ལ་སེར་སྣ་རྡོ་རྗེ་སྟེ། །ལྔ་པོ་དེ་དག་སྦོམ་པོའི་ལྷ། །སྐྱེ་མཆེད་ཁམས་ རྣམས་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ །ལྟུང་བྱེད་མ་ནི་ས་ཡི་ཁམས། །ཆུ་ཁམས་གསོད་པར་བྱེད་པར་བརྗོད། །འགུགས་བྱེད་མ་ནི་མེ་ཡི་ཁམས། །རླུང་ནི་གར་དབང་ཕྱུག་མར་བརྗོད། །ནམ་མཁའི་ཁམས་ཞེས་བརྗོད་པ་ནི། །པདྨའི་དྲ་བ་མ་འཁྲུགས་མ། །དེ་ལྟར་ ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་མོངས་ལ་སོགས་ཉེར་ལྡན་པ། །སྐྱེ་དང་འཇིག་པ་ལ་གནས་ཏེ། །སྲིད་དང་མྱ་ངན་འདས་པ་ཐོབ། །དཔྱིད་ཀྱི་ཐིག་ལེར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་དེ་ བཞིན་གཤེགས་པའི་སྐུ་ཇི་ལྟ་བར་གནས་པར་རྣམ་པར་སྣང་མཛད་ལ་སོགས་པ་ལྷའི་ངོ་བོར་བཤད་པ་རྒྱས་པར་བསྟན་པ་སྟེ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་སྐུ་དང་གསུང་དང་ཐུགས་སུ་སོན་བ་ཐ་མ་དང་འབྲིང་དང་མཆོག་གི་དབྱེ་བས་སྒོའི་དབྱེ་ བ་བརྗོད་པར་བྱའོ། །ཀ་བ་གཅིག་པ་སྒོ་དགུ་པ། །སྦོམ་པོ་ལྔ་ཡི་ལྷག་པའི་ལྷ། །བུ་ག་དགུ་རུ་གྱུར་པའི་སྒོ། །རྣམ་པ་དགུ་རུ་ཡོངས་སུ་གྲགས། །ཐ་མ་སྐུ་དང་ལྡན་པའི་སྒོ། །སྦོམ་པོ་ལྷ་ཡི་སྤྲུལ་པའོ། །གཞན་པའི་སྒོ་ནི་རྣམ་པ་བཞི། །གསུང་དང་ལྡན་པ་འབྲིང་དུ་བརྗོད། །མེ་ཉིད་ དང་ནི་རླུང་ཉིད་དང་། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་ལས། །སྟེང་ལོགས་ཐད་ཀ་འོག་ཏུ་གནས། །གསུམ་པའི་སྒོ་ནི་ཡིད་དང་བཅས། །ཟླ་བ་ཉི་མ་རབ་དབྱེ་བས། །གཞུག་དང་འབྱུང་བ་ཉིད་ལ་ནི། །སྒོ་ནི་དམ་པ་ཉིད་ཡིན་ཏེ། །གཙོ་བོའི་མཆོག་གི་སྒོ་ མོ་ནི། །འོག་དང་སྟེང་དུ་རབ་ཏུ་གྲགས། །འོག་གི་སྒོ་ནས་རྣམ་པར་ཤེས། །སྟེང་གི་སྒོ་ནས་ཁམས་ཡིན་ཏེ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོ་ནི་གཡོ་ཞིང་གནས། །དེ་རྣམས་འོག་ཏུ་རྣམ་པར་གནས། །སྟེང་གི་སྒོ་ནས་གཤེགས་སུ་གསོལ། །སྤྱན་འདྲེན་ གཤེགས་སུ་གསོལ་ཚུལ་དང་། །འགྲོ་འོང་རབ་ཏུ་གནས་རྣམས་ཀྱིས། །དུས་གསུམ་རྫོགས་པའི་སངས་རྒྱས་དང་། །མཁའ་འགྲོ་རྣལ་འབྱོར་མ་མོ་རྣམས། །འཇུག་པ་དང་ནི་ལྡོག་པ་དང་། །ཡོན་ཏན་སྐྱོན་གྱི་རང་བཞིན་དང་། །བདེ་དང་སྡུག་བསྔལ་རང་བཞིན་གྱི། ། ལྷན་ཅིག་སྐྱེས་པའི་ཚུལ་ལས་གྲུབ། །དཔྱིད་ཀྱི་ཐེག་ལེ་ཕུང་པོ་དང་། །ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་སྐུའི་དབྱེ་བས་བཤད་པ་རྒྱས་པར་བསྟན་པ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་གནས་ལ་སོགས་པའི་ས་བཅུའི་ གནས་བསྟན་པར་བྱའོ། །རྩ་རྣམས་གང་ཞིག་བུ་ག་དགུའི། །སྒོ་རྣམས་དགུ་ལ་ཡང་དག་གནས། །བྷ་གའི་ནང་གི་བཅུ་པ་ནི། །དེ་དག་རྣམས་ཀྱི་ཆེ་མཆོག་གཞན། །དཔྲལ་བའི་གནས་ནས་བརྩམས་ནས་ནི། །ཧཾ་ཡིག་འཁོར་ལོ་གཏན་ལ་དབབ། །སུམ་ཅུ་རྩ་གཉིས་ཉིན་མཚན་དུ། །བྱང་ ཆུབ་སེམས་རྣམས་འཛག་པའོ། །གནས་ལ་སོགས་པའི་ངོ་བོར་བརྗོད། །ཕྱི་དང་མཐུན་པར་ནང་ན་གནས། །མཁའ་སྤྱོད་རྣལ་འབྱོར་མ་རྣམས་བརྒྱད། །ས་སྤྱོད་མ་ཡང་དེ་བཞིན་གཞན། །གང་ཞིག་ས་འོག་གནས་མ་སྟེ། །དེ་དག་ཐམས་ཅད་ལེགས་པར་ནི། །གནས་གཞན་རབ་ཏུ་དབྱེ་ བ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་གནས། །གནས་ལ་སོགས་པའི་ས་བཅུ་དག །ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས། །ཇི་ལྟར་གནས་པའི་རང་བཞིན་གྱིས། །ལྷན་ཅིག་སྐྱེས་ལ་གནས་པ་དབྱེ། །དགའ་བ་ལ་སོགས་ས་རྣམས་སུ། །འདི་དག་ཉིད་ལས་ཡང་དག་བཤད། །དབང་ པོ་ལ་སོགས་གཟུགས་ཅན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས། །ཕུང་པོ་ལ་སོགས་ཁྱད་པར་གྱི། །སངས་རྒྱས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་ཉིད་ནི་རབ་ཏུ་འབབ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བྱང་སེམས་སུམ་ཅུ་གཉིས་རྣམས་ཀྱི། །གང་ཚེ་འདི་ལ་ གང་གྱུར་པ། །དེ་ཚེ་སངས་རྒྱས་སྲས་བཅས་པའི། །སངས་རྒྱས་ཉིད་ནི་ངེས་པར་ཐོབ། །རང་ལུས་ཉིད་ལ་སངས་རྒྱས་གནས། །གཞན་ནི་གང་ཡང་ཡོད་མ་ཡིན། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡིས་གཡོགས་པའི་ལུས། །གནས་དང་དེ་ཡི་གནས་དང་ནི། །ཞིང་དང་དེ་ ཡི་ཞིང་ཉིད་དང་། །ཚནྡོ་དང་ནི་དེ་བཞིན་གཞན། །དེ་ཡང་ཉེ་བའི་ཚནྡོ་ཧ། །དེ་བཞིན་འདུ་བ་ཅན་ཉིད་དང་། །ཉེ་བའི་འདུ་བ་ཅན་དེ་བཞིན། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །གནས་ལ་སོགས་ནི་བཅུ་རྣམས་སོ། །དཔྱིད་ཀྱི་ཐིག་ལེར་དེ་བཞིན་གཤེགས་པའི་སྐུའི་བུ་ག་དགུ་དང་། བྷ་གའི་དབུས་སུ་སོན་པའི་རྩའི་ གནས་བཅུ་ལ་སོགས་པའི་ས་བཅུའི་དབང་ཕྱུག་གི་བཤད་པ་རྒྱས་པར་བསྟན་པ་སྟེ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་བུ་ག་དགུའི་ནང་དུ་སོན་པའི་རྩའི་རང་བཞིན་གནས་ལ་སོགས་པ་ས་བཅུ་དང་། སྐུ་དང་གསུང་དང་ཐུགས་སུ་འབྱོན་པ་གནས་གཞན་གྱི་དབྱེ་ བས་ཡུལ་གྱི་དབྱེ་བ་བཤད་པར་བྱའོ། །སྤྱི་བོ་མཱ་ལ་ཡ་ཡི་ཡུལ། །དེ་བཞིན་སྤྱི་གཙུག་ཛཱ་ལནྡྷར། །དེ་བཞིན་ཨོ་ཌི་ཡ་ན་ཉིད། །རྣ་བ་གཡས་པ་ཉིད་དུ་བརྗོད། །རྒྱབ་ཀྱི་ལོགས་ནི་ཨརྦུ་ད། །བཞི་པོ་གནས་ཀྱི་མིང་ཡིན་ནོ། །རྣ་བ་གཡོན་པའི་རང་བཞིན་ཅན། །དེ་བཞིན་གོ་དཱ་བ་ཞེས་བྱ། ། རཱ་མེ་ཤྭ་རི་ཞེས་གྲགས་པས། །སྨིན་དབུས་དེ་དག་མིག་དག་ལ། །དེ་བཞིན་དེ་བཱི་ཀོ་ཊ་གཞན། །ལག་པའི་རྩ་བ་མཱ་ལ་ཝ། །དེ་ལྟར་ཉེ་བའི་གནས་ཉིད་ནི། །ཐུགས་ཀྱི་འཁོར་ལོ་རྣམ་པར་གནས། །གནས་ཀྱི་ཁྱད་པར་ངོ་བོ་ཡིས། །མཁའ་སྤྱོད་རྣམས་ཀྱི་ཡང་དག་བཤད། །མཆན་ཁུང་ཀཱ་མ་རུ་པར་ བརྗོད། །ནུ་མ་ཨོ་ཏྲེར་རབ་ཏུ་གྲགས། །འདི་དག་ཞིང་དུ་ཡང་དག་བརྗོད། །ལྟེ་བ་ཏྲི་ཤ་ཀུ་ནེར་འདོད། །སྣ་ཡི་རྩེ་མོ་ཀོ་ས་ལར། །དེ་དག་ཉེ་བའི་ཞིང་དུ་བརྗོད། །ཁ་ནི་ཀ་ལིངྐ་རུ་སྨྲ། །ལམྦཱ་ཀ་ནི་མགྲིན་པའི་དབུས། །ཚནྡོ་ཧ་ཞེས་རྣམ་པར་བཤད། །སྙིང་གར་ཀཱཉྩིར་བརྗོད་པ་སྟེ། །ཆུ་སོ་ ཁ་ཡི་གནས་ཉིད་དོ། །དེ་ཡང་ཉེ་བའི་ཚནྡོ་ཧའོ། །དེ་ལྟར་ལུས་གནས་ཐམས་ཅད་ནི། །གསུང་གི་འཁོར་ལོར་རྣམ་པར་གནས། །གནས་ཀྱི་ཁྱད་པར་ངོ་བོ་ཡིས། །ས་སྤྱོད་རྣམས་ཀྱི་ཡང་དག་བཤད། །ཡི་དགས་ལྷ་གནས་རྟགས་ལ་སྟེ། །བཤང་ལམ་གྲི་ཧ་དེ་བ་ཏཱ། །འདི་དག་འདུ་ བར་བརྗོད་པའོ། །བརླ་ནི་སཽ་རཱཥྚ་རུ་བརྗོད། །གསེར་གྱི་གླིང་ནི་མིང་ཅན་དུ། །རྗེ་ངར་གཉིས་ནི་རྣམ་པར་བཤད། །ཉེ་བ་ཡང་ནི་འདུ་བ་ཉིད། །སེན་མོ་ན་ག་ར་རུ་དྲན། །སིནྡྷུ་ངེས་པ་རྐང་པའི་རྒྱབ། །དུར་ཁྲོད་དུ་ནི་ཡང་དག་བརྗོད། །མཐེ་བོ་མྱ་ངམ་དུ་རབ་སྨྲ། །པུས་མོ་ཀུ་ལུ་ཏཱ་རུ་བརྗོད། ། དེ་དག་ཉེ་བའི་དུར་ཁྲོད་ཉིད། །གནས་ལ་སོགས་པ་ས་བཅུ་རྣམས། །འདི་རྣམས་རང་ལུས་སྐྱེས་པ་ཀུན། །གནས་ཀྱི་དབྱེ་བས་འབྱེད་པའོ། །ཕྱི་རོལ་དང་མཐུན་ནང་ནས་ནི། །སངས་རྒྱས་རྣམས་ཀྱི་ས་བཅུ་རྣམས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཉི་ཤུ་ རྩ་བཞིར་དབྱེ་བ་ཡིས། །རྩ་རྣམས་ཀུན་གྱི་གནས་དག་ནི། །ཀུན་ནས་ཡང་དག་བཤད་པ་ཡི། །གནས་འདི་རྣམས་སུ་མཁའ་འགྲོ་རྣམས། རྩ་ཡི་གཟུགས་སུ་ཡང་དག་གནས། །དཔྱིད་ཀྱི་ཐིག་ལེར་གནས་ལ་སོགས་པ་ས་བཅུ་རྒྱས་པར་བསྟན་པའི་དབྱེ་བ་སྟེ་ལྔ་པའོ།། །།དེ་ནས་ དེ་བཞིན་གཤེགས་པ་གང་ཡང་རུང་བའི་སྐུའི་གནས་ཇི་ལྟར་སོན་པ་རྩའི་འཁོར་ལོ་མདོར་བསྟན་པ་མཚོན་པར་བྱའོ། །སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །རང་གི་ངོ་བོ་འབར་བའི་མེ། །ཆུ་ཤིང་གི་ནི་མེ་ཏོག་བཞིན། །འཕྱང་བཞིན་ པ་ནི་ཁ་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །གཞོམ་མེད་ཧཱུཾ་ཡིག་ས་བོན་ནི། །བ་མོ་ཙམ་དུ་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །འདི་ནི་དཔྱིད་ཅེས་བྱ་བར་བཤད། །རྒོད་དང་མ་མེའི་ངོ་བོ་ནི། །ཕག་མོར་ཐིག་ལེར་བརྗོད་པ་སྟེ། ། ལས་ཀྱི་རླུང་གིས་བསྐུལ་པ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་ཆོག་ཤེས་པ། །སྙོམས་པར་འཇུག་པར་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ལེར་བརྗོད་པ་སྟེ། །རྣལ་འབྱོར་མ་ཡི་གཟུགས་བླངས་ནས། །རྒྱུ་དང་མི་རྒྱུ་ཡང་ དག་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །སྒོ་ནི་རྣམ་པ་གསུམ་བྱུང་བ། །དེ་ནི་འགྲོ་དང་འོང་བྱེད་པ། །འདི་ནི་ཀུན་གྱི་ལུས་ལ་གནས། །ལྟེ་བར་ཨ་ཡིག་གཟུགས་ཀྱིས་ཏེ། །ཐུང་ངུ་རུ་ནི་ཡོངས་སུ་གྲགས། །སྙིང་ལ་ཡང་ནི་ཡི་གེ་ཧཱུཾ། །རིང་པོ་ཆ་ནི་གཉིས་དང་བཅས། ། མགྲིན་པར་ཨ་ཡིག་གཟུགས་ཀྱིས་ནི། །ཆ་གསུམ་སྤོར་བ་ཞེས་སུ་བརྗོད། །དཔྲལ་བ་རུ་ནི་ཧཾ་ཡིག་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པའོ། །འཁོར་ལོ་བཞི་ཡིས་རབ་དབྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབས་ནས་ནི། །སྐད་ཅིག་བཞིར་ནི་ཡང་དག་འབྱུང་། དགའ་བ་བཞི་ཡི་ངོ་བོ་དང་། །རྣལ་འབྱོར་བཞི་རུ་གཞོལ་བའོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདི་ནི་ཇི་ལྟར་བདེ་བར་རོལ། །འདབ་མ་རྣམས་ནི་བཞི་པོ་ཡང་། །ཕྱོགས་བཞིར་རྣམ་པས་གནས་པ་སྟེ། །འབྱུང་ བ་བཞི་ཡི་རྩ་རྣམས་ནི། །ཐུགས་ཀྱི་རྡོ་རྗེའི་གནས་སུ་གནས། །མཁའ་འགྲོ་དེ་བ