Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
ད་པ་དང་། བཞོན་པ་དང་། མལ་ཆ་དང་། འབྲུ་ལ་སོགས་པ་སྩོལ་

བར་བགྱིད་དོ། །གང་སྨྲས་པ་དེ་བགྱིད་ཅིང་གང་བསྒོ་བ་བགྱིད་པར་འགྱུར་རོ། །དེའི་ཡུལ་གཅིག་ཏུ་ཡང་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས་མཆོད་པ་ཆེན་པོ་བགྱིད་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ། །དེ་ནས་བྲམ་ཟེ་དབང་དུ་བགྱི་བར་འཚལ་ན། རིག་སྔགས་
འཆང་དེས་ནས་དང་། ཏིལ་དང་། འབྲས་སཱ་ལུ་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བགྱིས་ན། རིག་བྱེད་བཞི་དང་ལྡན་པའི་བྲམ་ཟེ་ཐམས་ཅད་ཀྱིས་སྤྱི་བོར་བཀུར་བ་གཅིག་པུར་འགྱུར་རོ། །ཐམས་ཅད་དུ་མཆོད་པ་བགྱིད་
པར་འགྱུར་ཞིང་བྲམ་ཟེ་ཐམས་ཅད་ལ་དབང་བགྱིད་པ་ཐོགས་པ་མེད་པར་འགྱུར་རོ། །རྒྱལ་རིགས་དབང་དུ་བགྱི་བར་འཚལ་ན་ཏིལ་དང་། འབྲས་ཐུག་པོ་ཆེ་དང་། སྲན་མུ་དག་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་བསྲེས་པའི་སྦྱིན་སྲེག་བགྱི་སྟེ། སྦྱིན་སྲེག་
སྟོང་རྩ་བརྒྱད་ཀྱི་བར་དུ་བགྱིས་ན་ཐམས་ཅད་ལ་དབང་བསྒྱུར་ཞིང་མཆོད་པའི་འོས་ཆེན་པོར་འགྱུར་རོ། །ཐམས་ཅད་དབང་དུ་འགྱུར་བར་བགྱིད་དོ། །ཇི་སྲིད་འཚོའི་བར་དུ་བགྱིད་དེ་ཅི་བགྱི་བ་བགྱིད་ཅིང་བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །དེ་ནས་དམངས་རིགས་དབང་དུ་བགྱི་
བར་འཚལ་ན་ལན་ཚྭ་དང་། འབྲས་སཱ་ལུའི་ཕུབ་མ་དང་། སུ་མུ་ཁའི་ས་བོན་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་སྦྱར་བའི་སྦྱིན་སྲེག་བརྒྱ་སྟོང་བགྱིས་ན་དམངས་རིགས་ཐམས་ཅད་བྲན་དུ་གྱུར་ནས་གནས་ཏེ། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །དགྲ་དང་
ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་ཐམས་ཅད་བཟློག་པར་འཚལ་ན་རིག་སྔགས་འཆང་དེས་ཤིང་མངར་གྱི་ཤིང་གི་མེ་སྦར་བ་ལ། ས་བོན་བདུན་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་དང་སྦྱར་བའི་སྦྱིན་སྲེག་བརྒྱད་སྟོང་བ་བགྱིའོ། །བརྒྱད་སྟོང་རྫོགས་པ་དང་། དགྲ་
དང་ཕྱིར་རྒོལ་བ་དང་། ཕས་ཀྱི་དགྲ་ཐམས་ཅད་བཟློག་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་འཚལ་ན་ཤིང་ཚེར་མ་ཅན་གྱི་མེ་སྦར་བ་ལ་འབྲས་ཡོས་དང་། ཡུངས་ཀར་དང་། ཞོ་དང་། སྦྲང་རྩི་དང་། ཞུན་མར་དང་སྦྱར་བའི་སྦྱིན་སྲེག་

བརྒྱད་སྟོང་བགྱིའོ། །བརྒྱད་སྟོང་རྫོགས་ན་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་བཟློག་པར་འགྱུར་རོ། །གཡུལ་འགྱེད་པ་བཟློག་པར་འཚལ་ན་སྐེ་ཚེའི་ས་བོན་དང་། གུ་གུལ་དང་། བྷང་གའི་ས་བོན་དང་། ཞོ་ག་ཆུ་དང་། ཞུན་མར་དང་
སྦྱར་བའི་སྦྱིན་སྲེག་བརྒྱད་སྟོང་བགྱིས་ན་གཡུལ་འགྱེད་པའི་ནང་དུ་སོན་པའི་སེམས་ཅན་ཐམས་ཅད་སླར་བཟློག་པར་འགྱུར་ཞིང་། ཐམས་ཅད་དུ་རྒྱལ་བ་ཐོབ་པར་འགྱུར་རོ། །དེ་ནས་གདོན་ཐམས་ཅད་ལས་ཐར་བར་བགྱི་བར་འཚལ་ན་རིག་སྔགས་འཆང་དེས་བདུག་པ་
འདི་སྦྱར་བ་འཚལ་བར་བགྱི་སྟེ། ཀྵེ་མ་ཀ་དང་ཤིང་མངར་དང་། །ཙ་རོང་དང་ནི་གུ་གུལ་དང་། །མུ་ར་ཡ་ཀྵ་མུ་ར་དང་། །བྷུ་ཏ་ཀེ་ཤི་མཉམ་པར་གཞལ། །ཕུབ་མ་དང་ནི་པ་ལ་ཀ །ཁྱིམ་བྱའི་སྒོ་ངའི་ཤུན་ལྤགས་དང་། །སྦྲུལ་ལྤགས་དང་ནི་ཡུང་རྣམ་
གཉིས། །བྷ་གའི་ས་བོན་བ་ལང་མཁྲིས། །ཉ་དང་ལེགས་པར་སྦྱར་བགྱིས་ཏེ། །ར་ཡི་གཅིན་གྱིས་བསྒོས་པ་ལ། །ལྕགས་ཀྱུའི་གསང་སྔགས་བཟླས་པ་ཡིས། །བདུག་པ་དམ་པའི་གཙོ་བོ་འདི། །ཐམས་ཅད་དུ་ནི་རིགས་པ་སྟེ། །སྟོང་ཕྲག་བརྒྱད་ཅུ་རྩ་
བཞི་གདོན། །གང་དག་ས་སྟེང་གནས་པ་རྣམས། །བདུག་པའི་དྲི་འདིས་འཇིག་འགྱུར་ཞིང་། །མི་བཟད་གདོན་རྣམས་འབྲོས་པར་འགྱུར། །ཕྱོགས་བཅུ་དག་ནི་གཡོ་འགྱུར་ཞིང་། །སུམ་ཅུའི་ལྷ་དང་རི་རབ་གཡོ། །གནོད་སྦྱིན་སྲིན་པོའི་གནས་དག་
དང་། །སྡང་བའི་སྲོག་ཆགས་ཆེན་པོ་འཚིག །གཞན་ཡང་སྣ་ཚོགས་དུག་བཅས་པའི། །སྲོག་ཆགས་ཐམས་ཅད་འཇིག་འགྱུར་བ། །དྲི་ཙམ་གྱིས་ནི་དོགས་པ་མེད། །བདུག་པ་འདིས་ནི་བདུག་བྱས་ན། །དེར་ནི་རིམས་ནད་མི་གནས་ཏེ། །ཉིན་གཅིག་པ་
ཡི་རིམས་དང་ནི། །ཉིན་གཉིས་པ་དང་བཞི་པའི་རིམས། །གང་ཡང་མི་བཟད་ཁྱབ་འཇུག་རིམས། །དེ་དག་ཐམས་ཅད་འཇིག་འགྱུར་ཞིང་། །སྐད་ཅིག་གིས་ནི་གཏན་ནས་འཇོམས།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་

