Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 095_རྒྱུད་འབུམ།_ཛ

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
 །ཆུ་ལྷའི་ཕྱོགས་སུ་སོང་ནས་ཀྱང་། །རྒྱ་ཆེན་དོན་རྣམས་
བྱ་བ་ན། །སི་ཏ་ཀུ་ནི་བུ་དང་བཅས། །བཞི་བ་དེ་ནི་ལེགས་པར་གནས། །གྲོང་ཁྱེར་མཆོག་གི་དྲུང་དག་ཏུ། །གྲུ་ནི་བྱང་ཕྱོགས་བལྟ་བར་བྱ། །དེ་ནས་འཇུག་པར་རབ་བསྟན་དེ། །དཀྱིལ་འཁོར་དག་པ་གཞན་མི་བྱ། །གཟུགས་གནས་སྒོ་མཆོག་དེ་ཉིད་ནི། །རྡོ་རྗེ་འཛིན་
པ་དགྱེས་པ་ཡིན། །དཀྱིལ་འཁོར་འདོད་པ་གང་ཡིན་པ། །དེ་ཡི་སྒོ་བྱང་ཕྱོགས་ཀྱི་ནི་དྲུང་དག་ཏུ། །བསྟན་པ་གང་ཡིན་གཞག་པར་བྱ། །ཕུར་གུམ་ཡིད་དུ་འོང་བ་དང་། །ལྡན་པའི་རྒྱ་སྐྱེགས་ཁུ་བ་དང་། །ལེ་བརྒན་རྩི་ཡིས་བསྒྱུར་བ་ཡི། །སར་ནི་དམར་
ཞིང་ཡིད་འོང་བ། །བུག་རྡོལ་མེད་ཅིང་མ་ཉམས་ལ། །དྲི་ང་བདག་མེད་པ་ཡི། །གདན་དག་ཀྱང་ནི་ངེས་བྱས་ཤིང་། །ཤིང་རིངས་ལ་ནི་ལེགས་པར་གདགས། །དེ་ནས་ལོགས་ཤིག་རྩེ་མོ་ཡི། །མ་བྱད་སྣ་ཚོགས་ཁྱད་པར་དུ། །རྣམ་པར་མཛེས་པ་གཞག་བྱ་སྟེ། །རྒྱ་སྐྱེགས་
ལས་ནི་ལེགས་བྱས་པའི། །ཕོ་ལོང་ཆེན་པོ་རི་མོ་ཅན། །གཞན་ཡང་དྲིལ་དང་སྒོ་ངའི་དབྱིབས། །སྟེའུ་འཁོར་གྱི་ནི་ཚོགས་རྣམས་དང་། །གཞན་ཡང་རྣམ་པ་སྣ་ཚོགས་གཞག །ཀུ་རནྟ་ཀའི་མེ་ཏོག་ཕྲེང་། །རྒྱལ་མཚན་རྩེ་མོར་འཕྱད་དུ་གཞུག །ཡང་ན་མེ་ཏོག་དམར་བ་ཡི། །
ཕྲེང་བ་བཟང་པོ་སྣ་ཚོགས་གདགས། །དེ་དག་བསྟན་པས་ཤེས་པ་ཡིས། །དཀྱིལ་འཁོར་དེ་ཡི་ཕྱི་རོལ་གཞག །དེ་ནས་རི་དབང་ཁོར་ཡུག་གི། །ནང་དུ་ཡང་ནི་འགྲོ་བ་དབྱ། །དེ་ལྟར་མཚུངས་མེད་ཅེས་བྱ་བའི། །དཀྱིལ་འཁོར་གྱི་ནི་ཐིག་གདབ་པ། །གནས་གཉིས་པ་ནི་རྒྱས་

པར་བསྟན། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གཉིས་པ་རྫོགས་སོ།། །།རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །རྨད་དུ་བྱུང་བ་དེ་དྲན་ཞིང་། །གཡོན་ཕྱོགས་དག་ཏུ་གོ་རིམས་བཞིན། །ལྷ་རྣམས་ཀྱང་ནི་དགོད་པར་
བྱ། །ཆུ་ལྷའི་ཕྱོགས་ཀྱི་སྒོ་དག་ནི། །ཀཱརྵཱ་པ་ཎ་བརྒྱད་དག་གི། །འགྲོན་བུ་རྣམས་ནི་ཤར་ནུབ་ཏུ། །མཉམ་ཞིང་མཛེས་པར་དགོད་པར་བྱ། །དེ་ཡི་ལྷོ་ཕྱོགས་རྡོ་རྗེ་ཡི། །རིག་སྔགས་བླ་མའི་རིགས་རྣམས་དགོད། །དེ་ནི་རྡོ་རྗེ་ལྕགས་ཀྱུ་མ། །རིག་སྔགས་རྒྱལ་མོ་དབུས་སུ་
གཞག །དྲེགས་ཤིང་སྟོབས་ཀྱིས་རྒྱགས་པ་ཡི། །སྔོན་མོ་ཆེན་མོ་སྔོན་མོ་གཉིས། །དེར་ནི་རིག་སྔགས་རིགས་རྣམས་ཀྱི། །སྒོ་སྲུང་དག་ཏུ་གཞག་པར་བྱ། །རིག་སྔགས་རྡོ་རྗེའི་རིགས་སྐྱེས་རྣམས། །ཤར་ཕྱོགས་སུ་ནི་བལྟ་བར་བྱ། །འདོད་པའི་རྡོ་རྗེ་དང་པོར་བཤད། །
རྡོ་རྗེ་ཁྲོ་བོ་མཇུག་ཏུ་གཞག །མེ་ཏོག་ཡིད་འོང་རྩེ་མོ་ཅན། །ལུག་རྒྱུད་གཏུམ་མོ་སེར་མོ་རྣམས། །ཕོ་ཉ་མ་དག་གྲངས་བཞིན་དུ། །ཐམས་ཅད་དེ་ཡི་ཕ་རོལ་དགོད། །བུང་བ་མ་དང་ལྟ་བ་མ། །དགའ་མ་ཐུབ་དཀའ་བྱང་ཕྱོགས་གཞག །རྡོ་རྗེ་ཀ་ཏ་ཡ་ན་དང་། །འདི་
དག་གཡས་ཕྱོགས་བྲི་བར་བྱ། །རྡོ་རྗེ་སྡེ་ཡི་འཁོར་རྣམས་དང་། །དེ་ཡི་ལྷོ་ཕྱོགས་དགོད་པར་བྱ། །དེ་ནས་ཀླུ་རྒྱལ་ནོར་རྒྱས་བུ། །བཞི་པ་དག་ལ་གཞག་པར་བྱ། །འབྱུང་པོ་སྣ་ཚོགས་བ་སྐོར་བ་ཡི། །གཞོན་ནུ་ཚོགས་དང་བཅས་པ་ཡང་། །དཀྱིལ་འཁོར་ལྔ་པར་གཞག་
པར་བྱ། །མདུང་ཐུང་ཡང་ནི་མདུན་དུ་གཞག །དེ་ནས་དྲུག་ལ་བདེན་བྲལ་ཕྱོགས། །འབྱུང་པོ་རེངས་བྱེད་མི་བཟད་པ། །འཕགས་པ་ཡི་ནི་མདུན་བྲིས་ལ། །འཕགས་མ་ཡི་ནི་མདུན་དུ་གཞག །མ་མོ་རྣམས་ཀྱི་རིགས་ལྔ་པོ། །ཚངས་མ་དང་ནི་དབང་ཕྱུག་མ། །
སྐེམ་བྱེད་ཁྱབ་འཇུག་ཕག་མོ་ཞེས། །བྱ་བ་དཀྱིལ་འཁོར་བདུན་པར་གཞག །གྲོང་ཁྱེར་དེ་ཡི་ནང་དག་ཏུ། །ཆུ་ཀླུང་འགྲམ་དང་ལྡན་པར་བྲི། །གྲྭ་རྣམས་ཤར་བྱང་གྲྭ་དག་དང་། །ལྷོ་དང་ནུབ་ཕྱོགས་ཕྱིན་པར་བྱ། །སྡིག་ཅན་ཆུ་ན་གནས་པའི་ནང་། །ངོམས་མི་ཤེས་པའི་

རི་དགས་ཤིག །ནང་དུ་མ་ཆུ་བཙུགས་ཕྱོགས་གཅིག་གནས། །དེ་ནང་ཁྱུ་མཆོག་འགྲོ་བར་བྱ། །རླུང་ལྷའི་ཕྱོགས་ཀྱི་གནས་གཅིག་ཏུ། །བདེ་བྱེད་ལྷ་མོ་ཁྱུ་མཆོག་དང་། །དེ་བཞིན་ར་དང་བུམ་རྣ་གཉིས། །གྲོང་ཁྱེར་གྱི་ནི་སྒོ་སྲུང་གཞག །ཀླུང་གི་གཡས་རོལ་འགྲམ་
དག་ཏུ། །རིག་སྔགས་ཆེན་པོ་བུ་སྨད་བཅས། །དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ། །དཀྱིལ་འཁོར་བདུན་པ་འདས་པ་ཡིན། །དཀྱིལ་འཁོར་བརྒྱད་པ་སྔར་བཤད་པའི། །འབྱུང་པོའི་བྱ་བསྒྲུབ་པ་བདུན། །འབྱུང་པོ་སྣ་ཚོགས་བསྐོར་བ་གཞག །དགུ་པར་ཡང་ནི་རིམ་
བཞིན་བྲི། །དེ་ནས་དཀྱིལ་འཁོར་བཅུ་པར་ནི། །ཚངས་པའི་དྲང་སྲོང་རྣམས་ཀྱང་གཞག །དེ་ནས་གཤིན་རྗེ་ཚོགས་མང་བཅས། །བཅུ་གཅིག་པར་ནི་གཞག་པར་བྱ། །མེ་ལྕེ་འབར་བས་བསྐོར་བ་ཡི། །མེ་ལྕེ་ལྷ་མོའི་ཚོགས་ཀྱིས་བསྐོར། །མེ་དེ་མཐུ་ལས་སྐྱེས་པ་སྟེ། །
དེ་ནི་བཅུ་གཉིས་ཤེས་པར་བྱ། །ཡི་དགས་རྣམས་ཀྱི་འཁོར་དང་བཅས། །ཡི་དགས་དག་ཀྱང་གཞག་པར་བྱ། །ལག་ན་རྡོ་རྗེས་བཤད་པ་བཞིན། །དེ་ནི་བཅུ་གསུམ་ཤེས་པར་བྱ། །ཟླ་བ་ཕྱོགས་བཟང་སྟོབས་པོ་ཆེ། །ཁྱབ་འཇུག་དབང་པོ་ཉེ་དབང་གཉིས། །རྒྱལ་
བའི་དབང་པོ་སངས་རྒྱས་ཀྱི། །བློ་གྲོས་ལྷ་མོ་གཉིས་ཀྱང་གཞག །གང་ན་ལྷན་བང་གཉིས་གནས་པ། །དེ་ནི་བཅུ་བཞིར་ཤེས་པར་བྱ། །བཅྭ་ལྔ་པ་ཡི་དཀྱིལ་འཁོར་དུ། །ཀླུ་ཆེན་རིགས་བརྒྱད་དགོད་པར་བྱ། །བཀའ་སྩོལ་པ་ཞེས་བྱ་བ་ཡི། །ཚངས་པའི་སྲིན་རྣམས་བཅུ་
དྲུག་ཏུ། །བཅུ་བདུན་པ་ཡི་དཀྱིལ་འཁོར་དུ། །ཀ་ཏ་ཡ་ན་གཞག་པར་བྱ། །དེ་ཡི་འཁོར་ནི་གང་ཡིན་པ། །དེ་ཡང་དྲུང་དུ་གཞག་པར་བྱ། །དབང་ཕྱུག་ཆེན་པོའི་ཆུང་མར་བཅས། །དབང་ལྡན་ཕྱོགས་སུ་གཞག་བྱ་སྟེ། །དེ་ནི་བཅྭ་བརྒྱད་ཤེས་པར་བྱ། །དེ་ནས་ཕྱི་རོལ་རིག་
སྔགས་རིགས། །རིག་སྔགས་ཀྱི་ནི་སྣ་ཚོགས་དགེ། །བཅུ་དགུ་པར་ནི་གཞག་པར་བྱ། །དེ་ནས་ཀྱང་ནི་རིག་སྔགས་རྣམས། །མིང་སྨོས་འདི་དག་ལ་སོགས་བྲི། །དྲི་གཤེད་ཐབས་ཀྱིས་དྲི་གཤེད་དང་། །རོ་ལངས་མར་ནི་གྲགས་པ་དང་། །དཀར་མོ་ཆེན་མོ་དཀར་མོ་

དང་། །གཞན་ཡང་ས་སྟེང་གནས་རྣམས་གཞག །རྡོ་རྗེའི་མངའ་བདག་དགྱེས་པ་ཡི། །གཞན་གྱི་རིགས་སྔགས་མཆོག་འཆིང་བ། །རབ་ཏུ་གསལ་ཞིང་འབར་བ་དེ། །དབུས་དེར་མཁས་པས་གཞག་པར་བྱ། །དེ་ནས་རྡོ་རྗེ་འཛིན་ཆེན་རྗེ། །ཉི་ཤུ་པར་ནི་
གཞག་པར་བྱ། །གང་ན་རྡོ་རྗེ་འཛིན་གནས་ཏེ། །མིང་ནི་རྡོ་རྗེ་ཕོ་བྲང་ཡིན། །ཉི་ཤུ་གཅིག་པའི་བྱང་ཕྱོགས་སུ། །ཀུ་བེ་ར་ནི་ཚོགས་བཅས་བྲི། །ཀུ་བེ་ར་ནི་གར་གནས་པ། །གྲོང་ཁྱེར་ལྕང་ལོ་ཅན་ཞེས་བྱ། །ཀླུ་ཡི་བྱ་བསྒྲུབ་པ་བརྒྱད། །གྲོང་ཁྱེར་ཉི་ཤུ་གཉིས་པར་གཞག །
བྱ་བ་སྒྲུབ་བཅས་ཀླུ་ཆེན་རྣམས། །ལྔ་པོ་ཉི་ཤུ་གསུམ་པར་གཞག །དཀྱིལ་འཁོར་ཉི་ཤུ་རྩ་བཞིར་ནི། །ཀླུ་ཡི་དཀྱིལ་འཁོར་གཞག་པར་བྱ། །ཀླུ་མགོ་ཡི་ནི་གདེངས་ཀ་ཅན། །ཀླུ་ཆེན་གྱིས་ནི་གཡས་སུ་བསྐོར། །དཀྱིལ་འཁོར་དེ་ཡི་ནང་དག་ཏུ། །ཀླུ་ཆེན་ཁ་དོག་སྣ་
ཚོགས་པ། །མཐའ་ཡས་ནོར་རྒྱས་པདྨ་དང་། །དེ་བཞིན་ནོར་བུ་ལ་སོགས་ཀླུ། །ཀ་ལྤ་ལ་དང་རབ་མགྱོགས་གཉིས། །དེ་བཞིན་གཞན་ཡང་ཀླུ་རྣམས་ཀྱི། །མ་དང་རྒྱལ་ཚབ་འཇོག་པོ་ཡང་། །དཀྱིལ་འཁོར་ནང་དུ་གཞག་པར་བྱ། །ཤར་སྒོར་འོད་མའི་རྩེ་མོ་
གཞག །དགའ་སྐྱེད་པ་ནི་ལྷོ་ཕྱོགས་སུ། །ནུབ་ཕྱོགས་སུ་ནི་ལེགས་མཐོང་གཞག །བྱང་ཕྱོགས་སུ་ནི་སྟོབས་ཀྱིས་རྒྱུ། །དེ་ནས་རླུང་ལྷའི་ཕྱོགས་དག་ཏུ། །འབྱུང་པོའི་ཚོགས་ནི་བདུན་རྣམས་དགོད། །དེ་ནི་ཉི་ཤུ་ལྔ་པ་ཡི། །དཀྱིལ་འཁོར་དུ་ཡང་གྲགས་པ་ཡིན། །
དཀྱིལ་འཁོར་ཉི་ཤུ་རྩ་ལྔ་པ། །འདི་དག་ཀྱང་ནི་མཁས་པ་ཡིས། །ཅི་རིགས་པར་ནི་བྲི་བྱ་ཞིང་། །རྫོགས་བྱེད་རྣམས་ཀྱང་ལེགས་པར་བྲི། །ཆུ་ལྷའི་ཕྱོགས་སུ་ནི་མ་བྲི། །ཤར་ཕྱོགས་སུ་ནི་ཟླ་བ་གཞག། །ཀུ་རུ་ན་ནི་གླིང་བཞིར་ནི། །ཕྱོགས་མཚམས་དག་ཏུ་གཞག་པར་བྱ། །
ལྷག་མ་དག་ནི་བྱང་ཕྱོགས་སུ། །ངེས་པར་ཡང་ནི་དགོད་པར་བསྟན། །འདི་དག་རྣམས་ནི་མདོར་བསྡུ་ན། །ཁོར་ཡུག་གི་ནི་ཁོང་ནས་དབྱུང་། །དེ་ནས་རྡོ་རྗེ་ཤུགས་ཀྱིས་ནི། །དེར་ནི་སྟོབས་ཆེན་འགྲོ་བར་བྱ། །བང་རིམ་ལ་ནི་སོང་ནས་ཀྱང་། །དང་པོ་ལེགས་པར་དགོད་པར་བྱ། །

