Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 21
Văn bản gốc(Tây Tạng)
Trang 18 / 24 (50.000 ký tự/trang)
་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །དམ་ཚིག་དང་སྡོམ་པ་བསྐྱང་བའོ། །དེ་ནས་ཡོལ་བ་ལ་སོགས་པས། །དབེན་པར་བྱས་པའི་ས་ཕྱོགས་སུ། །རང་གི་ཡིད་དུ་འོང་ཞིང་མཛེས་པ། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་ པ། ཡོན་ཏན་དང་ལྡན་པ། དམ་ཚིག་དང་སྡོམ་པ་ཅན། རྣལ་འབྱོར་ལ་མཁས་པ། ཤིན་ཏུ་དད་པ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་ཉིད་དུ་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཕུལ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ལ། རྡོ་རྗེ་སེམས་ དཔའ་དངོས་ལྟར་སློབ་དཔོན་ལ་བལྟས་ཏེ། སྐྱོབ་པ་མེད་པའི་སྐྱོབ་པ་སྐྱབས། །འཁོར་ལོ་སྡོམ་དཔལ་བདག་ལ་སྐྱོབས། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་མགོན་བདག་བཀའ་དྲིན་སྩོལ། །བདག་ཉིད་ཆེ་ཁྱོད་ཇི་བཞིན་དུ། །ཁྱབ་བདག་བདག་ཀྱང་མཛད་དུ་གསོལ། །འཁོར་ བའི་འདམ་གྱི་ཚོགས་དག་ཏུ། །བདག་བྱིང་འདི་ལས་བདག་ལ་སྐྱོབས། །ཞེས་བྱ་བ་འདིས་གསོལ་བ་བཏབ་ལ། དེ་ནས་བླ་མས་ཀྱང་རྣལ་འབྱོར་ཇི་ལྟ་བ་བཞིན་ཀུན་ནས་མངོན་དུ་བྱེད་ཅིང་དེ་མ་ཐག་ཏུ་ཐ་མལ་པའི་བུད་མེད་ཀྱི་གཟུགས་བསལ་ནས་ལྷ་མོའི་གཟུགས་སུ་བསྐྱེད་དོ། ། རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་རྡོ་རྗེ་འཆང་གི་ང་རྒྱལ་དང་ལྡན་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་ནས། དེ་བཞིན་ཉིད་ཀྱིས་པདྨའི་ནང་རོལ་དུ་རྡོ་རྗེ་བསྒྲུབ་པར་བྱ་ཞིང་། སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ གནས་སྣ་ཚོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བདག་ཉིད་ལ་བཅུག་ནས། རིམ་གྱིས་དགའ་བ་བཞི་རྟོགས་པར་བྱས་ལ། རྡོ་རྗེའི་ནོར་བུར་ཡང་ལྷན་ཅིག་སྐྱེས་པ་སོ་སོའི་རང་གིས་རིག་པའི་ངོ་བོ་བསྟན་པར་བྱ་སྟེ་མཐེ་བོ་དང་སྲིན་ལག་དག་གིས་བསྡམས་ལ་རྡོ་རྗེ་ དང་པདྨ་ནས་བཏོན་ལ་དཀྱིལ་འཁོར་པའི་སྔགས་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རྟོགས་པས་དེའི་མིག་དང་ལག་པའི་སྤྱོད་ཡུལ་མིན་ལ། སློབ་མའི་ཁའི་ཆུ་སྐྱེས་ཀྱི་ནམ་མཁར། །འདི་ནི་བཏུང་བ་རིན་ཆེན་ཁྱོད། །ལུས་ནི་རྡོ་རྗེ་རབ་ བསྒྲུབ་ཕྱིར། །ཡིད་ཀྱི་ཆུ་ནི་བཏུང་བར་གྱིས། །བུ་ཁྱོད་ཀུན་དུ་ཡེ་ཤེས་འགྱུར། །ཞེས་བྱ་བ་འདིས་མེ་ཏོག་གིས་རྩི་གཞུག་གོ། །དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་རྣམ་པའི་བདག་ཉིད་དུ་རིག་པས་ཨ་ཧོ་སུ་ཁ་ཞེས་བརྗོད་པས། ཁ་ཡིས་དྲངས་ལ་རང་གི་ ལོངས་སྤྱོད་ཀྱི་སྦུབས་སུ་གཞུག་གོ། །དེ་བཞིན་ཉིད་ཀྱང་ལངས་ནས་རང་གི་ཆུ་སྐྱེས་ཀྱི་ནང་གི་ལྷག་མ་སྦྲང་རྩིའི་ཐིགས་པ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང་། །དམངས་རིགས་མཐར་སྐྱེས་ བུ་མོ་རྣམས། །བྷ་ག་པདྨ་ཙུམྦ་ན། །བདུད་རྩི་རྣམས་ནི་བསྒྲུབ་པར་གྱིས། །ཞེས་བརྗོད་དེ། ཁའི་པདྨའི་ནམ་མཁར་གོས་པ་མེད་པར་གཞུག་པར་བྱའོ། །དེ་དག་ནི་གསང་བའི་དབང་བསྐུར་བའོ། །དེ་མ་ཐག་ཏུ་དེ་བཞིན་ཉིད་གཅིག་པར་འདོད་པ་འམ། དེ་བཞིན་ཉིད་ཐ་དད་པར་འདོད་པ་ དེས་མགོན་པོས་ཡང་དག་པར་རིག་པར་བྱས་ནས། དེ་བཞིན་ཉིད་གཅིག་ཏུ་འདོད་པས་ནི་དེ་བཞིན་ཉིད་དེ་དེ་ཉིད་ལའོ། །ཐ་དད་པ་ལ་ཡང་གཞན་ཏེ་དམ་ཚིག་དང་སྡོམ་པ་ལ་གནས་པ། སི་ཧླ་དང་ག་པུར་དང་ཡང་དག་པར་ལྡན་པ། ལོ་ཉི་ཤུ་རྩ་ལྔ་མ་དང་། རང་རིག་པ་ཙམ་གྱི་ཡེ་ ཤེས་མངོན་དུ་བྱ་བའི་ཕྱིར། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ལའང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བས་གསོལ་བ་བཏབ་པའི་སློབ་མ་ལ། །དེའི་ལག་པ་དེའི་ལག་པར་གཏད་ནས། སངས་ རྒྱས་ཐམས་ཅད་དཔང་པོར་བྱས་ཏེ་སྤྱི་བོར་རྡོ་རྗེ་བཞག་སྟེ་སྙིང་གའི་ས་བོན་ལས་སྤྲོས་པའི་མཐའ་ཡས་པའི་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ཇི་སྐད་དུ་གསུངས་པའི་བྱ་བ་སྔོན་དུ་འགྲོ་བས། ཁྱོད་ཀྱི་གཟུངས་མ་ཉམས་དགའ་འདི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་ བརྟགས། །རྡོ་རྗེ་པདྨ་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་མྱོང་། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་བ་གསུམ་ན་འདི་དག་པ། །དེ་བས་འདི་དང་བྲལ་བར་ནི། །ཁྱོད་ནི་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། ། རྨོངས་པ་གང་ཞིག་འདའ་བྱེད་ན། །མཆོག་གི་དངོས་གྲུབ་དེ་ལ་མེད། །ཅེས་བརྗོད་ལ་གཏད་པར་བྱའོ། །དེ་ཡང་ཙནྡན་དང་གུར་ཀུམ་ལ་སོགས་པ་རྣམ་པར་བྱུགས་ཤིང་། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་གི་ཕྲེང་བས་ཉེ་བར་བརྒྱན་པས། གོས་མེད་པར་ཆུ་སྐྱེས་ཁ་ཕྱེ་བར་མངོན་པར་ གསལ་བར་སྟོན་ཅིང་འདི་སྐད་སྨྲ་བར་བྱའོ། །བཤང་གཅི་ལ་སོགས་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ། །རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་སྤྲོ་བར་བྱེད་དམ་ཅི། །བུ་ཡིས་ཇི་ལྟར་བདེ་བར་སྨྲོས། །ཞེས་སོ། །དེས་ཀྱང་། བཤང་གཅི་ལ་ སོགས་ཟ་བ་དང་། །བུད་མེད་རྟག་ཏུ་གུས་པར་བགྱི། །བྷ་ག་ཉིད་ལ་འོ་བགྱིད་པར། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཞེས་བརྗོད་པར་བྱའོ། །དེས་ཀྱང་དགའ་བ་དང་བྱམས་པ་དང་བཅས་པས་དེ་སྐལ་བ་བཟང་པོ་སྡུག་པར་བལྟ་ཞིང་། ཙོག་ཙོག་པུས་ཆུ་སྐྱེས་རབ་ཏུ་བསྟན་ནས་འདི་སྐད་ སྨྲ་བར་བྱའོ། །ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་ནི་གནས། །རྫོགས་སངས་མཉེས་པར་བྱ་ལ་སོགས། །བྱ་བ་ཅི་ཡིན་པདྨར་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ན་ནི་རྟག་ཏུ་ བཞུགས། །བྷཉྫ་མོ་ཀྵ་ཧོ་ཞེས་པའོ། །དེས་ཀྱང་རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ཤེས་རབ་ལྷ་མོའི་གཟུགས་སུ་བསྐྱེད་ལ། ཡི་གེ་ཧཱུཾ་ལས་རང་གི་གསང་བའི་རྡོ་རྗེ་དཀར་པོ། །བྱཱ་ལས་ནོར་བུ་དམར་པོ་བྱཱ་སེར་པོས་བུ་ག་བཀག་པ། ཡི་གེ་ཨ་ལས་ཕྱག་རྒྱའི་པདྨ་དམར་པོ་འདབ་ མ་གསུམ་པ། དྱཱ་ལས་ཟེའུ་འབྲུ་དཀར་པོ་དྱཱ་སེར་པོས་བུ་ག་བཀག་པར་བསམས་ལ། གཡོན་གྱི་ཆུ་སྐྱེས་ཀྱི་གཡོན་ངོས་ན་གནས་པའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། ལྕེའི་སྦྱོར་བས་བསྐྱོད་ཅིང་། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་ སྔགས་ཟློས་པ་སྔོན་དུ་འགྲོ་བས། བླ་མའི་མན་ངག་ལས་དགའ་བ་ལ་སོགས་པའི་དབྱེ་བ་རྟོགས་ཤིང་། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་ལུས་ཅན། བླ་མས་ཀྱང་ དེའི་སེམས་ལ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་བཅུག་པ་དང་ལྡན་པས་དགའ་བ་བརྩམ་པར་བྱའོ། །དེ་ནས་བླ་མས་ཡོལ་བའི་ཕག་ཏུ་ཨཱ་ལི་ཀཱ་ལིའི་སྒོ་ནས་སློབ་མའི་རིགས་བརྟགས་ལ་རིགས་ངེས་པའི་ཕྱག་རྒྱ་རྒྱུད་ནས་གསུངས་པ་བསྟན་པར་བྱའོ། །དེ་ནས། རྡོ་རྗེ་པདྨར་ རབ་བཞག་ནས། བྱང་ཆུབ་སེམས་ནི་གཏང་མི་བྱ། །བསྐྱོད་པར་བྱས་ནས་དགའ་བ་དེ། །སེམས་བཀང་ནས་ནི་བསྒོམ་པར་བྱ། །རྣལ་འབྱོར་པ་ཡི་བྱང་ཆུབ་སེམས། །ཇི་སྲིད་གཏོང་བར་མི་བྱེད་པ། །དེ་སྲིད་ཀུན་དགའ་ལས་བྱུང་བའི། །དགའ་སྐྱེས་བདེ་བ་ཅི་ཡང་འཐོབ། །དངོས་ གྲུབ་ཀུན་གྱི་གཏེར་གྱུར་པའི། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེ་ལེགས་སྦྱོར་དང་། །རེག་ལས་ངོ་མཚར་ཆེན་པོ་ཡི། །བདེ་བ་འབྱུང་བ་གང་ཡིན་དེའི། །མཆོག་ཏུ་དགའ་བ་བྱེད་པའོ། །མཆོག་ དགའ་དགའ་བྲལ་དབུས་དག་ཏུ། །མཚོན་ཆ་བརྟགས་ཏེ་བརྟན་པར་གྱིས། །པད་མཁར་རྡོ་རྗེའི་ལྟེ་བ་ཡིས། །གནོན་གནས་རྡོ་རྗེའི་སྐྱིལ་ཀྲུང་ལས། །ནོར་བུའི་ནང་ཆུང་སེམས་བལྟ་ཞིང་། །ཡེ་ཤེས་སྐྱེས་གང་དེའི་ངོ་བོ་མཆོག །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ ནི་དམིགས་སུ་མེད། །གསུམ་པོ་སྤངས་པ་ཉིད་ལས་ནི། །ལྷན་སྐྱེས་ཡང་དག་བྱང་ཆུབ་བརྗོད། །གང་ཚེ་རྣལ་འབྱོར་བ་ཤེས་བལྟ། །མི་འགྱུར་བ་ཡི་བདེ་བར་གནས། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ཟླ་གཅིག་ཁྱུད་ཀོར་ལོ། །བསྐལ་བ་བསྐལ་པ་སྟོང་དག་ཏུ། །ཡེ་ ཤེས་མངོན་པར་བརྩོན་པར་གནས། །དེ་ལྟར་བརྟགས་ལ་ནུས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བཟུང་ལ་བགས་ཀྱིས་ཕྱུང་ལ། ཆུ་སྐྱེས་ནས་མ་བཏོན་པར་བྱང་ཆུབ་ཀྱི་སེམས་དམ་ཚིག་གི་ངོ་བོ་དེ་ལྕེ་ཉིད་ཀྱི་དེ་ཁོ་ན་མཐོང་བས་བླང་བར་བྱའོ། །ཡང་གསུངས་པ། སློབ་མས་རྟོགས་ནས་ ལེགས་བཟུང་སྟེ། །པདྨའི་ནང་དུ་ཕྱུང་ནས་ནི། །དེ་ནས་སེམས་ནི་ལྕེ་ཡིས་སུ། །བླང་བྱ་བྱང་ཆུབ་སྔོན་འགྲོ་བས། །ཞེས་བྱ་བ་སྟེ། དེ་དག་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེའི་རྗེས་ལ་སྦྱིན་པར་བྱ་བ་དབང་བསྐུར་བ་བཞི་པོ་བླ་མའི་ཞལ་ནས་ཤེས་པར་བྱ་བ་ནི། འདི་ སྐད་དུ། དེ་ཉིད་འགྲོ་བ་མ་ལུས་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ། རྟོག་པའི་རྙོག་པ་དང་བྲལ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རིག་པ་དང་ཐ་མི་དད་པ། ཐུབ་པའི་ཚོགས་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་ ལྟ་བུ་བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་གིས་སྦྱིན་པར་བྱའོ་ཞེས་གསུངས་པ་གང་ཡིན་པ་སྟེ། དེ་ཡང་ཇི་སྐད་དུ་གསུངས་པའི་ཆོ་གས་དབང་བསྐུར་བྱིན་ནས་ནི། སློབ་མའི་ལྷག་པར་མོས་པར་སེམས་ཀྱིས་ལེགས་བརྟགས་ནས། །རྒྱ་ཆེ་ཟབ་པའི་ཚུལ་ལ་ཤིན་ཏུ་མོས་པ་ན། །ཚིག་ཉིད་ ཀྱིས་ནི་དབང་བསྐུར་རིན་ཆེན་སྦྱིན་པར་བྱ། །ཞེས་པ་ཡིན་ནོ། །རྒྱ་ཆེ་བ་ལ་མོས་སམ་མི་མོས་པ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། མཚན་མའི་ཁྱད་པར་ལས་ཏེ། དེ་ཡང་གསུངས་པ། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུར་ཤེས་བྱ། །བྱང་ཆུབ་སེམས་དཔའ་བློ་ ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །བཞིན་གྱི་པདྨ་རབ་དང་ཞིང་། །དགའ་བས་བ་སྤུ་ལངས་པ་ནི། །མཐོང་ནས་མཁས་པ་དེ་ཉིད་ཀྱིས། །སློབ་མ་དམ་པ་རྗེས་སུ་འཛིན། །ཞེས་སོ། །ཞེས་བྱ་བ་ནི་བཞི་པའི་དབང་བསྐུར་བ་སྟེ། འདི་ནི་ཡང་སྦྱིན་པ་ཞེས་བྱ་བ་ ཡིན་ནོ། །དེ་ནས་སྦྱིན་སྲེག་གིས་ཞི་བར་བྱ་སྟེ། །དགང་བླུགས་གཅིག་གམ་གསུམ་མམ་བདུན་ཕུལ་ལ་ཡོན་བརྗོད་དུ་གཞུག་གོ། །དེ་དག་གིས་ཀྱང་མགུ་བའི་ཡིད་ཀྱིས་འབྱོར་པ་ཇི་ལྟ་བ་བཞིན་དུ་ས་གཞིའམ། གླང་པོའམ། རྟ་འམ། གསེར་རམ། རྒྱན་ནམ། བུའམ། ཆུང་མ་ལ་སོགས་པའམ། བདག་ཉིད་གྲོགས་ཉིད་དུ་དངོས་གྲུབ་གྲུབ་པས་དགེ་བ་ལ་སོགས་པ་ཡོན་ཏན་ཉེ་བར་བསགས་པའི་ཕྱིར་དབུལ་ལོ། །སངས་རྒྱས་ཞིང་སོགས་དག་བྱའི་ཕྱིར། །ཁྱད་པར་དུ་ནི་སྦྱིན་ལ་སྤྱོད། །དམངས་རིགས་སྟོང་ཕྲག་གཉིས་དག་ནི། །བྲམ་ཟེ་ གཙང་མ་གཅིག་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ཀྱང་། །དགེ་སློང་གཅིག་དང་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དང་ནི། །རྡུལ་མེད་པ་ནི་གཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་གཅིག་དང་སྦྱར། །ཡེ་ ཤེས་ལྡན་པ་སྟོང་ཕྲག་གཉིས། །སློབ་དཔོན་གཅིག་དང་མཉམ་པས་མཆོད། །དེ་ལྟར་སྦྱིན་པའི་ཞིང་ཤེས་ནས། །བློ་དང་ལྡན་པས་རྟག་ཏུ་སྦྱིན། །རྣལ་འབྱོར་རྩ་བའི་ཆོས་ལ་ནི། །ཞིང་བཟང་པོ་ལས་ས་བོན་གདབ། །དེ་ནས་ཡོན་ཕུལ་བ་དེ་བླངས་ལ། ཟས་དང་གནས་ལ་སོགས་ པ་ཐམས་ཅད་ཀྱིས་རང་དང་གཞན་དག་ཚོགས་ཀྱི་འཁོར་ལོས་མཆོད་པར་བྱ་སྟེ། སྐལ་པ་དང་ལྡན་པའི་སློབ་མ་རྣམས་གཟུང་ལ། ཚོགས་མཆོག་སྣ་ཚོགས་པས་ཚིམ་པར་བྱས་ལ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་འདུལ་བར་ལྡན། །འོད་ཟེར་རྣོན་པོ་སྟོང་ལྡན་ཉི་མ་ བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་སྔགས་པ་ལྷན་ཅིག་གར་བྱེད་དོ། །ཧཱ་ཧཱ་ཧཱུ་ཧཱུ་ཧཱུཾ། ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་གླུ་བླང་ངོ་། །དེ་ནས་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ལ་གསོལ་བ་གདབ་སྟེ། ཨོཾ་ཁྱེད་ཀྱིས་ སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སླར་ཡང་བྱོན་པར་མཛད་སླད་དུ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་བརྗོད་དེ་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ནས་དམ་ཚིག་གི་དཀྱིལ་འཁོར་བདག་ལ་བསྡུས་ ཏེ། ལྷའི་ང་རྒྱལ་བརྟན་པས་ཆོས་ཐམས་ཅད་ནི་མ་སྐྱེས་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བརྗོད་ཅིང་རྡོ་རྗེའི་རྩེ་མོས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ་འཁོར་ལོ་དབྱི་བར་བྱའོ། །དེ་ནས་དོན་དུ་གཉེར་བ་དག་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ། །ཆུ་བོ་ཆེན་པོར་ ཐམས་ཅད་དོར་བར་བྱའོ། །མཚམས་མེད་པ་དང་སྡིག་ངན་ཡང་། །ཆོན་རྩི་མཐོང་བས་གྲོལ་བར་འགྱུར། །འདིར་དབང་བསྐུར་བ་ཙམ་གྱིས་ནི། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཁུང་བུ་དགང་དང་རབ་གནས་དང་། །སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་ སློབ་དཔོན་ཉིད་ཡིན་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །བདེ་མཆོག་དཀྱིལ་འཁོར་ཆོ་ག་ནི། །མཁས་རྣམས་མངོན་པར་འདོད་པ་བཞིན། །བདག་གིས་འདིར་ནི་བཀོད་པ་ལས། །བསོད་ནམས་རྒྱ་ཆེན་གང་ཐོབ་པ། །དེ་ཡིས་བདག་དང་འགྲོ་བ་ཀུན། །རྡོ་རྗེ་འཆང་ཆེན་ཉིད་གྱུར་ཅིག ། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་དཔལ་ལ་བ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡི་དགས་གདན་ལ་བཞུགས་ ཤིང་ཞལ་རྣམས་ཀུན་ལ་སྤྱན་གསུམ་དང་ནི་ཕག་མོ་དམར་མོའི་ལུས། །རྩ་བའི་ཕྱག་གཉིས་ཀྱིས་འཁྱུད་གཞན་གཉིས་ཀྱིས་ནི་མྱུར་དུ་གླང་ཆེན་གཙོ་བོའི་པགས་པ་བརྒྱངས། །ལྷག་མ་གཡོན་པའི་ཕྱག་བཞིས་ཁ་ཊྭཱཾ་ག་དང་ཞགས་པ་མི་ཐོད་ཚངས་པའི་མགོ་བོ་འཕྱང་། །གཡས་ པས་གྲི་གུག་རྩེ་གསུམ་དགྲ་སྟ་རྔེའུ་ཆུང་འཆང་བའི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་གསང་བའི་དོན། །སྒྲུབ་པའི་གསང་སྔགས་ཀུན་བསྡུས་ནས། །བརྡ་ཡི་སྐད་ཀྱིས་སྦས་པས་ཏེ། །སྒྲུབ་པའི་ཐབས་དེ་བདག་གིས་བཤད། །སྙིང་གའི་ས་བོན་འོད་ཚོགས་ཀྱིས། ། མདུན་དུ་བདེ་གཤེགས་སྤྱན་དྲངས་ནས། །མཆོད་པ་ཀུན་གྱིས་ལེགས་མཆོད་དེ། །དཀོན་མཆོག་གསུམ་ལ་སོགས་པ་བརྗོད། །ཐམས་ཅད་སྟོང་པར་རྣམ་བསྒོམས་ནས། །སྣ་ཚོགས་པད་ཉི་ཧཱུཾ་རྡོ་རྗེ། །ཧཱུཾ་འབྱུང་མཁའ་འགྲོའི་ཚོགས་སྤྲོས་ཏེ། །བློ་དང་ལྡན་པས་ཕུར་སོགས་ བྱ། །བློ་དང་ལྡན་པས་མཁའ་དབྱིངས་སུ། །འབྱུང་བ་ཐམས་ཅད་འདུས་པ་ལས། །ཇི་ལྟར་སྣ་ཚོགས་བཞིར་གྱུར་པའི། །འབྱུང་བ་བཞི་ཡི་རྣམ་པ་བསྒོམ། །དེ་ཡི་རིམ་པ་འདི་ཡིན་ཏེ། །བ་ལང་གནས་ཀྱི་ལྕི་སྐམ་དང་། །ལྷག་མ་མགོ་སྐམ་དེ་ནས་སུ། །དུང་ཆེན་པོ་ཡི་ ངོ་བོ་དང་། །མི་ཕྱེད་རུས་སྦལ་དག་འགྱུར་བས། །ཕྱག་བཞི་པ་དང་ཞབས་བཞི་པ། །དེ་བཞིན་ཕྱག་འབུམ་བར་དུ་སྟེ། །སྐུ་མདོག་དཀར་པོ་ཁྲོ་བོ་ཆེ། །རྡོ་རྗེ་དྲིལ་བུ་ལུས་ལ་འཁྱུད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །སྐུ་ལ་ཐལ་བས་ཉེ་བར་བྱུགས། །ཞལ་ གྱི་མཆེ་བ་ཅུང་ཟད་གཙིགས། །ཡི་དགས་ཆེན་པོ་གདན་དུ་བྱས། །རྒྱལ་བའི་འོད་ཟེར་སྤྲིན་ཆེན་པོ། །དེ་ལས་ཀུན་དུ་རྣམ་པར་འཕྲོ། །ཕྱག་རྒྱ་དྲུག་གིས་ལུས་ལ་བརྒྱན། །རལ་པ་ཡི་ནི་ཐོར་ཚུགས་ཅན། །གཡས་ཀྱི་ཞལ་ནི་གནག་པ་སྟེ། །གཡོན་པ་དམར་བ་འཇིགས་པ་ཅན། ། རྩ་བའི་ཞལ་ནི་ཤིན་ཏུ་དཀར། །རྒྱབ་ནི་གསེར་དུ་སྣང་བའོ། །དུས་མིན་འཆི་ལས་རྣམ་རྒྱལ་ཞིང་། །ཡན་ལག་ཁ་ཊྭཱཾ་ག་དང་སྦྱར། །ཐོད་པ་ཨརྒྷ་སྣོད་ཀྱིས་ནི། །ཞལ་དང་མཚོན་ཆར་ངེས་སྦྱར་བའོ། །དེ་ཡི་ཤེས་རབ་འཇིགས་པ་མ། །ཐོད་པའི་དུམ་བུའི་སྐེ་རགས་ཅན། །ཐོད་པ་ ཤིན་ཏུ་གང་བ་དང་། །དེ་ཡི་ཁ་དོག་ལག་ཆར་འཛིན། །རི་བོ་ཚང་ཚིང་སྨན་ལྗོངས་དང་། །རྒྱ་མཚོ་ཆེན་པོའི་ངོས་དག་ལ། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །ཇི་ལྟར་ཆོས་ཀྱི་སྐུར་གྱུར་པའོ། །དེ་ལྟར་སྦྲུལ་དང་བསྲུང་པར་བྱ། །ཁ་སྦྱོར་ཁ་སྦྱོར་ དུ་གྱུར་པ། །རྡོ་རྗེ་ལུ་གུ་རྒྱུད་དུ་བརྗོད། །རྡོ་རྗེ་འབྱེད་བྱེད་པདྨ་ལ། །དེ་ཚེ་བུང་བ་ལྟ་བུར་འཁོར། །བྲུད་པ་རྡོ་རྗེ་ཉིད་དུ་བཤད། །དེ་ནས་རིམ་བཞིན་སྤྲོས་བྱས་ནས། །ལྕགས་ཀྱུ་ཉིད་ཀྱིས་འཁྱུད་བྱ་སྟེ། །གཏུན་ཤིང་གིས་ནི་བསྐྱོད་པར་བྱ། །དབྱིག་པའི་མདའ་ཡིས་མཉམ་སྒྱོར་ ཏེ། །དེ་ནས་རིག་མ་ཞུ་བར་གྱུར། །སངས་རྒྱས་ཐམས་ཅད་འདུས་པ་ཡི། །མྱུར་བ་ཉིད་དུ་བདག་ལ་བསྐུལ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་དྲྀ་ཤྱ་ཧོ། །ཡོངས་སུ་བསྐུལ་བ་ཙམ་གྱིས་ནི། །འཇིག་རྟེན་ཁམས་ཀྱི་བདེ་བའི་བདག །ཇི་ལྟར་བསྐྱེད་པའི་རིམ་པ་ བཞིན། །གཉུག་མའི་སྔགས་ལས་བྱུང་གྱུར་ཏེ། །ཁུ་བའི་གཟུགས་ལས་རྡོ་རྗེ་ཅན། །དེ་ནས་ཨཾ་ཧཱུཾ་གཉིས་ལས་བཞེངས། །ཁ་དོག་སྔོན་པོ་འཇིགས་པ་པོ། །དམར་པོ་འོད་ཀྱིས་དཀྱིལ་འཁོར་འབར། །ཞལ་བཞི་པ་སྟེ་འཇོགས་པ་ཅན། །དྲུག་གཉིས་ཕྱག་གིས་རྣམ་ པར་བརྒྱན། །ཨུ་མ་ཨུ་མའི་བདག་པོ་མནན། །ཉིན་བྱེད་དབང་ཕྱུག་གདན་དུ་བཏིང་། །རྩ་བའི་ཞལ་ནི་ཤིན་ཏུ་གནག །གཡས་པ་ཀུནྡ་ལྟ་བུ་སྟེ། །གཡོན་པ་དམར་པོ་འཇིགས་པ་པོ། །ནུབ་ནི་གསེར་དུ་འབར་བའོ། །སྔར་གྱི་ལག་ཆར་ཡང་དག་ལྡན། །སྤྱན་གསུམ་ གྱིས་ཀྱང་ཡང་དག་མཛེས། །ཅུང་ཟད་ཁྲོ་ཞིང་བཞད་པའི་ཞལ། །གཡོན་བརྐྱང་བ་ཡི་གར་གྱིས་བཞུགས། །དེ་ཡི་ཤེས་རབ་ཕག་མོ་ནི། །དམར་མོ་ཁ་དོག་ཆེར་འབར་བ། །ཞལ་གཅིག་ཕྱག་གཉིས་རྣམ་པར་མཛེས། །རྡོ་རྗེ་དང་ནི་མི་ཐོད་འཕྱང་། །བཅོམ་ལྡན་འདས་ཀྱིས་ ཞལ་བཞི་བྱིན་གྱིས་བརླབ་པ་ནི། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དེ་ནི་ལུགས་ལས་བཟླས་པའོ། །ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བ་ནི་བསྙེན་པའོ། །ཨོཾ་ ཧ་སྙིང་གར་རྡོ་རྗེ་སེམས་དཔའ་འོ། །ཨོཾ་ན་མ་ཧི་སྤྱི་བོར་རྣམ་པར་སྣང་མཛད་དོ། །ཨོཾ་སྭཱ་ཧཱ་ཧུ་སྤྱི་གཙུག་ཏུ་པདྨ་གར་གྱི་དབང་ཕྱུག་གོ། །ཨོཾ་བཽ་ཥཊ་ཧེ་མཆན་ཁུང་གཉིས་སུ་དཔལ་ཧེ་རུ་ཀའོ། །ཨོཾ་ཧཱུཾ་ཧཱུཾ་ཧོ་མིག་གཉིས་སུ་རྡོ་རྗེ་ཉི་མའོ། །ཨོཾ་ཕཊ་ཧཾ་རྟ་མགྲིན་ཏེ། ཡན་ ལག་ཐམས་ཅད་ལ་མཚོན་ཆའོ། །ཨོཾ་ཨོཾ་བཾ་ལྟེ་བར་རྡོ་རྗེ་ཕག་མོའོ། །ཨོཾ་ཧཾ་ཡོཾ་སྙིང་གར་གཤིན་རྗེ་མའོ། །ཨོཾ་ཧྲིཾ་མོཾ་ཁར་རྨོངས་བྱེད་མའོ། །ཨོཾ་ཧྲེཾ་ཧྲིཾ་སྤྱི་བོར་སྐྱོད་བྱེད་མའོ། །ཨོཾ་ཧཱུཾ་ཧཱུཾ་སྤྱི་གཙུག་ཏུ་སྐྲག་བྱེད་མའོ། །ཨོཾ་ཕཊ་ཕཊ་ལྷ་མོའི་གནས་ཐམས་ཅད་ལ། ཉེ་བའི་སྒྲུབ་ པའོ། །སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ནི་ཐུགས་རྡོ་རྗེའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ་ལྐོག་མར་གསུང་རྡོ་རྗེའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ་ནི་དཔྲལ་བར་སྐུ་རྡོ་རྗེའོ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་ བྱ་བ་ནི་ལྷ་མོའི་སྙིང་གར་རོ། །ཨོཾ་ཙ་ཧཾ་ཧཱུཾ་ཕཊ་ལྐོག་མར་རོ། །ཨོཾ་བཛྲ་བཻ་རོ་ཙ་ནི་ཧཱུཾ་ཕཊ་དཔྲལ་བར་རོ། །སྤྱི་བོར་ཡི་གེ་ཨོཾ་མོ། །སྙིང་གར་ཡི་གེ་ཧཱུཾ་ངོ་། །ཟེ་འབྲུ་ལ་ནི་ཡི་གེ་ཨཱཿའོ། །རྐེད་པར་ནི་ཡི་གེ་སྭཱའོ། །བརླར་ནི་ཡི་གེ་ཧཱའོ་ཞེས་བྱ་བ་ནི་སྒྲུབ་པའོ། །ཡེ་ཤེས་དམ་ཚིག་ མཉམ་གྱུར་པས། །དེ་ཕྱིར་འདི་ནི་རྡོ་རྗེར་བརྗོད། །དབང་གི་དོན་ནི་བསྒོམས་བྱས་ནས། །ཕྱིས་ནི་མཆོད་པས་མཉེས་པར་བྱ། །ལིངྒ་གཉིས་ལ་སྔགས་བཀོད་ལ། །སྣ་རྩེར་ཨ་ཡིག་རྣམ་པར་དགོད། །དེ་བཞིན་ལིངྒའི་ལྟེ་བ་ལ། །ཡི་གེ་བཾ་ནི་རྣམ་པར་ བསམ། །བློ་ལྡན་རྣལ་འབྱོར་མ་ལ་བསྲུབ། །དག་པའི་ལུས་ནི་དྲི་མ་མེད། །ཅེས་བྱ་བ་འདི་ནི་དང་པོའི་རྣལ་འབྱོར་རོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཨཱཏྨ་ཀོ྅ཧཾ། །སྙིང་གའི་ས་བོན་འོད་ཟེར་གྱིས། །བདེ་བར་གཤེགས་པ་སྤྱན་དྲངས་ཏེ། །ཨ་ཝ་དྷཱུ་ཏཱི་གནས་དེ་བཞིན། ། སྨིན་མའི་བར་དུ་ངེས་པར་གཞུག །དང་པོར་དབྱངས་དང་ཡང་དག་ལྡན། །དེ་ནི་སྐད་ཅིག་གིས་གསལ་བསྒོམ། །མགལ་མེའི་འཁོར་ལོ་ལྟར་གནས་པ། །རྣལ་འབྱོར་མ་ནི་དེ་བཞིན་ནོ། །འབར་བའི་ཕྲེང་བ་དུ་མ་ནི། །འཁོར་ལོ་ཐམས་ཅད་ཀྱི་ནི་སྒོ། །ཞལ་བཞི་དཔའ་བོ་རྣམས་ ཀྱིས་སོ། །དཔའ་བོ་རྣལ་འབྱོར་མས་ཡོངས་བསྐོར། །རྩ་བའི་ལམ་ནི་ཐམས་ཅད་དུ། །སྔགས་པ་ཇི་ལྟར་དབྱེ་འདོད་པས། །དེ་ཉིད་དབྱེ་བ་ཐ་དད་ཉིད། །མཁའ་འགྲོ་མ་ནི་ཉིས་སྦྱོར་བྱེད། །ཆགས་པ་ཆེན་པོའི་དཀྱིལ་འཁོར་ནི། །དགོས་པའི་ཕྱིར་ནི་རབ་སྒྲུབ་བྱེད། །དམ་ པའི་རྣལ་འབྱོར་མ་རྣམས་ཀུན། །ཡུལ་དང་ཡུལ་ལ་ངེས་པར་སྦྱར། །དེ་ནས་མཁའ་འགྲོ་མ་རྣམས་ནི། །གནས་ལ་རྣམ་པར་གནས་པ་སྟེ། །ཤར་ནས་མཁའ་འགྲོ་མ་སྔོ་སྐྱའི་འོད་ཅན་ནོ། །བྱང་ནས་ལཱ་མ་ལྗང་སེར་མའོ། །ནུབ་ནས་དུམ་སྐྱེས་མ་དམར་སེར་རོ། །ལྷོ་ནས་ གཟུགས་ཅན་མ་དཀར་སེར་ཀྱི་མདོག་ཅན་ཏེ། འདི་ཐམས་ཅད་ནི་རོའི་སྟེང་ན་ཐོད་པ་དང་གྲི་གུག་ལག་ན་ཐོགས་པ། སྐྲ་གྱེན་དུ་བརྫེས་པ། རྒྱན་རྣམས་ཀྱིས་བརྒྱན་པ་ཞལ་གཅིག་པ། དབུ་ལ་སངས་རྒྱས་ཀྱི་གཟུགས་བརྙན་གྱིས་མཚན་ཅིང་ཡང་དག་པར་ལྡན་པར་གར་ སྟབས་ཀྱིས་བཞུགས་པའོ། །ཐོད་པ་རྣམས་སུ་གླང་པོ་དང་ཅེ་སྤྱང་དང་མི་དང་བ་ལང་རྣམས་རིམ་པ་ཇི་ལྟ་བའོ། །མཚམས་བཞིར་ཡང་ལྔར་གཅིག་གིས་མ་ཚང་བའི་སྣོད་དོ། །མགོ་བོ་པུལླི་ར་མ་ལ་ཡ་ནས་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ་སྟེ། །སོ་དང་སེན་མོ་འབབ་པའོ། ། སྤྱི་གཙུག་འབར་བ་འཛིན་པ་ནས་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ་སྟེ། སྐྲ་དང་སྤུ་འབབ་པའོ། །རྣ་བ་གཡས་པ་ཨུ་ཌྱ་ན་ནས་ཀཾ་ཀ་ལ་དང་འོད་ལྡན་མ་སྟེ། པགས་པ་དང་དྲི་མ་འབབ་པའོ། །ལྟག་པ་ཨརྦུ་ད་ནས་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ ཆེན་མ་སྟེ་ཤ་འབབ་པའོ། །དེ་དག་ནི་ཤར་ཕྱོགས་ལ་སོགས་པ་ནས་ལུགས་དང་མཐུན་པའོ། །རྣ་བ་གཡོན་པའི་མཆོད་སྦྱིན་ནས་དཔའ་བོ་བཟང་པོ་དང་། དཔའ་བོའི་བློ་མ་སྟེ། ཐམས་ཅད་དུ་ཆུ་རྒྱུས་འབབ་པའོ། །སྨིན་དབུས་དགའ་བའི་དབང་ཕྱུག་ནས་འོད་དཔག་ཏུ་མེད་པ་ དང་། མི་ཐུང་མ་སྟེ། རུས་པ་དང་དྲི་མ་འབབ་པའོ། །མིག་གཉིས་ལྷ་མོའི་མཁར་ནས་རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག་མ་སྟེ། དེ་ནི་རྟག་ཏུ་མཆི་མ་འབབ་པའོ། །དཔུང་པ་མཱ་ལ་བེ་ནས་རྡོ་རྗེའི་ལུས་དང་། ཤིང་གྲིབ་མ་སྟེ་སྙིང་གའི་ཆུ་བ་འབབ་པའོ། །དེ་དག་ནི་དབང་ལྡན་ལ་སོགས་ པའི་མཚམས་ནས། ཐུགས་ཀྱི་འཁོར་ལོའི་མཁའ་སྤྱོད་མ་རྣམས་སྙོམས་པར་ཞུགས་པས་བཞུགས་སོ། །དེ་བཞིན་དུ་མཆན་ཁུང་འདོད་པའི་གཟུགས་ནས་ཨཾ་གུ་རི་དང་། ཨཻ་ར་བ་ཏི་སྟེ། དེ་རྟག་ཏུ་མིག་འབབ་པའོ། །ནུ་མ་གཉིས་པོ་ཨོ་ཏྲེ་ནས། རྡོ་རྗེ་རལ་པ་ཅན་དང་། འཇིགས་ བྱེད་ཆེན་མོ་སྟེ། མཁྲིས་པ་འབབ་པའོ། །ལྟེ་བ་ཏྲི་ཤ་ཀུ་ནེ་ནས་དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་མ་སྟེ། གློ་བ་འབབ་པའོ། །སྣའི་རྩེ་མོ་ཀོ་ས་ལ་ནས། བཛྲ་ཧཱུཾ་ཀ་ར་དང་ཆང་འཐུང་མ་སྟེ། རྒྱུ་མའི་ཕྲེང་བ་འབབ་པའོ། །དེ་དག་ནི་ཤར་ལ་སོགས་པ་ནས་སོ། །ཁ་ཀ་ལིངྒ་ནས་ སུ་བྷ་དྲ་དང་། ལྗང་ལྷ་མོ་སྟེ། ལོགས་ཀྱི་རྩ་འབབ་པར་བཤད་པའོ། །མགྲིན་པ་ལམ་པཱ་ཀ་ནས་རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོ་སྟེ། ལྟེ་བ་འབབ་པའོ། །སྙིང་ཀཱཉྩི་ནས་འཇིགས་བྱེད་ཆེན་མོ་དང་། རྟ་རྣ་མ་སྟེ། བི་སྣ་མ་འབབ་པའོ། །མདོམས་པར་ཧི་མཱ་ལ་ནས་མིག་མི་ བཟང་དང་། ཁ་ག་ན་སྟེ། མཚོག་མའི་སྲུབས་འབབ་པ་སྟེ། མཚམས་སུ་སྔར་བཞིན་ཏེ། གསུང་གི་འཁོར་ལོས་སྤྱོད་མ་སྟེ། དེ་རྣམས་ནི་སྙོམས་པར་ཞུགས་པས་རྣམ་པར་གནས་སོ། །ལིངྒ་ཡི་དགས་གནས་པ་ནས། །སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་ཏེ། །བད་ཀན་ འབབ་པའོ། །བཤང་བའི་ལམ་ཁྱིམ་གྱི་གནས་ནས་རིན་ཆེན་རྡོ་རྗེ་དང་། དུམ་སྐྱེས་མ་སྟེ་དྲི་ནི་རྟག་ཏུ་འབབ་པའོ། །བརླ་སཽ་རཱཥྚ་ནས། རྟ་མགྲིན་དང་ཆང་འཚོང་མ་སྟེ། ཁྲག་འབབ་པར་རབ་ཏུ་གྲགས་པའོ། །བྱིན་པ་གཉིས་གསེར་གླིང་ནས། ནམ་མཁའི་སྙིང་པོ་ དང་། འཁོར་ལོའི་གོ་ཆ་མ་སྟེ། རྡུལ་འབབ་པར་གྱུར་པའོ། །དེ་དག་ནི་ཤར་ལ་སོགས་པའི་ཕྱོགས་སོ། །སོར་མོ་ན་ག་ར་ནས་ནི་དཔལ་ཧེ་རུ་ཀ་དང་། ཤིན་ཏུ་དཔའ་མོ་སྟེ། ཚིལ་འབབ་པའོ། །རྐང་པའི་རྒྱ་བ་སིནྡྷུ་ནས་ནི་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ་སྟེ། འདི་ནི་རྟག་ ཏུ་མཆི་མ་འབབ་པའོ། །མཐེ་བོ་མྱ་ངམ་ནས་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་སྟེ། མཆིལ་མ་འབབ་པའོ། །པུས་མོ་ཀུ་ལུ་ཏཱ་ནས། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ། བྱིས་པའི་སྣབས་འབབ་པའོ། །སྔོན་བཞིན་མཚམས་རྣམས་སུ་སྟེ། སྐུའི་འཁོར་ ལོ་ས་འོག་ན་སྤྱོད་པ་རྣམས་སྙོམས་པར་ཞུགས་པས་བཞུགས་སོ། །ཤར་གྱི་སྒོ་ནས་ཁྭ་གདོང་མའོ། །བྱང་ནས་འུག་གདོང་མའོ། །ནུབ་ནས་ཁྱི་གདོང་མའོ། །ལྷོ་ཕྱོགས་ནས་ཕག་གདོང་ཅན་ཏེ། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཁ་དོག་དང་མཚན་མ་དང་ལྡན་པ། རོ་ལ་ཞོན་ ཅིང་དེ་ལས་འོད་ཟེར་འབར་བས། བཞིན་ཀུན་དུ་རྣམ་པར་འགྱུར་ཞིང་སྣ་ཚོགས་སུ་རྣམ་པ་བསྒྱུར་བ་སྟེ། ལུགས་དང་མཐུན་པའོ། །ཕོ་ཉ་མོ་རྣམས་ནི་ལུགས་དང་མི་མཐུན་པས་ཡང་དག་པར་རྣམ་པར་གཞག་སྟེ། མེའི་མཚམས་ནས་གཤིན་རྗེ་ཕོ་ཉ་མོའོ། །སྲིན་པོའི་མཚམས་ནས་ གཤིན་རྗེ་བརྟན་མའོ། །རླུང་མཚམས་ནས། གཤིན་རྗེ་མཆེ་བ་གཙིགས་མའོ། །དབང་ལྡན་གྱི་མཚམས་ནས་གཤིན་རྗེ་འཇོམས་མ་སྟེ། འདི་དག་ཀྱང་ཁ་དོག་གཉིས་གཉིས་མའོ། །ཡིད་དུ་འོང་མ་སྔ་མ་ལྟ་བུར་རོ་ལ་ཞོན་པའོ། །དཔལ་ཧེ་རུ་ཀ་ལ་སོགས་པ་དཔའ་བོ་རྣམས་ནི་རྡོ་རྗེ་ དང་དྲིལ་བུས་འཁྱུད་པའི་ཕྱག་རྒྱ་ཅན་ནོ། །ལྷ་མོ་ཐམས་ཅད་ཀྱི་ཕྱག་ན་གྲི་གུག་དང་ཐོད་པ་ཐོགས་པ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། སྤྱན་གསུམ་མ་མཆེ་བ་གཙིགས་པ། ཐོད་པའི་ཕྲེང་བས་བརྒྱན་པ། འོད་ཟེར་དུ་མ་སྤྲོ་ཞིང་འབར་བ། ཁྲོ་གཉེར་ཡོན་པོའི་མིག་གིས་ བལྟ་བ། རོ་མནན་ཅིང་དེ་ལས་འོད་ཟེར་འབར་བ། ཉི་མ་ལ་གར་གྱིས་བཞུགས་པའོ། །ཁྭའི་གདོང་ཅན་མ་ལ་སོགས་པ་བཤད་པ་ནི། སྟག་གི་པགས་པའི་ཤམ་ཐབས་ཅན། ཐོར་ཚུགས་ཀྱི་ནོར་བུ་དང་། རྣ་ཆ་དང་མགུལ་རྒྱན་དང་། གདུ་བུ་དང་རྡོ་རྗེའི་རྐེད་པ་དང་། ཐོད་པའི་ཕྲེང་ བས་མགུལ་པ་བརྒྱན་པ། དེ་བཞིན་དུ་རྐང་པ་གཉིས་ལ་དྲིལ་བུ་གཡེར་ཁས་བརྒྱན་པ། ཤིན་ཏུ་གཡོན་བརྐྱང་བས་བཞུགས་པའོ། །གོང་གི་དཔའ་བོ་ཉི་ཤུ་བཞི། །ཧེ་རུ་ཀ་དཔལ་རིགས་བྱུང་པ། །མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཕག་མོའི་རིགས་ལས་བྱུང་བའོ། །ཡེ་ཤེས་དམ་ཚིག་ མཉམ་གྱུར་པས། །དེ་ཕྱིར་རྡོ་རྗེ་ཞེས་སུ་བརྗོད། །དབང་གི་དོན་ནི་བསྒོམ་བྱས་ནས། །ཕྱི་ནང་མཆོད་པས་མཉེས་བྱས་ཏེ། །ཐམས་ཅད་སྔ་མ་ལྟ་བུའོ། །ད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ལྷའི་སྦྱོར་བས་རྣམ་པར་གཞག་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི། མཁའ་འགྲོ་མ་ཞེས་བྱ་བ་ནས། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ་ཞེས་བྱ་བའི་བར། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ལྷའི་རྣམ་པར་དག་པའོ། །སྙིང་གི་ནང་སོང་པདྨ་ནི། ། འདབ་མ་བརྒྱད་པ་གེ་སར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་ལྟ་བུའི་རང་བཞིན་ཏེ། །ཆུ་ཤིང་གི་ནི་མེ་ཏོག་བཞིན། །འཆང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་སོང་དཔའ་བོ་ནི། །ཡུངས་ཀར་སྦོམ་ཕྲའི་ཚད་ཙམ་སྟེ། །གཞོམ་མེད་ཧཱུཾ་སྟེ་ས་བོན་ནི། །བ་མོ་ལྟ་བུར་འཛག་ པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དེ་ཕྱིར་ཞེས་བྱ་རྣམ་པར་བཤད། །མེ་ནི་ཆེན་པོའི་གཟུགས་ཀྱིས་ནི། །ཕག་མོའི་ཐིག་ལེ་རུ་ནི་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་མཉེས་གྱུར་ནས། སྙོམས་ པར་འཇུག་པ་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ལེར་བརྗོད་པའོ། །སྟོང་པ་ཉིད་ཀྱི་ཚུལ་འཛིན་མ། །རྒྱུ་དང་མི་རྒྱུ་ཡང་དག་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །སྒོ་ནི་རྣམ་པ་གསུམ་འབྱུང་བར། །འབྱུང་བ་འདི་ནི་འཇུག་པ་སྟེ། ། འདི་དག་ཐམས་ཅད་ལུས་ལ་གནས། །ལྟེ་བའི་ཨ་ཡི་ཚུལ་གྱིས་ནི། །ཐུང་དུ་རུ་ནི་ཡོངས་སུ་གྲགས། །སྙིང་ལ་ཧཱུཾ་གི་ཡི་གེ་ནི། །རིང་པོ་ཚད་གཉིས་དག་ཏུ་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱི་ནི། །ཤིན་ཏུ་རིང་པོ་ཚད་གསུམ་པས། །དཔྲལ་བའི་ཧཾ་ ཞེས་བྱ་བ་ནི། །མི་ཤིགས་པ་ཡི་ཐིག་ལེའོ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ས་སོགས་འབྱུང་བ་བཞི་དག་དང་། །ཐུན་བཞིས་བྱིན་གྱིས་བརླབས་པ་ཡིས། །སྐད་ཅིག་བཞི་ནི་འབྱུང་བ་དང་། །དགའ་བ་བཞི་ཡི་རང་བཞིན་གྱིས། །སྦྱོར་བ་བཞི་ནི་སྔོན་དུའོ། །མཆོག་ཏུ་དགའ་ བའི་མཚན་ཉིད་ཀྱིས། །བྱ་དང་བྱེད་པའི་དངོས་པོ་མིན། །རྡོ་རྗེ་སེམས་དཔའི་ཚུལ་གྱིས་ནི། །འདིར་ནི་ཇི་ལྟར་བདེ་བར་རོལ། །པདྨ་འདབ་མ་བཞི་པོ་ཡང་། །ཕྱོགས་བཞིར་རྣམ་པར་གནས་པ་ནི། །འབྱུང་བ་བཞི་ཡི་རྩ་ཡིན་ཏེ། །མར་མེ་ལྟ་བུའི་རང་བཞིན་ནོ། །མཚམས་ སུ་རྣམ་པར་གནས་པའི་ཚེ། །དེ་ནི་ནང་སོང་བཞི་པོ་ཡང་། །དེ་ནས་བདུད་རྩི་ལྔ་འབབ་པ། །དེ་ཉིད་རང་བཞིན་མེད་ཚུལ་གྱི། །འདིར་ནི་མཆོད་པའི་ཚུལ་གནས་པས། །མཆོད་པ་བཞིན་དུ་ཡང་དག་བཤད། །ལུས་ཀྱི་སྙིང་གི་ནང་ན་ནི། །རྩ་རྣམས་བརྒྱད་ནི་རྣམ་པར་གནས། གཞན་ཡང་སྐུ་གསུང་ཐུགས་དབྱེ་བས། །ཉི་ཤུ་རྩ་བཞི་ཡང་དག་བཤད། །གནས་སོགས་དབྱེ་བ་ལ་བརྟེན་ཏེ། །གནས་དང་གནས་ལ་རྣམ་པར་གནས། །ལྟུང་བྱེད་ལ་སོགས་རྣམ་དག་པ། །ཁྭ་གདོང་ལ་སོགས་སྔར་ཇི་བཞིན། །ཞེས་བཅོམ་ལྡན་འདས་རྡོ་རྗེ་ཅན་ གྱིས་རྒྱས་བཏབ་པའི་ཕྱིར་གསུངས་སོ། །རྫས་བཅུ་ལས་ནི་སྔར་བསམ་པ། །ཡི་གེ་ཨ་ལས་བྱུང་བའི་སྣོད། །རླུང་གི་མེ་ཡི་དཀྱིལ་འཁོར་ལ། །སྦར་བས་ཁོལ་བར་གྱུར་པ་དང་། །དབྱངས་ཡིག་དང་པོ་ཡང་དག་ལྡན། །སྐད་ཅིག་དེ་ལས་འབར་ཞིང་བལྟ། །བཟློག་པའི་ ཡི་གེ་མཉམ་སྦྱོར་བ། །རྒྱུད་གྱི་སྔགས་ནི་བསྒོམ་པར་བྱ། །ཡི་གེ་ཨོཾ་གྱིས་ཀུན་གསལ་བས། །དེ་ཉིད་གསུམ་ལ་ཡང་དག་བརྗོད། །དེ་ལྟར་བསྒོམས་གྱུར་ན་ལྷ་མོ། །རྫས་ཀྱི་དངོས་གྲུབ་བཟང་པོ་བྱེད། །འདི་ཡི་རྣལ་འབྱོར་དངོས་གྲུབ་ནི། །བྱིན་གྱིས་བརླབས་པར་ ཡང་དག་འགྱུར། ཨོཾ་ཨཱ་རལླི་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཨོཾ་བཛྲ་ཌཱ་ཀི་ནཱི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་མཾ་བ་ལིཾ་བྷུཉྫ་ཐ་པི་བ་ཐ་མ་མ་ཀརྨ་སཱ་དྷ་ཡ་ཐ་ཨོཾ་ཨཱཿཧཱུཾ་ཕེཾ་ཕེཾ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ། མ་ཧཱ་ཀཱལྤ་ཨ་གྣི་སཾ་ནི་བྷཱ་ཡ། ཛ་ཊ་མ་ཀུ་ཊོཏྐ་ཊཱ་ཡ། དཾཥྚྲ་ ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱཱཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ། མ་ཧཱ་དྷཱུམྦྲཱནྡྷཱ་ཀ་ར་ཝ་པུ་ཥཱ་ཡ། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿཕེཾ་ཕེཾ། ཕཊ་ ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་ར་ཨན་ཏྲ་མཱ་ལཱ་བ་ལཾ་བི་ནི། གྲྀ་ཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སར་པཾ་བཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧྲིཾ་ཧྲིཾ་ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ་ཧཾ་ཧཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་ དྷི་ལི། ཧཱུཾ་ཧཱུཾ་ཕཊ། སྔགས་ཐམས་ཅད་ཀྱི་མཐའ་རུ་ཧཱུཾ་དང་ཕཊ་ཅེས་བྱ་བའི་ཡི་གེ་སྦྱར་རོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་མཁའ་འགྲོ་མ་རྣམས་ནི། རང་གི་མིང་གི་སྔགས་ཉེ་བར་བརྗོད་དོ། །དང་པོར་ཨོཾ་གྱི་ཡི་གེ་དང་། མཐར་ཧཱུཾ་གི་ཡི་གེ་རབ་ཏུ་སྦྱར་རོ། །ཨོཾ་ ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ་སྙིང་པོ་དང་ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ སྭཱ་ཧཱ་ཉེ་བའི་སྙིང་པོའོ། །ཨོཾ་ཙཽ་རཱི་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །རྗེ་བཙུན་མའི་རྐང་པའི་སྔགས་སོ། །ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ་དཔའ་པོའི་གོ་ཆ་དྲུག་གོ། །ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲིཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཡི་གེ་ཨོཾ་ནི་ཐམས་ཅད་དུ་སྟེ། རྣལ་འབྱོར་མ་ དྲུག་གི་གོ་ཆའོ། །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བརྟུལ་ཞུགས་ཀྱི་སྤྱོད་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་ཝཱན་ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་བི་དྷི། བོད་སྐད་དུ། བཅོམ་ལྡན་འདས་དཔལ་བདེ་ མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ཉི་ཤུ་རྩ་བཞི་གཉིས་མེད་ལ། །ཕྱག་འཚལ་དཀྱིལ་འཁོར་སྤྱོད་པ་དང་། །བརྟུལ་ཞུགས་ རིམ་པ་བསྙེན་པ་བཤད། །ལུགས་སུ་འབྱུང་དང་བཟློག་པ་དང་། །ཐ་དད་ཕྱི་ནི་སྦས་པ་དག །ཤེས་ནས་གང་ཡང་ཆོ་ག་འདི། །བདག་གིས་ཐམས་ཅད་བཤད་པར་བྱ། །སྒྲ་དང་སྒྲ་ཉམས་བརྡ་དང་ནི། །སྡེབ་སྦྱོར་མཚན་ཉིད་སྤངས་པ་ཡི། །འཁོར་ལོ་མཆོད་པའི་ཆོ་ག་གསལ། །དེ་ནི་ བདག་ཉིད་དྲན་ཕྱིར་བྱ། །གར་གྱི་གནས་དང་མཚུངས་འདྲ་བའི། །ཕྱི་རོལ་བསྟན་བཅོས་སུན་འབྱིན་པ། །དོན་ལ་རྟོགས་པའི་དེ་ཉིད་ཅན། །སྤྱོད་དང་ཐར་བའང་རང་འགའ་ཡིན། །ལེགས་པར་བརྟགས་པའི་སློབ་མ་ལ། །སློབ་དཔོན་གྱིས་ནི་དཀྱིལ་འཁོར་བྲི། །འཇམ་ཞིང་སྙན་པར་སྨྲ་ བ་དང་། །སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཐོས་དང་ཀློག་ལ་མངོན་པར་བརྩོན། །གསང་བའི་ཆོ་ག་ལྷག་པར་དད། །རྟག་པར་རྒྱུན་དུ་བླ་མ་གུས། །སློབ་མ་དེ་ནི་ཡོངས་སུ་གཟུང་། །དེ་ནི་དངོས་གྲུབ་མ་ལུས་པ། །སྒྲུབ་བྱེད་ཡེ་ཤེས་བཤད་བྱ་སྟེ། །ལྷ་ནི་མཉེས་པར་མ་ བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །དཔལ་ལྡན་ཁྲག་འཐུང་སོགས་འཁོར་ལོའི། །སྔགས་རྣམས་མཉེས་ལ་རབ་དད་ཅིང་། །དཔའ་བོའི་སྙིང་པོའི་གསང་སྔགས་ནི། །ཁྲི་ཕྲག་གསུམ་དུ་བཟླས་བརྗོད་བྱ། །རྣལ་འབྱོར་མ་ཡི་འཁོར་ལོ་ཡི། །ཁྲི་ཕྲག་གཉིས་ནི་ བསྙེན་པར་བྱ། །ཀཱ་ཀའི་གདོང་སོགས་རྣམ་པ་བརྒྱད། །སྙིང་པོ་རྣལ་འབྱོར་མ་བཞི་ཡི། །སྟོང་ཕྲག་ལྔ་དང་ལྔ་བརྒྱ་ནི། །སྔོན་དུ་བསྙེན་པ་བྱ་བ་སྟེ། །བདག་གམ་ཡང་ན་དཀྱིལ་འཁོར་ནི། །སྔོན་དུ་བསྙེན་པས་འགྲུབ་པར་འགྱུར། །གང་འདིར་རྗེས་གནང་དབང་བསྐུར་བའི། །བླ་མའི་ གཙོ་བོ་བྲི་བྱ་ཞིང་། །འཁོར་ལོའི་ཡོ་བྱད་ཕུན་ཚོགས་པའི། །སློབ་མས་དེ་ལ་གསོལ་བ་གདབ། །འཁོར་ལོ་མཆོད་པའི་རིམ་ཇི་བཞིན། །ཁྱོད་ཀྱིས་ཐམས་ཅད་འབྱོར་གྱུར་ཏེ། །རྣལ་འབྱོར་རྣལ་འབྱོར་མ་དགའ་བར། །གུས་པ་ཡིས་ནི་བྱེད་ནུས་སམ། །གལ་ཏེ་དཔའ་བོ་ཐམས་ ཅད་དུ། །གཟི་བརྗིད་ཅན་བྱེད་ནུས་སྨྲས་པ། །དེ་ནས་དཔའ་བོ་ཆེན་པོས་འདིར། །ཤེས་རབ་ཡན་ལག་གཉིས་མེད་ལུས། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །འཁོར་ལོ་ཀུན་ལ་རྣམ་པར་བཞུགས། །དང་པོ་གནས་ནི་ཁྱད་པར་དུ། །དེ་ལས་འབད་པས་བཙལ་བར་ བྱ། །སེམས་ཅན་དོན་བྱའི་རྒྱུ་རུ་ནི། །བདག་གི་བྱང་ཆུབ་དེ་ལ་གཞག །ད་ནི་དངོས་གྲུབ་ཐམས་ཅད་ཀྱི། །ཡོན་ཏན་གནས་ནི་བཤད་བྱ་སྟེ། །ཤིན་ཏུ་བགྲོད་པར་དཀའ་བ་ཡིན། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །རོ་ལངས་དང་ནི་སྲིན་པོ་རྣམས། །མི་བཟད་འཇིགས་པའི་ སྒྲ་སྒྲོགས་པ། །ཡི་གེ་ཕེཾ་གི་སྒྲས་ཁྱབ་པའམ། །སྒྲུབ་པ་པོ་དང་མཚམས་ཕྱོགས་སུ། །འཇིགས་བྲལ་ཡོངས་སུ་དག་པའི་བློས། །མ་ལུས་རྣམ་རྟོག་རབ་བསལ་ཏེ། །བྱམས་དང་སྙིང་རྗེའི་རྒྱན་གྱིས་ནི། །འདྲེས་མེད་རྣལ་འབྱོར་པ་བདེར་གནས། །སེམས་ཅན་གཅིག་ ཏུ་གདུག་ཅིང་གཏུམ། །སྡུག་བསྔལ་དང་ནི་ལས་ཀྱིས་གཟིར། །སྟོང་དང་སྙིང་རྗེའི་སྙིང་པོ་ཡིས། །བྱང་ཆུབ་ལ་གཞག་ཡིད་ལ་བྱ། །ཀྱེ་མ་སེམས་ཅན་སྡུག་བསྔལ་ཞིང་། །ཀུན་རྟོག་ལ་ནི་མངོན་པར་ཞེན། །དེ་ཡི་རྟོག་པ་གཞོམ་ཕྱིར་བདག །དཔལ་ལྡན་ཧེ་རུ་ཀ་རང་བྱ། ། སྔོན་དུ་བསྙེན་པའི་ཆོ་གའོ། །གནས་ལས་ལངས་པ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབས་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཡང་དག་ཡེ་ཤེས་རྒྱུད་ཤེས་ཤིང་། །ཧེ་རུ་ཀ་དཔལ་གསང་སྔགས་ཤེས། །ཁྲོ་བ་ མེད་ཅིང་གཙང་ལ་མཁས། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །དཔལ་ལྡན་ཁྲག་འཐུང་སོགས་ཆ་ལུགས། །བདག་ཉིད་སྔོན་དུ་བྱེད་བདག་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །གསང་བའི་ཡེ་ཤེས་རྣམ་པར་སྤངས། །དམན་ལ་མོས་པའི་སེམས་ཅན་རྣམས། །མཐོང་ནས་ སློབ་དཔོན་ཚུལ་ལ་གནས། །སེམས་ཅན་གདོན་པར་བྱའོ་ཞེས། །སྙིང་རྗེས་ནོན་པའི་སེམས་དང་ལྡན། །དེ་བས་ཧེ་རུ་ཀ་རྣལ་འབྱོར། །བདེ་མཆོག་མགོན་པོ་བདག་སྟོན་ནོ། །དམ་ཚིག་སྐྱོང་ཞིང་སྟེན་བྱེད་པ། །བུ་ཁྱོད་ཅི་ག་སྤྲོ་གྱུར་ཏམ། །ཧེ་རུ་ཀ་དཔལ་ཚུལ་འདི་ལ། ། བཟའ་དང་བསྲུང་ལ་བརྟེན་པ་དང་། །སྐྱེ་བོ་མང་པོའི་སྡིག་པ་ནི། །བསགས་པ་རྣམ་པར་འཇིག་བྱེད་པ། །དཔའ་བོ་འཁོར་ལོ་སྡོམ་པ་ཡི། །སྡོམ་པ་སོ་སོར་བསྲུང་བར་བགྱི། །སློབ་མས་གསོལ་བའོ། །དེ་ནས་འདིར་ནི་དཔའ་བོ་ཆེས། །སྔོན་དུ་སྤྱད་པ་ བྱས་ནས་ནི། །ད་ནི་སེམས་ཅན་བསྒྲལ་བྱ་ཞེས། །དགའ་བའི་སེམས་ནི་སྔོན་དུ་བྱ། །འཁོར་ལོ་བདེ་མཆོག་དཔལ་རྣལ་འབྱོར། །རྒྱུད་ཀྱི་ཆོ་གས་ལྷ་རྣམས་ནི། །མཉེས་བྱས་དཀྱིལ་འཁོར་བྲི་བྱ་ཞིང་། །ས་ཡང་ཡོངས་སུ་བརྟག་པར་བྱ། །རི་དང་ནགས་དང་སྨན་ལྗོངས་དང་། །རྒྱ་ མཚོ་ཆེན་པོའི་འགྲམ་དང་ནི། །སྔོན་ནས་གྲུབ་པའི་དུར་ཁྲོད་དང་། །ཡིད་དུ་འོང་བའི་ས་ཕྱོགས་དང་། །གང་ཡང་སེམས་ནི་འཇུག་པ་དང་། །མཛེས་ཤིང་ཡིད་ནི་དགའ་བ་རུ། །ཆུ་དང་བ་ལང་ལྕི་བས་བྱུག །མེ་ཏོག་སྣ་ཚོགས་རྣམ་པར་དགྲམ། །དབུགས་དབྱུང་མཆོག་དང་བར་ མ་དང་། །དྲི་ནི་ཆུ་དང་བཅས་པར་བྱུག །དེ་ལ་སོགས་པས་མཉེ་བ་དང་། །ཀུན་དུ་རྒྱ་ཆེར་བརྡུང་བ་དང་། །ཤར་དང་བྱང་དུ་གཞོལ་བས་ནི། །སྔགས་པ་རྣམས་ནི་དངོས་གྲུབ་འགྲུབ། །དབུས་སུ་མཐོ་བས་རྒྱལ་སྲིད་དམ། །རིག་པ་འཛིན་པའི་གནས་དག་ཐོབ། །བྱང་དུ་ མཐོ་བས་འཆི་འགྱུར་ཅིང་། །ནོར་རྣམས་རབ་ཏུ་འཇིག་པར་བྱེད། །ཇི་སྐད་བཤད་པའི་ཤར་མཐོ་བས། །རིགས་རྣམས་རབ་ཏུ་ཟད་པར་བྱེད། །དབུས་སུ་དམའ་བའི་རང་བཞིན་གང་། །སྒྲུབ་པ་པོ་ནི་འཇོམས་དང་ལྡན། །དེ་ལྟར་མཚན་ཉིད་བཅས་པ་ཡིས། །དཔའ་བོའི་ དབང་པོ་སོགས་པས་མཚན། །ས་ཡི་མཚན་ཉིད་བསྟན་པའོ།། །།དེ་ལྟར་སྦྱོང་བ་བྱས་མཛེས་པའི། །ས་ཡི་དབུས་སུ་འདུག་ནས་སུ། །མཛེས་དཀར་མ་མོ་ཞེས་བྱ་ནི། །བསྐུལ་བ་འདི་ཡིས་གསོལ་བ་གདབ། །དང་པོ་སྒྲ་ལ་སོགས་སྔོན་གྱིས། །རྣལ་འབྱོར་དམིགས་པ་ ཐམས་ཅད་དུ། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །གཉིས་མེད་ཡེ་ཤེས་ལ་ལེགས་གནས། །ས་ལ་རེག་པའི་ཕྱག་རྒྱ་དང་། །མི་ཤིགས་ཐིག་ལེར་བྱས་པ་ཡིས། །སོར་མོས་ལན་གསུམ་བསྣུན་ནས་ནི། །བཀུག་ནས་མདུན་དུ་འདུག་པར་བསམ། །ཡན་ལག་རྒྱན་ རྣམས་ཐམས་ཅད་དང་། །ཁ་དོག་སེར་པོས་ལེགས་པར་མཛེས། །ལག་ན་བུམ་པ་ཐོགས་ནས་ནི། །བདག་གིས་ཅི་བགྱི་བཀའ་སྩོལ་སྨྲ། །མཆོད་ཡོན་རྐང་བཀྲུ་སོགས་བྱིན་ལ། །གཟི་བརྗིད་ཅན་དེས་འདི་ལྟར་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་ པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །དེ་སྐད་ལན་གསུམ་བརྗོད་ནས་ནི། །དེར་ནི་ཐིམ་པར་རྣམ་པར་བསམ། ། ས་བསླང་བའོ། །མགུལ་རྒྱན་གདུ་བུ་རྣ་རྒྱན་དང་། །སྤྱི་བོའི་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་རྒྱ་ཐལ་བ་ཡི། །རྒྱ་ཡིས་ཡན་ལག་ཀུན་ནས་བརྒྱན། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །བསྒོམས་ནས་བགེགས་རྣམས་བསལ་བར་བྱ། །དེ་ནས་རྐང་པ་ གཉིས་སུ་ཡི་གེ་ཧཱུཾ་ལས་འབར་བའི་རྡོ་རྗེ་བསམས་ལ། མིག་གཉིས་སུ་མ་དང་ཊ་ལས་ཟླ་བ་དང་ཉི་མ་བསམས་ཏེ། རྡོ་རྗེའི་ལྟ་བས་ཐམས་ཅད་དུ་བལྟས་ལ། ལག་པ་གཡོན་གྱིས་དྲིལ་བུ་བཟུང་ཞིང་། །གཡས་ཀྱིས་རྡོ་རྗེ་གསོར་བ་ལ་འབད་དེ། ཁ་ཊྭཱཾ་ག་ལ་ལེགས་པར་འཁྱུད་ ནས་ས་དེ་ན་གནས་པ་འདིས་བསྐྲད་པར་བྱའོ། །ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས་ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་འབྱུང་པོ་དང་། ཡི་དགས་དང་། སྲིན་པོ་དང་སྲིན་མོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་མྱུར་དུ་སོང་ཤིག །འདི་ལྟར་ དཔལ་ཧེ་རུ་ཀའི་བཀའ་ནོས་ལ་མྱུར་བ་ཉིད་དུ་སོང་ཤིག །གང་དག་མི་འགྲོ་བ་དེ་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་། ཁ་ཊྭཱཾ་ག་འདིས་སྤྱི་བོ་ནས་རྣམ་པ་བརྒྱར་དགས་པར་བྱའོ་ཞེས་ལན་གསུམ་བརྗོད་པར་བྱའོ། །དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་ལན་གསུམ་དུ་ བསྐོར་བར་བྱའོ། །བསྐལ་པའི་མེ་ལྟ་བུའི་འོད་ཟེར་རྐང་པའི་འོག་ནས་བྱུང་ནས་གདུག་པ་རྣམས་བསྲེགས་པར་གྱུར་ནས། ཕན་ཚུན་བྱེར་བར་གྱུར་པར་བསམ་མོ། །གཡས་དང་གཡོན་དུ་བསྐོར་བ་དང་། འཁྱུད་དང་ཀུ་ཙ་པ་ཡི་དང་། །བ་རི་ཏི་དང་སྭ་ཏི་ཀ །བྲིད་དེ་ཀེ་ ཤིག་ཀྱ་ལ་སོགས། །ཆགས་བཅས་ཚུལ་གྱིས་སྦྱོར་བས་ནི། །རོལ་པ་རབ་ཏུ་བྱ་བ་དང་། །རོལ་པའི་གོམ་སྟབས་བཅས་པའམ། །གོམ་པ་བརྒྱད་པས་གར་བྱའོ། །རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་མ་འདེགས་དང་རབ་དགས་འབྲང་། །ཅུང་ ཟད་ངོ་ཚའི་མིག་ཟུར་དང་། །བརླ་རྒྱས་བལྟ་ན་སྡུག་པ་དང་། །མིག་ཡངས་གར་ནི་བྱེད་འགྱུར་ཞིང་། །ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུནྡ་ལྟར་དཀར་སོ་ཡི་ཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང་། ། དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱ། །ཞལ་བཞི་ལ་སོགས་སྔགས་ཀྱིས་ནི། །ཕུར་བུ་ར་བ་དྲ་བ་བྱ། །མཐའ་དབྱངས་ཡིག་ལས་བྱུང་བ་ཡི། །སྣ་ཚོགས་རྡོ་རྗེའི་རང་བཞིན་ས། །ཡི་གེ་བདུན་པའི་སྔགས་ཀྱིས་ནི། །རྡོ་རྗེའི་ལྟ་བས་བལྟས་ནས་ ནི། །དཀྱིལ་འཁོར་གྱི་ནི་སའི་ཆ། །ཉེས་དང་ལྡན་ཡང་དག་པར་འགྱུར། །བགེགས་བསལ་བའོ།། །།ནཱ་ད་སོགས་པའི་གཟུགས་ལས་བྱུང་། །རི་ལ་སོགས་པ་ཇི་བཞིན་བསམ། །ཨིནྡྲ་ནཱི་ལའི་ས་གཞི་ལ། །འཁོར་ལོ་གསུམ་གྱི་བདག་ཉིད་བསམ། །སྣ་ཚོགས་པདྨ་འཇམ་པ་ལ། ། ཇི་བཞིན་གནས་སུ་རྣམ་པར་བསམ། །ཨཱ་ལི་ཀཱ་ལི་ལ་སོགས་ལས། །དཀྱིལ་འཁོར་དུ་ནི་རྣམ་པར་བརྟག །དེ་ལ་གཙོ་བོའི་གནས་སུ་ནི། །དཔལ་ལྡན་ཁྲག་འཐུང་ཤེས་རབ་ཀྱིས། །ཡན་ལག་གཉིས་མེད་འདུས་གྱུར་པ། །ཕོ་བྲང་མཆོག་དཔལ་རྣལ་འབྱོར་མ། །གཉིས་སུ་མེད་ པར་ཇི་བཞིན་བསམ། །རང་བཞིན་མི་གནས་ཡེ་ཤེས་འཁོར་ལོ་ནི། །དམ་ཚིག་འཁོར་ལོར་འདི་ཡིས་གཞུག་པར་བྱ། །རྐང་པ་གནོན་ཅིང་གྱེན་དུ་བལྟས་ནས་ནི། །ཕེཾ་ཞེས་བྱ་བའི་སྒྲ་ནི་བསྒྲག་པར་བྱ། །ཕྱོགས་བཅུར་གནས་པའི་དཔའ་བོ་དང་། །རྣལ་འབྱོར་མ་ནི་དགུག་པ་སྟེ། ། དང་པོར་གོ་ཆ་ཇི་བཞིན་པས། །ལེགས་པ་ཉིད་དུ་བསྲུང་བར་བྱ། །མཛུབ་གཉིས་མདུད་ཅིང་གུང་མོ་གཉིས། །སྦྱར་ཏེ་མཐེ་བོང་རྡོ་རྗེ་ནི། །བརྟན་པར་སྦྱར་ལ་དཔྲལ་བ་ཡི། །དབུས་སུ་ལེགས་པར་གཞག་པར་བྱ། །ཕྱག་རྒྱ་མ་མོའི་ཚོགས་བསྐུལ་ནས། །བསྐོར་ཞིང་བསྐོར་ཞིང་ངེས་ གཞུག་པར། །དམ་ཚིག་འཁོར་ལོ་བསམ་པར་བྱ། །མཁའ་འགྲོ་ཀུན་དང་གནས་བདག་ནི། །ཡིད་ཀྱིས་མཁར་བསམ་ཡིད་གཞུག་བསམ། །ས་ཡི་འཇིག་རྟེན་དག་ཕྱོགས་གཞུག །ས་འོག་ལུས་ནི་ཀུན་ལ་སྦྱར། །རང་མདོག་ཕྱག་སོགས་ཡན་ལག་འཁྱུད་པ་དང་། །ཐམས་ ཅད་མཆོད་ཅིང་ཕྱོགས་སུ་མ་མོ་རྣམས། །མཚམས་སུ་བརྒྱད་པོ་རྣམས་དང་ས་ཡི་ནི། །བདག་པོ་རྣམས་ཀྱང་ལེགས་པར་བསམ་པར་བྱ། །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པའོ།། །།རང་གི་མིང་བརྗོད་གསང་སྔགས་རྒྱལ། །དང་པོ་ཨོཾ་དང་ཧཱུཾ་གཉིས་ལྡན། །ཕཊ་དང་ཡང་དག་ སྦྱར་བ་ནི། །ལྷ་རྣམས་མ་ལུས་པ་ཡི་ཡིན། །བར་མ་དབུགས་དབྱུང་མཆོག་དྲི་ཆུས། །མཆོད་པར་རྟག་ཏུ་བརྩོན་པ་དང་། །ཆོ་གའི་རྗེས་མཐུན་ཐམས་ཅད་མཆོད། །དཔལ་ལྡན་ཁྲག་འཐུང་སོགས་བསམ་པ། །རང་གནས་དབུས་ཀྱི་ཕྱོགས་སུ་ནི། །ཡོངས་སུ་བསྐོར་ཅིང་བཤད་པ་ཡི། ། གསང་སྔགས་ཇི་བཞིན་རིམ་དང་པོ། །གཡོན་ནས་བསྐོར་ཞིང་རང་བདག་དང་། །ཐ་དད་ཕྱི་ཡི་མེ་ཏོག་སོགས། །མཆོད་པར་རྟག་ཏུ་བརྩོན་པ་དང་། དཔལ་ལྡན་ཁྲག་འཐུང་རྗེས་མཐུན་འགྲོ། །མ་ལུས་ལྷག་པར་གནས་བྱ་ཞིང་། །གསང་སྔགས་རྒྱལ་པོ་སྔོན་འགྲོ་བས། །ཕྱོགས་ ཀུན་མ་ལུས་ཁྱབ་པ་དང་། །ཀུ་ཙ་གཉིས་ནི་འཁྱུད་པ་ཡིས། །དཔལ་ལྡན་ཁྲག་འཐུང་སོགས་སུམ་ཅུ། །རྩ་བདུན་རྣམས་བསམས་ཆོ་གས་མཆོད། །གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ ལྷན་ཅིག་ཡང་དག་ལྡན། །གང་དུ་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་བགྱི། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་དུ་གསོལ། །དྲི་ཞིམ་མེ་ཏོག་ཕྲེང་བ་དང་། །ཐོད་པ་དེར་ནི་ལྔ་པ་སྟེ། །དཔལ་ལྡན་ཁྲག་འཐུང་སོགས་ཀུན་ལ། །བདུག་སྤོས་ལེགས་པར་དབུལ་བར་བྱ། །དེ་འོག་ རང་གི་དབུགས་དབྱུང་བསམ། །ཆོ་གས་བརྟུལ་ཞུགས་ཅན་ཞུགས་བྱ། །ལྷ་ལ་གསོལ་བ་གདབ་པའོ།། །།སློབ་མའི་གཙོ་བོ་ལ་སོགས་པ། །ལྷག་པར་གནས་བྱ་མཆོད་པར་བྱ། །བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་ སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་ འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་པའི་ ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དཔའ་བོའི་ཡན་ལག་ལས་བྱུང་བའི། །སྡོམ་པ་ལ་སོགས་སློབ་མ་ལ། །བྱང་ཆུབ་ཐོབ་པའི་དོན་གྱི་ཕྱིར། །ཆོ་གས་ཐམས་ཅད་སྦྱིན་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་ གསང་སོགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་ རྩ་གཉིས་ལེགས་པར་བསྲུང་། །རང་གི་སྲོ་ཏ་ནི་ཡི་རྒྱུན། །ཡི་གེ་བདུན་གྱིས་མངོན་བསྔགས་པས། །སློབ་མ་རྣམས་ནི་བསྲུང་བའི་ཕྱིར། །ཐིགས་པས་ཀུན་དུ་དགང་བར་བྱ། །འཇིག་རྟེན་དབང་ཕྱུག་གིས་ཀུན་གྱི། །ཁ་ནས་ཐམས་ཅད་དབང་བསྐུར་རོ། །དཀྱིལ་ འཁོར་གྱི་ནི་ས་ཡི་ཆ། །གཉིས་མེད་ཡེ་ཤེས་ལས་བྱུང་མཆོག །དཔལ་ཆེན་ཀུན་གྱི་རང་ལྷ་མོ། །མཆོད་པའི་ཆོ་ག་རྗེས་སུ་སྤྱད། །ཕྱི་ནང་བདག་ཉིད་ཅན་གྱིས་ཀྱང་། །དཔལ་ཆེན་ཁྲག་འཐུང་འཁོར་ལོ་མཆོད། །སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།ཤེས་རབ་ ཅན་གྱིས་ནང་པར་སྔར། །ཐིག་གདབ་གཉིས་མེད་ཡེ་ཤེས་ལས། །བྱུང་བའི་དཀྱིལ་འཁོར་ཀུན་བྲིའོ། །སློབ་དཔོན་མཚན་ཉིད་བཟང་དང་ལྡན། །ཡང་དག་ཡེ་ཤེས་དེ་ཉིད་ཤེས། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས། །ཁྲོ་མེད་གཙང་ལ་མཁས་པ་དང་། །སྦྱོར་ཤེས་ཡེ་ ཤེས་ཕ་རོལ་འགྲོ། །ཐོད་པ་ལས་བྱས་སྤྱི་བོར་བཅིངས། །ཡན་ལག་ཐམས་ཅད་རྣམ་པར་བྱུགས། །ལུས་ལ་ཕྱག་རྒྱ་དྲུག་ལ་སོགས། །ཁ་ཊྭཱཾ་ག་ནི་ལག་ན་ཐོགས། །བརྒྱ་ཕྱེད་པ་ཡི་ཕྲེང་བས་བརྒྱན། །ཧེ་རུ་ཀ་དཔལ་རང་བྱས་ཏེ། །འཁོར་ལོ་ལ་བལྟས་སྙིང་གར་དགོད། །དེ་ ལྟར་བདག་ཉིད་གོ་བགོས་ཤིང་། །སྔགས་དང་ཕྱག་རྒྱས་བརྒྱན་ནས་ནི། །དངོས་གྲུབ་ཆེན་པོ་རབ་སྩོལ་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །དེ་ནས་རོ་ཡི་སྲད་བུ་ལ། །མ་ཧཱ་རུ་ཏི་རས་བརླན་པས། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་གྱི། །གྲོང་ཁྱེར་དམ་པའི་ ཐིག་གདབ་བོ། །ཁྲུ་གང་པ་ལ་སོགས་བྲི་ཞིང་། །ཇི་སྲིད་བཅུ་གཉིས་བཅུ་དྲུག་པར། །རྣལ་འབྱོར་དབང་ཕྱུག་དབང་ཕྱུག་ཆེ། །ཤེས་རབ་ཅན་གྱིས་ཐིག་གདབ་བོ། །དཔལ་ལྡན་ཁྲག་འཐུང་སོགས་བསམ་པ། །ཇི་བཞིན་སྲད་བུ་ལྔ་རུ་ནི། །རྣམ་པར་ཕྱེ་སྟེ་བཅོས་ནས་སུ། །དཔལ་ ལྡན་ཁྲག་འཐུང་ལ་སོགས་པ། །སྤྱན་དྲངས་ནས་ནི་དེ་རུ་གཞུག །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །རྩ་བའི་སྔགས་དང་གཉིས་མེད་མེ། །པདྨའི་སྣོད་དུ་ལེགས་གཞག་སྟེ། །རང་བྱུང་མེ་ཏོག་དག་གིས་མཆོད། །ཡེ་ཤེས་ཐིག་ནི་བསྐྱེད་ནས་སུ། །མཁས་པས་ ཐིག་ནི་གདབ་པར་བྱ། །སྔོན་ཆད་ཆོ་ག་མཐོང་གྱུར་པས། །ཡེ་ཤེས་ཐིག་ནི་གདབ་པར་བྱ། །བླ་མས་ཁུ་ཚུར་གྱིས་གཟུང་ཞིང་། །གཅིག་གི་མཐའ་རུ་སློབ་མ་ཡིས། །དབུགས་འབྱིན་འགྲོ་བར་བསམས་ནས་སུ། །ཐིག་གཉིས་དག་ནི་ལེགས་པར་བསྒྲིལ། །གཉིས་ མེད་གཉིས་སུ་མེད་སྔགས་ཀྱིས། །བསྒྲིལ་ནས་དེ་ནི་ཐིག་གདབ་བྱ། ཛྫ་ཛྫ་ཞེས་པས་ལེགས་བཏང་ཞིང་། །བློ་ལྡན་རྒྱབ་ནས་འགྲོ་བར་བྱ། །དང་པོར་ཤར་དང་ལྷོ་ཡི་ནི། །སྒོ་དབུས་ཇི་བཞིན་གནས་ནས་སུ། །ལྷོ་རུ་མངོན་བར་ཕྱོགས་ནས་ཀྱང་། ནམ་ མཁར་དེ་བཞིན་ཐིག་གདབ་བོ། །གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། །ལྟེ་བའི་ཕྱོགས་སུ་བཟུང་ནས་སུ། །ཤར་དུ་བལྟས་ནས་དཔའ་བོ་ཡིས། །ས་ལ་ཚངས་པའི་ཐིག་གཉིས་གདབ། །ཐིག་སྐུད་དག་ནི་འདེབས་པའི་ཚེ། །འཇིག་རྟེན་ཁམས་ནི་མ་ལུས་པའི། །སངས་རྒྱས་ལ་ སོགས་འགྲོ་དོན་གྱི། །ཁྱོད་ཀྱི་དུས་ནི་ཡིན་ཞེས་བསྐུལ། །སློབ་དཔོན་ཉིད་དང་གྲོགས་ཀྱིས་ནི། །གཡོན་ནས་བསྐོར་བ་ཤིན་ཏུ་བརྩོན། །རླུང་དང་དབང་ལྡན་ཕྱོགས་གནས་དང་། །མེ་དང་བདེན་བྲལ་ཕྱོགས་གནས་ཏེ། །བླ་མས་མཚམས་སུ་ཐིག་གཉིས་ནི། །མེ་ཡི་ ཕྱོགས་ནས་བརྩམས་ཏེ་གདབ། །བྱང་དུ་མངོན་པར་བལྟས་ནས་ནི། །མེ་ཡི་ཕྱོགས་སུ་ཐིག་གདབ་བོ། །ནུབ་ཕྱོགས་སུ་ནི་ཁ་བལྟས་པས། །བདེན་བྲལ་དུ་ནི་སྲད་བུས་བྲི། །རླུང་གི་ཕྱོགས་སུ་གནས་པ་དང་། །ལྷོ་ཕྱོགས་སུ་ནི་བལྟས་པ་ཡིས། །ནུབ་ཀྱི་ཐིག་ནི་གང་ཡིན་བ། བརྟུལ་ཞུགས་ཅན་གྱི་ཆོ་གས་གདབ། །དཔའ་བོས་ཤར་དུ་བལྟས་ནས་ནི། །བྱང་གི་ཐིག་ནི་གདབ་པར་བྱ། །ཕྱོགས་ལ་སོགས་པའི་དབྱེ་ཤེས་ནས། །ཀུན་ནས་ཐིག་ནི་ཐམས་ཅད་ཀྱང་། །མན་ངག་ཇི་ལྟར་ཐོབ་པ་ལས། །བློ་ལྡན་ཇི་བཞིན་ཐིག་གདབ་བོ། །ཟུར་བཞི་པ་ལ་ སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་འཕྱང་བས་མཛེས། །གཡེར་ཁའི་ཕྲེང་བའི་དྲ་བ་ཅན། །མཚམས་ཀྱི་ཆ་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་ནང་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །ཕྱིའི་དཀྱིལ་འཁོར་ཐིག་གདབ་བོ། །དེ་ཡི་ནང་ དུ་པདྨ་སྟེ། །པདྨའི་རྒྱབ་ཏུ་འཁོར་ལོ་བྱ། །འཁོར་ལོ་གཉིས་པ་དེ་ཡི་རྒྱབ། །རྡོ་རྗེ་ཕྲེང་བས་བསྐོར་བར་བྱ། །རྡོ་རྗེ་འཁོར་ལོ་ཆ་མཉམ་པར། །རྡོ་རྗེའི་ཐིག་གིས་བསྐོར་བར་བྱ། །གེ་སར་དང་ནི་འདབ་མར་བཅས། །འདབ་མ་བཅུ་དྲུག་དག་ཏུ་གནས། །མན་ངག་དག་ནི་ ཐོབ་པ་ལས། །དཀྱིལ་འཁོར་ཐིག་གདབ་ཀུན་ཤེས་ནས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁྱམས་ནི་དེ་ཡི་ཕྱེད་དུ་བྱ། །སྒོ་ཁྱུད་དག་ནི་སྒོ་ཡི་ཚད། །ལྷ་ཡི་སྣམ་བུའི་ཚད་དེ་བཞིན། །མཚམས་ཀྱི་ཐིག་ནས་བསྐོར་བ་དག །རྟ་བབས་ཀྱི་ནི་གནས་སུ་བཤད། །བ་དན་དྲིལ་བུའི་ འོད་ཟེར་གྱིས། །བརྒྱན་པར་ཐམས་ཅད་ཐིག་གདབ་བོ། །ལྕགས་རིའི་མཐར་ཐུག་པ་ཡི་བར། །རྡོ་རྗེའི་ཕྲེང་བས་མངོན་བསྐོར་ཞིང་། །འོད་ཀྱི་དཀྱིལ་འཁོར་ནང་དུ་ནི། །རིམ་གཉིས་ཐིག་ནི་གདབ་པར་བྱ། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །རྩ་བའི་ཐིག་ནི་གདབ་པར་བྱ། །དང་པོར་རྡོ་ རྒྱུས་ཐིག་སོགས་པས། །ཐིག་རྣམས་ཐམས་ཅད་ངེས་པར་བྱ། །དེ་ཡི་སྟེང་དུ་ཡེ་ཤེས་ཐིག །ཀུན་ནས་ཡོངས་སུ་བརྐྱང་བར་བྱ། །ཡེ་ཤེས་ཀྱི་ཐིག་གདབ་པའོ།། །།དུར་ཁྲོད་རུས་པའི་ཕྱེ་མ་དང་། །དེ་ཡི་སོ་ཕག་ཡང་དག་ལྡན། །དེ་ཡི་ཤིང་གི་འདབ་མ་ནི། །རྣལ་འབྱོར་པས་ དེའི་ཚོན་དུ་སྦྱར། །དེ་ཡི་སོལ་བའི་ཕྱེ་མ་དང་། །བ་བླ་དག་དང་དེ་བསྲེས་ཏེ། །ཁ་དོག་ལྔ་དང་ཡང་དག་ལྡན། །ལྔ་པོ་ལྔར་ནི་སྤྲུལ་པར་བྱ། །དུར་ཁྲོད་ས་གནས་ཐམས་ཅད་ནི། །དབང་ཕྱུག་ཆེན་པོའི་རྒྱ་འདི་ཡིས། །ཡེ་ཤེས་ཐིག་ནི་ཇི་བཞིན་དུ། །བརྟུལ་ཞུགས་ཅན་གྱིས་ ཚོན་བསྐྱེད་བྱ། །སེམས་དག་ནང་པར་ལངས་ནས་ནི། །ཁྲུས་ནི་མ་ལུས་བྱས་ནས་སུ། །རྒྱུད་ཀྱི་ཡན་ལག་མ་ལུས་པའི། །ལས་ནི་དཀྱིལ་འཁོར་དག་ཏུ་བརྩམ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་སྒྲོལ་བྱེད་པ། །དཔལ་ལྡན་ཁྲག་འཐུང་རྒྱལ་ པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཚོན་གྱི་ལས་ནི་ཡང་དག་བརྩམ། །སློབ་དཔོན་གྱིས་ནི་དང་པོར་དགྱེ། །ཕྱི་ནས་ཀུན་དུ་སློབ་མས་སོ། །གནས་ལྔ་སོགས་པར་བརྩམས་ནས་ནི། །རི་མོ་ལྔ་ལ་རྒྱབ་ཏུའོ། །ཚོན་ དང་བཟོ་ཡི་ལས་བྱེད་པ། །དམ་ཚིག་དང་ནི་བསླབ་པ་སྦྱིན། །མཐེའུ་ཆུང་གི་ནི་སོར་གྱི་དཔངས། །དྲང་ལ་མཐོ་བར་ཡང་དག་བྲི། །གལ་ཏེ་རི་མོ་མི་མཉམ་པའམ། །ཡོ་ཞིང་དམའ་དང་ཆད་པས་ཀྱང་། །རི་མོ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་སྐྱེད་བྱེད་ལ། ། ཆད་པས་སློབ་དཔོན་སློབ་མ་དག །གཉིས་ཀ་འཆི་བར་ཤེས་པར་བྱ། །དེ་བས་མཚན་ལྡན་རི་མོ་ནི། །མཚན་ཉིད་ཀུན་གྱིས་མཚན་པར་བྱ། །སློབ་མ་ལ་སོགས་འདིར་ཞུགས་ནས། །དྲི་ཡི་ཆུས་ནི་རབ་གང་བས། །ལུས་ཀུན་དབང་ནི་བསྐུར་བྱ་ཞིང་། ། གནོད་མཛེས་སྔགས་ཀྱི་རིག་པས་བླུད། །ཡིག་བདུན་རྣལ་འབྱོར་བདག་ཉིད་ཅན། །སྐྱེ་བ་བདུན་སོགས་སྡིག་པ་ཅན། །སློབ་མ་ཆོ་གས་བཀྲུས་པས་ནི། །སེམས་ནི་ཤེལ་དང་འདྲ་བར་འགྱུར། །ནང་གི་པདྨའི་འདབ་མ་ནི། །གསེར་ལ་སོགས་པའི་ཕྱེ་མས་སོ། །པདྨའི་རྒྱབ་ཀྱི་ འཁོར་ལོ་ནི། །རྩིབས་བརྒྱད་པ་ཡང་དེ་དང་མཉམ། །རྡོ་རྗེ་ཀ་བའི་རྩིབས་ལ་ནི། །རྡོ་རྗེའི་ཐིག་གིས་བསྐོར་བར་བྱ། །མཐིང་ཤུན་ལ་སོགས་མདོག་གིས་ནི། །ཐུགས་ཀྱི་འཁོར་ལོ་རབ་ཏུ་གྲགས། །དེ་བཞིན་འཁོར་ལོའི་རྩིབས་དག་ཀྱང་། །པདྨའི་ཀ་བར་ཡང་དག་ལྡན། ། པདྨའི་ཐིག་གིས་བསྐོར་བ་ནི། །གསུང་གི་འཁོར་ལོ་ཞེས་སྤྲུལ་པ། །བྱི་རུ་ལ་སོགས་མདོག་འདྲའི་ཕྱེས། །འཁོར་ལོ་འབར་བའི་ལས་བྱའོ། །སྐུ་ཡི་འཁོར་ལོ་རྣམ་དགོད་པ། །རྩིབས་བརྒྱད་སྔ་མ་དེ་དང་འདྲ། །དེ་བཞིན་འཁོར་ལོའི་ཀ་བ་དང་། །འཁོར་ལོའི་ཐིག་གི་དབྱེ་བར་ བྱ། །མུ་ཏིག་ལ་སོགས་ཕྱེ་མ་ཡིས། །སྐུ་ཡི་འཁོར་ལོ་བྲི་བར་བྱ། །ཇི་ལྟར་པདྨ་ལ་སོགས་ཆ། །སྒོ་ཡི་ཆ་ཡི་ཁ་དོག་སྟེ། །རི་མོ་ལྔ་སོགས་ཁ་དོག་མཛེས། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །ཚོན་དགྱེ་བའོ།། །།དེ་ལྟར་སྣ་ཚོགས་བྲིས་པ་ཡི། །གཞལ་ཡས་ཁང་ མཆོག་ལྷ་ཡི་གནས། །ཆོ་ག་མཐོང་བས་དང་པོར་ནི། །ཇི་སྲིད་བཤད་བཞིན་རྫོགས་པར་བྱ། །ཚོགས་རྣམས་ཀུན་གྱིས་རབ་བརྒྱན་ཅིང་། །བདེ་བ་ཐམས་ཅད་རབ་སྟེར་བའོ། །དཔལ་ལྡན་ཁྲག་འཐུང་ལ་སོགས་ནི། །འཁོར་ལོ་གསུམ་བདག་ཉིད་ཅན་སྤྲུལ། །མཁའ་ སྤྱོད་ས་སྤྱོད་ཅེས་བྱ་དང་། །ས་འོག་ལ་སོགས་མི་འམ་ཅི། །ཁྭ་གདོང་ལ་སོགས་བརྒྱད་པོ་ནི། །རང་གི་སྟན་ལ་བཞུགས་པར་དགོང་། །རི་ཡི་རྩེ་མོར་གེ་སར་དང་། །སྣ་ཚོགས་པདྨར་ཨཱ་ལི་དང་། །ཀཱ་ལི་ཨུཥྨ་ཎིའི་བཞི་པ། །ཐིག་ལེ་སྒྲ་ལས་ཡང་དག་འབྱུང་། །ཧེ་རུ་ ཀ་དཔལ་རྒྱལ་པོ་ཆེ། །ཤེས་རབ་ཡན་ལག་གཉིས་མེད་འདུ། །ཞལ་བཞི་ཞལ་རེ་སྤྱན་གསུམ་པ། །མགོ་དང་དུམ་བུས་རྣམ་པར་བརྒྱན། །ལྗང་དང་དམར་དང་དེ་བཞིན་སེར། །ཕྱག་ནི་བཅུ་གཉིས་ཡང་དག་ལྡན། །གཡས་བརྐྱང་པ་ཡི་རྣམ་པས་བཞུགས། །རལ་པའི་ཐོར་ ཚུགས་དར་དཔྱང་དང་། །ཕྱག་གཉིས་དག་གིས་འཁྱུད་པར་མཛད། །གཞན་གཉིས་གླང་ཆེན་པགས་པ་སྟེ། །དགྲ་སྟ་རྩེ་གསུམ་གྲི་གུག་དང་། །ཌ་མ་རུ་ནི་ཕྱག་གཡས་ན། །ཁ་ཊྭཱཾ་ག་དང་དེ་བཞིན་དུ། །ཐོད་པ་ཁྲག་གིས་བཀང་བ་དང་། །ཕྱག་ན་ཞགས་པ་དག་དང་ མགོ། །བདུད་ནི་བཞི་ལས་རྣམ་རྒྱལ་བ། །ཕྱག་གཡོན་དག་ན་བསྣམས་པར་མཛད། །ཡི་དགས་ཆེན་པོ་ཀུན་ཁྱབ་པོ། །པང་ན་གནས་པའི་ཕག་མོ་ནི། །ཕྱག་གིས་འཁྱུད་པར་མཛད་པ་ལས། །གདུག་པ་བདུད་ཀྱི་ཁྲག་འཆང་ཞིང་། །ཞལ་ནས་ཁྲག་གི་རྒྱུན་འཛག་པ། །ཁྲག་ ཆེན་གྱིས་བྱུགས་སྐུ་ཡན་ལག །ཆགས་དང་བཅས་ཤིང་སྐྲ་གྲོལ་བ། །ཐོད་པའི་ཕྲེང་བས་བཅིངས་པ་ཡིན། །ཧ་ཧ་ཞེས་བཞད་སྤྱན་གསུམ་སྐུ། །དུམ་བུ་དང་ནི་ཐོད་པས་བརྒྱན། །གཡས་ན་སྡིགས་འཛུབ་རྡོ་རྗེ་སྟེ། །བདུད་སོགས་ཀུན་ལ་བསྡིགས་པར་མཛད། །མཁའ་འགྲོ་ མ་ནི་མཱ་མ་ཀཱི། །མདུན་གྱི་འདབ་མ་འདོན་པར་བཞུགས། །ཕྱག་བཞི་སྐྲ་ནི་གྲོལ་བ་ལ། །རྩེ་མོ་ལྔ་ཡིས་རྣམ་བརྒྱན་པ། །ཕྱག་རྒྱ་ལྔ་སོགས་སྐུ་ལ་མངའ། །སྤྱན་གསུམ་ཁྲོ་བའི་ཧཱུཾ་མཛད་ཅིང་། །སྐུ་མདོག་སྔོ་ལ་འཇིགས་པ་ཆེ། །ཧ་ཧ་ཞེས་ནི་འཇིགས་པར་མཛད། །ཐོད་ པའི་ཅོད་པན་ལྔ་པ་སྟེ། །དབུ་སྐྲ་གྲོལ་ཞིང་འཇིགས་པར་མཛད། །ཁ་ཊྭཱཾ་ག་བརྟེན་ཐོད་པ་རྣམས། །རྣལ་འབྱོར་མཚོན་ཆ་ཌཱ་མར་གཡས། །ཕྱག་བཞི་པས་ནི་རྣམ་པར་བརྒྱན། །གཡོན་ནས་བསྐོར་བའི་པདྨ་ལ། །ལཱ་མ་ཞེས་བྱ་སྒྲོལ་མཛད་མའོ། །སྐུ་མདོག་ལྗང་གུ་ འཇིགས་པ་ཆེ། །ཧ་ཧ་ཞེས་བཞད་གཙིགས་པའོ། །རྩེ་བྲན་ལྔས་ནི་བརྒྱན་པ་སྟེ། །དབུ་སྐྲ་གྲོལ་ཞིང་འཇིགས་མཛད་པ། །སྤྱན་གསུམ་པ་ལ་ཧཱུཾ་མཛད་ཅིང་། །ཁ་ཊྭཱཾ་ག་བརྟེན་ཐོད་པ་བསྣམས། །རྣལ་འབྱོར་མཚོན་དང་ཌ་མ་རུ། །ཕྱག་བཞི་པས་ནི་རྣམ་པར་བརྒྱན། ། ཁཎྜ་རོ་ནི་གོས་དཀར་མོ། །བྱང་གི་འདབ་མ་གནོན་པས་བཞུགས། །སྐུ་མདོག་དམར་མོ་ཤས་ཆེར་འབར། །ཕྱག་བཞི་འཇིགས་པའི་ཧཱུཾ་མཛད་པ། །དབུ་སྐྲ་གྲོལ་ཞིང་འབར་བ་ལ། །རྩེ་བྲན་ལྔས་ནི་རྣམ་པར་བརྒྱན། །རྣལ་འབྱོར་སྣོད་དང་ཁ་ཊྭཱཾ་ག །རྣལ་ འབྱོར་མཚོན་དང་ཌཱ་མ་རུ། །ཕྱག་རྒྱ་ལྔས་ནི་བརྒྱན་པ་དང་། །སྤྱན་གསུམ་འོག་པག་དག་གིས་བརྒྱན། །ནུབ་ཀྱི་འདབ་མར་གཟུགས་ཅན་མ། །སྤྱན་ནི་སྲ་བའི་བདག་ཉིད་ཅན། །སྐུ་མདོག་སེར་ཞིང་ཆེར་འབར་བ། །ཧ་ཧ་ཞེས་བཞད་འཇིགས་པར་མཛད། །སྐྲ་གྲོལ་ཁ་ཊྭཱཾ་ག་ དང་བཅས། །ཕྱག་བཞི་དག་གིས་རྣམ་པར་བརྒྱན། །སྤྱན་གསུམ་ཧཱུཾ་གིས་འཇིགས་པར་མཛད། །རྩེ་བྲན་ལྔས་ནི་རྣམ་པར་བརྒྱན། །ཕྱག་རྒྱ་ལྔ་སོགས་སྐུ་ལ་མངའ། །རྣལ་འབྱོར་མཚོན་སྣོད་བསྣམས་པའོ། །ཆུ་དང་མེ་དང་རླུང་དང་ནི། །ས་ཡི་ཁམས་དག་ཉིད་ཡིན་ནོ། །གྲུབ་ པའི་རྣལ་འབྱོར་མ་བཞིའོ། །ཕྱི་དང་ནང་ན་ཡང་དག་བཞུགས། །མཚམས་ཀྱི་ཆ་ཡི་པདྨ་ལ། །མ་དང་དེ་བཞིན་ཕ་དག་དང་། །རྒྱལ་པོ་དང་ནི་རྒྱལ་རིགས་གཉིས། །མགོ་བོའི་སྣོད་ནི་མཆོད་བྱེད་པ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་མ། །བུ་ལ་སོགས་པས་ཡང་དག་དྲངས། ། བཀུག་སྟེ་འཁོར་ལོའི་ནང་དུ་གཞུག །རྣལ་འབྱོར་ཅན་གྱིས་རྟག་ཏུ་མཆོད། །དེ་ལ་བུ་སྐྱེས་རྣལ་འབྱོར་མའི། །འཁོར་ལོའི་གནས་ནི་བཤད་བྱ་སྟེ། །པུ་ཞེས་བྱ་བ་ནི་བུལླི་ར་མ་ལ་ཡ་སྟེ། ཐོད་པའི་དུམ་བུ་ཅན་དང་། རབ་ཏུ་གཏུམ་མའོ། །ཛཱ་ཞེས་བྱ་བ་ནི་ཛཱ་ལནྡྷ་ར་སྟེ། ཀེང་ རུས་ཆེན་པོ་དང་། གཏུམ་མིག་མའོ། །ཨོ་ཞེས་བྱ་བ་ནི་ཨོ་ཌྱན་ཏེ། ཀེང་རུས་ཅན་དང་། འོད་ལྡན་མའོ། །ཨ་ཞེས་བྱ་བ་ནི་ཨརྦུ་ད་སྟེ། མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མའོ། །དེ་དག་ནི་གནས་སོ། །གོ་ཞེས་བྱ་བ་ནི་གོ་དཱ་བ་རི་སྟེ། ལྷ་དགྲ་དང་། བརྟན་པའི་བློ་ ཅན་མའོ། །ར་ཞེས་བྱ་བ་ནི་ར་མི་ཤྭ་རི་སྟེ། །འོད་དཔག་མེད་དང་། མིའུ་ཐུང་མའོ། །དེ་ཞེས་བྱ་བ་ནི་དེ་བི་ཀོ་ཊི་སྟེ། རྡོ་རྗེ་འོད་དང་། ལཾ་ཀའི་དབང་ཕྱུག་མའོ། །མཱ་ཞེས་བྱ་བ་ནི་མཱ་ལ་བེ་སྟེ། རྡོ་རྗེའི་སྐུ་དང་། ཤིང་གྲིབ་མའོ། །དེ་དག་ནི་ཉེ་བའི་གནས་ཡིན་ལ། ཐུགས་ཀྱི་འཁོར་ ལོ་སྟེ། ནམ་མཁའ་ལ་རྒྱུ་བ་ཡིན་ནོ། །ཀཱ་ཞེས་བྱ་བ་ནི་ཀཱ་མ་རཱུ་པ་སྟེ་མྱུ་གུ་ཅན་དང་། ས་སྲུང་མའོ། །ཨོ་ཞེས་བྱ་བ་ནི་ཨོ་ཊེ་སྟེ། རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོའོ། །དེ་དག་ནི་ཞིང་ངོ་། །ཏྲི་ཞེས་བྱ་བ་ནི་ཏྲི་ཤ་ཀུ་ནེ་སྟེ། དཔའ་བོ་ཆེན་པོ་དང་། རླུང་གི་ཤུགས་ཅན་ མའོ། །ཀོ་ཞེས་བྱ་བ་ནི་ཀོ་ས་ལ་སྟེ། རྡོ་རྗེ་ཧཱུཾ་མཛད་དང་། ཆང་འཐུང་མའོ། །དེ་དག་ནི་ཉེ་བའི་ཞིང་ངོ་། །ཀ་ཞེས་བྱ་བ་ནི་ཀ་ལིང་ཀ་སྟེ། རབ་ཏུ་བཟང་པོ་དང་། མདོག་ལྗང་མའོ། །ལ་ཞེས་བྱ་བ་ནི་ལཾ་པཱ་ཀ་སྟེ་རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོའོ། །དེ་དག་ནི་ཚནྡོ་ཧའོ། །ཀ་ ཞེས་བྱ་བ་ནི་ཀཱཉྩི་སྟེ། འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མའོ། །ཧི་ཞེས་བྱ་བ་ནི་ཧི་མཱ་ལ་ཡ་སྟེ། མིག་མི་བཟང་དང་། བྱ་གདོང་མའོ། །དེ་དག་ནི་ཨུ་པ་ཚནྡོ་ཧ་ཡིན་པས་གསུང་གི་འཁོར་ལོ་སྟེ། ས་ལ་རྒྱུ་བ་ཡིན་ནོ། །པྲེ་ཞེས་བྱ་བ་པྲེ་ཏ་པུ་རི་སྟེ། སྟོབས་པོ་ཆེ་དང་། འཁོར་ལོའི་ ཤུགས་ཅན་མའོ། །གྲྀ་ཞེས་བྱ་བ་ནི་གྲྀ་ཧ་དེ་བ་སྟེ། རིན་ཆེན་རྡོ་རྗེ་དང་། དུམ་སྐྱེས་མའོ། །དེ་དག་ནི་འདུས་པ་ཞེས་བྱའོ། །སཽ་ཞེས་བྱ་བ་ནི་སཽ་རཱཥྚ་སྟེ། རྟ་མགྲིན་དང་། ཤོཎྜི་ནིའོ། །སུ་ཞེས་བྱ་བ་ནི་སུ་ཝརྞྞ་དྭཱི་པ་སྟེ། ནམ་མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མའོ། ། དེ་དག་ནི་ཉེ་བའི་འདུས་པ་ཅན་ནོ། །ན་ཞེས་བྱ་བ་ནི་ན་གར་སྟེ། དཔལ་ཧེ་རུ་ཀ་དང་། ཤིན་ཏུ་དཔའ་མོའོ། །སི་ཞེས་བྱ་བ་ནི་སིནྡྷུ་སྟེ། པདྨ་གར་གྱི་དབང་ཕྱུག་དང་། སྟོབས་ཆེན་མའོ། །དེ་དག་ནི་དུར་ཁྲོད་དོ། །མ་ཞེས་བྱ་བ་ནི་མ་རུ་དེ་ཤ་སྟེ། རྣམ་པར་སྣང་མཛད་དང་། ། འཁོར་ལོས་སྒྱུར་མའོ། །ཀུ་ཞེས་བྱ་བ་ནི་ཀུ་ལུ་ཏཱ་སྟེ། རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོའོ། །དེ་དག་ནི་ཉེ་བའི་དུར་ཁྲོད་དོ། །སྐུའི་འཁོར་ལོ་སྟེ་ས་འོག་ན་གནས་པ་ཡིན་ནོ། །སྒོ་རྣམས་ནི་ཁྭ་གདོང་ཅན་མ་དང་། འུག་གདོང་ཅན་མ་དང་། ཁྱིའི་གདོང་ཅན་མ་དང་། ཕག་ གདོང་ཅན་མའོ། །མཚམས་རྣམས་སུ་ནི་གཤིན་རྗེ་བརྟེན་མ་དང་། གཤིན་རྗེའི་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མའོ། །གྲུབ་པའི་དཔའ་བོ་རྣལ་འབྱོར་མ། །ཕྱོགས་ཀུན་དུ་ནི་རྣམ་པར་གནས། །ཕ་རོལ་ཕྱིན་བཅུ་དག་པ་དེ། །ས་བཅུ་ལ་ནི་ རྣམ་པར་བཞུགས། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །ཕྱི་དང་ནང་དུ་ཡང་དག་བཞུགས། །དེ་ལ་སོགས་པ་མཐའ་ཡས་མཆོག །བྱང་ཆུབ་སེམས་དཔའ་དུ་མའོ། །དཀྱིལ་འཁོར་དུ་ལྷ་དགོད་པའོ།། །།མཁའ་འགྲོ་མ་ལ་སོགས་པ་དང་། །སྒོ་སྲུང་བརྒྱད་པོ་མ་ གཏོགས་པ། །འཁོར་ལོ་གསུམ་ལ་ཐོད་པའི་དུམ་བུ་ལ་སོགས་པ་རྣམས་ནི་ཕྱག་གཉིས་པ། ཞལ་གཅིག་པ་རལ་པའི་ཐོར་ཚུགས་དང་དར་གྱིས་བརྒྱན་པ། ཕྱག་རྒྱ་ལྔ་དང་སྤྱི་གཙུག་གི་ནོར་བུ་དང་ལྡན་པ་འོག་པག་གིས་བརྒྱན་པ། སྤྱན་གསུམ་པ། ཕྱག་གཉིས་ཀྱིས་ འཁྱུད་པས། རྡོ་རྗེ་དང་དྲིལ་བུ་བསྣམས་པ། ལྷ་མོ་ལ་གཟིགས་ཤིང་སྒྲོས་འཛིན་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ནི། རང་གི་བདག་པོའི་སྐུ་མདོག་དང་ལྡན་པ། ཞལ་གཅིག་པ་ཕྱག་གཉིས་པ་སྟེ། དབུ་སྐྲ་གྲོལ་བས་རྣམ་བརྒྱན་པ། །ཐོད་པ་དང་ནི་ འཁྱུད་པ་དང་། །གྲི་གུག་དང་ནི་སྡིགས་མཛུབ་ཅན། །སྤྱན་གསུམ་ཧཱུཾ་གིས་འཇིགས་པར་བྱེད། །རྩེ་བྲན་དུམ་བུས་རྣམ་པར་བརྒྱན། །མཁའ་འགྲོ་མ་སོགས་ཐམས་ཅད་ཀྱང་། །གཡོན་ནས་བསྐོར་བ་སྔོན་འགྲོ་བ། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་ཀུན་གཡོན་ ནས་འབྱུང་བ་ཡིན། །དཀར་མིན་དཀར་དང་དམར་པོ་ནི། །ཐ་མ་མཆོག་དང་བར་མ་སྟེ། །ཐམས་ཅད་ཇི་བཞིན་དགོད་པ་ནི། །བླ་མའི་རིམ་གྱིས་དྲིན་ཡིན་ནོ། །ཁ་ལ་སོགས་པ་བརྒྱད་པོ་ནི། །མཁའ་འགྲོ་ལ་སོགས་དབྱེ་བ་ཡིས། །ཞབས་ཀྱིས་རོ་ལ་གནོན་པ་དང་། །སྣ་ཚོགས་ གཟུགས་ཅན་བཞི་པོ་ཡིན། །ཐམས་ཅད་ཁྲོ་བོ་རྣམ་རྒྱལ་སོགས། །རྣལ་འབྱོར་མ་བརྒྱད་སྤྲུལ་པ་ཡིན། །རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག། །པདྨའི་སྣོད་ནི་ལྔ་ཅན་ཏེ། །གཡས་པས་མཚོན་ཆ་འཕྱར་བ་ནི། །གདུག་བ་ཐམས་ཅད་ངེས་གནོན་པའོ། །དཔལ་ལྡན་ཧེ་རུ་ཀ་སོགས་ ཀུན། །གཡོན་གྱིས་འཁྱུད་ཅིང་ནུ་མ་འཛིན། །ལྷ་རྣམས་ཀྱི་ཕྱག་དང་། སྐུ་མདོག་དང་ཕྱག་མཚན་ཏེ། བྱང་ཆུབ་ཀྱི་ཡན་ལག་སུམ་ཅུ་རྩ་བདུན་དུ་བྱས་པའོ། །ནཱ་དའི་གཟུགས་སོགས་སྔོན་དུ་འགྲོ་བ་དང་། གོས་དང་ཕྱག་རྒྱ་ལྔ་ལ་སོགས་པ་དང་། ཤེས་རབ་ཀྱི་ཡན་ལག་དང་། ཕུར་བུ་དང་དྲ་བ་དང་ཨཱ་ལི་ཀཱ་ལི་ཞེས་བརྗོད་ནས། རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་རིམ་གྱིས་སོ། །འབད་པ་ཡིས་ཏེ་དེ་བཞིན་དུ། །ཤེས་རབ་ཡན་ལག་སྟན་གྱི་སྟིང་། །མགུལ་རྒྱན་གཙུག་ཏོར་དབུ་རྒྱན་དང་། །རྣ་རྒྱན་ ཚངས་པའི་སྲད་བུ་དང་། །མགུལ་པར་རྒྱན་བཅིངས་མགོ་པོར་ཕྲེང་། །སྐ་རགས་དང་ནི་སིལ་ཁྲོལ་སྒྲ། །རལ་པ་ཅོད་པན་དར་དང་ནི། །བཅོས་མའི་སྒྲ་ཡིས་རྣམ་པར་བརྒྱན། །རྡོ་རྗེ་པདྨ་ཁ་ཊྭཱཾ་བཅས། །རྡེའུ་ཆུང་སྒྲ་དང་ཧཱུཾ་སྒྲོགས་ཤིང་། །དཔའ་མོ་ཀུན་དང་རྣལ་འབྱོར་མའི། །གོ་ཆ་ གསུམ་གྱིས་བརྒྱན་པ་ཡིན། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རང་གི་བདག་ཉིད་གཅིག་ཏུ་བྱས། །སེམས་ཅན་ཀུན་ལ་རྗེས་བརྩེ་བའི། །བློ་ལྡན་བུམ་པ་མངོན་པར་བཟླས། །བུམ་པ་མཆོག་ནི་བཅུ་དག་ཏུ། །དེ་ཉིད་ཀྱི་ནི་མཚན་ཉིད་གསུངས། །ཆུ་ནི་འོ་མར་ཡང་དག་བསྲེ། །ཆུ་ ཆེན་ཆུ་ཆུང་བུམ་པ་དག །དྲི་དང་མེ་ཏོག་སྣ་ཚོགས་པས། །དབུགས་དབྱུང་མཆོག་དང་བར་མ་ཡིས། །དྲི་ཡི་ཆུས་ནི་ཡང་དག་བྱུག །ཁ་ནི་འདབ་མས་ཡང་དག་བརྒྱན། །སངས་རྒྱས་ཀུན་གྱིས་མཁའ་འགྲོ་མ། །ཆོ་ག་བཞིན་དུ་མངོན་པར་བཟླས། །མགུལ་པ་གོས་ཀྱིས་རྣམ་ དཀྲིས་ཤིང་། །རྒྱན་ནི་མཛེས་པས་རྣམ་པར་བརྒྱན། །མེ་ཏོག་ཕྲེང་གིས་ཀུན་བསྐོར་བ། །བརྒྱད་པོ་དག་ནི་སྒོ་རུ་དགོད། །བུམ་པ་དགུ་པ་དབུས་སུའོ། །མ་དང་དེ་བཞིན་ཕ་དག་དང་། །རྒྱལ་པོ་རྒྱལ་རིགས་གཉིས་ཀྱིས་ནི། །བུམ་པ་ཆུས་ནི་རབ་ཏུ་དགང་། །ཁ་དོག་ལྔ་ པའི་གོས་ཀྱིས་ནི། །བརྒྱན་ཅིང་མགུལ་པ་དཀྲི་བར་བྱ། །སྣ་ཚོགས་འདབ་མས་ཁ་དགབ་ཅིང་། །རང་བྱུང་མེ་ཏོག་དག་གིས་མཆོད། །ལྷོ་ཡི་སྒོ་ཡི་ལོགས་སུ་ནི། །རི་མོའི་དབུས་སུ་གཞག་པར་བྱ། །བླ་རེ་དག་ནི་བྲེ་བྱ་ཞིང་། །སྣ་ཚོགས་པ་ཡི་གོས་ཀྱང་བྲེ། །རྒྱལ་མཚན་ གདུགས་སོགས་དར་རྣམས་ཀྱིས། །གནས་དང་གནས་སུ་རྣམ་པར་བརྒྱན། །བུམ་པ་གཞག་ནས་མཆོད་པ་ནི། །ཇི་སྐད་བཤད་པ་བཞིན་དུ་བྱ། །རིན་ཆེན་གསེར་གྱིས་མཛེས་པར་ནི། །དཀྱིལ་འཁོར་ཀུན་དུ་གཏོར་བར་བྱ། །སྤོས་སྣོད་དག་ནི་བརྒྱད་པོ་དང་། །མར་མེའི་ སྡོང་བུ་དེ་མཉམ་བྱ། །ཏིལ་མར་ཆེན་པོས་རབ་སྦར་ལ། །སྤོས་ནི་ལྔ་པོ་སྔོན་འགྲོ་བའོ། །སྣ་ཚོགས་མེ་ཏོག་འཆང་བ་དང་། །སྣ་ཚོགས་ཆང་དང་ཁུ་བ་དང་། །རོལ་མོ་དག་གིས་རབ་བཀང་ཞིང་། །སྣ་ཚོགས་ཞལ་ཟས་ལྷ་བཤོས་དང་། །སྣ་ཚོགས་རྣལ་ འབྱོར་མ་པང་ན། །དྲི་བཟངས་མེ་ཏོག་སྣ་ཚོགས་ལྡན། །སྣ་ཚོགས་པ་ཡི་གླུ་ལེན་ཅིང་། །སྣ་ཚོགས་གར་གྱིས་གར་བཟང་བྱེད། །བཀྲ་ཤིས་སྒྲ་ནི་སྣ་ཚོགས་པའི། །དགའ་སྟོན་ཤྲཱི་ཧེ་རུ་ཀ་ཡི། །སྤྱོད་པ་དང་ནི་འགྲོ་བའི་གནས། །འདོད་པ་རྣལ་འབྱོར་མ་ཡི་ལམ། །སྒོ་བཞི་དག་ ཏུ་རྣལ་འབྱོར་མ། །དཔའ་བོ་གཉིས་མེད་དག་གིས་མཚན། །ཚོན་ཆེན་ལ་སོགས་གོས་དག་གམ། །དར་ལ་སོགས་པ་དག་གིས་བརྒྱན། །ཕྱག་རྒྱ་ལྔ་ལ་སོགས་པའི་ལུས། །རྩེ་བྲན་ལྔས་ནི་རྣམ་པར་བརྒྱན། །རྡོ་རྗེ་དྲིལ་བུའི་ཡང་དག་འཁྱུད། །སྒོ་བརྒྱད་དག་ཏུ་ཁ་སྦྱར་རོ། ། ཆོགས་ཀྱི་གཙོ་བོ་བདག་པོ་ཀུན། །འཁོར་ལོས་སྒྱུར་བའི་རྣལ་འབྱོར་ཡིན། །སྔར་བཤད་རྒྱན་གྱིས་བརྒྱན་པ་དང་། །སྟན་དང་གནས་ནི་རྣམ་མཛེས་པར། །དཔལ་ལྡན་རྡོ་རྗེ་དྲིལ་བུ་འཕྱང་། །འཁྱུད་ཅིང་ནུ་མ་འཚིར་བ་དང་། །སྙིང་ག་མགོ་བོ་སྤྱི་གཙུག་དང་། །མིག་སོགས་གོ་ཆས་ རྣམ་པར་བརྒྱན། །རྡོ་རྗེ་སེམས་སོགས་བྱིན་བརླབས་ལ། །རྣལ་འབྱོར་ཆེན་པོ་གཉིས་མེད་གནས། །བྱང་ཆུབ་ཡན་ལག་སུམ་ཅུ་བདུན། །བྱས་ཤིང་གོ་བགོས་མཉམ་པར་གཞག །དེ་ལྟར་གོ་བགོས་བདག་ཉིད་ནི། །སུམ་ཅུ་གསུམ་པས་ཀྱང་མི་ཤིགས། །དཀྱིལ་འཁོར་གྱི་ལྷ་མོ་དང་ དཔའ་མོ་རྣམས་ལ་མཆོད་པའོ། །རང་ཉིད་ཇི་ལྟར་གྲུབ་པར་ནི། །ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །བདག་ཉིད་ཁ་སྦྱར་བྱས་པ་ཡིས། །དམ་ཚིག་ལ་ནི་གཞུག་པར་བྱ། །དང་པོར་སྤྱན་དྲངས་ཕྱག་རྒྱ་ཡིས། །གྱེན་དུ་ཕེཾ་གྱི་སྒྲ་བསྒྲགས་ལ། །མཆོག་དང་བར་མའི་རྣལ་འབྱོར་ མ། །འཇིག་རྟེན་ཁམས་ལ་སོགས་པས་དགུག །རང་ཉིད་སྐུ་མདོག་ཕྱག་མཚན་དབྱིབས། །སྔར་བཤད་པ་ཡི་རྒྱན་དང་ལྡན། །རང་གི་ཕྱག་མཚན་བརྒྱན་བཅས་ལ། །རལ་པའི་ཐོར་ཚུགས་དག་དང་ལྡན། །དམ་ཚིག་འཁོར་ལོར་ཞུགས་ནས་ནི། །གཉིས་མེད་ཡེ་ཤེས་ བསྒོམ་པར་བྱ། །ཧེ་རུ་ཀ་དཔལ་ལ་སོགས་ཀུན། །གཡས་བརྐྱང་པས་ནི་གདན་ལ་བཞུགས། །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བའོ།། །།ཧེ་རུ་ཀ་དཔལ་སོགས་འཁོར་ལོའི། །ལྷ་རྣམས་ཕྱི་དང་ནང་གིས་མཆོད། །ལྷ་ཡི་གྲངས་བཞིན་བློ་ལྡན་པས། །མཛེས་པའི་གོས་ཀྱང་དབུལ་ བར་བྱ། །འཁོར་ལོས་སྒྱུར་དང་དཔའ་བོ་ནི། །རང་བྱུང་མེ་ཏོག་གིས་མཆོད་ཅིང་། །གདོང་ནི་དག་པར་བཀྲུ་བར་བྱ། །ལྷོ་ཕྱོགས་སྒོ་ནས་དག་པས་སོ། །གཉིས་མེད་གཉིས་མེད་སྔགས་ཀྱིས་ནི། །མངོན་པར་བཟླས་ལ་བྱིན་གྱིས་བརླབ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། ། ཁྱད་པར་དུ་ནི་མངོན་པར་བཟླས། །སྒོ་སྲུང་ཀུན་གྱི་རྣལ་འབྱོར་མས། །ཇི་སྲིད་བརྒྱ་རྩ་བརྒྱད་བཟླས་པར། །སྔགས་པས་ལྷ་ཡི་གྲངས་བཞིན་དུ། །ཨཱ་ལི་ཀཱ་ལི་ཞེས་སྨྲ་ཞིང་། །བྱིན་གྱིས་བརླབས་ལ་མཉམ་པར་མཆོད། །དཀྱིལ་འཁོར་ལྷ་རྣམས་མཉེས་པར་བྱ། །དཀྱིལ་ འཁོར་བྱིན་གྱིས་བརླབ་པའོ།། །།བྱ་བའི་མཆོད་པའི་ཁྱད་པར་ནི། །བྷ་ར་ཏིས་ཏི་ཀི་བྲི་སྟེ། །ཀི་ཤིག་ཀྱ་དང་ཨར་བ་ཏི། །གར་རྣམས་ཀུན་གྱིས་གར་བྱའོ། །ཆགས་བཅས་མངོན་སྦྱོར་ཚུལ་གྱིས་ནི། །རྣམ་པར་འཕྱར་བས་རྣམ་རོལ་ཅིང་། །སྒེག་དང་བཅས་པའི་གོམ་སྟབས་ ཀྱིས