རྒྱལ་པོ། བམ་པོ་ཉི་ཤུ་གསུམ་པ། དེ་ནས་མིག་བསྐུ་བའི་སྨན་བརྗོད་པར་བྱའོ། །གདོན་ཐམས་ཅད་འཇོམས་པ་གང་གིས་མིག་བསྐུས་པ་ཙམ་གྱིས་གདོན་མ་རུངས་པ་འབྲོས་པར་འགྱུར་རོ། །རོ་སྟོད་ཀྱི་ནད་ཐམས་ཅད་འཇོམས་པར་འགྱུར་ཏེ། མིག་བསྐུས་པ་ཙམ་གྱིས་
དེ་ཐམས་ཅད་མེད་པར་འགྱུར་ཏེ་དོགས་པ་མི་བྱའོ། །མིག་གི་ནད་ནི་ལིང་ཏོག་དང་། སྐྱ་བོར་གྱུར་པ་དང་། རབ་རིབ་དང་། ཆུ་བུར་ཅན་དང་། ཆུ་ཟགས་པ་དང་། ཚག་པོ་དང་། ཧ་ས་རཱ་ཛ་དང་། བྱིས་པའི་མཆི་མ་དང་། མིག་ཏུ་སྨེ་བ་བྱུང་བ་དང་། ཁྲག་དང་།
རླུང་དང་། བད་ཀན་དང་། མཁྲིས་པ་དང་། རྡུལ་འབྱུང་བ་དང་། འབྲུམ་བུ་དང་། གཡའ་བ་དང་། མིག་སྐམས་པ་དང་། མདོངས་པ་དང་། ཀླད་པ་ན་བ་དང་། ཀླད་པའི་གཞོགས་ཕྱེད་ན་བ་དང་། ཁ་ནད་དང་། ཁ་ན་བ་དང་། དཔྲལ་བ་ན་བ་དེ་དག་ཐམས་ཅད་
འཇོམས་པར་འགྱུར་རོ། །མིག་སྨན་གྱིས་མིག་བསྐུས་པ་ཙམ་གྱིས་རིམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་། ནད་ཐམས་ཅད་སེལ་བ་དང་། མོད་ལ་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། སྡིག་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །དེ་ལྟར་ན་མིག་སྨན་
མཆོག་ཏུ་གྲུབ་པ། བགེགས་ཐམས་ཅད་སེལ་བ་དང་། མ་རུངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་དབང་བྱེད་པ། ཐམས་ཅད་དུ་རྒྱལ་བར་བྱེད་པ། མིག་སྨན་རྟག་ཏུ་མཆོག་ཏུ་དཀོན་པ། གསད་པ་ལ་ཐུག་པ་ཐར་བར་བྱེད་པ།
བཙོན་ར་ནས་གང་ཐར་བར་བྱེད་པ། རྒྱལ་པོ་དག་གང་ལ་ཁྲོས་པ་ལས་དགོད་ཅིང་སྨྲ་བར་འགྱུར་ཏེ། ནམ་འཚོའི་བར་དུ་རྟག་ཏུ་བུ་བཞིན་ཡོངས་སུ་སྐྱོང་ཞིང་གནས་པ། དུག་ཐམས་ཅད་མོད་ལ་མེད་པར་བྱེད་པ་ནི། མིག་སྨན་མཆོག་ཡིན་ནོ། །བསམ་པ་ངན་ཅིང་
སྡང་བའི་སེམས་ཅན་དང་། དགྲ་དང་ཕྱིར་རྒོལ་བ་དང་། དགྲ་དང་། འགྱེད་པ་དག་མིག་སྨན་གྱིས་བསྐུས་པས་མཐོང་ན་དབང་དུ་འགྱུར་ཏེ་གནས་སོ། །མ་ཧེ་གཏུམ་པོ་དང་། གླང་པོ་ཆེ་དང་། རླུང་དང་། སེར་བ་དང་། སྟེང་ག་མཐོན་པོ་ནས་གཡང་དུ་ལྟུང་བ་

དང་། མེའི་ཕུང་པོ་དང་། ཁྱིམ་རྡིབ་པ་དང་། གཡང་སར་ལྟུང་བ་རྣམས་མིག་སྨན་གྱིས་མིག་བསྐུས་པས་མཐོང་ན་ཞི་བར་འགྱུར་ཞིང་། གཞན་ཡང་བྱ་བ་རྣམ་པ་སྣ་ཚོགས་བྱེད་དེ་འདི་ལ་དོགས་པར་མི་བྱའོ། །ཡུང་བ་དང་། སྐྱེར་པ་དང་། ན་ཕེ་ཤམ་
དང་། པི་པི་ལིང་དང་། ཤྲིང་ག་བེ་ར་དང་། འབྲས་བུ་གསུམ་དང་། ཨུཏྤལ་སྔོན་པོ་དང་། ལྡོང་རོས་དང་། གུར་གུམ་ལ་སོགས་པའི་མིག་སྨན་དང་། རྒྱམ་ཚ་དང་། སྤང་སྤོས་དང་། རྒྱ་མཚོའི་སྦུ་བ་དང་། དུང་ཕྱེ་དང་། འདི་རྣམས་ལྷན་ཅིག་ཏུ་ཕྱེ་མ་ཞིབ་མོར་
བྱས་པ་ལ་གསང་སྔགས་ལན་བདུན་བཟླས་ཏེ་ག་བུར་དང་། གླ་རྩི་བསྣན་པའི་མིག་བསྐུ་བའི་སྨན་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོའི་གསང་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། མིག་བསྐུས་ན་དྲི་མ་ཐམས་ཅད་སེལ་ཞིང་སྡིག་པ་དང་། གཞན་སྡུག་བསྔལ་
ཐམས་ཅད་ལས་གྲོལ་བར་འགྱུར་རོ། །མུན་པ་ཐམས་ཅད་ཀྱི་ནང་དུ་ཉི་མ་བཞིན་དུ་སྐྱེ་བོ་ཐམས་ཅད་ཀྱི་ནང་དུ་མཛེས་པར་འགྱུར་རོ། །དེ་ནས་རིལ་བུ་བཤད་པར་བྱ་སྟེ། སྡིག་པ་ཐམས་ཅད་རྣམ་པར་འཇིག་པ། ནད་ཐམས་ཅད་སེལ་བར་འགྲུབ་པ། བགེགས་ཐམས་
ཅད་མེད་པར་བྱེད་པ། གདོན་ཐམས་ཅད་རྣམ་པར་འཇོམས་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། མོད་ལ་དུག་ཐམས་ཅད་མེད་པར་བྱེད་པ། ཉོན་མོངས་པའི་དྲི་མ་ཐམས་ཅད་སེལ་བ། བཅིངས་པ་ཐམས་ཅད་གཅོད་པར་བྱེད་པ། གཡུལ་ཐམས་ཅད་
ལས་རྒྱལ་བ་སྦྱིན་ཞིང་དགེ་བ། དགྲ་ཐམས་ཅད་རབ་ཏུ་འཇོམས་པ། རྟག་ཏུ་དུག་ཐམས་ཅད་འཇོམས་པ། རྒྱལ་པོའི་སྒོར་མཛེས་པར་འགྱུར་བ། ནོར་དང་འབྲུ་འཕེལ་བར་འགྱུར་བ། རྒྱལ་པོ་དང་། རྐུན་པོ་དང་། ཆུ་དང་། མེ་དང་། དུག་དང་། གླང་
པོ་ཆེ་མེད་པར་བྱེད་པ། སྦྲུལ་མ་རུངས་པ་དང་། བྱི་བའི་དུག་གིས་འཇིགས་པ་དང་། ཁྱིམ་འཇིགས་པ་དང་། རི་སྙིལ་བ་དང་། སེང་གེ་དང་། སྟག་དང་། དོམ་ལ་སོགས་པ་རབ་ཏུ་རྒྱུ་བ་དང་། གནོད་པ་དང་། བཅིངས་པའི་ཚེ་འགྲོ་བར་དཀའ་བ་འབྱུང་