རྫོང་གི་འཕགས་མ་དོན་གྲུབ་པ། །དུར་ཁྲོད་གནས་ན་དྲག་མོ་ནི། །བདེན་བྲལ་ཕྱོགས་སུ་གཞག་བྱ་ཞིང་། །མ་ཡང་དྲུང་དུ་གཞག་པར་བྱ། །ཕྱོགས་ཀྱི་ལྷ་ནི་བྱེ་བ་རྣམས། །དབང་ལྡན་ཕྱོགས་སུ་དགོད་པར་བྱ། །ལོག་འདྲེན་དྲག་པོ་ཆེན་པོ་ཡང་། །དཀྱིལ་འཁོར་དུ་ནི་
ལེགས་པར་དགོད། །རླུང་ལྷའི་ཕྱོགས་སུ་མཁའ་ལྡིང་གཞག །དེ་ནས་དང་པོ་སྐྱོང་བ་ཡི། །རྫོང་གི་འཕགས་མ་གཉིས་པ་ཡང་། །ཡོངས་སུ་རྫོགས་པར་གཞག་པར་བྱ། །བང་རིམ་དག་ནི་གཉིས་པ་ལ། །རྡོ་རྗེའི་ཤུགས་ཀྱིས་བསྒོམ་བྱ་ཞིང་། །ཀླུ་རིགས་ནོར་བུ་གཞག་
པར་བྱ། །མཐའ་ཡས་བདེན་བྲལ་ཕྱོགས་སུ་གཞག །དེ་ནས་ཕྱོགས་ཀྱི་ལྷ་ཉིད་ནི། །གཤིན་རྗེའི་ཕྱོགས་སུ་ལེགས་པར་གཞག །དེ་ནས་ཡི་དགས་ཚོགས་རྣམས་ཀྱང་། །མེ་ཡི་ཕྱོགས་སུ་གཞག་པར་བྱ། །དེ་ནས་ཆོ་ག་ཤེས་པ་ཡིས། །ཡི་དགས་ཀྱི་ནི་རིགས་
རྣམས་དགོད། །བརྗེད་བྱེད་ཀྱི་ནི་རིགས་རྣམས་དང་། །ནམ་གྲུ་དག་གི་རིགས་ཀྱང་གཞན། །དབང་ལྡན་འབྱུང་པོ་རྣམས་དང་ནི། །འབྱུང་པོའི་ཆང་ཁྱུ་རྣམས་ཀྱང་གཞག །ཚངས་པའི་སྲིན་པོ་ཞེས་བྱ་རྣམས། །དཀྱིལ་འཁོར་བྱང་ཕྱོགས་དགོད་པར་བྱ། །ཕྱི་རོལ་ཀླུ་ཡི་རིགས་རྣམས་ཀྱང་། །
རླུང་ལྷའི་ཕྱོགས་སུ་ལེགས་པར་དགོད། །དཀྱིལ་འཁོར་དམ་པ་གཉིས་པ་ལས། །བང་རིམ་འདི་ནི་ཡོངས་སུ་རྫོགས། །རྡོ་རྗེ་རིམ་གྱིས་བསྒོམས་ནས་ནི། །གསུམ་པ་ཡང་ནི་བདེན་བྲལ་ཕྱོགས། །ཤ་ཟ་བཞག་སྟེ་སོང་ན་ཡང་། །རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་གཞག །
ཡི་དགས་ཀྱི་ནི་ཁྱིམ་རྣམས་ཀྱང་། །གཤིན་རྗེའི་ཕྱོགས་སུ་ལེགས་པར་དགོད། །མེ་ཡི་ཕྱོགས་སུ་དཀྱིལ་འཁོར་དུ། །སྟོབས་ཆེན་ལྷ་མ་ཡིན་རྣམས་གཞག །དེ་ནས་དཔལ་ལྡན་འཇིག་རྟེན་སྐྱོང་། །འཇིག་རྟེན་ཆོས་ལས་ཕྱིར་ཕྱོགས་པ། །ཡུལ་འཁོར་སྲུང་ནི་དཔག་མེད་པའི། །
དྲི་ཟར་ལྷན་ཅིག་ཀུན་ཏུ་དགོད། །དབང་ཕྱུག་ཆེན་མོར་བཅས་པ་ཡི། །དབང་ལྡན་ཕྱོགས་སུ་གནས་པར་བྱ། །དེ་ནས་རིག་སྔགས་རྣམས་ཀྱི་བདག །ལག་ན་རྡོ་རྗེ་རྣལ་འབྱོར་ཆེ། །གྲོགས་བཅས་རྡོ་རྗེ་འཛིན་པ་ཡི། །རྡོ་རྗེ་ཕོ་བྲང་དགའ་བར་གཞག །དེ་ནས་སྟོབས་ཆེན་

འཇིག་རྟེན་སྐྱོང་། །དཔལ་ལྡན་འཇིག་རྟེན་ཆོས་སྤངས་པ། །ལག་ན་རྡོ་རྗེ་འཛིན་པ་ཡི། །དབང་ལྡན་བྱང་གི་ཕྱོགས་སུ་གཞག །དེ་བཞིན་ལྕང་ལོ་ཅན་དག་ཏུ། །ནོར་སྦྱིན་ཚོགས་དང་བཅས་པར་བྲི། །ཀླུ་རྣམས་མ་ནི་སུ་རུ་ས། །རླུང་ལྷའི་ཕྱོགས་སུ་གནས་
པར་བྱ། །དེ་དག་བུ་དང་བཅས་པར་ནི། །དེ་ཡི་དྲུང་དུ་དགོད་པར་བཤད། །མཁའ་ལྡིང་རྣམ་པར་འདུད་པའི་བུ། །མཐུ་རྩལ་ཤིན་ཏུ་རྫོགས་པའང་གཞག །དེ་ནས་འབྱུང་པོའི་ཚོགས་རྣམས་དགོད། །ཆུ་ལྷ་ཡང་ནི་ནུབ་ཕྱོགས་གཞག། །གསུམ་པ་དག་ཀྱང་འདས་པ་ཡིན། །བཞི་
པ་དག་གིས་བཤད་པར་བྱ། །བང་རིམ་བཞི་པའི་སྟེང་དག་ཏུ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཉི་མ་རྣམས་ནི་གཡོག་དང་བཅས། །ཆུ་ལྷའི་ཕྱོགས་སུ་གནས་པར་བྱ། །བདེན་བྲལ་ཕྱོགས་སུ་སྲིན་རྣམས་དགོད། །དེ་ཡི་ཕ་རོལ་གྲུལ་བུམ་གཞག །དེ་ནས་གྲུལ་བུམ་
ལྕགས་ཅན་ཡང་། །ལྷོ་ཕྱོགས་སུ་ནི་གཞག་པར་བྱ། །མེ་ཡི་ཕྱོགས་སུ་རླུང་ལྷ་གཞག །ཤར་ཕྱོགས་ཟླ་བ་འཁོར་དང་བཅས། །ཐགས་བཟངས་རིས་ཀྱང་དེ་བཞིན་ཏེ། །དེ་གཉིས་ཀྱིས་ནི་བཞི་པ་དགང་། །དེ་ནས་བང་རིམ་ལྡན་པ་ལ། །རྡོ་རྗེ་ཤུགས་ཀྱིས་འགྲོ་བར་བྱ། །
ལྷ་བསྲུང་ཕྱིར་ནི་ཀླུ་རྣམས་ཀྱང་། །ཆུ་ལྷའི་ཕྱོགས་སུ་དགོད་པར་བྱ། །དབང་ལྡན་དང་ནི་ཤར་མཚམས་སུ། །ལྷ་ཡི་མཛོད་ཀྱང་གཞག་པར་བྱ། །གཞན་གྱིས་མི་ཐུབ་རྡོ་རྗེ་ཆེ། །དབང་ལྡན་ཕྱོགས་སུ་གཞག་པར་བྱ། །དེ་ནས་རྡོ་རྗེའི་དྲུང་དག་ཏུ། །གནས་གཙང་རིས་
ཀྱི་ལྷ་ཆེན་གཞག །ལྷ་ཡི་སྲུངས་མ་གནོད་སྦྱིན་ཆེ། །བྱང་ཕྱོགས་དག་ཏུ་གནས་པར་བྱ། །རྡོ་རྗེ་ཤུགས་ཀྱིས་དྲུག་པ་ལ། །སོང་ནས་ཆུ་ལྷའི་ཕྱོགས་དག་ཏུ། །ཀླུ་རྒྱལ་རྒྱ་མཚོ་ཆེན་པོའི་བུ། །དྲག་ཅིང་ཤུགས་དང་ལྡན་པ་གཞག །དེར་ནི་གཡོག་དང་བཅས་པར་བྱ། །
གཞན་དག་གིས་ནི་སྤྲུལ་པ་ལ། །དབང་བྱེད་ལྷ་ནི་གང་ཡིན་རྣམས། །བདེན་བྲལ་ཕྱོགས་སུ་གནས་པར་བྱ། །ཚངས་རིས་ཀྱི་ནི་ཚོགས་རྣམས་ཀྱང་། །མེ་ཡི་ཕྱོགས་སུ་དགོད་པར་བྱ། །ཚངས་པའི་མདུན་ན་འདོན་པ་ཡི། །ལྷ་རྣམས་ཤར་ཕྱོགས་གཞག་པར་བྱ། །ཤིན་

ཏུ་མཐོང་ལྷ་དབང་ལྡན་དུ། །སྲིད་རྩེ་དེ་ཡི་ཕ་རོལ་དགོད། །དེ་བཞིན་དཀའ་ཟློག་བྱང་ཕྱོགས་གཞག །དྲུག་པ་དག་ཀྱང་འདས་པ་ཡིན། །བང་རིམ་དག་ནི་བདུན་པ་ལ། །རྡོ་རྗེ་ཤུགས་ཀྱིས་རྡོ་རྗེ་འཆང་། །སོང་ནས་ཁྲུ་ཡི་གཙོ་བོ་ནི། །རྒྱ་མཚོ་ཆེན་པོ་རྨད་བྱུང་གཞག །
བྱང་ཕྱོགས་བྱ་བ་ཟིན་ནས་ནི། །གྲགས་ཤིང་བསོད་ནམས་ཆེ་བ་ཡི། །འཕྲུལ་དགའ་བ་ཡི་ལྷ་ཆེན་རྣམས། །གཤིན་རྗེའི་ཕྱོགས་སུ་གནས་པར་བྱ། །དེ་ནས་རྡོ་རྗེ་ཤར་ཕྱོགས་ཀྱི། །གནས་ཀྱི་གཙོ་བོར་གཞག་པར་བྱ། །སུམ་ཅུ་གསུམ་པའང་ཤར་ཕྱོགས་སུ། །
བཞག་ཅིང་བདུན་པ་ཡོངས་སུ་དགང་། །ལྷ་རྣམས་སྣ་ཚོགས་རྒྱས་པ་ཡི། །རི་ཡི་དབང་པོ་དམ་པ་ཡི། །བང་རིམ་དག་ནི་ཡོངས་སུ་རྫོགས། །དེ་ཡི་འོག་ཏུ་བྱ་བ་བཤད། །རི་རབ་སྟེང་དུ་ཐམས་ཅད་མཁྱེན། །རིག་སྔགས་སྙིང་པོ་འཆང་བ་པོ། །སངས་རྒྱས་འཇིག་རྟེན་
རྟོགས་མཛད་པ། །ཐར་པའི་གྲོང་ཁྱེར་དབང་ཕྱུག་གཞག །གང་གི་འོད་ཟེར་དེ་དག་གི། །ཕྱོགས་རྣམས་ཐམས་ཅད་རྒྱས་མཛད་དང་། །གང་གི་སྐུ་ལ་མཚན་ཀུན་གྱི། །མཛོད་རྣམས་ཐམས་ཅད་འབྱུང་བ་དང་། །མཚན་དང་གཞོན་དང་བརྩོན་འགྲུས་དང་། །གཞན་ཡང་
ཞི་བར་ལྡན་པ་དང་། །མཆོག་རྣམས་མཆོག་སྦྱིན་བྱེད་པ་ལ། །གང་གིས་མཆོག་གི་མཆོག་སྦྱིན་དང་། །ཐུགས་རྗེ་ཆེ་དང་ལྡན་པའི་མགོན། །ཉི་མ་འཆར་ཀའི་འོད་དང་འདྲ། །འོད་ཟེར་ཉི་མ་བྱེ་བ་ཡིས། །གང་གིས་མུན་པ་བསལ་པ་དང་། །ཆོས་དང་མཚན་ཉིད་རིགས་
པ་ཡི། །ཡིད་བཞིན་ནོར་བུའི་ཐུགས་མངའ་གང་། །གང་གིས་བསྐལ་པ་གྲངས་མེད་པར། །སེམས་ཅན་རྣམས་ནི་རབ་ཏུ་བསྲུངས། །རིན་ཆེན་ཨིནྡྲ་ནཱི་ལ་ལྟར། །གང་གི་གཙུག་ཏོར་མཛེས་པ་དང་། །ནོར་བུ་ཡི་ནི་རྒྱལ་པོ་བཞིན། །ཟླ་མདོག་ཅན་གྱི་མཛོད་སྲུང་སྣ། །
གང་གི་བདུད་རྩི་གཏོང་བའི་ཞལ། །པདྨ་རཱ་གའི་མདོག་འདྲ་དང་། །དུས་མཚམས་གསེར་གྱིས་བསྒྱུར་བ་ཡི། །གསེར་གྱི་རི་ལྟར་སྐུ་མདོག་མཛེས། །འཁོར་ལོ་ཆེན་པོ་རྩིབས་སྟོང་པས། །ཕྱག་དང་ཞབས་ནི་ལེགས་སྤྲས་པ། །སྐྱིལ་མོ་ཀྲུང་ནི་མཛེས་པ་ཡིས། །

ཐུབ་པ་ཆེན་པོ་ལེགས་པར་བཞུགས། །ཆོས་ཀྱི་ཆུ་ཀླུང་ཆེན་པོའི་མཆོག །དེ་ཡི་ཞལ་ནས་ཀུན་ཏུ་འབབ། །རྨད་དུ་བྱུང་བར་འབབ་པ་སྟེ། །བདག་གིས་ཁ་ནི་སྟོང་ཕྲག་རྣམས། །སྟོང་སྙེད་ཀྱིས་ནི་བརྗོད་པ་འམ། །ཁོང་དུ་ཆུད་པར་ནུས་མི་འགྱུར། །དེ་ནི་རྒྱས་
པར་འགེངས་པ་དང་། །ཡེ་ཤེས་ཕ་མཐའ་བླ་ན་མེད། །ཤིན་ཏུ་རྨད་བྱུང་གསང་བར་བཤད། །ཚིག་ལྡན་གྱི་ནི་ལྷ་མོ་དེ། །འཇིག་རྟེན་མགོན་པོ་སངས་རྒྱས་ཀྱི། །གསུང་ལ་རབ་ཏུ་གནས་པ་ཡིན། །འཇིག་རྟེན་གསུམ་མ་བདག་མཆོག་སྦྱིན། །འཇིག་རྟེན་གསུམ་གྱིས་ཕྱག་
བྱས་པ། །འདི་ནི་གནས་དང་འགྲོ་བ་ཡི། །འཇིག་རྟེན་ཐམས་ཅད་འཛིན་པ་ཡིན། །ཆེ་བའི་ཆེ་མཆོག་སྟོབས་ཆེན་ཏེ། །དགའ་ཞིང་ཀུན་གྱི་ཚིག་ལ་གནས། །གཞན་གཅིག་སངས་རྒྱས་འདྲ་བ་མེད། །གུད་ན་ཡང་ནི་གནས་མ་ཡིན། །དེ་ཡི་བསྔགས་པ་སངས་རྒྱས་སམ། །
ལྷ་རྣམས་ཉིད་ཀྱིས་བརྗོད་པར་ནུས། །མཆོག་སྦྱིན་འཇིག་རྟེན་གསུམ་གྱི་མ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །མདོར་ན་འགྲོ་བ་འདི་ཀུན་ནི། །ཁྱོད་ཀྱི་རང་བཞིན་ཉིད་ཡིན་ཏེ། །ལྷ་དང་དྲི་ཟ་ཀླུ་དབང་དང་། །གནོད་སྦྱིན་ལྷ་མིན་ཚོགས་བསྐོར་བའི། །རྒྱུ་དང་མི་རྒྱུ་རྣམས་ཀྱི་
གཏེར། །ཡ་མཚན་ལས་ཀྱི་དཀྱིལ་འཁོར་ནི། །དེར་གཏོགས་དེར་ནི་བརྩོན་ཞིང་སྤྲོ། །དེ་དང་འབྲེལ་བར་ཐེ་ཚོམ་མེད། །ཆོས་ཀླུང་བསོད་ནམས་ལྡན་པ་དེ། །བསོད་ནམས་རིན་ཆེན་དག་གིས་རྒྱས། །ལག་ན་རྡོ་རྗེའི་བསོད་ནམས་ཀྱི། །ལས་ཀྱི་རྒྱ་མཚོ་དག་ལས་འབྱུང་། །ཆུ་
ཀླུང་རྒྱ་མཚོར་འབབ་པ་ན། སྐྱེ་བོས་བསྟེན་ནས་འབབ་པར་འགྱུར། །དེ་བཞིན་ཆོས་ཀྱི་ཆུ་ཀླུང་འདི། །འདི་དག་གིས་བསྟེན་བྱས་ནས་ཀྱང་། །ལག་ན་རྡོ་རྗེའི་མགོ་བོ་དང་། །རྣ་གཉིས་དང་ནི་གསུམ་དུ་དབབ། །ཟེར་མ་འཕྲོས་པས་ལྷ་མོ་དང་། དབང་ཕྱུག་ཚོགས་བཅས་ཕོག་
པར་འགྱུར། །དེ་ཕྱིར་ཆོས་ཀྱི་ཆུ་ཀླུང་འདི། །སངས་རྒྱས་ལས་ནི་འབྱུང་བྱས་ལ། །ལག་ན་རྡོ་རྗེའི་མགོ་བོར་ཡང་། །རབ་ཏུ་དབབ་ཅིང་བདུག་པར་བྱའི། །བསོད་ནམས་ལྡན་པའི་ཆུ་ཀླུང་རྒྱ་ཆེན་དེ་ཉིད་ལས། །སྐྱེ་བོ་མཐའ་དག་གཅིག་ཏུ་སེམས་བཏུད་ཉན་པར་བྱེད། །དེ་ཉིད་ལ་ནི་

ལྷ་རྣམས་ཐམས་ཅད་མངོན་པར་དགའ། །དེ་ཉིད་ལ་ནི་རིག་སྔགས་གྲུབ་པའི་ཚོགས་ཀུན་བརྟེན། །གནས་རྣམས་གསུམ་པ་འདི་ནི་ལྷ་ཡི་གནས་ཡིན་ཏེ། །རྡོ་རྗེ་འཛིན་པ་ང་ཡི་དགོངས་པ་བཞིན་དུ་རྫོགས། །དེ་ནས་དམ་ཚིག་མཁྱེན་པས་དཀྱིལ་འཁོར་རྒྱལ་པོ་ཡི། །གསང་བ་
གང་དང་གང་གསུངས་དགའ་རྒྱས་བདག་གིས་བཤད། །ལག་ན་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ལས་གནས་གསུམ་པ་རྫོགས་སོ།། །།རི་རབ་ཀྱི་ནི་བྱང་ཕྱོགས་སུ། །ཆོས་ཀྱི་ཀླུང་ཆེན་འཛིན་པ་ཡི། །རྡོ་རྗེ་འཛིན་ཆེན་རབ་
གཏུམ་པ། །སྟོབས་ཆེན་ལག་ན་རྡོ་རྗེ་གཞག །དེ་ཡི་རྐང་པ་གཡོན་པ་ཡིས། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པ་ཡི་ནི་རྐང་པ་ཡིས། །ལྷ་མོ་དཀའ་ཟློག་མནན་པར་བྱ། །རི་ཡི་དབང་པོ་འཁོར་ཡུག་དང་། །བང་རིམ་དག་གི་བར་དག་ཏུ། །གླིང་ཆེན་
རྣམ་པ་བཞི་པོ་དང་། །གནས་རྣམས་ཇི་བཞིན་གཞག་པར་བྱ། །དེ་ནས་ཆུ་ཀླུང་བདུན་ཡང་གཞག །ལྷོ་ཕྱོགས་སུ་ནི་དབྱིབས་ལེགས་པའི། །འཛམ་བུ་གླིང་ནི་གཞག་པར་བྱ། །ཆུ་ཀླུང་དང་ནི་ཤིང་དང་ཡུལ། །སྣ་ཚོགས་ཀྱིས་ནི་ཤིན་ཏུ་རྒྱས། །དེ་ཡི་མངོན་མཚན་ཆེན་པོ་ནི། །འཛམ་
བུའི་ཤིང་མཆོག་སྐྱེས་པ་དེ། །འཕང་དུ་དཔག་ཚད་བརྒྱ་ཡོད་དོ། །འོག་ལོགས་སུ་ནི་གཞག་པར་བྱ། །དེ་ནས་ཆུ་ཀླུང་བདུན་ཡང་གཞག །ནགས་ཚལ་ཡང་ནི་བདུན་དག་དང་། །ཡིད་དུ་འོང་བའི་རི་བདུན་དང་། །ཡུལ་བདུན་དག་ཀྱང་གཞག་པར་བྱ། །དང་པོ་བྱང་ནས་བརྩམ་
བྱ་ཞིང་། །ལྷོ་ཕྱོགས་ལོགས་སུ་ཐུར་དུ་དྲང་། །ཤར་ནས་ནུབ་ཏུ་དྲང་བྱ་ཞིང་། །ཁོ་ར་ཁོར་ཡུག་བསྒྲུབས་ནས་ནི། །རྒྱལ་བའི་གསུང་རབ་ཡིད་འོང་བ། །ཆོས་ཀྱི་འཁོར་ལོ་རྗེས་བསྒྲུབ་པ། །འཕགས་པ་ཤ་ར་དྭ་ཏིའི་བུ། །སྙིང་རྗེའི་བདག་ཉིད་པདྨའི་མཆོག །དགེ་
སློང་དགེ་སློང་མ་རྣམས་དང་། །རྒྱལ་པོ་དག་གིས་བསྟེན་པ་གཞག །འཛམ་བུ་གླིང་གི་ལྷོ་ཕྱོགས་སུ། །ཁྲི་ཤིང་དག་ཀྱང་བྲི་བར་བྱ། །ནུབ་ཕྱོགས་སུ་ནི་བ་ལང་སྤྱོད། །ཆུ་བོ་བརྒྱས་ནི་གང་བ་དང་། །ཡུལ་དང་སྐྱེ་བོ་སྟོང་དག་དང་། །བན་ལང་ཁྱུ་ནི་སྟོང་གིས་རྒྱས། །དེ་