བ་དང་། ནད་དང་རིམས་འཇོམས་པ་དང་། དུས་མ་ཡིན་པར་འཆི་བ་མེད་པར་བྱེད་པ། ཚེ་དང་ནད་མེད་པར་བྱེད་པ་འཕེལ་བ། སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་མ་རྣམས་མཆོག་ཏུ་བདེ་བར་འགྱུར་བ་སྟེ། གང་གིས་རིལ་བུ་བཅངས་ན་ཐམས་ཅད་དུ་རྒྱལ་
བ་འཐོབ་ཅིང་གདོན་འབྱུང་བར་མི་འགྱུར། རྣམ་པར་ལོག་འདྲེན་གྱིས་མ་ཡིན་ནོ། །གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། བརྗེད་བྱེད་མ་རུངས་པ་རྣམས་རིལ་བུ་མཐོང་བ་ཙམ་གྱིས་ཕྱོགས་བཅུར་འབྲོས་པར་འགྱུར་རོ། །འདིས་བྱིས་པ་
གསོད་པར་མི་བྱེད་དོ། །སྨན་འདི་ལ་རེག་པ་ཙམ་གྱིས་ཁྱིམ་དེར་དུས་མ་ཡིན་པར་འཆི་བ་དང་། ན་བ་ཐམས་ཅད་དང་། ནད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། འབྲུམ་ཕྲན་མཆེད་པ་དང་། ཤུ་བ་དང་། གཡན་
པ་དང་། མཛེ་དང་། འབྲུམ་བུ་མཆེད་པ་དང་། ཤ་བཀྲ་ལ་བསྐུས་པ་ཙམ་གྱིས་བྱང་བར་འགྱུར་རོ། །ལུས་ཐམས་ཅད་དུ་ཞུགས་པའི་ནད་ལ་ཆུ་དྲོན་པོ་འཐུངས་པ་ཙམ་ལ་སོགས་པས་ཡོངས་སུ་བྱང་བར་འགྱུར་རོ། །འཇིགས་སྐྲག་པ་ཐམས་ཅད་ལས་རྟག་ཏུ་
རྒྱལ་བར་འགྱུར་རོ། །འཇིགས་པ་ཆེན་པོ་ལས་ཐམས་ཅད་རྗེས་སུ་འབྲང་བར་འགྱུར་རོ། །གནས་ཐམས་ཅད་དུ་སོང་བ་ལ་སྦྱར་བ་བྱས་ན་ཐམས་ཅད་འཁོ་བར་འགྱུར་རོ། །དེ་ནས་རྫས་སུ་བྱ་བ་ནི་པུ་ཤེལ་ཙེ་དང་། ཙནྡན་དང་། རྒྱ་སྤོས་དང་། རུ་རྟ་དང་། རྡོ་དྲེ་ག་
དང་། པད་ཏྲ་དང་། ཚ་མ་ཀ་དང་། ཤ་མི་དང་། པདྨ་པ་ཏྲ་དང་། ཨུཏྤ་ལ་དང་། ནལ་ད་དང་། འབྲས་བུ་གསུམ་དང་། ཚ་བ་གསུམ་དང་། སུག་སྨེལ་དང་། བཙོད་དང་། སུ་ག་རི་དང་། ར་ཛ་ནྱ་རྣམ་གཉིས་དང་། སྤྲྀ་ཀ་དང་། སྲ་རྩི་པོག་དང་།
གུར་གུམ་ལ་སོགས་པ་དང་རབ་ཏུ་ལྡན་པ་དང་། དེ་དག་ཀུན་བསྲེས་ཏེ། ཞིབ་མོར་བཏགས་ལ། ཁ་ར་དང་། ཆུ་དང་། སྦྱར་བས་རིལ་བུ་བྱས་ལ་གསང་སྔགས་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ། གྲིབ་མ་ལ་སྐམས་པ་དེ་ནི་སྨན་གྲུབ་པ་ཡིན་ཏེ། ཐམས་ཅད་

རྒྱལ་བར་བྱེད་ཅིང་དགེ་བ་ཡིན་ནོ། །རྔ་དང་། རྔ་བོ་ཆེ་དང་། དུང་ལ་རིལ་བུ་མཆོག་བསྐུས་ཏེ། གནས་མཐོན་པོར་སོང་སྟེ། དུང་གི་སྒྲ་དང་། རྔ་བོ་ཆེ་དང་། རྫ་རྔ་ཇི་སྲིད་དུ་ཐོས་པ་དེ་སྲིད་ཙམ་དུ་འཇིགས་པ་མེད་པར་འགྱུར་རོ། །དུག་དང་
བཅས་པ་ནི་ཐམས་ཅད་དུག་མེད་པར་འགྱུར་ཏེ་དོགས་པར་མི་བྱའོ། །ནད་ཐམས་ཅད་དང་། མི་ངས་ཐམས་ཅད་དང་། ཡམས་ཀྱི་ནད་དང་། ལོ་ཉེས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །བདེ་ཞིང་ལོ་ལེགས་པ་ཉིད་དུ་འགྱུར་རོ། །གང་དག་མཚམས་མེད་པ་བྱེད་པའི་སེམས་ཅན་སྡིག་པ་ཅན་
དམྱལ་བ་ལ་གཞོལ་བདག་གིས་སྒྲ་ཐོས་པ་ཙམ་གྱིས་སྡིག་པ་ཐམས་ཅད་བྱང་སྟེ། བདེ་བར་འཆི་བའི་དུས་བྱས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གོས་ལ་བདུགས་ན་བདག་ཉིད་མཆོད་པ་ཆེན་པོ་འཐོབ་ཅིང་ཐམས་ཅད་ལ་དབང་བྱེད་པར་གནས་པ་དང་། དོན་
གྲུབ་པ་བླ་ན་མེད་པ་ཡིན་ནོ། །ནོར་དང་འབྲུ་རབ་ཏུ་འཕེལ་ཞིང་དགོས་པ་སྒྲུབ་པ་བླ་ན་མེད་པ་ཡིན་ནོ། །ཐམས་ཅད་མཆོད་པ་དང་། རྟག་ཏུ་ཚིག་གཟུང་བ་འོས་པར་འགྱུར་རོ། །རྒྱལ་པོ་གང་ལ་ཁྲོས་པ་ལས་དགོད་ཅིང་སྨྲ་བར་འགྱུར་རོ། །བུད་མེད་རྣམས་ཀྱི་གནང་
ཆེན་དུ་འགྱུར་ཞིང་རྟག་ཏུ་ནད་མེད་པར་འགྱུར་རོ། །རྟག་ཏུ་བརྩོན་འགྲུས་དང་ལྡན་པ་དང་། སྟོབས་དང་ལྡན་པ་དང་། རྟག་ཏུ་དཔལ་དང་གཟི་བརྗིད་དང་ལྡན་པ་དང་། རྟག་ཏུ་གླང་པོ་ཆེ་བཅུའི་སྟོབས་དང་ལྡན་པ་དང་། ཤི་ནས་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་མཆིས་པ་ནི་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་ཞེས་བྱ་བ་དོན་ཡོད་པའི་ལྕགས་ཀྱུའི་
གཟུངས་ཆེན་པོའི་ཆོ་ག་ཞིབ་མོའི་དཀྱིལ་འཁོར་དང་། དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། དཀྱིལ་འཁོར་ཆེན་པོ་ལྟ་བ་དང་། བསྒྲུབ་པ་དང་། བཀླགས་པས་འགྲུབ་པ། དོན་ཡོད་པ་ཆེན་པོ་རྣམ་པར་འཕྲུལ་པ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་དམ་ཚིག་གྲུབ་པ་ལགས་སོ། །གང་གིས་པདྨ་རྒྱས་པའི་དཀྱིལ་འཁོར་ཆེན་པོ་མཐའ་དག་དང་། ཕྱག་རྒྱ་དང་། རིམ་པར་ཕྱེ་བ་དང་། གསང་སྔགས་དང་། ཆོ་ག་དང་། བདེ་བར་སྒྲུབ་པ་མཐའ་དག་ནི་རིགས་ཀྱི་སྤྱི་ཐམས་ཅད་ཀྱི་
དམ་ཚིག་ཆེན་པོའི་རྗེས་སུ་འཇུག་པ་འགྲུབ་པར་འགྱུར་བ་ལགས་སོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང་པདྨའི་རིགས་དང་། རྡོ་རྗེའི་རིགས་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་འོད་དཔག་ཏུ་མེད་པའི་སྙིང་པོ་མཆོག་དང་པོ་རྡོ་རྗེ་རིན་པོ་ཆེ་རྩེ་མོའི་མཆོག་དང་
པོའི་དཀྱིལ་འཁོར་གྱི་དམ་ཚིག་ལས་ཐམས་ཅད་དུ་རྗེས་སུ་ཞུགས་ཤིང་དམ་ཚིག་ཤེས་པར་འགྱུར་བ་དང་། ཐམས་ཅད་དུ་བྱིན་གྱིས་བརླབས་པར་འགྱུར་བ་དེ་རིག་སྔགས་འཆང་བ་དེ་ཐམས་ཅད་མཆོག་ཏུ་གྲུབ་པར་བགྱི་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་
རྗེས་སུ་བརྩེ་བའི་སླད་དུ་བདག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་དབུས་སུ་བསྒྲག་པར་བགྱིའོ། །རིགས་བཞིའི་འཇིག་རྟེན་གྱི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱི་སྡིག་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་གཞིག་
པའི་ཕྱིར་བཤད་པར་བགྱིའོ། །གྲུབ་པ་ཡང་དག་པར་རྗེས་སུ་སྩལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
སེམས་ཅན་དག་པ་ཆེན་པོ་ཁྱོད་ཀྱིས་དགེ་བའི་རྩ་བ་རྣམས་དག་ཅིང་ཤིན་ཏུ་ཡོངས་སུ་དག་པ་ཡིན་ཏེ། ལེགས་སོ་ལེགས་སོ། །རིག་སྔགས་འཆང་བ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་
དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ལ་བསྟན་པར་བྱ་བ་ཤོད་ཅིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་རིགས་ཐམས་ཅད་ཀྱི་སྤྱིའི་གྲུབ་

པ་དམ་ཚིག་གི་རྗེས་སུ་འཇུག་པར་བྱིན་གྱིས་བརླབས་སོ། །ངས་ཀྱང་དེ་བཞིན་དུ་དེ་དག་བྱིན་གྱིས་བརླབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་
དོན་ཡོད་པའི་རྒྱས་པའི་པདྨའི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་བཤད་པ། དོན་ཡོད་པའི་ལྕགས་ཀྱུའི་ཡང་དག་པ་མཆོག་གྲུབ་པ། སྒྲུབ་པ་དམ་པ་ནི་ས་དང་བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་བྱ་བ་ནི་ཤིན་ཏུ་མཛེས་པ་ཤིན་ཏུ་འཇམ་པོར་བྱའོ། །ཚོན་སྣ་ལྔས་རྣམ་པར་དབྱེ་
བ་ནི་གྲྭ་དང་བཅས་པར་རྣམ་པར་དབྱེ་བར་བྱའོ། །ཚོན་སྣ་ཚོགས་ཀྱིས་བྲི་བ་དང་། དཀྱིལ་འཁོར་གྲུ་བཞིར་ཐིག་གདབ་པ་ནི་མཉམ་པར་ཐིག་གིས་དབྱེ་བར་བྱ་སྟེ། སྒོ་བཞིར་ཆ་དབྱེ་བར་བྱའོ། །ཆུ་ཞེང་དུ་ཁྲུ་བཞི་ཚད་ཙམ་དུ་དབྱེ་བར་བྱའོ། །དབུས་ཀྱི་
དཀྱིལ་འཁོར་གྱི་སྙིང་པོ་ནི་ཚད་ཁྲུ་དོ་པར་བྱས་ལ། ཚོན་སྣ་ལྔའི་སྒ་ལ་བུ་དང་། ཚོན་ས་ལས་དབྱེ་བར་བྱའོ། །དབུས་ཀྱི་དཀྱིལ་འཁོར་གྱི་སྙིང་པོ་ལ་པདྨ་དཀར་པོ་ཁ་བྱེ་བ་ཟླུམ་པོར་བྱའོ། །པདྨ་ཁ་བྱེ་བའི་དབུས་སུ་ཞགས་པ་དང་། ལྕགས་ཀྱུ་དང་།
པདྨ་གནས་པར་བྱ་བ་ནི་ཀླུ་མགོ་གདེངས་ཀ་འདྲ་བ་ལྕགས་ཀྱུ་དང་བཅས་པ་དང་། ལག་པ་དང་བཅས་པས་པདྨའི་ལྕགས་ཀྱུས་འཛིན་པ་དང་། འབར་བའི་ནང་ན་འདུག་པར་བྱའོ། །ཚོན་སྣ་ཚོགས་ཀྱིས་བྲིའོ། །པདྨ་ཁ་བྱེ་བའི་ཕྱི་རོལ་གྱི་སྒལ་བུ་
ནི་ལྕགས་ཀྱུ་དང་བཅས་པའི་སྒལ་བུར་བྱའོ། །ནང་དང་ཕྱིའི་བར་དུ་ནི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་བྱའོ། །ལྕགས་ཀྱུའི་ཕྱི་རོལ་གྱི་སྒལ་བུ་ནི་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གིས་བྱའོ། །ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་ཕྱི་རོལ་གྱི་སྒལ་བུ་ནི་
མདུང་རྩེ་གསུམ་པ་བྲི་བར་བྱའོ། །མདུང་རྩེ་གསུམ་པའི་ཕྲེང་བའི་ཕྱི་རོལ་གྱི་སྒ་ལ་བུ་ནི་ཕྱག་རྒྱ་ཕྱག་ན་ཐོགས་པ་བྲི་བར་བྱ་སྟེ། མཚོན་ཆ་སྣ་ཚོགས་དང་། མེ་ཏོག་རྣམས་སོ། །ཀུན་ལ་འབར་བའི་ཕྲེང་བ་དང་། འོད་ཟེར་ཁ་དོག་སྣ་ཚོགས་བྲི་བར་བྱའོ། །ཕྱག་

གི་ཕྱག་རྒྱའི་ཕྱིར་རོལ་གྱི་སྒལ་བུ་ནི་སྟེགས་བུ་དང་འདྲ་བར་བྱའོ། །སྟེགས་བུའི་ཕྱི་རོལ་གྱི་སྒལ་བུ་ནི་འཁོར་བར་ལྕགས་ཀྱུ་བྲི་བར་བྱའོ། །སྙིང་པོའི་དཀྱིལ་འཁོར་གྱི་གྲྭར་ནི་རྒྱལ་པོ་ཆེན་པོ་བཞི་གོ་བགོས་པ་ལྕགས་ཀྱུ་དང་། མདུང་རྩེ་གཅིག་པ་ཐོགས་པ་འབར་བའི་ནང་
ན་འདུག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ཏེ། པདྨོའི་གདན་ལ་འདུག་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཐོག་ཐག་ཏུ་འཇིགས་པ་མེད་པས་ཕྱག་མཚན་རྣམས་ཐམས་ཅད་པདྨ་ལ་འདུག་པ་བྲི་བར་བྱའོ། །སྒོ་བཞི་གནས་སུ་
པདྨའི་དཀྱིལ་འཁོར་གྱི་ལྷ་རྣམས་བྲི་བ་ནི་ཤར་གྱི་སྒོར་ལག་ན་རྡོ་རྗེ། ལྷོར་རལ་པ་གཅིག་མ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། བྱང་དུ་ཕོ་ཉ་མོ་དང་། རིག་སྔགས་ཀྱི་ལྷ་མོ་རྣམས་བྲི་བར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་སྒལ་བུ་ནི་མེ་ཏོག་གི་སྟེགས་བུ་
འདྲ་བ་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ནི་ཀུན་དུ་བའི་ལྕི་བས་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་དེ་ལ་ནས་ཕྱེས་པདྨ་བྲི་བར་བྱའོ། །དཀྱིལ་འཁོར་ཀུན་དུ་བུམ་པ་གང་བ་དང་། དར་བཏགས་པའི་མདའ་དང་། དྲིའི་སྣོད་བཀང་བས་བརྒྱན་ཅིང་བྱུག་
པའི་ཆུ་དགང་བ་དང་། བདུག་པའི་སྣོད་ཀྱིས་བརྒྱན་པ་དང་། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་དང་། དྲི་ཆབ་དང་། མཆོད་ཡོན་གྱི་ཆབ་དང་། འབྲས་བུ་དང་། ཡོན་ཆབ་དང་། དངུལ་གྱི་མེ་ཏོག་དང་། གསེར་གྱི་མེ་ཏོག་དང་། ཟངས་ཀྱི་
མེ་ཏོག་གིས་འཇིགས་པ་མེད་པར་བརྒྱན་པར་བྱའོ། །མུ་ཏིག་དང་། བྱི་རུ་དང་། རིན་པོ་ཆེ་བཻ་ཌཱུརྱ་དང་། སྔོན་པོ་དང་། མརྒད་དང་། པདྨ་རཱ་ག་རྣམས་ཀྱིས་དེ་བཞིན་དུ་བརྒྱན་ཏོ། །དཀྱིལ་འཁོར་ཀུན་དུ་དུང་དང་། བིལ་བ་དང་། རྩྭ་དར་
བྷ་དང་། གསེར་དང་། དངུལ་གྱིས་བརྒྱན་པར་བྱའོ། །དཀྱིལ་འཁོར་གྱི་དོན་དུ་མཆོད་པའི་ཕྱིར་དཀྱིལ་འཁོར་གྱི་ལྷ་བཀྲ་ཤིས་པ་རྣམས་དང་། སྒོ་བཞིའི་གནས་སུ་དྲི་ཆབ་ཀྱི་བུམ་པ་དར་གྱིས་བརྒྱན་ཏེ་གཞག་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་