བཞིན་ཤར་གྱི་ལུས་འཕགས་ཀྱང་། །ཤར་ཕྱོགས་སུ་ནི་གཞག་པར་བྱ། །ཡུལ་རྣམས་དང་ནི་རི་དག་གིས། །ཀུན་ཏུ་རབ་ཏུ་རྒྱས་པར་གནས། །དེ་ནས་གནས་བརྟན་ཆོས་སྐྱོང་བ། །བཅུ་གཉིས་དག་དང་ལྷན་ཅིག་ཏུ། །སྒྲ་གཅན་འཛིན་ཞེས་གྲགས་
པ་སྟེ། །སངས་རྒྱས་སྲས་ནི་མངོན་སུམ་གནས། །གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་རྣམས། །ཉིན་མཚན་དུ་ནི་དེར་སོང་ནས། །དྲི་དང་ཕྲེང་བ་དཔེ་མེད་པས། །མཆོད་པ་བྱེད་ཅིང་ཕྱག་ཀྱང་འཚལ། །དེ་ནས་བྱང་གི་སྒྲ་མི་སྙན། །ལྷུན་པོ་ཡི་ནི་བྱང་ཕྱོགས་གཞག །གཙང་
ཞིང་གྲུ་བཞི་ལྷམ་པ་སྟེ། །ཆུ་ཀླུང་དག་གིས་རབ་ཏུ་བརྒྱན། །གང་དག་གི་ནི་ཚེ་ཡི་ཚད། །ཆིག་སྟོང་ཚང་བར་བརྗོད་པ་དང་། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །སེམས་ཅན་ཡ་མཚན་དེ་ན་གནས། །རྒྱ་མཚོའི་ས་ནི་བསྐོར་བ་ཡི། །རི་ཡི་དམ་པ་རི་རབ་ལ། །ཕྱོགས་ཀྱི་
ལྷ་ནི་བཞི་པོ་རྣམས། །ཀུན་ནས་ངེས་པར་གཞག་པར་བྱ། །ཀཱརྵཱ་པ་ཎ་བརྒྱད་དག་གིས། །དཀྱིལ་འཁོར་དང་པོར་རྡོ་རྗེ་བྲི། །དེ་ཡི་གནས་རྣམས་དེ་དག་ཏུ། །གསེར་གྱི་གདུ་བུ་དག་ཀྱང་བྱ། །སྒོ་རྣམས་རེ་རེར་དོན་སྒྲུབ་པ། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །ཐུབ་པར་
ནུས་པ་གང་ཡིན་པའི། །སྒོ་སྲུང་གཉིས་ཀྱང་གཞག་པར་བྱ། །དེ་ཡང་སྔགས་དང་ལྡན་བྱ་ཞིང་། །ཀུན་ཏུ་གཞལ་ཡས་རྒྱས་པར་བྱ། །རྡོ་རྗེ་ཐོག་ཐོག་ལྷོ་ཕྱོགས་བྲི། །རྡོ་རྗེ་ཁུ་ཚུར་བྱང་ཕྱོགས་གཞག །དེ་ནས་དེར་ནི་ལྷ་བཤོས་རྣམས། །རྣམ་པ་སྣ་ཚོགས་བཀྲ་བ་དང་། །
བླ་མེད་རབ་མཛེས་རྒྱས་པར་བྱ། །དྲི་དང་མེ་ཏོག་ཕྲེང་བས་མཆོད། །ཞིབ་དེའི་ཐ་ལུ་སྣ་ཚོགས་པ། །སྦྲང་རྩིས་བྱུགས་ཤིང་གཟབས་པ་དང་། །ལེགས་བྱས་ཨ་ཤྭ་ཀ་བརྟི། །དེ་བཞིན་བེ་རེག་ནས་ཁུར་དབུལ། །ཇི་ཙམ་དུ་ནི་རྒྱས་པ་ཕུལ། །དེ་ཙམ་དུ་ནི་འགྲུབ་པར་
བཤད། །འབྲས་ཀྱི་འོ་ཐུག་ཚུ་ལ་ཀ །ཐུབ་པ་སྦྱར་ཐུག་ས་མི་ཏ། །འབྲས་ཆན་ཚོད་མ་སྣ་ཚོགས་པ། །ཁ་དོག་སྣ་ཚོགས་སོར་ལྔར་ལྡན། །དེ་ལ་སོགས་པ་གང་འདོད་པ། །ལོ་མ་སྣ་ཚོགས་སྐྱོན་མེད་པ། །ཡང་ན་ཁམ་པོར་སར་པའམ། །པདྨའི་ལོ་མ་དག་ལ་

གཞག །ནས་དང་གྲོ་དང་མོན་སྲན་གྲེའུ། །སཱ་ལུ་དང་ནི་ཏིལ་འབྲུ་རྣམས། །སྣོད་སར་དག་གི་ནང་དུ་གཞག །ཡང་ན་གཞན་དུ་དེ་བཞིན་གཞག །ཧྭགས་དང་ཁ་རས་གང་བ་དང་། །བཏུང་བ་བསིལ་ཞིང་ཞིམ་པ་དག །སྣོད་སར་དག་གི་ནང་དག་ཏུ། །བཞག་ནས་
རབ་ཏུ་དབུལ་བར་བྱ། །དེས་ན་སུ་ལའང་འཚེ་མི་འགྱུར། །དགའ་བའི་སེམས་ཀྱིས་ཟ་འདོད་ལ། །ཁ་ཟས་དག་ཀྱང་སྦྱིན་པར་བྱ། །དེ་ནས་དགའ་བར་བྱ་བའི་ཕྱིར། །ཏ་ལའི་ལོ་མ་བསིལ་ཡབ་དབུལ། །དྲི་ཞིམ་པ་ཡི་དྲི་ཀུན་གྱིས། །དཀྱིལ་འཁོར་ལ་ནི་མཆོད་པར་བྱ། །
སྤོས་ཀྱི་ཕྱེ་མ་སྣ་ཚོགས་པ། །མཆོག་རྣམས་ཀྱིས་ཀྱང་དེ་བཞིན་མཆོད། །ཛ་ཡ་མུ་ས་ན་ལ་སོགས། །དྲི་ཞིམ་ཐམས་ཅད་སྦྱར་བས་མཆོད། །ཨ་ག་རུ་དང་དུ་རུ་སྐ། །ཤིང་གི་ཐང་ཆུ་གསར་སྦྱར་རྣམས། །བདུག་པའི་རྒྱུར་ནི་བསྔགས་པ་ཡིན། །དངོས་གྲུབ་སྒོ་དྲུང་འདུག་
པར་བྱ། །ཡང་ན་ནང་དུ་སོང་ནས་ནི། །དེ་ནི་བྱང་ཕྱོགས་ཁ་བལྟ་ཞིང་། །ལག་ན་རྡོ་རྗེ་ཚུལ་བཞིན་བོད། །ཤིན་ཏུ་བཀྲ་ཤིས་ཚིགས་བཅད་དང་། །དེ་བཞིན་བདེ་ལེགས་རྫོགས་པ་གདོན། །དེ་ནས་དེར་ནི་རིག་སྔགས་མ། །རྡོ་རྗེ་ལྕགས་ཀྱུ་རྩེ་མོ་ཅན། །རྡོ་རྗེའི་རིགས་ལས་བྱུང་
བ་ཡི། །རིག་སྔགས་བསྟན་པ་གང་ཡིན་པ། །དེ་ནི་བདག་ཉིད་བསྲུང་བར་བྱ། །དེ་ནས་ཐོག་མར་སྤྱན་དྲང་བ། །རི་རབ་དེ་ཡི་རྩེ་མོར་ནི། །འདུག་ནས་སྒྲ་ཆེན་གདོན་པར་བྱ། །ཆོས་ཀྱི་ཆུ་ཀླུང་སྤྱན་དྲང་བ། །དམ་པ་འདི་ནི་བརྗོད་པར་བྱ། །བཀྲ་ཤིས་ཚིགས་བཅད་བརྗོད་པ་དང་། །
ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །འདུས་པ་ཆེན་པོའི་མདོ་དག་དང་། །འཕགས་པའི་བདེན་པ་བཞི་པོ་དང་། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ། །མ་ཉམས་ཐེ་ཚོམ་མེད་པ་དང་། །འཕགས་པ་ཤ་ར་དྭ་ཏིའི་བུའི། །སེང་གེའི་སྒྲ་ནི་དཔེ་མེད་གདོན། །དེ་ནས་རྡོ་རྗེ་རིགས་ཀྱི་ཡུམ། །
རིག་སྔགས་རྡོ་རྗེ་ལྕགས་ཀྱུ་བཟླས། །དེ་ནས་ཀྱང་ནི་རྩེ་མོ་ཅན། །དེ་ནས་རྡོ་རྗེ་རིགས་སྐྱེས་ཀྱི། །རིག་སྔགས་དག་ནི་གང་འདོད་དང་། །སྙིང་པོ་འགྲོ་ལྡིང་གཏུམ་པོ་དང་། །དེ་ཡི་སྟེང་དང་འདོད་པ་ཡི། །རྡོ་རྗེ་མ་དང་འོག་པ་གཅན། །ལུ་གུ་རྒྱུད་དང་གཏུམ་མོ་དང་། །སེར་གཏུམ་རྡོ་རྗེ་

ཐོག་ཐོག་མ། །དེ་བཞིན་རྡོ་རྗེ་ཁུ་ཚུར་མ། །རྡོ་རྗེ་ཐུབ་དཀའ་ཕོ་ཉ་མ། །ཆེན་མོ་བཅུ་དང་དྲུག་ཅུ་བཞི། །དང་པོ་བློ་གྲོས་རྡོ་རྗེ་མ། །གཉིས་པ་རྡོ་རྗེ་དྲིལ་བུ་མ། །གསུམ་པ་རྡོ་རྗེ་ནག་མོ་དང་། །བཞི་པ་གཞན་གྱིས་མི་ཐུབ་པ། །ལྔ་པ་རྡོ་རྗེ་རོལ་པ་དང་། །དྲུག་པ་ཡང་ནི་རྒོད་བག་ཅན། །བདུན་པ་རྡོ་རྗེ་ཤུགས་ཡིན་
ཏེ། །བརྒྱད་པ་རྡོ་རྗེ་ཉི་མ་ཡིན། །དགུ་པ་རྡོ་རྗེ་དབྱུག་པ་སྟེ། །དེ་ནི་སྣ་ཚོགས་གཟུགས་ཞེས་གྲགས། །བཅུ་པ་རྡོ་རྗེ་བདེན་པ་སྟེ། །ཅི་དགའ་བར་ནི་བཟླས་བརྗོད་བྱ། །རྡོ་རྗེ་དབྱུག་པ་བལྟ་བར་བྱ། །རྡོ་རྗེ་ཁྲོ་བོ་འཇོམས་བྱེད་དང་། །བུང་བ་བལྟ་བ་ཆུ་ཀླུང་དང་། །རྡོ་རྗེ་ཀཱཏྱཱ་ན་ཡ་དང་། །བདུག་པས་འཇིལ་དང་སྲུང་མ་
དང་། །ཡོན་ཏན་ཆེན་མོ་དེ་ལ་སོགས། །ངེས་པ་ཉིད་དུ་བཟླས་བརྗོད་བྱ། །དེས་ན་དཀྱིལ་འཁོར་འགྲུབ་པར་འགྱུར། །ངེས་པར་གནས་པས་རིག་སྔགས་ནི། །མཆོག་འགྱུར་རྡོ་རྗེ་ལྕགས་ཀྱུ་མ། །བདུག་པ་ཀུན་གྱིས་རྒྱས་པ་ཡིས། །དཀྱིལ་འཁོར་དུ་ནི་བརྒྱད་བརྒྱ་བཟླས། །དེ་ནས་
ལས་སུ་བསྒྲུབ་པ་ཡིས། །རིག་སྔགས་དེས་ནི་གྲུབ་པར་འགྱུར། །རིག་སྔགས་གང་ལ་དགའ་བ་དེས། །དཀྱིལ་འཁོར་དུ་ནི་བཟླས་བརྗོད་བྱ། །ལག་ན་རྡོ་རྗེས་བཤད་པ་ཡི། །རིག་སྔགས་མང་པོ་དེ་ཉིད་ནི། །མཆོག་འདོད་དངོས་གྲུབ་འདོད་པ་ཡིས། །ཅི་ནས་སྐྱོ་བར་མི་འགྱུར་སྤྱད། །
དེ་ནས་རྫོགས་པར་སྤྱན་དྲངས་ཤིང་། །གསང་སྔགས་རྒྱས་པར་བྱས་ནས་ནི། །དེ་ནས་དཀྱིལ་འཁོར་འདོད་པ་ཀུན། །གཟུང་བ་ཡང་ནི་བཤད་པར་བྱ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཀོན་མཆོག་གསུམ་ལ་གཙོ་བོར་འཛིན། །དད་ཅིང་མཉམ་པར་གཞག་པ་ཡི། །མི་ནི་
དམ་ཚིག་འཛིན་དུ་གཞུག །དེས་ན་དེ་ལ་མཁས་པ་ཡིས། །བསླབ་གཞི་ལྔ་ནི་སྦྱིན་པར་བྱ། །མིང་འདི་ཞེས་ནི་བྱ་བ་བདག །ཕྱིན་ཅད་ནམ་འཚོའི་བར་དག་ཏུ། །སྲོག་གཅོད་ལོག་པར་གཡེམ་པ་དང་། །རྐུ་དང་བརྫུན་དུ་སྨྲ་བ་དང་། །འབྲུ་དང་སྦྱར་བའི་ཆང་འཐུང་བ། །རྟག་ཏུ་
བདག་གི་སྤངས་ཞེས་སྨྲོས། །བསླབ་གཞི་མཆོག་དང་ལྡན་པ་དེ། །བློ་གྲོས་རྡོ་རྗེ་བསྲུང་བར་བྱ། །འབོགས་པར་འགྱུར་བར་བྱ་བའི་ཕྱིར། །བྱིན་གྱིས་རླབས་ཀྱི་ཆོ་གའང་བྱ། །དེ་ནས་དེར་ནི་བུམ་པ་བདུན། །ཆུ་ནི་རབ་ཏུ་བླུགས་ནས་ཀྱང་། །བློ་གྲོས་རྡོ་རྗེས་བསྔགས་པ་དེས། །བདུད་རྩི་ཞེས་

ནི་བརྗོད་པ་ཡིན། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་ནི། །དྲིལ་བུར་བཅས་པས་དྲན་བྱེད་བརྗོད། །ལག་པ་གཉིས་ཀ་བླ་འོག་སྦྱར། །མཐེའུ་ཆུང་མཐེ་བོ་སྦྲེལ་བྱ་ཞིང་། །བདུད་རྩིའི་ཆུ་ནི་བླུག་པར་བྱ། །གོས་གཙང་བགོས་ཤིང་རབ་བསྡམས་པ། །སྐྲ་བཤིག་པ་ལ་ངུ་འབོད་ཆེ། །མི་བཟད་
རྣམས་ནི་བསྒོ་བར་བྱ། །འདི་ནི་ངུ་འབོད་ཆེན་པོ་སྟེ། །འཁྲུག་ཅིང་སྡུག་བསྔལ་ཆེན་པོའི་གནས། །འདི་ཡིས་ཁྱོད་ནི་དམ་ཚིག་ལས། །ཉམས་ན་མྱུར་དུ་གདུངས་པར་འགྱུར། །ཁྱོད་ནི་དམ་ཚིག་ཤེས་གྱུར་ན། །རྐྱེན་དུ་བབ་པར་མ་ལུས་སྦྱིན། །དེས་ན་ཁྱོད་ལ་མཁས་པ་འདི། །
འཁྲུག་པའི་སྡུག་བསྔལ་བྱེད་མི་འགྱུར། །དམ་ཚིག་སྤངས་པ་གང་ཡིན་དང་། །དཀྱིལ་འཁོར་དུ་ནི་མ་ཞུགས་པ། །དེ་ལ་དམ་ཚིག་གཞན་མེད་པ། །བསྟན་བཅོས་ཀྱི་ནི་གཞུང་ལུགས་ཡིན། །དམྱལ་བ་ཡོད་པ་འདི་ལ་ལྟོས། །ནད་རྣམས་ཐམས་ཅད་ཚོགས་པ་དང་། །འབྱུང་པོ་ལ་སོགས་
རྣམས་ཀྱིས་རྒྱས། །ཁྱོད་ནི་དེ་ཉིད་ལྟུང་བར་བྱེད། །གདོན་མི་ཟ་ཡི་སྡིག་པའི་ལས། །འདི་ལ་དཔྱད་པར་བྱ་བ་མེད། །རྟག་ཏུ་ཁྱོད་ཀྱིས་དམ་ཚིག་སྲུངས། །རྟག་ཏུ་དཀྱིལ་འཁོར་མཆོད་པ་གྱིས། །འོན་ཀྱང་འབྱུང་པོ་ཤ་ཟ་སོགས། །སྡིག་བྱེད་དེ་དག་འཇུག་མི་འགྱུར། །སློབ་
དཔོན་ལ་ནི་གུས་པར་བྱ། །དེ་ནི་རྡོ་རྗེ་འཛིན་ཉིད་ཡིན། །ད་ནི་ཁྱོད་ཚེ་འབྲས་བུར་བཅས། །ཁྱོད་ཀྱི་འཚོ་བ་འབྲས་བུ་ཡོད། །ད་ནི་དམ་ཚིག་ལྷ་རྣམས་དང་། །ཁྱོད་ནི་མཚུངས་པ་ཉིད་དུ་འགྱུར། །རྡོ་རྗེ་འཛིན་པའི་རྒྱལ་མཚན་འདི། །ཇི་ལྟར་རྟག་ཏུ་མཛེས་པ་བཞིན། །དེ་ལྟར་ཁྱོད་ནི་ཡོན་ཏན་
གྱིས། །དམ་ཚིག་ངེས་པར་གནས་པར་འགྱུར། །དེ་ནས་རྡོ་རྗེ་དེ་བླངས་ལ། །ལག་པ་གཡོན་པས་དྲིལ་བུ་བཟུང་། །ལག་པ་གཡས་པས་དེ་ཡི་གཡས། །བཟུང་ནས་ཀྱང་ནི་སྤྲོ་བར་བྱ། །འདི་སྐད་རྟག་ཏུ་གྲུབ་པ་འདི། །སྡུག་བསྔལ་དག་ལས་སྒྲོལ་བ་སྟེ། །རྡོ་རྗེ་འཛིན་ཆེན་ཉིད་དང་
ནི། །ལྷན་ཅིག་ཏུ་ནི་འཇུག་པར་འགྱུར། །དེ་ནས་གྲུར་ནི་ཞུགས་ནས་ཀྱང་། །འཁོར་ཡུག་ལས་ནི་བརྒལ་བར་བྱ། །ལག་པ་བཏང་ནས་དེ་ལ་ནི། །དཀྱིལ་འཁོར་ཐམས་ཅད་བསྟན་པར་བྱ། །འཁྲུལ་པ་མེད་པར་མེ་ཏོག་གིས། །མདུན་བཞུགས་བདེ་གཤེགས་མན་ཆད་

དང་། །དཀྱིལ་འཁོར་གང་དང་གང་མཐོང་བ། །དེ་དང་དེ་ལ་བདེ་བར་མཆོད། །དེ་ནས་ཐམས་ཅད་མཐོང་ནས་ཀྱང་། །ཡོན་གྱི་བུམ་པར་དབུལ་བར་བྱ། །བློ་ཅན་གྱིས་ནི་མཚན་ཡང་བཟུང་། །དམ་པ་གཞན་ཡང་བདག་གིས་བཤད། །རྡོ་རྗེ་སྟངས་ཐབས་འགྲོ་བ་
དང་། །གད་མོ་བཅས་པར་བསྒྱུར་བ་དང་། །གཡོན་པས་ཀྱང་ནི་བརྡབ་པར་བྱ། །སེང་གེའི་སྒྲ་སྒྲོགས་འགྱིང་བ་དང་། །མཛུབ་མོས་ཧཱུྃ་ཡང་བསྒྲགས་བྱས་ཏེ། །ཐམས་ཅད་ཤིན་ཏུ་བྱེད་པའི་མཆོག །དེ་ནས་གཞན་ཡང་མི་ཤེས་པ། །ཆོ་ག་བཞིན་དུ་མནོད་པར་བྱ། །སློབ་དཔོན་གུས་
པར་ལེགས་བྱ་ཞིང་། །དམ་ཚིགས་ཀྱང་ནི་ངེས་པར་བསྟན། །ཏིལ་ཟན་ལ་སོགས་མོན་སྲན་གྲེའུ། །བདག་ཉིད་ཀྱིས་ནི་ལེགས་པར་བཟའ། །ལྷག་པར་བླ་མར་གུས་བྱས་དང་། །དེ་ལ་དགའ་བར་བྱས་ནས་ནི། །རྡོ་རྗེ་འཛིན་པ་ཆེན་པོ་དང་། །རིག་སྔགས་རྣམས་ལ་སྡུག་པར་འགྱུར། །
དེ་ནས་རིག་སྔགས་ཚོགས་རྣམས་ལ། །དེ་ཡིས་རིག་སྔགས་གང་འདོད་པ། །དེ་ནི་བསྒྲིམས་ཏེ་བཀླག་བྱ་ཞིང་། །དངོས་གྲུབ་འདོད་པས་རྟག་ཏུ་མཆོད། །དེ་ལྟར་སློབ་དཔོན་རྒྱ་ཆེན་ཚོགས་རྣམས་དང་། །ལྷ་དང་ལྷ་མིན་མཆོག་གཟུགས་དུ་མ་ཡིས། །མཐོང་ཞིང་ཐོས་ལ་འབྲང་
བར་འགྱུར་བ་དང་། །རྟག་ཏུ་ལེགས་མཆོད་རྗེས་སུ་བསྟན་པ་ཡིན། རྡོ་རྗེའི་རིགས་དཔལ་དང་ལྡན་པ་ལས་མཉེས་པ་དཀའ་ཞིང་མེ་དང་ཉི་མ་ལས་ལྷག་པ་དེ་ཁོ་ན་ཉིད་ཀྱི་མི་དང་དམ་པའི་ཡོན་ཏན་དང་ལྡན་པ་མཆོག་ཏུ་གྱུར་པ་གང་དང་གང་ཡིན་པ་དེ་དག་ནི་དཀྱིལ་འཁོར་དང་དམ་ཚིག་རབ་ཏུ་རྟོགས་
པས་རྟག་ཏུ་མཐོང་ཞིང་ཐོས་པའམ། བསྒྲུབ་པའི་ཚུལ་དང་ལྡན་པར་བྱས་ན་དངོས་གྲུབ་འགྲུབ་པའམ། ཕན་པ་ཡང་ཐོབ་པར་འགྱུར་རོ། །རྡོ་རྗེ་ཆེན་པོ་ཐོགས་བཞིན་དུ་རྟག་ཏུ་བདུག་པ་དང་། མེ་ཏོག་དང་། དྲི་དང་། ལྷ་བཤོས་རྒྱས་པར་དབུལ་ཞིང་སྦྱིན་སྲེག་བྱའོ། །དེ་ལྟར་
གནས་བཞི་པ་ཚུལ་འཛིན་ཅིང་ཉི་མའི་གཟི་བརྗིད་དང་ལྡན་པའི་དཀྱིལ་འཁོར་དམ་པ་འདི་ནི་དཔལ་སྐྱེད་ཅིང་མཆོག་ཏུ་མྱུར་བའི་ཆོ་ག་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ཉིད་ཡིན་ནོ། །ལག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་དབང་ཕྱུག་ཆེན་པོ་གཉིས་ཀྱིས་

དམ་ཚིག་བཤད་པ་ལས་གནས་བཞི་པ་རྫོགས་སོ།། །།དེ་ནས་རྡོ་རྗེ་ལྕགས་ཀྱུ་མ། །རྡོ་རྗེ་ཡི་ནི་རིགས་ཀྱི་ཡུམ། །བསྒྲུབ་པ་ཡི་ནི་དོན་རྣམས་ཀུན། །སྒྲུབ་པ་བྱེད་པ་གང་ཡིན་བཤད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།
ན་མ་སྟེ་བཛྲ་དྷ་ར་བཛྲ་པཱ་ཎི་བཛྲཱ་ཡ། ན་མཿསུ་བཛྲཱ་ཡ། ན་མོ་བཛྲ་དཱུ་ཏ་ཡེ། ན་མོ་བཛྲ་ཤཱ་ན་ཡེ། ན་མོ་བཛྲ་ཧྲཾ་ད་ཡཱ་ཡ། ན་མོ་བཛྲཱཾ་ཀུ་ཤཱ་ཡ། ན་མོ་བཛྲ་ཀོ་ཥཱ་ཡ། ན་མོ་བཛྲ་པཱ་ཤཱ་ཡ། ན་མོ་བཛྲ་བི་ཛ་ཡཱ་ཡ། ན་མོ་བཛྲཱཾ་ཀུ་ཤ་ཀོ་ཥ་པཱ་ཤ་བི་ཛ་ཡཱ་ཡ། ན་མཿཔྲ་བརྟ་ཨཱ་བརྟ།
བཛྲཾ་ཀུ་ཤི། །མི་ལི་མི་ལི། ཧི་ལི་ཧི་ལི། ཧི་རི་ཧི་རི། ཀི་རི་ཀི་རི། ཨཱཀཌྜྷྱ། ཨཱ་ཀཌྜྷྱ། གི་རི་གི་རི། ཁི་རི་ཁི་རི། བྷི་རི་བྷི་རི། ཀི་ལི་ཀི་ལི། བཛྲཱ་ཀུ་ལཾ་སཾ་སྨ་ར། གི་རི་གི་རི། ཏི་རི་ཏི་རི། བྷི་རི་བྷི་རི། ཨཱ་གཙྪ། ཨཱ་གཙྪ། ཨཱ་ན་ཡ་མེ་ཧི་རཏྣ། སུ་བརྞ་དྷ་ན་
དྷ་ནྱཾ། ཨ་ཏ་པ་ཡ་མ། པ་རུ་ཎ་ཀུ་བེ་ར། ཨིནྡྲ་མཱ་ཀཌྜྷྱ་ཡ། ཡནྟྲ་དཱ་མ་ནི། གྲྀཧྞཱཾ་ཀུ་ཤེ་ན། ཏཏྟཾ། ཀི་ལི་ཀི་ལི། ཙུ་རུ་ཙུ་རུ། ཙཎྜ་ཙཎྜི། ཀི་རི་ཎི་བྲཧྨ་ན་བ་དེ་ཧིཾ་བིཥྞུ་ན་བ་དེ་ཧིཾ་ཀལྤི། ཀོ་ཎ་ཀལྤི། ནི་ལི་བི་ལ་ནི་ལིལྦི་ཀུ་མཱ་རཾ་ཨདྡྷ་རུ་ཏྲི་མ་དེ་ཧིཾ་ཙནྡྲཾ་པ་དེ་ཧིཾ་ཤུཀྐྲཾ་བ་དེ་ཧིཾ།
སཱུརྱ་བ་དེ་ཧིཾ། ཡ་མཾ་བ་དེ་ཧིཾ། ཏཏྟཾ་པ་དེ་ཧིཾ། ཙི་རི་ཙི་རི། པཱི་རི་པཱི་རི། ཨཀྲམྨྱཱ། ཨཱ་ན་ལ་ཨ་ཀྲམྨྱེ། ཨི་ཧི་ཏུ་རཱ་ཧི། ཏུ་རུ་ཏུ་རུ། སརྦ་ཀཱ་ལཾ་སུ། དི་གྲ་བཱི་རི། ཀི་ལི་ཀི་ལི། མི་ལི་མི་ལི། ཏི་རི་ཏི་རི། མི་ལི་མི་ལི། ཙ་ཀ་ཙ་ཀ། ཀི་ནི་ཀི་ནི། བི་རི་བི་རི། ཤ་ཐ་ཀུ་ཤི་ས་ཧ་སྲ། མི་ལ་བི་ཤ་ཙངྐུ་
ཤི། བཛྲཾ་བ་ཧེ་བཛྲཱ་ཎི་པྲི་ཡེ། མ་ཏི་མ་ཏི། ཏི་རི་ཏི་རི། ཀི་རི་ཀི་རི། ཨཀྲམྨྱ། ཨ་ནྱ་ཀརྨཾ་མ་ནྱ། བ་ར་ཀ་ན་མ་ནཱ་ཡ། ཡ་ཤེ་ཡ་ཤི་ན། །ཀུ་རུ་ཀུ་རུ། ཀི་རི་ཀི་རི། གྷི་ནི་གྷི་ནི། ཁི་རི་ཁི་རི། བི་ཙ་ར་བི་ཙ་ར། ཀོ་ཤཾ་ཀོ་ཤི་ནི། ཀུ་བེ་ར་མ་ཀྲཥྚི་ཀ་ཀྲ་མ་ཀདྡྷ། ལ་ལ་
ལ་ལ། ཧ་སི་ནི་པྲི་ཡེ། པྲི་ཡཾ་ཀ་རི། །ཙུཀྵུརྨ་ཏི། །ཙུཀྵུཿཔྲ་བི་ཤ །མ་ན་མ་ཀི་རི། ཤ་ཡ་སྣེ་ཙནྡྷ་ནི། བྷི་ལ་བྷི་ལི། པཱ་ཤ་དེ་བ་ར་དེ། ཙཀྵུ་རྡེ། ཧ་ར་ཧ་ར། བ་སུ་བ་སུ། མི་སི་མི་སི། ཧེ་ཧེ་ཧི་ཧི་ཧ་ཧ། ཀི་རི་ཀ་ལ་ཀ་ལ། །བ་ལ་བ་ལ། ཙཀྵུཿཙཀྵུཿཏེ་མེ་ཀ་ཐཱ་

ཡ་སརྦ་སརྦེ་ཤངྐུ་རུ་ཀུ་རུ། བ་ཀི་མེ་ཀ་ཏ་ཡ། མི་ལི་མི་ལི། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། པྲི་ཡཾ་པྲི་ཡེ་ན། ས་ར་ས་ར། ཀ་ར་ཀ་ར། ཙ་ར་ཙ་ར། བི་རི་བི་རི། བི་མི་ཡ་ཤཾ་ཡ་ཤེ་ན། ལ་བྷ་ལ་བྷ། ཀི་རི་ཀི་རི། མི་ཏི་མི་ཏི། ལོ་ཀེ། ར་མ་ར་
མ། ར་ཏི་ཀ་རི་བྷི་ཏི་ཀ་རི། མ་མ་སུ་ཁ་ཀ་རི། ནིར་བྷྲི་ཏི་ཀ་ར། ཀིངྐ་རི་ཀིངྐ་རི། ཀ་ར་མ་རི། བི་ཏི་བི་ཏི། མི་རི་མི་རི། ཙི་རི་ཙི་རི། ཧི་རི་ཧི་རི། བི་རི་བི་རི། གྷི་རི་གྷི་རི། བྷི་རི་བྷི་རི། ཧི་རི་ཧི་རི། བཛྲི་ཎི། བཛྲཱངྐུ་ཤི་བ་ར་མཱངྐུ་ཤི་ཧ་རེ་བཛྲེ་ཀྵཱི་པཱ་ཎི་ཀ་ལ་
ཤི་བ་ནི། བྷཀྵ་པཱ་ཎི། ཙཀྵུ་རཱཾ་ཀུ་ཤི་པཱ་ཎི། །བྷ་ར་བྷ་ར། མ་མ་པི་རི་པི་རི། ཀུ་རུ་ཀུ་རུ། ཀི་རི་ཀི་རི། ཏུ་རུ་ཏུ་རུ། ཏ་ར་ཏ་ར། བཛྲཱཾ་ཀུ་ཤཱི་ཡེ་སྭཱ་ཧཱ། ཀོ་ཥཱངྐུ་ཤཱི་ཡེ་སྭཱ་ཧཱ། པཱ་ཤཱངྐུ་ཤཱི་ཡེ་སྭཱ་ཧཱ། བི་ཛ་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། ཀྵེ་མཱངྐུ་ཤཱི་ཡེ་སྭཱ་ཧཱ། ཨཱ་ཛྙཱ་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ།
སརྦཱངྐུ་ས་ཨཱ་ཀརྵ་ཎཱི་ཡེ་སྭཱ་ཧཱ། དེ་བཱངྐུ་ཤཱི་ཡེ་སྭཱ་ཧཱ། སྟྲཱི་པུ་རུ་ཥཱངྐུ་ཤཱི་ཡེ་སྭཱ་ཧཱ། ཧྲྀ་ད་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། དྷརྨཱངྐུ་ཤཱི་ཡེ་སྭཱ་ཧཱ། སརྦ་ལོ་ཀ་ཛ་ཡཱངྐུ་ཤཱི་ཡེ་སྭཱ་ཧཱ། སརྦ་སཏྭཱ་ནཱ་མཱ་ཀཪྵ་ཎ་བ་ཤཱི་ཀ་ར་ཎཱངྐུ་ཤཱི་ཡེ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་དེ་ཉིད་ནི། །འདི་ལྟར་རྣམ་པ་གཞན་དུ་ཡང་། །
རྡོ་རྗེ་རིགས་ཆེན་གཙོ་མོ་སྟེ། །འབར་བ་ཆེན་མོ་མཆོག་སྦྱིན་མཆོག །རིགས་ཀྱི་ཡུམ་སྟེ་རིགས་ཀྱི་མཆོག །ལས་མཆོག་ཀུན་གྱི་བྱེད་པ་མོ། །བཅིང་དང་བཀྲོལ་བ་ཐམས་ཅད་ཀྱི། །ལས་ཀུན་ལ་ནི་ཐུབ་མེད་པ། །དམ་པ་ཅི་འདྲ་དེ་བཞིན་འདྲ། །བར་མ་ཅི་འདྲ་དེ་བཞིན་
འགྱུར། །སྙིང་པོ་དང་ནི་མིང་འདི་ཡང་། །གཙོ་བོ་དང་ནི་མཆོག་ཏུ་བཤད། །ལག་ན་རྡོ་རྗེ་ཉིད་ཀྱང་ནི། །སྐད་ཅིག་གིས་ནི་འདི་བཀུག་ན། །ཕྱི་རོལ་རྒྱལ་པོ་ཕོ་ཉ་སོགས། །ཚོགས་རྣམས་ལྟ་ལ་ཅི་ཞིག་སྨོས། །ལྷ་ཡི་རིགས་ནི་མཐོང་བ་ཡི། །རིག་སྔགས་འཆང་བ་དེ་
ལ་ནི། །འགྲུབ་པར་མི་འགྱུར་གང་ཡང་མེད། །གང་ཞིག་རབ་ཏུ་བསྒྲིམས་ནས་ནི། །ཡུམ་འདི་རྟག་ཏུ་འཆང་བྱེད་པ། །དེ་ལ་མཆོག་ཀུན་འགྲུབ་པར་འགྱུར། བཅིང་བ་དང་ནི་གྲོལ་བ་ལ། །རིག་སྔགས་གསང་སྔགས་ཀུན་བདག་འགྱུར། །ནང་དང་ཕྱི་རོལ་བཅས་པ་ཡི། །