ཐོག་ཐག་ཏུ་རོ་སྣ་ཚོགས་ཀྱི་གཏོར་མ་གཞག་པ་དང་། བུམ་བུ་དང་། བྱམ་བུམ་དང་། བུམ་པ་དང་། རྟེ་གུ་དང་། ཁམ་ཕོར་དང་། བུམ་པ་གང་བ་རྣམས་བྱས་ཏེ་གཞག་གོ །པོག་ཕོར་དང་། གཏོར་མ་བཟང་པོ་སྣ་ཚོགས་དང་། །
མེ་ཏོག་སྣ་ཚོགས་དགྲམ་པར་བྱ། །ཕྲེང་བ་བཟང་པོས་བརྒྱན་པར་བྱ། །ཚོན་སྣ་ལྔ་པའི་བ་དན་གདགས། །ཚོན་སྣ་ལྔ་པའི་སྲད་བུ་སེང་ལྡེང་གི་ཕུར་བུ་ལ་བཏགས་པ་གཟུགས་པར་བྱ། ཀུན་དུ་མར་མེའི་ཕྲེང་བ་དང་། མར་མེའི་སྡོང་བུ་བཞི་ཡང་དེ་བཞིན་ནོ། །
མཁས་པས་དཀྱིལ་འཁོར་གྱི་ནང་དུ་བདུག་པ་དབུལ་བ་ནི་ཨ་ག་རུ་དང་། ཙནྡན་དང་། དུ་རུ་སྐ་དང་། སྤྲྀ་ཀ་རྣམས་ཀྱིས་བདུག་པ་ག་བུར་དང་། གླ་རྩིས་བསྒོས་པ་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་གྱི་བདུག་པ་ནི་གུ་གུལ་དང་། ས་ལ་ཀི་དང་།
ཀུན་ཏུ་རུའི་བདུག་པ་དབུལ་བར་བྱའོ། །དེ་ནས་རིག་སྔགས་འཆང་བས་གོས་སར་པ་བགོས་ཏེ། གཙང་མར་བྱས་ནས་མཎྜལ་གྱི་ལས་སུ་བྱ་བའི་ཆོ་ག་དང་། ལྕགས་ཀྱུའི་རིག་སྔགས་བཟླས་བརྗོད་བྱ་བ་དང་། སློབ་མ་གཞུག་ཅིང་དཀྱིལ་འཁོར་གྱི་
དམ་ཚིག་དང་། ཕྱག་རྒྱ་དང་། བའི་རྣམ་ལྔ་ལ་རེག་པར་བྱ་སྟེ། མཁས་པས་ཕྱག་རྒྱ་དང་། གསང་སྔགས་བརྗོད་ཅིང་དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཆེན་པོ་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །མཚམས་བཅིང་བ་དང་། ཕྱོགས་བཅིང་
བ་དང་། སྤྱི་གཙུག་བཅིང་བ་དང་། འཇུག་པ་དང་། དམ་ཚིག་དང་། ཁྲུས་བྱ་བ་དང་། གོས་བགོ་བ་དང་། ཕྱག་འཚལ་བ་དང་། བསྐོར་བ་དང་། དེ་དག་ཐམས་ཅད་ལ་སྦྱར་བར་བྱའོ། །སྦྱིན་སྲེག་དང་། བཟླས་བརྗོད་ཀྱི་ཆོ་ག་ཞི་
བ་དང་། རྒྱས་པ་དང་། མངོན་སྤྱོད་དང་། དགུག་པ་དང་། སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། དེ་བཞིན་དུ་ཡང་དག་པར་སྤྲུལ་པ་དང་། ལས་ཐམས་ཅད་ལ་རིག་སྔགས་འཆང་བས་ཐམས་ཅད་དུ་སྦྱར་ན་མྱུར་ཞིང་རྫོགས་

པར་འཆང་ཞིང་དེས་ན་གྲུབ་པ་བླ་ན་མེད་པར་འགྱུར་རོ། །བགྲང་ཕྲེང་དང་། མཁྲིག་མའི་གདུ་བུ་དང་། སྲད་བུ་སེ་རལ་ཁ་གཙང་མ་དང་། རྩྭ་དར་བྷ་དང་། ཡུངས་ཀར་དང་། ཆུ་དང་བསྲེ་བ་དང་། རྩྭ་དར་བྷའི་སྟན་ལ་མཆོད་ཕྱིར་ཐོགས་ཏེ།
སྐྱིལ་མོ་ཀྲུང་བཅས་ནས་ལས་བྱ་ཞིང་པདྨ་དང་། མཆོད་ཡོན་གྱི་དཀྱིལ་འཁོར་ལ་དབུལ་བ་དང་། དེ་དག་རྟག་ཏུ་རྒྱུན་མི་འཆད་པར་དུས་ཐམས་ཅད་དུ་ངེས་པར་བྱའོ། །དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་དྲན་པར་བྱ་སྟེ། གྲུབ་པ་མཆོག་དང་།
ལས་ཐམས་ཅད་སྒྲུབ་པ་དང་། གང་དང་གང་དགོས་པ་ལ་དྲན་པར་བྱའོ། །གསང་སྔགས་དེ་ཉིད་ཀྱིས་སླར་གཤེགས་སུ་གསོལ་ལོ། །གསང་སྔགས་གཞན་དང་བསྲེ་བར་མི་བྱ་སྟེ། ཕྱག་རྒྱ་དང་། གསང་སྔགས་འདི་ནི་དཔའ་བོ་གཅིག་ཏུ་
བཀླགས་པས་གྲུབ་པའི་མཆོག །སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་བྱིན་གྱིས་བརླབས་པ་སྟེ། ཡང་དག་པར་འགྲུབ་ཅིང་མཆོག་སྦྱིན་
པར་བྱེད་པ་ཡིན་ནོ། །དོན་ཡོད་པའི་ལྕགས་ཀྱུའི་དཀྱིལ་འཁོར་དམ་པའི་དཀྱིལ་འཁོར་འདི་མཐོང་བ་ནི་སྡིག་པ་ཐམས་ཅད་རྣམ་པར་འདག་ཅིང་སྒྲིབ་པ་དང་། སྡིག་པ་ཐམས་ཅད་དང་། སྔོན་གྱི་སྒྲིབ་པ་མི་བཟད་པ་རྣམས་སྔར་བསགས་པ་རྣམས་རྣམ་
པར་ཞིག་པར་འགྱུར་རོ། །འཇིག་རྟེན་པའི་གྲུབ་པ་བདེ་བ་དང་། འཇིག་རྟེན་ཕ་རོལ་ཏུ་འབྲས་བུ་ཆེན་པོ་བདེ་བ་དང་། ཤི་བའི་དུས་བྱས་ནས་བདེ་བ་ཅན་དུ་སོང་སྟེ། པདྨའི་ནང་ནས་རྒྱལ་བའི་སྤྱན་སྔར་རྫུས་ཏེ་སྐྱེ་བ་དང་། ཁ་ཏོན་བྱེད་ན་ཚེ་
རབས་དྲན་པར་འགྱུར་བ་དང་། གང་ཞིག་འཆད་པ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཐམས་ཅད་ཀྱི་སྒོ་ཕྱེ་སྟེ་འདུག་ཅིང་གང་དུ་འདོད་པ་དེར་འཇུག་པར་འགྱུར་རོ། །རྒྱལ་བ་ཐམས་ཅད་ཀྱིས་རྣམ་པར་གཟིགས་ཤིང་

སྤྱི་བོར་ཕྱག་བཞག་སྟེ། དབུགས་འབྱིན་པར་མཛད་ཅིང་དུས་ཀུན་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །འདི་ནི་སྐྱེ་བའི་ཐ་མ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་ཡིན་གྱི།
གཞན་དུ་སྐྱེ་བར་མི་འགྱུར་རོ། །འཇིག་རྟེན་འདི་ན་དགའ་བར་འགྱུར་ཞིང་བླ་མ་དང་། ཆོས་ཅན་དང་། ནོར་གྱི་མཆོད་པ་དང་། སེམས་ཅན་ཀུན་གྱིས་མཆོད་པར་འོས་པ་ནི་སྟོན་པ་དེ་བཞིན་གཤེགས་པ་བཞིན་དུ་འགྱུར་རོ། །ནོར་དང་འབྲུ་འཕེལ་བ་དང་།
གོས་དང་རྒྱན་གྱིས་བརྒྱན་པ་དང་། རྒྱལ་པོ་དང་། བཙུན་མོར་བཅས་པ་ཐམས་ཅད་བྱ་བ་ཅི་ཡོད་ཅེས་བྲན་བཞིན་དུ་གནས་པར་འགྱུར་རོ། །ལྕགས་ཀྱུའི་དཀྱིལ་འཁོར་དུ་ཞུགས་པ་ནི་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་རོ། །འདི་ངན་འགྲོར་ཡང་འགྲོ་བར་མི་
འགྱུར་ཞིང་རྟག་ཏུ་བདེ་ཞིང་དགའ་བ་དང་། སེམས་ཅན་ཐམས་ཅད་དགའ་བ་དང་། བྱམས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་ལུས་ཅན་ཤིན་ཏུ་བསྲུངས་པར་འགྱུར་རོ། །ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱིས་མཆོད་པར་
འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་འཕེལ་བར་འགྱུར་ཞིང་ཉི་མ་བཞིན་དུ་གཟི་བརྗིད་འབར་བར་འགྱུར་རོ། །སྡུག་ཅིང་བཟང་བ་མཆོག་ཏུ་བལྟ་བར་འོས་པར་འགྱུར་རོ། །དཔལ་གྱིས་དུས་རྟག་ཏུ་འབར་ཞིང་ཤིན་ཏུ་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་
པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་དྲུང་ནས་དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །ལྕགས་ཀྱུའི་དཀྱིལ་
འཁོར་དུ་གང་ཞིག་ཞུགས་པ་ཙམ་དང་། དཀྱིལ་འཁོར་དེ་ལྟ་བུ་ལ་མེ་ཏོག་གཅིག་དབུལ་བ་དང་། རིལ་བུ་གཅིག་ཙམ་གྱི་བདུག་པ་དབུལ་བའི་སེམས་ཅན་དེ་དག་ནི་གང་གཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་གི་མེ་