འཁོར་དང་ལྡན་པར་བྱས་ན་ནི། །གཅིག་པུ་འཇིག་རྟེན་གསུམ་མཆོག་དང་། །རྣམ་པ་གསུམ་དུ་འགྱུར་བར་བཤད། །དེ་དག་ཐམས་ཅད་ཁྱད་པར་དུ། །སྟོབས་དང་ལྡན་པར་སྐྱེ་བོས་བརྗོད། །མདོར་ན་ཡུམ་འདི་ཐམས་ཅད་ཀྱི། །མཆོག་གི་དམ་པར་བཤད་པ་ཡིན། །
དེ་དག་བསྒྲུབས་པའི་དུས་དང་ནི། །ཐ་མལ་དུས་སུ་རྟག་ཏུ་ཡང་། །ཇི་སྐད་བཤད་པ་དེ་བཞིན་དུ། །རིག་སྔགས་འདི་ནི་སྦྱར་བར་བྱ། །ན་མཿཙུ་རུ་ཀུནྡ། ཙུ་རུ་ཀུནྡ། ཙུ་རུ་ཀུ་ནྡ། བཛྲ་པཱ་ཎི། ན་མོ་བུདྡྷ་སྱ་སྭཱ་ཧཱ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་
ཡུངས་ཀར་གྱི་ཕྱེ་མས་གཞག་པར་བྱ། ན་མཿཀུ་རུ་ཙུ་རུ་བཛྲ་པཱ་ཎི། ན་མོ་བུདྡྷ་སྱ་སྭཱ་ཧཱ། འདིས་ནི་མེ་ཏོག་དང་བདུག་པ་དབུལ་བར་བྱའོ། །ན་མོ་དུམྨེ་དུམྨེ། ཨུ་དུམྨེ་དུསྶ་དུམྨེ། ཙུ་རུ་ཙུ་རུ་སྭཱ་ཧཱ། འདིས་བཤོས་དབུལ་ལོ། །ན་མོ་བཛྲཱི་བཛྲཱི། བཛྲི་ཎི་བཛྲི་ཎི། ཧ་ན་
ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨེ་ཏཾ་སརྦ་བིགྷ་ནཱཾ་བི་ནཱ་ཡ་ཀཾ། ས་མ་མཱ་ར་ཡ། ཧ་ན་ཧ་ན། ཨུཏྶཱ་ད་ཡ། ནཱ་ཤ་ཡ། བི་དྷྭཾ་ས་ཡ། སརྦ་དུཥྚ་ཙིཏྟ་ཤྩ་མ་མེ། ཧུ་རུ་ཧུ་རུ། སིདྡྷ་ཤྩཎྜ་བཛྲ་པཱ་ཎི། རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། མེ་སྦར་ལ་སྔགས་འདིས་ཤིང་འོ་མ་ཅན་གྱི་ཡམ་སྲེག་
ཤིང་ངམ། ཀ་རིམ་ལ་ཀ་རིའི་ཡམ་སྲེག་ཤིང་དང་སྐེ་ཚེ་དང་། ལན་ཚྭ་དང་ཚ་བ་གསུམ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ། སྦྱན་སྲེག་བྱས་ན་བགེགས་དང་ལོག་འདྲེན་གྱི་གནོད་པ་ཐམས་ཅད་སེལ་བར་བྱེད་དོ། །དེ་ནས་དེ་ཡི་བསྒྲུབ་པ་ནི། །རིག་སྔགས་འཆང་བ་ཀུན་གྱིས་མཆོད། །
སྒྲུབ་པའི་ཐབས་ནི་གང་གིས་སུ། །སྟོབས་ཆེན་འདི་ནི་གྲུབ་པ་བཤད། །ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས། །སངས་རྒྱས་འགྲུབ་བྱེད་མགོན་པོ་དང་། །འཇིག་རྟེན་དག་ན་ཡ་མཚན་གསང་། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །ལྷ་རྣམས་དང་ནི་དྲི་ཟ་དང་། །རིག་
སྔགས་འཆང་དང་ལྟོ་འཕྱེ་ཆེ། །ཤིན་ཏུ་ཡ་མཚན་གསང་བ་འདི། །དོན་ཀུན་འགྲུབ་བྱེད་མཉན་པར་གྱིས། །གང་ཞིག་གསང་བའི་རྒྱལ་པོའི་མཆོག །འདི་ནི་སོ་སོར་འཆང་བྱེད་པ། །དེ་ལ་འཇིག་རྟེན་ཐམས་ཅད་ན། །བཀའ་ལས་འགལ་བར་བྱེད་པ་མེད། །ཅི་སྟེ་སྒྲུབ་པའི་

དེ་ཉིད་ཤེས། །ཡང་ན་དངོས་གྲུབ་འདོད་པ་ཡིས། །ཆོ་ག་བཞིན་དུ་ཀུན་བྱས་ན། །སྒྲུབ་པ་པོས་ནི་ཐམས་ཅད་འཐོབ། །ལྷ་འམ་ལྷ་མ་ཡིན་རྣམས་དང་། །གནོད་སྦྱིན་ཡང་ན་རིག་སྔགས་འཆང་། །གཞན་ཡང་གང་དག་སུ་ཡང་རུང་། །འགལ་
བར་བྱེད་པ་གང་ཡང་མེད། །སངས་རྒྱས་ཤ་ར་དྭ་ཏིའི་བུ། །རྡོ་རྗེ་འཛིན་པ་ཆེན་པོ་དང་། །རིག་སྔགས་བདག་གི་བླ་མ་ལ། །ཅི་སྟེ་མཆོག་ཏུ་དང་བྱེད་ན། །དེ་ནི་ཀུན་ལས་ལྷག་པ་དང་། །སེམས་ཅན་ཀུན་གྱིས་མཆོད་པ་དང་། །རྟག་ཏུ་དངོས་གྲུབ་ཀུན་བྱེད་དང་། །གཞན་
གྱི་དངོས་གྲུབ་འཇིག་པར་ནུས། །དུས་ཀུན་དུ་ནི་གཙང་བ་དང་། །གསང་བ་ཐམས་ཅད་འཆང་བྱེད་ལ། །རིག་སྔགས་འཆང་གི་གོ་འཕང་མཆོག །ཤིན་ཏུ་སེམས་པར་བྱེད་པ་ཡི། །ཆོ་གར་ལྡན་ཞིང་རྒྱས་པར་བཅས། །དེ་ནི་མ་ལུས་བཤད་པར་བྱ། །དེ་ནས་ལྷ་དང་
ལྷ་མ་ཡིན། །མི་དང་རིག་སྔགས་འཆང་རྣམས་དང་། །འབྱུང་པོའི་ཚོགས་དང་ཀླུ་རྣམས་དང་། །གནོད་སྦྱིན་རྣམས་དང་སྲིན་པོར་བཅས། །གསང་བའི་མཆོག་ནི་མཉན་པའི་ཕྱིར། །ཐམས་ཅད་ཐལ་མོ་སྦྱར་ནས་འཁོད། །དེ་ནས་ཚིག་དོན་རྟོགས་པ་ཡི། །རྡོ་རྗེ་
འཛིན་པས་དེ་དག་ལ། །གསལ་བར་བྱ་ཕྱིར་ཚིག་འདི་སྨྲས། །ང་ནི་དཀྱིལ་འཁོར་དམ་པ་དང་། །བླ་མའི་རིགས་ནི་སྔོན་མཐོང་ལ། །རྡོ་རྗེ་དང་ནི་རྡོ་རྗེ་འཛིན། །རིག་སྔགས་སྒྲུབ་པ་རྟོགས་བྱས་ནས། །ཟླ་བ་ཕྱེད་གསུམ་བར་དུ་ནི། །ཟླ་གཅིག་པས་ནི་བསྒྲུབ་པར་བྱ། །
སངས་རྒྱས་གཟུགས་ནི་རྫོགས་པའམ། །སྐུ་གདུང་ལྡན་པའི་མཆོད་རྟེན་དེར། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་མ། །རིག་སྔགས་རིགས་ཀྱི་ཚོགས་བསྐོར་བ། །ཆོ་ག་བཞིན་དུ་བྱས་ནས་ནི། །ཡིད་དང་འཐད་པས་མཆོད་པར་བྱ། །མཚམས་བཅད་དང་ནི་ཕྱོགས་བཅིངས་དང་། །
ཆུས་ནི་ཀུན་ནས་བཅད་པ་དང་། །ཐམས་ཅད་དུ་ནི་བསྲུང་བ་རྣམས། །ཆོ་ག་བཞིན་དུ་ལེགས་པར་དགོད། །སྣ་གསུམ་རྡོ་རྗེ་བཀྲ་ཤིས་དང་། །ལྕགས་ཀྱུ་ཁ་གདེངས་ཡུངས་ཀར་གྱིས། །ཚུལ་བཞིན་དང་པོར་མདུན་དག་ཏུ། །རྡོ་རྗེ་ལྕགས་ཀྱུའི་གཟུགས་སུ་བྲི། །ཁ་ཟས་

ཀྱང་ནི་དཀར་གསུམ་གྱིས། །ཆོ་ག་བཞིན་བྱས་བཟའ་བར་བྱ། །དུས་གསུམ་ཡང་ན་ནུབ་བདུན་དུ། །ཟླས་བརྗོད་མཆོག་གི་བརྒྱད་བརྒྱ་བྱ། །དེ་ནས་དེར་ནི་རྡོ་རྗེ་དང་། །ལྕགས་ཀྱུ་འབར་བ་མཐོང་བར་འགྱུར། །དེར་ནི་གཟུགས་ལས་གྲུབ་པ་པོ། །ལྷ་ཡི་རིག་སྔགས་
འཆང་བཞིན་འགྱུར། །འཇིག་རྟེན་གསུམ་ཡང་སྣང་བར་བྱེད། །ས་སྟེང་དག་ཀྱང་འབར་བ་དང་། །འཇིག་རྟེན་གསུམ་ཡང་གཡོ་བར་ནི། །བདག་ཉིད་ཀྱིས་ནི་དེར་མཐོང་འགྱུར། །རིག་སྔགས་རྡོ་རྗེ་ལྕགས་ཀྱུ་དགེ། །དེ་ནས་དེ་ལ་འགྲུབ་པར་འགྱུར། །རི་དགས་
ཀྱིས་བསྐོར་གཞོན་ནུ་མའི། །ཐད་དེ་དགའ་བ་རྩེན་པར་འགྱུར། །དེ་ནས་ལྷ་དང་འབྱུང་པོ་དག །རྒྱ་མཚོ་ནམ་མཁའ་ས་གནས་པ། །དང་བ་མེད་ཅིང་མ་གྲུབ་རྣམས། །དེ་ལྟར་དགའ་བར་གྱུར་ནས་ནི། །དོན་རྣམས་ཀུན་ཡང་བྱེད་པར་འགྱུར། །དེ་བཞིན་དུ་ནི་ཇི་ལྟར་
ཡང་། །ཀུན་ཏུ་དངོས་གྲུབ་ཡ་མཚན་ཅན། །མཁའ་ལ་དེ་བཞིན་བྱེད་པར་འགྱུར། །དེ་ནས་ཅི་དགའ་རྒྱུ་བ་དང་། །དེ་ཡི་དགའ་མགུར་དེ་བཞིན་བྱེད། །རྩེ་དགའ་མཆོག་ཏུ་ཤེས་པར་བྱ། །དེ་ནི་ཡུན་དུ་འཚོ་བར་འགྱུར། །དེ་ནི་དགའ་བཞིན་མཁའ་ལ་འགྲོ། །ལྷ་ཡི་
རིག་སྔགས་འཆང་གིས་བསྐོར། །དེ་ནི་གཅིག་པུ་ཅི་དགའ་བར། །རྡོ་རྗེ་འཛིན་པ་ཡིན་བཞིན་དུ། །ལྷག་པར་དགའ་བའི་གནས་རྣམས་སུ། །རིག་སྔགས་འཆང་བས་བསྐོར་བར་འགྱུར། །དེ་ནི་ན་ད་ཀུ་བེར་བཞིན། །དགའ་བར་གང་ཡང་རྩེ་བར་འགྱུར། །དུས་མིན་པར་ནི་
ཤིང་རྣམས་དང་། །མེ་ཏོག་ཚལ་དང་འབྲས་བུའི་ཚལ། །ཁང་བཟངས་ཡིད་དུ་འོང་བ་རྣམས། །ཐམས་ཅད་ཀྱང་ནི་སྤྲུལ་བར་བྱེད། །འོན་ཀྱང་འདི་ནི་མདོ་ཙམ་སྟེ། །འདིར་ནི་དེ་ལས་བཤད་མི་བྱ། །རྡོ་རྗེ་ལྕགས་ཀྱུ་གྲུབ་ན་ནི། །ཚིག་ཏུ་བརྗོད་པ་ཐམས་ཅད་གྲུབ། །ལས་ཀྱི་དམ་པ་
འདི་ཉིད་ཀྱིས། །ཐམས་ཅད་ཀྱང་ནི་འགྲུབ་པར་བཤད། །དམ་ཚིག་ཚུལ་བཞིན་མཐོང་ནས་ནི། །དམ་ཚིག་དག་ལ་མཁས་པ་ཡིས། །གསང་རྒྱས་རིག་སྔགས་རྡོ་རྗེ་འཛིན། །བླ་མ་ཚུལ་བཞིན་མཆོད་པར་བྱ། །བསྒྲིམས་ཏེ་མཆོད་པ་བྱས་ན་ནི། །ལྷ་བཤོས་དག་ཀྱང་ཚུལ་

བཞིན་དབུལ། །དེ་ནས་འདོད་པ་ཀུན་སྦྱིན་པ། །རྡོ་རྗེ་ལྕགས་ཀྱུ་རིག་སྔགས་གདོན། །ལྷ་བཤོས་དེ་ཡི་ཆོ་ག་དང་། །མེ་ཏོག་བདུག་པས་མཆོད་བྱས་ནས། །སྒྲུབ་པ་པོས་ནི་ཅི་ནུས་ཀྱིས། །དུས་གསུམ་བཟླས་བརྗོད་བྱས་ན་ནི། །ཉི་ཤུ་རྩ་གཅིག་བཟླས་པས་
ཀྱང་། །གདོན་གྱིས་ལས་རྣམས་འགྲུབ་པར་འགྱུར། །དེས་ན་གདོན་ནི་སྟོང་ཕྲག་རྣམས། །དགའ་མགུར་ཡང་ནི་གཞིག་པར་ནུས། །ཡང་ན་གཡུལ་ངོར་མི་བཟད་འཇིག །གདོན་དག་གི་ནི་དཀྱིལ་འཁོར་དུ། །མྱུར་དུ་གདོན་ནི་འབེབས་པ་དང་། །དེ་བཞིན་གཞིག་དང་བསད་པ་དང་། །བཅིང་དང་
བརྡེག་དང་གཟིར་བ་དང་། །ཀུ་ཅོ་འདོན་དུ་འཇུག་ཡང་རུང་། །གྲོང་ཁྱེར་དང་ནི་གནས་རྣམས་དང་། །སྨས་པའི་རྨ་ནི་སྦོ་བ་དང་། །རིག་སྔགས་དམ་པ་བཤད་པ་འདིས། །ཐམས་ཅད་ཀྱང་ནི་བྱེད་པར་འགྱུར། །བབས་པ་དེ་དག་ཐམས་ཅད་ཀྱང་། །པི་ཝང་དག་ཀྱང་ལེན་དུ་གཞུག །དེ་
བཞིན་གར་གྱི་ཆོ་ག་རྣམས། །ཡིད་འོང་ཡ་མཚན་བྱེད་དུ་གཞུག །དགུག་དང་རྨི་ལམ་ཆོ་ག་དང་། །དེ་བཞིན་ལྕགས་སྒྲོག་གཞོམ་པ་དང་། །རྒྱལ་པོའི་ཕོ་བྲང་དག་ན་ནི། །རྩོད་པ་དག་ལས་ལྷག་པར་རྒྱལ། །གཟུགས་དང་སྟོབས་ཆེན་ལྡན་པ་ཡི། །རིག་སྔགས་རྡོ་རྗེ་ལྕགས་
ཀྱུ་མ། །གང་གི་སྙིང་ལ་ཚུལ་བཞིན་རྟག །དེ་ཡི་དོན་ཀུན་འགྲུབ་པར་འགྱུར། །སྐྱེས་པའམ་ཡང་ན་བུད་མེད་དམ། །ཀླུ་འམ་ལྷ་ཡང་དགའ་བ་ཡོད། །དེར་ནི་ཀུན་ཏུ་ཐམས་ཅད་ལ། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །རྒྱལ་པོ་དང་ནི་བློན་པོ་དང་། །བློན་པོ་ཆེན་པོ་
མདུན་ན་འདོན། །ཞག་བདུན་ཡང་ན་ལྔ་ཡི་བར། །བརྒྱ་རྩ་བརྒྱད་བཟླས་དབང་དུ་འགྱུར། །གང་ཞིག་འཆི་བར་བྱ་འདོད་ན། །དེ་ཡི་གཟུགས་དེ་དེར་བྲིས་ལ། །ལག་པས་མནན་ལ་བཟླས་བརྗོད་བྱ། །གདོན་དང་ཀླུ་ཡི་གདོན་ཡང་རུང་། །འབྱུང་པོ་འབྱུང་པོའི་གདོན་དང་ནི། །
ཁར་ནི་རྡོ་རྗེས་གཟིར་བྱས་ན། །ཞག་བདུན་གྱིས་ནི་བརླག་པར་འགྱུར། །བྲན་མོ་དང་ནི་མི་རྣམས་ཀྱང་། །ཞག་གསུམ་གྱིས་ནི་བརླག་པར་འགྱུར། །དབང་དུ་བྱ་བར་འདོད་ན་ནི། །དེར་ཡང་ཉི་ཤུ་རྩ་གཅིག་བཟླས། །བརྒྱད་བརྒྱར་བཟླས་བརྗོད་བྱས་ན་ནི། །བུ་དང་བུ་མོ་ཆུང་

མ་དང་། །ཁྱིམ་ཐབ་དང་ནི་ནོར་འཇོག་དང་། །ཁྱིམ་དང་བཞོན་པ་གླང་ཆེན་རྟ། །མ་ཧེ་དང་ནི་གྲོང་ཡང་རུང་། །ཞག་བདུན་གྱིས་ནི་མྱུར་བར་འཐོབ། །གཞན་གྱིས་རིག་སྔགས་རིགས་ཀུན་དང་། །གདོན་རྣམས་ཀྱང་ནི་བརླག་པར་འགྱུར། །ཁྱེའུ་དག་དང་ནི་བུ་མོ་རྣམས། །
ནད་ཀྱིས་ཀྱང་ནི་མ་རུང་འགྱུར། །རོ་བསྲེགས་སོལ་བའི་རི་མོ་ཡིས། །དགྲ་ཡི་གཟུགས་ནི་དེར་བྲིས་ལ། །དེ་ཡི་སྟེང་དུ་འདུག་ནས་ནི། །གང་དུ་གཞོམ་པར་འདོད་པ་དེར། །གཟིར་བར་བྱས་ཏེ་ཞག་བདུན་དུ། །བཟླས་བརྗོད་དང་ནི་སྦྱིན་སྲེག་བྱ། །དེ་ལྟར་བྱས་ན་གཟིར་བར་
འགྱུར། །ཅི་སྟེ་བུ་མོ་ཐོབ་འདོད་ན། །དེས་ནི་ཞག་བདུན་བྱ་བར་བསྟན། །ཞག་བདུན་འབུམ་དུ་བཟླས་ན་ནི། །བུ་མོའི་མཆོག་ཀྱང་ཐོབ་པར་འགྱུར། །རིག་སྔགས་འཆང་བ་བདག་ཉིད་ཀྱིས། །ཁྲོས་ནས་བཟླས་བརྗོད་བྱས་ན་ནི། །གྲོང་ཁྱེར་དག་ནི་འབར་བ་དང་། །གསེར་
དང་དེ་བཞིན་འཇིག་པ་དང་། །གདོན་དག་གིས་ནི་འདེབས་པར་འགྱུར། །གང་ལས་རྒྱལ་འདོད་དམག་གི་ནང་། །འདུག་ནས་ཀྱང་ནི་བཟླས་བརྗོད་བྱ། །གྲོང་ཁྱེར་དབུས་འདུག་བཟླས་ན་ནི། །ནད་ཀྱིས་གྲོང་ཁྱེར་དཀྲུགས་པར་འགྱུར། །གྲོང་གི་དབུས་འདུག་བཟླས་ན་ནི། །གྲོང་
མི་ནད་ཀྱིས་དཀྲུགས་པར་འགྱུར། །དགོན་པར་འདུག་ནས་བཟླས་ན་ནི། །གདུག་པ་ཀུན་ལས་ཐར་བར་འགྱུར། །དེ་ནས་ཡིད་ནི་ཞི་བ་ཡིས། །ཞི་བའི་རིག་སྔགས་བརྗོད་པར་བྱ། །ཞི་ཕྱིར་རིག་སྔགས་བརྗོད་ན་ནི། །ཐམས་ཅད་དུ་ནི་ཞི་བར་འགྱུར། །བསད་ཕྱིར་རིག་སྔགས་
བཟླས་ན་ནི། །ཕན་ཚུན་དུ་ཡང་གསོད་པར་འགྱུར། །འཐབ་ཏུ་གཟུད་ཕྱིར་རིག་སྔགས་བཟླས། །འཐབ་མོ་མངོན་དུ་འབྱུང་བར་འགྱུར། །ཤིང་སྐམ་ཕྱིར་ནི་ཆུ་ལ་བཟླས། །ཟླ་བ་གཅིག་གིས་ལོ་མ་འབྱུང་། །ཀུན་དགའ་ར་བ་ཡིད་འོང་ཡང་། །ཟླ་བ་གཅིག་གིས་བཤིག་པར་
འགྱུར། །ཅི་སྟེ་ཉི་མ་རངས་པར་བཟླས། །ཆུ་དང་ཟས་དང་བག་ཆོས་དང་། །འབྲས་བུ་རྣམ་པ་སྣ་ཚོགས་ཀྱང་། །དེ་མ་ཐག་ཏུ་སྒྱུར་བར་བྱེད། །གཞན་གྱིས་བཞོན་དང་དེ་བཞིན་དུ། །ཤིང་རྟའི་བཞོན་པ་འཇོམས་པར་བྱེད། །ཅི་སྟེ་ཆུ་ཀླུང་ཆེན་པོ་ཡི། །འགྲམ་དུ་སོང་