ཏོག་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་རེ་རེར་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་སྣ་ཚོགས་ཀྱི་མཆོད་པ་བྱས་པར་འགྱུར་རོ། །བདུག་
པ་མང་པོ་རྣམ་པར་ཕྱེ་བའི་སྤྲིན་ལས་ཙནྡན་སྦྲུལ་གྱི་སྙིང་པོ་དང་། གོར་ཤིར་ཤའི་བདུག་པ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་སྤྲིན་རིམ་པར་ཕྱེ་བ་རབ་ཏུ་འཁྲིགས་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་
ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་རབ་ཏུ་སྦྱིན་པར་མཛད་དེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་འདི་ནི་མཆོག་ཏུ་གྲུབ་པ་བླ་ན་མེད་པ་ཡིན་ནོ། །དེ་དག་གིས་མེ་ཏོག་དང་། བདུག་པས་དཀྱིལ་འཁོར་
མཆོད་པ་ནི་བསོད་ནམས་ཀྱི་ཕུང་པོ་ཆེན་པོའི་དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་རྫོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །སྒྲུབ་པ་ཆེན་པོ་འགྲུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་
མཆོག་སྦྱིན་པ་མཛད་པར་འགྱུར་རོ། །རྟག་ཏུ་མཐོང་བར་བཞེད་པར་འགྱུར་རོ། །རྟག་ཏུ་རྗེས་སུ་འབྲང་བར་འགྱུར་རོ། །རྟག་ཏུ་དོན་ཡོད་པའི་ལྕགས་ཀྱུ་གྲུབ་པ་འགྲུབ་པར་འགྱུར་རོ། །ཚིག་གཟུང་བར་བྱ་བར་འགྱུར་རོ། །རྟག་ཏུ་བཞིན་འཛུམ་
པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དང་། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ལྷའི་བུ་རྣམས་སྲུང་བ་དང་། སྦེད་པ་དང་། སྐྱོབ་པའི་ཕྱིར་རྗེས་སུ་འབྲང་བ་ཆེན་པོར་
འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་པར་འགྱུར་རོ། །དེའི་ས་ཕྱོགས་ཀྱང་མཆོད་རྟེན་སྙམ་དུ་སེམས་ཤིང་མཆོད་རྟེན་རིང་བསྲེལ་ཅན་དུ་འགྱུར་རོ། །སེམས་ཅན་གང་དག་དེ་ལ་བལྟ་བའི་ཕྱིར་སོང་

བའི་སེམས་ཅན་དེ་དག་སྡིག་པ་དང་། སྒྲིབ་པ་དང་། དུག་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇིགས་པ་དང་། རིམས་དང་། མྱ་ངན་ཐམས་ཅད་ལས་བྲལ་བར་འགྱུར་རོ། །ནད་དང་བྲལ་བར་འགྱུར་རོ། །རྟག་ཏུ་སངས་རྒྱས་
དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །རྟག་ཏུ་འཇིག་རྟེན་ཐམས་ཅད་ཀྱི་བླ་མར་འགྱུར་རོ། །དགྲ་ཐམས་ཅད་ལས་ཕྱིར་རྒོལ་བ་ཐམས་ཅད་དང་། མི་མཛའ་བའི་འཇིགས་པ་ལས་ཐར་བའི་འགྱུར་རོ། །དུས་མ་ཡིན་པའི་འཆི་བའི་འཇིགས་
པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །འདི་ནས་ཤིན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །ཐ་ན་རི་དགས་དང་། བྱ་དག་གནས་ཏེ་ཕྱོགས་སུ་ཉེ་བར་སོང་བ་དེ་དག་སྒྲིབ་པ་ཐམས་ཅད་དང་། དེའི་སྔོན་གྱི་ཚེ་ལ་ཡོངས་སུ་བསགས་པ་དེ་དག་ལྷག་
མ་མ་ལུས་པར་ཡོངས་སུ་བྱང་བར་འགྱུར་རོ། །དེ་དག་ཐམས་ཅད་བདེ་འགྲོ་ལ་གཞོལ་བར་འགྱུར་རོ། །ངན་སོང་དང་ངན་འགྲོའི་འཇིགས་པ་མེད་པར་མཐར་བྱང་ཆུབ་ལ་ཐུག་གི་བར་དུའོ།། །།དེ་ནས་དོན་ཡོད་པའི་ལྕགས་ཀྱུ་རས་ལ་སྐུ་གཟུགས་བྲི་བའི་ཆོ་ག་བརྗོད་
པར་བྱ་སྟེ། གནས་ཐམས་ཅད་དུ་བླ་ན་མེད་པ་གྲུབ་པ་ནི་སྡིག་པ་ཐམས་ཅད་མོད་ལ་སྲེག་པར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་འཕྲོག་པ་དེ་བཞིན་དུ་ནད་ཐམས་ཅད་སེལ་བ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། འཇིགས་པ་ཐམས་ཅད་ལས་རྣམ་པར་
ཐར་བ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་གང་དཀྱིལ་འཁོར་ཆེན་པོར་ཀུན་དུ་ལུང་བསྟན་པ་མི་འཇིགས་པ་སྦྱིན་པ། མཆོག་ཏུ་དཀོན་པ་ཡིད་ལ་རེ་བ་ཐམས་ཅད་འཕྲལ་དུ་ཡོངས་སུ་རྫོགས་པར་འགྱུར་བ། བཀྲ་ཤིས་ཐམས་ཅད་སྒྲུབ་པ། བསོད་
ནམས་ཐམས་ཅད་སོགས་པ། མྱུར་དུ་ནོར་དང་། འབྲུ་སྦྱིན་པར་མཛད་པ། སྒྲུབ་པ་ཡང་དག་པ་གྲུབ་པར་བྱ་བའི་ཕྱིར་གསང་སྔགས་འགྲུབ་པ། བཟླས་བརྗོད་འགྲུབ་པ། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྲུབ་པ། ཕ་རོལ་ཏུ་ཕྱིན་

པ་བཅུ་ཡོངས་སུ་རྫོགས་པ་དེ་ཁོ་ན་ཉིད་རྣམ་པར་མཐོང་བ་ཞེས་བྱ་བའི་བསོད་ནམས་ཆེན་པོ་སྐྱེ་བར་འགྱུར་རོ། །ནམ་བྱང་ཆུབ་ཡང་དག་པར་ཐོབ་ཀྱི་བར་དུ་དགེ་བའི་རྩ་བ་ཆེན་པོ་རབ་ཏུ་སྐྱེ་བར་འགྱུར་རོ། །དོན་ཡོད་པའི་ལྕགས་ཀྱུ་ཆོ་འཕྲུལ་ཆེན་པོའི་རས་ཀྱི་སྐུ་གཟུགས་
ཆེན་པོ་མཐོང་བ་ལ་སོགས་པ་ནི་ཕྱིས་ངན་འགྲོའི་གནས་སུ་མི་འགྲོ་ཞིང་སྡིག་པའི་ལས་ཀྱིས་མི་གོས་པ་དང་། སྔོན་གྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་རྣམ་པར་འཇིག་པ་དང་། སྡིག་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ལས་ཐར་བར་
འགྱུར་བ་དང་། དམྱལ་བ་མི་བཟད་པ་རྣམས་ལས་ཐར་བར་འགྱུར་རོ། །ཚེ་རབས་ཀུན་དུ་བདེ་བ་དང་། ད་ལྟར་གྱི་འདི་ལ་མཆོག་ཏུ་དཀོན་པའི་བདེ་བ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །བཀྲེན་པ་ཡང་ལོངས་སྤྱོད་དང་། ཕྱུག་པོ་མཚུངས་པ་མེད་པ་
མཆོག་མོད་ལ་ཐོབ་པར་འགྱུར་རོ། །ལྷའི་དཔལ་ཐོབ་པར་འགྱུར་རོ། །འཁོར་བཟང་པོ་བདོག་པར་འགྱུར་རོ། །རྒྱལ་པོ་རྣམས་ཀྱིས་བླ་མར་བྱ་ཞིང་རྟག་ཏུ་དུས་ཐམས་ཅད་དུ་མཆོད་པར་འོས་པར་འགྱུར་རོ། །དགེ་སྦྱོང་དང་། བྲམ་ཟེ་
དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་རྣམས་རྟག་ཏུ་དབང་དུ་བྱ་སྟེ། སྡུག་ཅིང་ཐམས་ཅད་བསྙེན་བཀུར་བྱེད་ཅིང་འདུག་པ་ནི་རས་ཀྱི་སྐུ་གཟུགས་ལ་མཆོད་པ་བླ་ན་མེད་པ་ཡིན་ནོ། །
རས་གྲུ་བཞི་ཁྱོན་ཀུན་ཁྲུ་གང་ངམ། ཁྲུ་དོ་པ་ལ་ལེགས་པར་བཏགས་པ། རས་འཇམ་པོ་ཐག་རན་བཟང་པོ་ཤིན་ཏུ་དག་པར་བཀྲུས་པ་གཙང་མར་བྱས་པའམ། ཡང་ན་དར་ཡུག་གམ། ཡང་ན་མོན་དར་རམ། ཤུན་ཕྲགས་ལ་ཟླ་བ་
ཡར་གྱི་ཚེས་བཅྭ་ལྔ་ཚང་བའི་བར་དུ་རས་ཀྱི་སྐུ་གཟུགས་བླ་ན་མེད་པ་བྲི་བར་བྱའོ། །སྣོད་གཙང་མ་སར་པའི་ནང་དུ་ཚོན་ལྷག་མ་མ་ཡིན་པ་བླུགས་ཏེ། རས་ཀྱི་སྐུ་གཟུགས་གསལ་བར་བྲི་བ་ནི་ཚོན་སྣ་ཚོགས་ཀྱིས་རྣམ་པར་དབྱེ་བར་བྱའོ། །དབུས་སུ་