ནས་བཟླས་བརྗོད་བྱས། །ལས་རྣམས་གང་དང་གང་འདོད་དང་། །གང་གང་ཆོ་ག་ཇི་བཞིན་གང་། །དེ་བཞིན་ཆོ་ག་གཏོར་མ་དང་། །བཟླས་བརྗོད་སྦྱིན་སྲེག་གཙང་བྱས་ན། །དེས་ན་དོན་རྣམས་ཐམས་ཅད་ཀྱང་། །བྱེད་འགྱུར་དེ་ལ་ཐེ་ཚོམ་མེད། །རྟག་ཏུ་བདེན་སྨྲ་བསླབ་
ལ་དགའ། །དངོས་གྲུབ་མཆོག་ཆེན་ཐམས་ཅད་ལྡན། །འབྱུང་པོ་སྒྲུབ་པར་འདོད་ན་ནི། །ཞག་གསུམ་སྨྱུང་བྱས་མར་གྱི་ངོ་། །བཅུ་བཞི་ལ་ནི་གཏོར་མ་སྦྱིན། །ཟླ་བ་དྲུག་གམ་ཟླ་བ་ཕྱེད། །ཤིང་དྲུང་ཡང་ན་དགོན་པར་གནས། །གཅིག་པུ་བསྲུང་བ་མཆོག་བྱས་ལ། །སློང་མོ་ཡི་ནི་
ཟས་ཀྱང་བཟའ། །ཟླ་དྲུག་ཡང་ན་ཟླ་བ་གཅིག །ལྷ་འམ་གདོན་ཀྱང་གནས་ཀྱང་རུང་། །ཟླ་གཅིག་ཕྱུགས་ཀྱི་ལྷས་སུ་གནས། །ཞོ་དང་འོ་མ་མར་ཡང་བཟའ། །སྐུ་གདུང་ལྡན་པའི་མཆོད་རྟེན་དྲུང་། །ཟླ་གཅིག་སྣ་ཚོགས་ཟས་ཀྱིས་མཆོད། །ཟླ་བ་གཉིས་ནི་དུར་ཁྲོད་དུ། །གཏོར་མ་
བདུག་པ་གཙང་སོགས་མཆོད། །ཐང་ངམ་མཆོད་རྟེན་དྲུང་དུ་བཟླས། །དེ་ནས་འབྱུང་པོ་བརླག་པར་འགྱུར། །དེར་ནི་འབྱུང་པོ་དམ་པ་གང་། །ཡང་ན་ཐོག་མར་གང་འོངས་དང་། །གང་ཚེ་དེ་ལ་ཉེ་བར་འགྱུར། །གང་ན་གང་ཞིག་སེམས་ཀྱིས་འདོད། །དེ་ཚེ་ཤིན་ཏུ་བསྙེན་ནས་ནི། །
རྡོ་རྗེ་ལྕགས་ཀྱུ་རྟག་ཏུ་བཟླས། །དེ་ཡི་མིང་ནི་དྲིས་ནས་ཀྱང་། །དེ་ཉིད་མིང་ནི་གཟུང་བར་བྱ། །གཅིག་པུས་དཀྱིལ་འཁོར་བྱས་ན་ནི། །རིག་སྔགས་རྡོ་རྗེ་ལྕགས་ཀྱུའི་ཚོགས། །དྲི་ལ་སོགས་པས་ལེགས་མཆོད་ནས། །དེས་ནི་འབྱུང་པོ་དེ་དག་དགུག །དེ་ཡིས་མིང་བརྗོད་འབྱུང་པོ་
རྣམས། །དགའ་ནས་དེར་ནི་འོང་བར་འགྱུར། །དེ་ནས་དེས་ནི་ལེགས་པར་མཆོད། །གཞན་ཡང་འོངས་ནས་མཆོད་པར་བྱ། །མིང་ནི་ལེགས་པར་བརྗོད་བྱ་ཞིང་། །སྐྲག་བྱེད་མིང་ལ་བརྟེན་ནས་ནི། །འབྱུང་པོ་སྒྲུབ་ཏུ་གྲུབ་འགྱུར་ན། །མི་ནི་འགྲུབ་པར་འགྱུར་བ་ཡིན། །དེ་ནས་དེ་ལ་འབྱུང་པོ་
རྣམས། །ཀུན་ནས་ཉེ་བར་འཁོར་བར་འགྱུར། །རྒྱལ་པོའི་ཞམ་རིང་མཐུན་བྱེད་བཞིན། །ལས་ཀུན་ཡང་ནི་བྱེད་པར་འགྱུར། །དེ་ནི་རྒྱལ་པོའི་དམག་རྣམས་ལ། །རྒྱལ་པོ་ཆེན་པོས་བྱས་པ་བཞིན། །སྟོབས་ཆེན་འབྱུང་པོའི་སྡེ་དག་ལ། །བཀའ་ནི་ཀུན་ཏུ་སྩོལ་བར་བྱེད། །ས་སྟེངས་ཀུན་ཏུ་

རྩེ་བྱེད་ཅིང་། །འབྱུང་པོའི་བདག་པོ་ཀུན་གྱིས་མཆོད། །འབྱུང་པོ་དག་གིས་ཕུལ་བ་ཡི། །ཁ་ཟས་ལ་སོགས་ཐམས་ཅད་ཟ། །གྲོང་ནི་གང་ལ་རྒྱལ་འདོད་ཅིང་། །ཡང་ན་ཕན་པར་འདོད་ཀྱང་རུང་། །བསྒྲུབ་ཕྱིར་ཡང་ནི་གཞིག་པའི་ཕྱིར། །དེར་ནི་འབྱུང་པོ་རྣམས་ཀྱང་གཏོང་། །དེས་ནི་མིང་
གང་མ་བཀུག་པའི། །འབྱུང་པོའམ་འབྱུང་པོའི་ཚོགས་ཀྱང་རུང་། །དེ་ཡི་ལས་མཆོག་འདོད་ན་ནི། །དེ་ཡི་མིང་ཡང་སྨོས་པར་བྱ། །མིང་ནི་སྨོས་པ་དེ་ཡིས་ནི། །སྙེམས་པ་མེད་པའི་འབྱུང་པོ་ཡང་། །བཀུག་པ་མེད་པར་མྱུར་དུ་ནི། །བཀའ་བཞིན་བྱེད་པར་འགྱུར་བ་བསྟན། །དེ་ནི་མི་ཡི་
འཁོར་དག་ཏུ། །སྒྱུ་འཕྲུལ་དུ་མ་བྱེད་པར་འགྱུར། །ལྷག་པར་འབྱུང་པོའི་འཁོར་དག་ཏུ། །སྤྱོད་པ་སྣ་ཚོགས་བྱེད་པར་འགྱུར། །སྲོག་ཆགས་མི་ལ་སོགས་རྣམས་ཀྱི། །སྲོག་ལ་དབང་བར་དེས་འགྱུར་རོ། །འབྱོར་བར་བྱ་བའི་ཕྱིར་ཡང་རུང་། །ཡང་ན་ལུས་ནི་གཞིག་ཕྱིར་དེས། །མིང་གིས་
བཀུག་པའི་འབྱུང་པོ་ལ། །དགའ་བཞིན་བག་བརྐྱང་སྨྲ་བར་བྱ། །མིང་ལ་སོགས་པ་འདི་དག་གིས། །སྣ་ནི་ཤིན་ཏུ་ཆེ་བ་དང་། །ཤིན་ཏུ་རིང་བར་བྱོས་ཤིག་ཅེས། །བསྒོ་ན་དེ་བཞིན་བྱེད་པར་འགྱུར། །དེ་བཞིན་རྐང་ལག་བཞིན་མདོག་བསྒྱུར། །རིད་པ་དང་ནི་སྐམ་པ་དང་། །མ་རུང་བར་
ནི་བྱོས་ཤིག་ཅེས། །བསྒོ་ན་དེ་ཚེ་དེ་བཞིན་བྱེད། །དེ་བཞིན་རྣམ་པ་མང་པོ་དང་། །ཤིན་ཏུ་འཇིགས་པ་སྣ་ཚོགས་སྟོན། །དེ་བཞིན་ཞི་བྱེད་སྣ་ཚོགས་ཀྱིས། །འབྱུང་པོ་སྒྲུབ་པ་རྩེ་བར་འགྱུར། །མི་འདོད་ན་ཡང་མི་རྣམས་དང་། །འབྱུང་པོ་མང་པོས་མཐོང་མི་འགྱུར། །རིག་སྔགས་འཆང་
ཆེན་བཞིན་དུ་འགྱུར། །གང་ཞིག་རིག་སྔགས་རྟག་ཏུ་ཟློས། །ལྷ་ལ་ཡང་ནི་ཕྱག་འཚལ་ཞིང་། །རྟག་ཏུ་འབྱུང་པོ་རྣམས་ལ་ཡང་། །ཁ་ཟས་ཅི་འདོད་སྦྱིན་བྱེད་པོར། །དེ་ནི་ལྷག་པར་བདེ་འགྱུར་ཞིང་། །ཚེ་ཡང་ལྷག་པར་བསྐལ་པར་ཐུབ། །འབྱུང་པོ་མང་པོའི་རྒྱལ་པོ་མཆོག །གཙོ་བོར་
ཡང་ནི་འགྱུར་བ་དང་། །ལྷ་ཡི་རྒྱལ་པོ་འདྲ་བ་ཡང་། །རྐྱེན་དུ་བབ་པར་བཤད་པ་ཡིན། །རྡོ་རྗེ་ལྕགས་ཀྱུ་མ་ཡི་བསྒྲུབ་པ་རྫོགས་སོ།། །།རྡོ་རྗེ་ལྕགས་ཀྱུའི་རིག་ལ་ནི། །རིག་སྔགས་དོན་ཀུན་གྲུབ་བྱེད་པ། །ལྷ་མོ་མཆོག་འགྲོར་གྲགས་པ་འདི། །སེམས་ཅན་རྣམས་

ཀྱིས་བསྟེན་པར་བཤད། །ཟླ་བ་དྲུག་གིས་འགྲུབ་འགྱུར་ཏེ། །ཚིག་གིས་དོན་ཀུན་བྱེད་པར་བསྟན། །རྩི་སྨན་ཐམས་ཅད་བླངས་ནས་ནི། །སྲང་གཅིག་ངེས་པར་གཞག་པར་བྱ། །ན་མོ་རཏྣ་ཏྲ་ཡ་སྱ། ན་མོ་བཛྲ་པཱ་ཎི་སྱ། བ་ཏི་བ་ར་ཏི། ཀུ་ཤ་
ས་མྦནྣ་མ་ན་སེ། ཨ་ཏ་ར་ཏེ། བ་ཏེ། ཡེ་སཾ་ཙེ་བྷཱུ་ཏེ། ཨཏྟེ་ཐེ། རཱུ་པི་ཏ་ཨ་སྨྲྀ་མི་སྭཱ་ཧཱ། སྐུ་གདུང་ལྡན་པའི་མཆོད་རྟེན་དྲུང་། །དུས་གསུམ་བཟླས་བརྗོད་བརྒྱད་བརྒྱ་བྱ། །གཙང་ཞིང་ཚངས་པར་སྤྱོད་པ་ཡིས། །ལྷ་བཤོས་མེ་ཏོག་བདུག་པ་དང་། །དེ་བཞིན་མཚན་
མོ་མར་མེ་དང་། །མཆོད་པ་ཅི་ནུས་ཅི་དགའ་བྱ། །མཚམས་བཅད་ཕྱོགས་བཅིང་བསྲུང་བ་རྣམས། །རྟག་ཏུ་རྡོ་རྗེ་ལྕགས་ཀྱུས་བྱ། །དེ་ལྟར་རྟག་ཏུ་བརྩོན་པ་ལ། །དེ་ནི་ཟླ་བ་དྲུག་གིས་འགྲུབ། །དེ་ནས་འདོད་ཆགས་ལ་སོགས་དང་། །སྨན་ཆེན་མཉམ་པར་
འཇོག་པར་འགྱུར། །ནད་དང་སྨན་ཀུན་སྟོན་པ་དང་། །གཏམ་རྒྱུད་ཐམས་ཅད་སྨྲ་བར་འགྱུར། །སྒྲུབ་པ་པོ་ལ་ལེགས་ཉེས་རྣམས། །ཚིག་གིས་སྟོན་ཅིང་སྨྲ་བར་བྱེད། །གསང་སྔགས་དེའི་ཆོ་ག་ནི་འདི་ཡིན་ཏེ། རས་མ་ཉམས་པ་ལ་ཚོན་རྩི་སྦྱིན་མེད་པས་བཅོམ་ལྡན་
འདས་དང་ལག་ན་རྡོ་རྗེའི་སྐུ་གཟུགས་བྲིས་ཏེ། །ལྷ་མོ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་འདུད་པར་བྱས་ནས། ཡར་གྱི་ངོ་ཚེས་གཅིག་ལ་བརྩམས་ཏེ། ཟས་སུ་འོ་མ་དང་ཕྱེའི་ལྡེ་གུ་ཟ་ཞིང་དུས་གསུམ་དུ་སྣ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་རེ་རེ་བཟླས་བརྗོད་བྱས་པས་ལག་ན་
རྡོ་རྗེ་ལ་བསྣུན་པར་བྱའོ། །བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་ལ་མཆོད་པ་ཡང་རྟག་ཏུ་བྱས་ཏེ། མཇུག་ཏུ་ཞག་གསུམ་སྨྱུང་བར་བྱས་ནས། ཟླ་བ་ཉའི་ནུབ་མོ་བརྒྱད་སྟོང་གིས་བསྣུན་ལ་ཅི་འབྱོར་པས་མཆོད་ན་འགྲུབ་པར་འགྱུར་ཏེ། དོན་ཐམས་ཅད་སྟོན་པར་བྱེད་དོ། །གཞན་
ཡང་ཚེས་བཅུ་གཉིས་ནས་བརྩམས་ཏེ། ཉའི་བར་དུ་གཙང་ཞིང་ངེས་པ་དང་ལྡན་པར་བྱས་ཏེ། རས་ལ་བཅོམ་ལྡན་འདས་དང་། ལག་ན་རྡོ་རྗེ་དང་། ལྷ་མོ་དང་། སྒྲུབ་པ་པོ་རྣམས་དགེ་བསྙེན་ལ་འདྲིར་བཅུག་སྟེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་བཅོམ་ལྡན་

འདས་ཀྱི་སྤྱན་སྔར་མཆོད་པ་བྱས་ནས། སྣ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་བརྒྱད་བརྒྱ་སྔགས་ཀྱིས་བཏབ་ནས་ཕུང་པོ་ལྔར་བཅད་དེ། དེ་རྣམས་ལས་ཆ་གཅིག་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །ལྷག་མ་རྣམས་ནི་ཕྱོགས་བཞིར་གཏོར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་
ཕུལ་བ་དེ་དག་ལས་ཁ་ཅིག་བླངས་ཏེ་རས་དཀར་པོའི་ནང་དུ་ཕུར་ནས་སྔས་སུ་བཅུག་སྟེ་ཉལ་བར་བྱའོ། །འོ་མ་དང་ཕྱེའི་འདེ་གུ་དང་ཟས་དཀར་པོ་ཟ་ཞིང་མེ་ཏོག་དཀར་པོ་དང་། དྲི་དཀར་པོ་ཕུལ་ན་ཟླ་བ་ཉ་ལ་འགྲུབ་པར་འགྱུར་རོ། །དེ་ནས་གང་གི་ཉིན་པར་ཡང་རུང་སྟེ། ཆོ་ག་དེ་བཞིན་དུ་
སྣ་མའི་མེ་ཏོག་བརྒྱད་བརྒྱ་ལ་ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། མཆོད་པ་བྱས་ལ་ལྷག་མ་ཡང་དེ་བཞིན་དུ་གཏོར་ནས་ཉལ་ན་རྨི་ལམ་དུ་ཐམས་ཅད་སྟོན་པར་བྱེད་དོ། །ཆོ་ག་གསུམ་པ་ནི་མེ་ལོང་ལ་བསྒྲུབ་པར་བྱའོ། །མཆོག་འགྲོ་མའི་རིག་སྔགས་ཀྱི་ཆོ་ག་རྫོགས་སོ།། །།
ན་མོ་རཏྣ་ཏྲ་ཡ་སྱ། ན་མཤྩཎྜ་བཛྲ་པཱ་ཎི་སྱ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་སྱ། ཨེ་ཧྱེ་ཧི་བཛྲ་པཱ་ཎི། ཨི་དཾ་བཱ་ཧ་ན། མ་ནུ་སྨ་ར་ཤཱི་གྷྲཾ་མ་ན་ཙ་བ་ལ་ལི་ཏ་ག་ཏི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་བཛྲ་པཱ་ཎི། ཧི་ཧི་ཧེ་ཧི་ཧེ་ཧི་ཧི་ཧི། ཧེ་ཀུ་རུ་ཧེ་ཀུ་རུ། ཀུ་ཀུ་ཀུ་ཀུ། ཀུ་བཛྲ་པཱ་ཎི། ས་ར་ས་ར།
བཻ་རི་བཻ་རི། ཧེ་ཧི་ཧེ་ཧི་ཧེ་ཧི། ཀུ་ཀུ་བྷ་ཀུ་ཀུ་བྷ། བཛྲ་པཱ་ཎི་སྭཱ་ཧཱ། འདི་ནི་སྙིང་པོ་སྤྱན་དྲང་པའོ། །དེ་ལ་འདི་ནི་ལག་ན་རྡོ་རྗེའི་སྙིང་པོ་ཡིན་ནོ། །སརྦ་ཏྲ་ཨ་པ་རཱ་ཛི་ཏཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཾ། སརྦ་ཏྲ་ཨརྠ་སཱ་དྷ་ནཾ། ཨོྃ་ཛ་སྟེ་ཛོ་གྲཱ་མ་ཎཾ། སྭ་རཱུ་པ་མུ་པ་དརྵཱ་ཎྼཾ། ཀཱི་ལི་
ཀཱི་ལི། མོ་ཀུ་ས་ཤཔྡཱ་རུ་ཏཾ་བཛྲོ་ཏྱཱ་ཏྟྭ་ཀ་ར་ཀ་ར་ཀྲྀ་ཏྱུ་ཀ་ར་ན་ར་ཎ་ཛ་ནཾ། ཨདྡྷ་ན་སིདྡྷཾ་པ་ར་མ་སིདྡྷཾ། པ་ཙ་ལཾ་ཙཎྜཾ་པི་ཏྲ། པ་ཀཾ་ས་ཀཾ་ར་ཀ་ཏ་ཀ་རཾ་ཤཱཾ་ཏི་ཀ་རཾ། པུཥྚི་ཀ་རཾ། སྭ་པ་ནོ་པ་ར་དརྵཾ། ཙ་ར་དན། སརྦ་ཀརྨ་ཨརྠ་སཱ་དྷ་ཀཾ། ཨཱ་ཀརྵཱ་ཎཱཾ། བཛྲ་བཱ་ཎི་སྱ། བོ་ལ་ལཱ་པ་ནཾ། བཛྲ་པཱ་ཎི་
སྱ། ཧ་ས་པཱ་ནཾ། བཛྲ་པཱ་ཎི་སྱ། པ་ར་མ་ཧྲྀ་ད་ཡ་མི་དཾ་ན། བཛྲ་པཱ་ཎི་སྱ། བཛྲ་པཱ་ཎི་ར་མ་ཧཱ་ཡཀྵ་སེ་ནཱ་པ་ཏི་རཱ་ཛྙཱ་པ་ཡ་ཏི་བཛྲེ་ཎ། ཧ་ན་ཏི། ད་ཧ་ཏི། པ་ཙ་ཏི། ཙྪིནྡ་ཏི། ཙྪིནྡ་ཏི། བིད་དྲཱ་པ་ཡ་ཏི། ཨཱ་ལོ་ཀ་བི་ལོ་ཀཾ་ཀ་རོ་ཏི། ཧི་ལི་ནི། ལི་མི་ལི། ཨོ་ཨུ་ཧོ་ཨུ་ཧོ་ཨུ་བྷ་བཛྲ་པཱ་ཎི། ཧུ་རུ་