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགོན་པོ་བྲི་བ་ནི་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ། སྤྱན་གསུམ་པ། ཞལ་གསུམ་པ། མཆོག་ཏུ་བཟང་བ། ཞལ་དང་པོ་ནི་མཛེས་ཤིང་སྡུག་པ། དབུ་ལྕང་ལོ་དང་ཐོར་ཚུགས་ཀྱིས་བརྒྱན་པ། ཅོད་
པན་ལ་འོད་དཔག་མེད་ཀྱིས་བརྒྱན་པ། དབུ་སྐྲ་འཁྱིལ་བར་བྱའོ། །མེ་ཏོག་གི་ཕྲེང་བ་བཅིང་བར་བྱའོ། །ཕྲེང་བའི་གོང་དུ་འོད་དཔག་མེད་བྱའོ། །ཅོད་པན་ལ་ཟླ་བ་ཕྱེད་པ་དང་འདོམ་གང་བྱའོ། །ཀུན་དུ་ལྕགས་ཀྱུ་བྱའོ། །ཀུན་དུ་འབར་བའི་ཕྲེང་བ་བྱའོ། །ཕྱག་བཞི་ལ་ཕྱག་
གཡོན་ན་པདྨའི་ལྕགས་ཀྱུ་གཡས་ན་མདུང་རྩེ་གསུམ་པའི་ལྕགས་ཀྱུ། གཡོན་གཅིག་ན་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ། གཡས་གཅིག་ན་རྡོ་རྗེ་ལྕགས་ཀྱུ་དབུགས་འབྱིན་པར་བྱའོ། །གདན་སེང་གེའི་པདྨོ་བྱའོ། །གཡོན་དུ་ལྷ་མོ་སྒྲོལ་མའོ། །
གཡས་སུ་དཀར་མོ་སྟེ། མེ་ཏོག་སྣ་ཚོགས་ཐོགས་པ། བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་ལ་བཞུགས་པ། འབར་བའི་ནང་ན་བཞུགས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱབ་ཏུ་རིན་པོ་
ཆེའི་ཤིང་ལྕུག་ཕྲན་དང་། ཡལ་ག་དང་། ཆས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །ནེ་ཙོ་དང་། རི་སྐེགས་དང་། ཤང་ཤང་ཏེའུ་དང་། རྨ་བྱ་དང་། བྱ་ཀ་ལ་པིང་ཀ་རིན་པོ་ཆེའི་གསེབ་ན་རྒྱུ་བར་བྱའོ། །ཤིང་གི་གོང་སྤྱི་བོ་ལ་ཁང་
བུ་རྩེག་མ་དང་བཅས་པའི་གཞལ་མེད་ཁང་གི་ནང་དུ་དེ་བཞིན་གཤེགས་པ་གསུམ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བཞུགས་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གི་གཡོན་དུ་སྲིན་མོ་རལ་པ་གཅིག་མ་བྱའོ། །གཡས་སུ་ལག་ན་རྡོ་རྗེ་ཁྲོས་པའི་གད་མོ་འབྱིན་
པའི་གཟུགས་མཆེ་བ་གཙིགས་པ་སྐྲ་གྱེན་དུ་བརྫེས་པ། ལྕང་ལོ་དང་ཅོད་པན་གྱིས་བརྒྱན་པ། རྡོ་རྗེ་ཐོགས་ཤིང་རྡོ་རྗེ་གསོར་བ། ནམ་མཁའ་ལ་བལྟ་བར་བྱའོ། །སྨད་དུ་གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་པོ་དང་། གཞོན་ནུ་དང་།

རྒྱལ་པོ་ཆེན་པོ་བཞི་བྱའོ། །གོང་དུ་དབང་པོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལྷའི་བུ་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་བྱའོ། །གཡས་ཕྱོགས་སུ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་བཏུད་དེ། བཅོམ་
ལྡན་འདས་ལ་མཆོད་པ་བྱེད་པའོ། །གཡོན་དུ་དགའ་བོ་དང་། བསྙེན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བྱད་པའོ། །གཡས་ཀྱི་གནས་གཅིག་ཏུ་རིག་སྔགས་འཆང་འཕགས་པ་སྤྱན་རས་གཟིགས་དབང་
ཕྱུག་གི་ཞབས་དྲུང་དུ་པུས་མོ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་ཞིང་མེ་ཏོག་སྣ་ཚོགས་ཀྱི་སྡོང་བུ་དང་། པོག་ཕོར་དང་། བགྲང་ཕྲེང་ལག་ན་ཐོགས་པ་བྱའོ། །ཕྱོགས་བཞི་ངོས་ཀུན་དུ་རིས་བསྐོར་བ་ལ་རི་དགས་ཀྱི་ཚོགས་སྣ་ཚོགས་
ཀྱིས་གང་བ། ཤིང་སྣ་ཚོགས་མེ་ཏོག་དང་། ལྕུག་མ་ཅན་བྱའོ། །རྫིང་བུ་ཆུ་ཟགས་པ་བྱའོ། །འབྲས་བུ་སྣ་ཚོགས་ཅན་གྱི་ཤིང་དང་ལྕུག་མ་བྱའོ། །གནས་སོ་སོར་དྲང་སྲོང་རྣམས་དང་། གྲུལ་བུམ་གྱི་ཤིང་བྱའོ། །ཚུལ་དེ་ལྟར་དོན་ཡོད་པའི་
ལྕགས་ཀྱུ་རས་ལ་བྲིས་ཏེ། གནས་གཙང་མ་དབེན་པར་བཞག་ལ་རིག་སྔགས་འཆང་བས་འབད་པ་ཆེན་པོས་མཆོད་པར་བྱའོ། །ཨ་ག་རུ་དང་། དུ་རུ་སྐ་དང་། ཙནྡན་གྱི་བདུག་པ་དབུལ་བར་བྱའོ། །ཅི་ནུས་པར་དོན་ཡོད་པའི་ལྕགས་ཀྱུའི་རིག་པའི་
རྒྱལ་པོ་བཟླས་བརྗོད་བྱའོ། །ཉི་མ་རེ་རེ་རས་ལ་སྐུ་གཟུགས་བྲིས་པ་མཐོང་བ་ཙམ་གྱི་མོད་ལ་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་དང་། སྒྲིབ་པ་དང་། མནར་མེད་པར་གཞོལ་བ་དང་། དམ་པའི་ཆོས་སྤོང་བ་རྣམས་ཡོངས་སུ་དག་ཅིང་ཟད་པར་
འགྱུར་རོ། །འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། སྡུག་བསྔལ་གྱི་འཇིགས་པ་མི་བཟད་པ་དང་། ནད་ཐམས་ཅད་ཡོངས་སུ་ཟད་པ་དང་། རྣམ་པར་དག་པར་འགྱུར་རོ། །རྣམ་པར་འཇིག་པར་འགྱུར་རོ། །དྲི་མ་དང་བྲལ་