ཧུ་རུ། སཾ་གྷཾ་བཛྲ་བྷཉྫ་ཡེ་དུཥྚཱཾ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀཧྞ་གྲྀཧྞ། བ་ཤྱཾ་ཀ་རོ་ཧི་ཧ་ལ་ཧ་ལཱ་ཡ་སྭཱ་ཧཱ། ཧུ་ལུ་ཧུ་ལཱ་ཡ་སྭཱ་ཧཱ། ཧི་ལི་ཧི་ལཱ་ཡ་སྭཱ་ཧཱ། ཀ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཀུ་ལུ་ཀུ་ལཱ་ཡ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ད་ཡ་མ་
ན་སྨ་ར་བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་ས་མ་ཡ་པྲ་ཏི་གྲྀཧྞ་ཧུ་ཏེ་ཧུ་ཏི་དྷུཾ་པ་པ་པཱ་ཤ་པ་གནྡྷ་མ་ལྱཾ་ཙ་ར་སྭ་མ་དཱུ་ཏྭ་སྭ་མ་ཡཾ་བྷྱ་ཏི་ཀྲ་མ་མཱད་མ། ས་མ་ཡོ་བི་ཏི་ཤུ་ཏི། ཧི་ལི་ཧི་རི་ན་ཨི་ལི། ཀུ་རུ་ཀཾ་དུ་པྲ་ས་དེ་ཤཀྟོ་སྨིན་དུ་རུ་མེ་ཧ་ར་བ་རཱ་ཧི་རི་ལི། ནི་རི་ལི། བཛྲ་པཱ་ཎི། ཏི་ལི་ཏི་ལི།
བ་ཤི་མ་ནུ་བརྟ་ཧི་རི་ཎི། ནི་རི་ཎི་བཛྲ་པཱ་ཎི་ས་མ་ཡཱ་ནུ་བརྟ་ཧི་རི་མིའི་ཨི་བྷ་ཧ་ཡ་ནི། ས་ཏྭཾ་བཛྲ་པཱ་ཎི་མ་མ་ཧི། སྭ་ཡ་མུ་པ་ཏིཥྛ་སྭཱ་ཧཱ། འདི་ནི་དེའི་བདུག་པའི་སྔགས་སོ། །ལི་ཧི་ལི་ཧི་བི་ལི་ཏུ་ཨུ་བྷྱོ། ཨུ་བྷ། ཧུ་རུ་ཧུ། བྷཉྫ་བྷཉྫ། བ་ཤྱེ་མྱེ་ཀ་རོ་ཧཾ་དཾ་སྭཱ་ཧཱ། ལག་ན་
རྡོ་རྗེ་ཕྱག་འཚལ་བཅས། །རྩེད་མོ་ཅན་ཞེས་བྱ་བ་ཡི། །སྙིང་པོ་འདི་ནི་འཇིག་རྟེན་གྲགས། །དེ་ན་འདོད་དགུར་བསྒྲུབ་པ་ཡིན། །གང་ཞིག་དངོས་གྲུབ་མཆོག་འདོད་ཅིང་། །འདི་ཡི་བསྒྲུབ་པའི་དོན་ཤེས་པ། །དེས་ནི་རྡོ་རྗེ་བསྒྲུབ་པའི་མཆོག །ཡ་མཚན་འདི་ནི་
བསྒྲུབ་པར་བྱ། །དེ་ནས་རིམ་པ་ཇི་བཞིན་དུ། །བདག་གིས་ལེགས་པར་བཤད་པར་བྱ། །དམ་པའི་དོན་གྱི་རྗེས་མཐུན་པ། །ཐུབ་ལ་སྤྱི་བོས་ཕྱག་འཚལ་བ། །གསེར་རམ་ར་གན་ཟངས་ལ་སོགས། །ཡང་ན་ཙནྡན་དམར་པོ་ལས། །རྡོ་རྗེ་རྩེ་མོ་བརྒྱད་པའམ། །
ཡང་ན་རྩེ་མོ་བཞི་བར་བྱ། །སོར་གསུམ་ཡང་ན་དྲུག་གམ་བརྒྱད། །ཡང་ན་སོར་ནི་བཅུ་གཉིས་པ། །ཟུར་བརྒྱད་ཤིན་ཏུ་རྫོགས་པའམ། །ཡང་ན་ཟུར་ནི་དྲུག་ཏུ་བྱ། །དེ་ནས་དགོན་པའམ་རང་གི་ཁྱིམ། །གཙང་ཞིང་མཉམ་པའི་ས་ཕྱོགས་སུ། །བ་ལང་ལྕི་བས་
དཀྱིལ་འཁོར་བྱུགས། །སྐུ་གདུང་མཆོག་དགའ་གཙང་མ་ཡིས། །དེ་ཡི་སྟེང་དུ་དྲི་ཞིམ་པའི། །སྤོས་ཀྱིས་དཀྱིལ་འཁོར་བྱུག་པར་བྱ། །ཡུངས་ཀར་ཕུལ་ཐག་བཞི་རྣམས་ཀྱང་། །དབུས་དག་ཏུ་ནི་གཞག་པར་བྱ། །དེ་ཡི་སྟེང་དུ་རྡོ་རྗེ་དེ། །དྲི་དང་མེ་ཏོག་ཕྲེང་

བས་བརྒྱན། །རྟག་ཏུ་ཡང་ནི་དུས་གསུམ་དུ། །མཆོད་པ་རྣམ་པ་སྣ་ཚོགས་བྱ། །ཙམ་པ་ཀ་དང་ཙམ་པ་ཀའི། །མེ་ཏོག་སྣ་མའི་མེ་ཏོག་རྣམས། །ཡིད་དུ་འོང་བས་སངས་རྒྱས་དང་། །རྡོ་རྗེ་འཛིན་ལ་ངེས་པར་མཆོད། །དུ་རུ་སྐ་དང་ཨ་ག་རུ། །བདུག་པའི་
མཆོག་ནི་རྟག་ཏུ་བསྲེག །སྐུ་གཟུགས་ཆོ་ག་བཞིན་བྲིས་ལ། །ཆོ་ག་འདི་ནི་བྱ་བ་སྟེ། །སངས་རྒྱས་གསེར་གྱི་ཁ་དོག་འདྲ། །སངས་རྒྱས་ཐད་ན་གནས་པ་ཡི། །ལག་ན་རྡོ་རྗེ་གཡོན་ཕྱོགས་བྲི། །རྒྱལ་པོ་བཞིན་དུ་བརྒྱན་བྱ་ཞིང་། །ཧ་ཅང་དམར་བར་མི་བྱ་སྟེ། །སྐུ་
གཟུགས་ནུབ་ཕྱོགས་ལོགས་སུ་བསྟན། །ཤེས་རབ་ཅན་གྱིས་ཆོ་ག་འདི། །བྱ་སྟེ་དེ་ནི་རིམ་བཞིན་བཤད། །དང་པོ་ཡང་ནི་ཚེས་གཅིག་བརྩམས། །ངེས་པར་གནས་ཤིང་གཙང་བ་ཡིས། །ཁྲུས་ནི་བ་ལང་ལྕི་བ་དང་། །བ་གཅིན་བཙགས་པས་དུས་གསུམ་བྱ། །
མདུན་དུ་རྟག་ཏུ་གོས་ཕྲུགས་ནི། །བདུག་པས་རབ་ཏུ་བདུགས་པ་བགོ། །ཙམ་པ་ཀ་དང་ཙམ་ཀ་ཡི། །མེ་ཏོག་རྣམས་ཀྱིས་རྟག་ཏུ་མཆོད། །སྣ་ཚོགས་དྲི་དང་མེ་ཏོག་ཕྲེང་། །མཛེས་ཤིང་ཡིད་དུ་འོང་བས་མཆོད། །ལན་གྲངས་བརྒྱད་བརྒྱར་བཟླས་བརྗོད་བྱ། །དུ་
རུ་སྐ་དང་ཨ་ག་རུ། །བསྲེག་ཅིང་མར་མེ་གཉིས་ཀྱང་དབུལ། །རྟག་ཏུ་འཆི་བར་མི་བྱ་སྟེ། །དེ་བཞིན་མར་གྱི་མར་མེ་གཞན། །ཉིན་གཅིག་བཞིན་དུ་བསྐྱེད་པར་བྱ། །དེ་ཚེ་འོ་མའི་འདག་གུ་རྣམས། །ཟ་ཞིང་མཉམ་པར་གཞག་པ་དང་། །གསོ་སྦྱོང་ཡན་ལག་བརྒྱད་
ལྡན་པས། །ཚེས་ནི་བཅུ་གཉིས་བར་དུ་ཡང་། །རྟག་ཏུ་ཀུ་ཤའི་མལ་སྟན་འདུག །དེ་ནས་ཞག་གསུམ་སྨྱུང་བྱས་ནས། །ཟླ་བ་ཉ་ལ་ཆོ་ག་བཞིན། །དཔེ་མེད་པ་ཡི་མཆོད་པ་བྱ། །དེར་ནི་ཚོན་རྩི་སྣ་གསུམ་གྱིས། །གྲོང་ཁྱེར་དག་ཀྱང་བྲི་བར་བྱ། །གྲུ་བཞི་ལྷམ་པ་
སློ་བཞིར་ལྡན། །ཕྱོགས་ཆ་ལེགས་པར་གཅད་བྱ་ཞིང་། །མཉམ་བྱས་དེ་ཡི་ནང་དག་ཏུ། །ལྷ་བཤོས་དཀར་པོ་དཔེ་མེད་དབུལ། །ཕྱི་རོལ་དུ་ཡང་སྣ་ཚོགས་པ། །ཅི་འདོད་ཐམས་ཅད་གཞག་པར་བྱ། །དེ་ནས་ཀུ་ཤའི་སྟན་འདུག་ཅིང་། །བསྲུང་བྱས་ཆོ་ག་ཤེས་

པ་དེས། །རྡོ་རྗེ་འབར་བར་གྱུར་གྱི་བར། །ཨ་ཀ་རུ་དང་དུ་རུ་སྐ། །བསྲེག་ཅིང་དགའ་བཞིན་བཟླས་བརྗོད་བྱ། །ཉི་མ་ལས་ལྷག་དེ་ཡི་གཟི། །རྡོ་རྗེ་དེ་ནི་ལེགས་པར་བླངས། །ཅིས་ཀྱང་མི་འཇིགས་མཁའ་ལ་འགྲོ། །རིག་སྔགས་གྲུབ་པའི་
སྟོབས་དང་ལྡན། །རིག་སྔགས་བདག་པོ་ཐམས་ཅད་དང་། །ལག་ན་རྡོ་རྗེ་རིགས་སྐྱེས་པའི། །རིག་སྔགས་ཚོགས་ནི་ཀུན་གྱིས་མཆོད། །དོན་མང་དག་ལ་བརྟེན་བྱ་ཞིང་། །རྣམ་པ་མང་དུ་ཅི་ཞིག་སྨོས། །ལག་ན་རྡོ་རྗེ་མཉམ་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཅི་ཡང་མེད། །
དེ་ནས་དགའ་བ་མ་ཡིན་པའི། །ལས་དེ་དག་ཀྱང་འདིར་བྱ་སྟེ། །དེ་དག་གི་ནི་མདོར་བསྟན་པ། །སྙིང་པོ་བསྡུས་པ་བཤད་པར་བྱ། །གང་ཞིག་མི་ཡི་གཙོ་བོའམ། །བློན་པོ་དབང་དུ་བྱ་འདོད་དེས། །དེ་ཡི་བསྒྲུབ་པ་གང་ཡིན་པ། །འདི་ཡང་རབ་ཏུ་བཤད་པར་བྱ། །ཞག་
བདུན་གཙང་མར་བྱས་ནས་ནི། །ནས་ཀྱི་ཟས་ནི་དུས་སུ་བཟའ། །དེ་ནས་སེང་ལྡེང་མེ་བསངས་ལ། །ཡམ་སྲེག་ཤིང་དང་སྦྲང་རྩི་ཞོ། །མར་བླངས་བརྒྱད་བརྒྱ་ཚང་བར་ནི། །དུས་གསུམ་དུ་ཡང་སྦྱིན་སྲེག་བྱ། །དུས་ཀྱི་ལྷག་མ་རྟག་ཏུ་བཟླས། །ལན་གསུམ་ཁྲུས་བྱས་ངེས་
པར་གནས། །དབང་དུ་བྱ་འདོད་གང་ཡིན་པ། །དེ་དང་ཡང་ནི་ཕྲད་པར་བྱ། །དེ་ཡི་མིང་ནི་སྨོས་པས་ཀྱང་། །དེ་ནི་བྲན་བཞིན་དབང་དུ་འགྱུར། །མི་ནི་གང་ཞིག་བྲན་ནོར་འདོད། །དེས་ནི་ནོར་གྱི་ཚད་བསམས་ལ། །དེ་ཡི་བསྒྲུབ་མཆོག་འདི་བྱ་ཞིང་། །ལན་གསུམ་
ཁྲུས་བྱས་བིལ་བ་ཡི། །བདུག་པ་མར་དང་ལྡན་པ་བསྲེག །དེ་ནས་ལག་ན་རྡོ་རྗེའི་མདུན། །དེར་ནི་བ་ལང་ལྕི་བའི་མེར། །སྔར་བཤད་པ་ནི་གང་ཡིན་པའི། །སྦྱིན་སྲེག་མཉམ་པར་གཞག་པར་བྱ། །ཡང་ན་བིལ་བའི་སྦྱིན་སྲེག་ནི། །མར་དང་ཡུངས་ཀར་ལྡན་པའམ། །
ཡུངས་ཀར་མར་དང་ལྡན་པའང་རུང་། །ཡང་ན་མར་ལྡན་བིལ་བའམ། །མར་དང་ཡུངས་ཀར་ལྡན་པ་ཡི། །སྦྲང་རྩི་བཟང་པོ་བིལ་བར་ལྡན། །ཡང་ན་རེ་རེ་སྦྱིན་སྲེག་མཆོག །བརྒྱ་རྩ་བརྒྱད་དུ་བྱ་བ་སྟེ། །སེང་ལྡེང་ཡམ་སྲེག་ཤིང་བཟང་གིས། །དུས་གསུམ་དུ་ནི་རྣམ་

གསུམ་བྱས། །ཕྱེ་དང་བ་གཅིན་འདེ་གུ་དང་། །ཕྱེ་དང་འོ་མའི་འདེ་གུའང་རུང་། །དུས་གསུམ་བཟའ་ཞིང་ཡང་ན་ནི། །མི་སྨྲ་མི་བཟའ་རིག་སྔགས་བཟླས། །ཡང་ན་སྦྱིན་སྲེག་ཡིད་ཀྱིས་བྱ། །གཙང་ཞིང་བརྩོན་པར་གནས་པ་དེས། །ནོར་ནི་ཡིད་ལ་གང་འདོད་པ། །ཞག་
བདུན་གྱིས་ནི་ཐོབ་པར་འགྱུར། །ཟླ་ཕྱེད་ཡང་ན་ཟླ་བ་གཅིག །ཡང་ན་ཟླ་བ་ཕྱེད་གསུམ་གྱིས། །རྣམ་པ་ཀུན་གྱི་ཐབས་རྣམས་ཀྱི། །འདོད་པ་ཐམས་ཅད་མ་ལུས་སྦྱིན། །ཡང་ན་གདོན་གྱི་ལས་རྣམས་འདིར། །སྦྱིན་སྲེག་བཟླས་བརྗོད་བརྩོན་པ་དང་། །གཙང་ཞིང་དམ་ཚིག་
མཁས་པ་ཡིས། །ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར། །རྩེད་མོ་ཅན་གྱི་སྙིང་པོ་རྫོགས་སོ།། །།དེ་ནས་གཏུམ་པོའི་སྙིང་པོའི་ཆོ་ག་རྒྱས་པར་བཤད་པར་བྱའོ། །ན་མཿཙི་ལི། །ཙི་རི་ནི། ཨི་ལི་ཀུ་རུ་ཧཏྟི་པྲ་སིདྡྷ་བྷཀྟོ་སྨི་ཀུ་རུ་མེ་ཧ་བ་རཾ་ཀི་ལི་བི་ལི། ཧི་རི་ཎི་སུ་རུ་
ཀུ་རུ། ས་མ་ཡ་མ་ནུ་བརྟ་ཧྲྀ་ད་ཡཾ་སྭཱ་ཧཱ། སྙིང་པོ་དྲན་པར་བྱེད་པའི་ཚིག་འདི་དག་གང་དུ་བརྗོད་པ་དེར་དགའ་བར་གྱུར་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ན་མཿཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དེ་བ་
ཏི་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། བཛྲ་མོ་ཏ་ནཱ་ཡ་སྭཱ་ཧཱ། བཛྲ་སྟམྦྷ་ནཱ་ཡ་སྭཱ་ཧཱ། བཛྲ་པྲ་བྷནྡྷ་ནཱ་ཡ་སྭཱ་ཧཱ། ཨེ་ཧི་སྟི་བཛྲ། ཨེ་ཧི་སུ་སྟི་བཛྲ། ཨེ་ཧི་པྲ་ཏི་པྲ་ཏི་ར་བཛྲ། ཨེ་ཧི་ཨ་པྲ་ཏི་ཧ་ཏ་བཛྲ། ཨེ་ཧི་ཨ་མོ་
གྷ་བཛྲ། ཨེ་ཧི་ཤཱི་གྷྲཾ་ནཱི་ལ་བེ་ག་བཛྲ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི། བཛྲ་པཱ་ཎི། མུ་ནེ་མུ་ནེ་མུ་ནེ། རི་མ་ཏི། མེ་ཧཱ་མ་ཏི། སུ་མ་ཏི། ཨེ་ཧི་པ་ནི་ཏི་ལི། སཽ་ཧཾ་དི་ལི་པིརྟྭ་མ་ཏི་ཏོ་ནི་ར་ཏི་ར་ཏི་ཏི། ཀུ་ལ་ཏི་ལི་ཤི་ལི། ཙ་ར་དི་མོ་ཏི། ཀུ་ཙིཏྠ་མརྟེ། སུ་བུ་རུ་བུ་རུ། ཁུ་ཁུ་ཏི། ཁུ་ཁུ་ཏི།
ཁུད་ལི་ཏི་ལི་ཏི་རི། ཨེ་ཧི་ཤཱི་གྷྲཾ་བཛྲ་པཱ་ཎི། མ་ཧཱ་ཡཀྵ་སེ་ནཱ་པ་ཏི། ཨི་དཾ་གྷནྡྷ་མཱ་ལེ། ཨ་ནུ་ལེ་པ་ན་མཿ། པྲ་ཏཱིཙྪ་ཀུ་དི་ཀུ་དི་ཀུ་ཏི་སྭཱ་ཧཱ། །ཀུ་དི་བི་རི་བི་རི་ཏི་སྭཱ་ཧཱ། བི་ཏི་མཾ་ཀུ་ཏི་ལ་སྭཱ་ཧཱ། ཨ་ར་ལི་ས་ར་ཤི་ལི་ཙ་ར་ལི་ས་ར་ལི་གི་རི་ནི། བརྨ་ལི་ནི་སི་ལི་ཏི། པུརྞ་ཀུརྞ། ཤརྦ་དུརྦ་ཀརྦ་ཏུརྦ་

ཀུཏྟ། མུཏྟ་ནརྦ་པརྦ། བལྦ་རམྦ་ཧ་ཧྭ། ཨེ་ཧི་ཨེ་ཧི། ཤཱི་གྷྲཾ་བཛྲ་པཱ་ཎི། ཧེ་ཧེ་ཧཻ་ཧཻ། ཏུ་རུ་ཏུ་རུ་ལ་ཧཱུྃ་ལ་ཧཱུྃ་སྭཱ་ཧཱ། སྨ་ར་ཏཾ་ནཱ་ག་རི་ཡཏྟྲ། པྲ་ཏི་ཛྙཱ་ཀྲྀ་ཏ། མི་ཏི་རི་ཏི། དི་རི་རི་ཏི་ལི་པུ་སྭཱ་ཧཱ། ཀུ་ཁུ་ལུ་ཏུ་ཏི་ལུ་ཏི་ལི་རི་སྭཱ་ཧཱ། ཨེ་ཧི་ཏྲི་མ་ཧཱ་ཡཀྵ་སེ་ནཱ་
པ་ཏི་ཧི་རི། ཏི་རི་བྷི་ཏི། རི་ལི་གི་ནི། ནི་ར་ཇནྟུ། བི་རི་ཛ་ཡནྟུ། རི་ཀནྟི་རངྒ། ཙུ་རུ་ཙུ་རུ། ཙི་རི་ཏི་རི་སྭཱ་ཧཱ། ནརྦ་ཤརྦ་བ་ཀུ་ཀུ་ལུ། ཁུ་ཁུ་ལུ། ཁུ་ཁུ་ཏི་ནི། རུ་རུ་ཏ་རུ། སྨྲ་ར་ཏཾ། པྲ་ཏི་ཛྙཱཾ་སྭཱ་ཧཱ། ལག་ན་རྡོ་རྗེ་གཏུམ་རབ་གཏུམ། །ང་ཡི་སྙིང་པོ་གཉིས་པ་ནི། །
གཏུམ་ཞིང་རབ་གཏུམ་ལས་ཡིན་ཏེ། །མིང་ཡང་གཏུམ་པོ་ཞེས་པར་གྲགས། །གཏུམ་པོ་རྡོ་རྗེ་འཛིན་པ་ཡི། །སྙིང་པོ་གཏུམ་པོ་འདི་དག་ནི། །གཉིས་པ་ཞེས་ནི་བྱ་བར་བསྟན། །ལས་རྣམས་ལ་ནི་ཟླ་ཕྱེད་དེ། །དམ་པ་རྣམས་ཀྱི་ལས་ཀུན་མཆོག །གདོན་ལ་སོགས་དང་སེམས་
ཅན་ཀུན། །འགུགས་པའི་མཆོག་ལ་སོགས་པ་དང་། །བསྲུང་བ་ལ་སོགས་དཔེ་མེད་པ། །འདི་ཡི་ལས་ནི་སྟོང་རྣམས་དང་། །ཆོ་ག་ཆེན་པོ་བརྒྱད་རྣམས་ཀྱང་། །ལྷ་གནས་མཐོང་བར་ངེས་པར་ནི། །བཟླས་བརྗོད་སྦྱིན་སྲེག་རྣམས་ཀྱིས་བྱ། །ལ་ལ་གང་ཞིག་རྡོ་རྗེ་འཛིན། །མངོན་
སུམ་མཐོང་བར་འདོད་ན་ནི། ང་ཡི་སྒྲུབ་པའི་ཐབས་འདི་དག །སྤྱན་འདྲེན་མཆོག་འདི་དེ་ཡིས་བྱ། །དུས་གསུམ་བ་ལང་ལི་བས་བསྐུས། །ལས་ཀྱང་དག་ཅིང་སེམས་དག་དང་། །རྡོ་རྗེ་འཛིན་ལ་གུས་པ་དང་། །རྐང་ལག་ལ་སོགས་བཀྲུས་ནས་ཀྱང་། །དགོན་པའམ་རང་གི་ཁྱིམ་ཡང་
རུང་། །གཙང་མའི་ཕྱོགས་སུ་མཆོད་རྟེན་ནམ། །སྐུ་གཟུགས་ཡང་ན་སྐུ་གདུང་གི། །མདུན་དུ་རྟག་ཏུ་མཉམ་པར་གཞག །མི་ནི་གཙང་སྦྲར་སྤྱོད་པ་ཡིས། །བདུག་པ་མེ་ཏོག་ལ་སོགས་པ། །མཆོག་དང་ཁྱད་པར་འཕགས་པ་ཡིས། །དུས་གསུམ་རྟག་ཏུ་མཆོད་པར་བྱ། །དེ་
ལ་རབ་སྤྲོ་དེ་ལ་གུས། །སྲོག་ཀྱང་དེ་ལ་བསྟན་བྱས་ནས། །ལག་ན་རྡོ་རྗེ་གཟུགས་ཀྱང་རུང་། །ཇི་སྐད་བསྟན་བཞིན་རི་མོར་བྲི། །དྲི་དང་ཕྲེང་བ་བྱུག་པ་ཡིས། །རྟག་ཏུ་དེ་ལ་མཆོད་པར་བྱ། །མར་དང་ལྡན་པས་དུས་སུ་བཟའ། །སྦྲང་རྩི་འོ་ཐུག་བཟའ་བར་བྱ། །རི་མོའི་སྐུ་གཟུབས་ནུབ་

ཕྱོགས་བསྟན། །རྟག་ཏུ་ཤར་ཕྱོགས་ཁ་བལྟ་འདུག །མར་གྱི་མར་མེ་མི་འཆི་བས། །ཉིན་པར་མཆོད་པ་ལེགས་པར་བྱ། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་དམ། །ཡར་གྱི་ངོ་ཡི་ཚེས་བརྒྱད་ལ། །བརྩམས་ཏེ་བརྒྱད་སྟོང་བཟླས་བརྗོད་བྱ། །ཡང་ན་ཉིན་རེ་དུས་གསུམ་དུ། །ལན་གྲངས་བརྒྱད་
བརྒྱར་བཟླས་བརྗོད་བྱ། །ཐང་ཆུ་ཡང་ནི་བསྲེག་པར་བྱ། །དང་ཞིང་རྩེ་གཅིག་སེམས་ཀྱིས་ནི། །བསྲུང་བའི་མཆོག་བྱས་བཟླས་བརྗོད་བྱ། །ཟླ་བ་ཕྱེད་ནི་ལོན་ནས་ཀྱང་། །དེས་ནི་ཞག་གསུམ་སྨྱུང་བར་བྱ། །མཆོད་པ་ལ་སོགས་ཀུན་རྒྱས་ཤིང་། །ཤིན་ཏུ་མང་པོར་བྱས་ནས་ཀྱང་། །འདོད་
པ་ཡིད་ལ་གཞག་བྱ་ཞིང་། །དེ་ནས་གུས་པ་མཆོག་གིས་སུ། །ཨོྃ་ནི་ཚིག་སྟོང་བཟླས་བརྗོད་བྱས། །དེ་ནས་རྡོ་རྗེ་ཅན་ཡང་མཐོང་། །དེ་ལ་མཆོག་སྦྱིན་གཙོ་བོ་དེ། །དམ་པའི་མཆོག་ནི་སྦྱིན་པར་བྱེད། །བསྒྲུབ་པའི་ཆོ་གས་སྤྱན་དྲངས་ནས། །མཆོད་སྦྱིན་མཆོག་ལ་ཅི་འདོད་སྨྲོས། །ཚིག་
གིས་གང་དག་གང་བརྗོད་པའི། །བསྒྲུབ་པའི་དམ་པ་ཐོབ་པར་འགྱུར། །དེ་ཡི་སླར་བཏང་ཆོ་ག་དེ། །རྣམ་པ་ཐམས་ཅད་བཤད་པར་བྱ། །དེས་ནི་ཕྱག་དང་མཆོད་པ་དང་། །མཆོད་ཡོན་མེ་ཏོག་ལ་སོགས་དབུལ། །འདོད་པའི་རིག་སྔགས་ལན་ཅིག་བརྗོད། །དེས་ནི་རྡོ་རྗེ་འཛིན་པར་འགྲོ། །
ན་མཿཧི་ལི་ཧུ་ལ། ནི་ལི་ཧུ་ལ། ཨ་ཧ་ཧ་ཧ་ཧ་ཧ་ས། བྲི་ཏི་གཙྪ། ཏུ་བྷ་ག་བཱཾ། བཛྲ་པཱ་ཎི་རེ་ཐ་སུ་ཁཾ་ཙུ་ལུ་ཙུ་ལུ་སྭཱ་ཧཱ། །འདི་ནི་གཅིག་གམ་གསུམ་དུ་བརྗོད། །ལྔ་འམ་བདུན་ནམ་ཉི་ཤུ་གཅིག །བརྒྱའམ་ཡང་ན་བརྒྱད་བརྒྱ་འམ། ལན་སྟོང་ཆོ་ག་བཞིན་དུ་བརྗོད། །འབྱུང་པོའི་
གནས་སམ་གཞན་དག་ཏུ། །རྡོ་རྗེ་དང་ནི་ལྷ་ཡི་མདུན། །དྲི་ཀུན་གྱི་ནི་སྦྱོར་བ་དང་། །བཅིང་དང་གྲོལ་ལ་བཟླས་བརྗོད་བྱ། དགུག་དང་སླར་བཏང་ཐམས་ཅད་དང་། བཅིང་དང་གྲོལ་བ་ཐམས་ཅད་ལ། དེར་ནི་ལན་ཅིག་བརྗོད་པར་བྱ། །དེས་ན་རྡོ་རྗེ་འཛིན་པར་འགྲོ། །འདི་ནི་རྩེད་
མོ་ལྡན་པ་ཡི། །བསྒྲུབ་དང་སླར་བཏང་བ་ཡང་ཡིན། །འདི་གཉིས་ལ་ནི་ཁྱད་པར་དུ། །དབྱེ་བར་བྱ་བ་མང་པོ་ཡོད། །གང་གིས་རྟག་ཏུ་གཙང་བྱས་ལ། །ལོ་གཅིག་བར་དུ་དུས་གསུམ་དུ། །བཟླས་བརྗོད་རྣམ་པ་གསུམ་བྱས་ན། །དེ་ཡིས་བདེ་བར་འདོད་པ་འཐོབ། །གང་

ཞིག་ཟླ་དྲུག་སྒྲུབ་བྱེད་ཅིང་། །བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱེད། །ལེགས་བྱས་དེ་ནི་མཁའ་ལ་རྒྱུ། །འབྲིང་དང་ལྷག་མ་ཉིད་དུ་འགྱུར། །གང་ཞིག་ཟླ་གསུམ་བཟླས་བརྗོད་བྱེད། །ཡང་ན་ཡིད་ཀྱིས་སྦྱིན་སྲེག་ལས། །བྱས་ན་ཆོ་ག་འདི་དག་གིས། །དེ་ལྟར་དེ་ཡང་
འགྲུབ་པར་འགྱུར། །ཟླ་བ་ཕྱེད་གསུམ་ཟ་གཅིག་ཟོས། །དེས་ཀྱང་དངོས་གྲུབ་ཐ་མ་འམ། །འབྲིང་དང་ཁྱད་པར་འཕགས་པ་ཐོབ། །ཁྱིམ་གྱི་དོན་རྣམས་གྲུབ་བྱེད་ཅིང་། །ནད་རྣམས་ཀྱང་ནི་སེལ་བར་བྱེད། །དོན་རྣམས་ཇི་སྐད་བཤད་པ་བཞིན། །དེ་དག་ཐམས་ཅད་རབ་ཏུ་འགྲུབ། །
ཟླ་བ་གཅིག་ཏུ་བཟླས་བརྗོད་བྱེད། །འོ་ཐུག་སྦྲང་རྩི་མར་བཅས་བཟའ། །དུས་གསུམ་བརྒྱད་བརྒྱ་བཟླས་པས་ནི། །གསུམ་བརྗོད་མཁའ་ལ་འགྲོ་བར་འགྱུར། །ལེགས་པར་མ་བྱས་གདོན་ལ་སོགས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །བཅིང་དང་གྲོལ་བ་ཐམས་
ཅད་དམ། །བསྒྲུབ་པའམ་གཞིག་པ་བཅང་བར་བྱེད། །ཟླ་ཕྱེད་ནས་ཀྱི་ཁ་ཟས་ཟོས། །གདོན་གྱི་ལས་རྣམས་བྱེད་པར་ནུས། །བ་གཅིན་ནས་ཀྱི་ཁ་ཟས་ཟོས། །དོན་རྣམས་ཐམས་ཅད་འགྲུབ་པར་ནུས། །ཞག་བདུན་དུ་ནི་དུས་གསུམ་དུ། །དེ་བཞིན་བརྒྱད་བརྒྱ་བཟླས་
བརྗོད་བྱས། །དབང་དུ་བྱ་དང་བཅིངས་ལ་སོགས། །བསད་པར་ཡང་ནི་ནུས་པར་འགྱུར། །གང་ཞིག་ཞག་ལྔར་ཟས་མི་ཟ། །ཉིན་གཅིག་བཞིན་དུ་བཟླས་བརྗོད་བྱེད། །དེས་ན་མོ་རྣམས་གཞིག་པའམ། །དགྲོལ་དང་དབང་དུ་བྱ་བར་ནུས། །ཞག་གསུམ་བར་དུ་དུས་གསུམ་དུ། །
གང་ཞིག་སྦྱིན་སྲེག་རྣམ་གསུམ་བྱེད། །ལྷག་མའི་དུས་སུ་ཁྲོས་ནས་བཟླས། །དེས་ནི་གཞན་ཡང་གཞིག་པར་ནུས། །དྲག་པོ་ཡི་ནི་ལས་བྱེད་ན། །ཞག་གཅིག་སྨྱུང་བྱས་དུར་ཁྲོད་དུ། །ཁྲག་གི་སྦྱིན་སྲེག་བྱས་ན་ནི། །ངེས་ནི་གདོན་དང་མི་རྣམས་གཞིག །དེ་དག་བསྒྲུབ་པར་
བྱ་བའི་ཕྱིར། །དང་པོར་ཞག་གསུམ་སྨྱུང་བྱས་ནས། །མར་གྱི་ངོ་ནི་བཅུ་བཞི་ལ། །སུམ་བརྒྱ་ལྔ་བཅུ་གཙང་མས་བཟླས། །སྔར་བསྟན་འདི་དག་བྱས་ན་ནི། །དེ་ནས་ངེས་པར་གཉིས་ཀས་ཀྱང་། །ཚིག་གིས་གང་དང་གང་སྨྲས་པ། །བསམ་པའི་ལས་ནི་བྱེད་པར་འགྱུར། །

དེ་ལྟར་རྩེད་མོ་ལྡན་པ་ཡི། །དཀྱིལ་འཁོར་སྙིང་པོ་མཆོག་ཀྱང་བཤད། །འགྲོ་ལྡིང་སྙིང་པོ་གསུམ་པོ་ཡང་། །ཆོ་ག་དག་དང་བཅས་པར་ནི། །ལས་ཀྱི་དམ་པ་ཐམས་ཅད་དང་། །དེ་བཞིན་འབྲིང་དང་ཐ་མ་ལ། །རྡོ་རྗེ་རྫོགས་པར་ཁྲུ་གང་སྲིད། །རྩེ་གསུམ་ཡོངས་སུ་དག་པའི་
མཆོག །ཡང་ན་རྩེ་དྲུག་དམ་པ་ནི། །དེ་ཀུན་གྱིས་ནི་བྲི་བར་བྱ། །གུས་མཆོད་རྡོ་རྗེ་རིག་སྔགས་ཀྱིས། །རྡོ་རྗེ་དེ་ནི་སྤྱན་ཡང་དྲང་། །མེ་ཏོག་དམ་པ་མཉམས་པ། །ལག་པ་གཡོན་ཐོགས་ལེགས་པར་མཆོད། །ལག་ན་བདུག་ཐོགས་པུས་མོ་བཙུགས། །དེས་ན་རིག་སྔགས་
འདི་ཡང་བཟླས། །ན་མོ་རེཾ་རེཾ་གྲཱཾ་གྲཱཾ། ཙི་རི་ཊི་བི་ཎཱཾ། ཏྲ་པ་རུ་ཎི། བཛྲཱ་མ་ཡ། ཏུ་པི་ཏ་ཡེ་བཛྲ་པཱ་ཎི། མ་ཧཱ་བ་ཧཱ་ཡ་སྭཱ་ཧཱ། བྲིས་པ་དེ་ནི་ལག་གཡོན་ཐོགས། །མཆོད་གནས་ཀྱང་ནི་མཆོད་པར་བྱ། །བྱ་བ་ཟིན་ནས་སླར་ག