བར་འགྱུར་རོ། །སེར་སྣ་དང་ཕྲག་དོག་དང་བྲལ་བར་འགྱུར་རོ། །གཟུངས་གྲུབ་པ་ཆེན་པོ་སོ་སོར་ཐོབ་པར་འགྱུར་རོ། །མཐོང་བ་ཙམ་གྱི་མོད་ལ་དེ་མ་ཐག་ཏུ་འབྲས་བུ་ཆེན་པོ་རྙེད་པ་རྒྱ་ཆེན་པོར་འགྱུར་རོ། །ལན་འགའ་ཡང་ལོག་པར་
ལྟུང་བར་འགྲོ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱིས་རྒྱུན་དུ་བསྲུང་ཞིང་རྗེས་སུ་གཟུང་བར་འགྱུར་རོ། །རས་ཀྱི་སྐུ་
གཟུགས་འདིའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་མངོན་དུ་མཐོང་བ་དང་འདྲ་བར་རིག་པར་བྱའོ། །གང་ཞིག་རས་ཀྱི་སྐུ་གཟུགས་འདི་ལ་ལེགས་པར་འགྱུར་བའི་ཚུལ་གྱིས་བྱ་བ་
བྱེད་པ་དང་། མཆོད་པ་དང་། བསྙེན་བཀུར་བྱེད་པ་དེ་ནི་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་དང་མཉམ་པའི་དེ་བཞིན་གཤེགས་པ་འབུམ་ཕྲག་བྱེ་བ་ཁྲག་ཁྲིག་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ལ་མཆོད་པར་འགྱུར་རོ། །
དེ་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་ན་རབ་ཏུ་བཞུགས་པའི་དེ་བཞིན་གཤེགས་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཡོངས་སུ་གཟུང་བར་འགྱུར་རོ། །དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱིར་མི་
ལྡོག་པའི་གནས་ཐོབ་པར་འགྱུར་རོ། །དགེ་བའི་བསམ་པ་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིག་སྔགས་འཆང་ཐམས་ཅད་གྲུབ་པར་བགྱི་བའི་ཕྱིར་དང་། སེམས་ཅན་གྱི་དོན་དང་། ཕན་པ་དང་། བདེ་བར་བགྱི་བའི་ཕྱིར་དང་། སྡིག་པ་དང་། སྒྲིབ་པ་ཐམས་ཅད་ལས་ཡོངས་སུ་གྲོལ་

བར་བགྱི་བའི་ཕྱིར་དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་རིམ་པར་ཕྱེ་བ་རྣམས་བསྟན་པ་ལགས་སོ། །བཅོམ་ལྡན་འདས་ཡང་བདག་ལ་མཆིས་པ་ནི་དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ཏེ། རིག་སྔགས་འཆང་ཐམས་ཅད་
ཀྱི་ཁྲོ་བོ་ཆེན་པོའི་ལས་གྲུབ་པ་མཆོག་ཏུ་འགྱུར་བ་དང་། བསམ་པ་དང་། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། མ་རུངས་པ་བརྩོན་པ་མེད་པ། བརྩེ་བའི་བསམ་པ་མེད་པ་ནི་གནོད་སྦྱིན་དང་། སྲིན་པོ་ཐམས་
ཅད་དང་། འབྱུང་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཐག་འཇུག་པ། མ་རུངས་པའི་བགེགས་དང་། ལོག་འདྲེན་ཐམས་ཅད་རབ་ཏུ་དུལ་
བར་མཛད་པ། བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་རབ་ཏུ་ཞི་བ་དང་། ཕུང་བར་བྱེད་པ། སེམས་ཅན་མ་རུངས་པ་ཐམས་ཅད་སྐྲག་པར་བྱེད་པ། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་འཆིང་བ་དང་། གཅོད་པ་དང་། འབིགས་
པ་དང་། རྡུང་བ་དང་། གཏོར་བ་དང་། ལུས་རྣམ་པར་ཞིག་པར་བྱེད་པ་དེ་ནི། བཅོམ་ལྡན་འདས་འདིར་བདག་གིས་པདྨོ་རྒྱས་པའི་དཀྱིལ་འཁོར་དོན་ཡོད་པའི་ཞགས་པའི་སྙིང་པོ་ཆོ་ག་ཞིབ་མོའི་དཀྱིལ་འཁོར་གྱི་སྐབས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་
མང་པོའི་ནང་དུ་དོན་ཡོད་པའི་ཁྲོ་བོའི་ལྕགས་ཀྱུ་བརྗོད་པར་བགྱི་སྟེ། དཀྱིལ་འཁོར་དང་ཆོ་ག་ཞིབ་མོ་ཐམས་ཅད་དུ་སྲུང་བར་བྱེད་པ་འཆོས་པར་བྱེད་པ། དམ་ཚིག་འཛིན་པ་གནས་ཐམས་ཅད་ལ་རྗེས་སུ་སྐྱོང་བ་སྟེ། དེ་ནི་སྒྲུབ་པར་བྱེད་པ། སྒྲུབ་པ་འགྲུབ་
པར་བྱེད་པའི་མཆོག་དེ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཆེན་པོའི་སླད་དུ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་བྱིན་གྱིས་བརླབ་ཅིང་རྗེས་སུ་གནང་བ་མཛོད་ཅིག་དང་། རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་འགྲུབ་པའི་སྙིང་པོ་དག་སེམས་ཅན་ཐམས་

ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་རྗེས་སུ་སྩལ་བར་བགྱིའོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་
ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱན་རས་གཟིགས་དབང་ཕྱུག་ཕྱག་རྒྱ་ཆེན་པོས་ཕྱག་རྒྱས་བཏབ་སྟེ། ངས་ཀྱང་བྱིན་གྱིས་བརླབས་སོ། །སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཕྱག་རྒྱས་བཏབ་ཅིང་
བྱིན་གྱིས་བརླབས་ཀྱིས་སྨྲོས་ཤིག །སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་ཐམས་ཅད་གསང་བ་པ་ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་བ་དང་། རྡོ་རྗེའི་སྙིང་པོ་ཐམས་ཅད་དམ་ཚིག་ལ་གནས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་
ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་སྨྲོས་ཤིག །སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་འཆང་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་གོ་སྐབས་དང་།
མཆོག་གྲུབ་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱིས་བཀས་བསྒོ་ཞིང་དབུགས་ཕྱུང་བ་ཐོས་ནས་སྙིང་དགའ། སྨིན་མ་བསྐུམས། དཔྲལ་བ་ཕྱེད་ཁྲོས་པར་
བྱས། གདོང་ཁྲོ་གཉེར་དུ་བྱས། མཆེ་བ་ནི་གཙིགས། སྤྱན་རས་གཟིགས་ཀྱི་ལུས་འཁོར་མང་པོའི་ནང་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་དོན་ཡོད་པའི་ཞགས་པ་ཁྲོ་བོའི་རྒྱལ་པོ་འདི་སྨྲས་པ། དུས་གསུམ་ན་བཞུགས་པའི་དེ་བཞིན་
གཤེགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་རྡོ་རྗེ་འཆང་བ་དང་། དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ལ་ཕྱག་འཚལ་ལོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རང་སངས་རྒྱས་

དང་། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ཤ་ར་དྭ་ཏིའི་བུ་བློ་གྲོས་ཅན་ལ་ཕྱག་འཚལ་ལོ། །དྲང་སྲོང་ཆེན་
པོའི་ཚོགས་ལ་ཕྱག་འཚལ་ལོ། །རྒྱལ་ཚབ་ཏུ་དབང་བསྐུར་བ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཁམས་གསུམ་པའི་བདག་པོ་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱིས་བསྐོར་བ་ལ་ཕྱག་འཚལ་ལོ། །དེ་
བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རིག་སྔགས་ཀྱི་རྒྱལ་པོ་ཆེན་པོའི་ཚོགས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོྃ་བི་ཀྲྀ་ཏ། བ་ད་ན། མ་ཧཱ་ཀྲོ་དྷ་རཱ་ཛཱ་བྷ་ཡཾ་ཀ་ར། མ་ཧཱ་དཾཥྚ། ཨཊྚཊྚ་ཧཱ་ས། ཛྭ་ལ་ཛྭ་ལ་མ་ཧཱ་ཛྭ་ལ། མཱ་ལ་མ་ཧ་རཽ་དྲ། རཱུ་པ་བྷ་ཡཾ་ཀ་རན། ཧ་ན་ཧ་ན།
སརྦ་དུཥྚ། ཡཀྵ། རཱཀྵ་སཱ་ན། ད་ཧ་ད་ཧ། སརྦ་དུཥྚ། ནཱ་གཱ་ནཱ་ན། པ་ཙ་པ་ཙ། སརྦ་དུཥྚ། བིགྷྣཾ་བི་ནཱ་ཡ་ཀཱ་ན། པཱ་ཏ་ཡ། པཱ་ཏ་ཡ། སརྦ་དུཥྚ་ས་ཏྭཱ་ནཱཾ། བྷོ་བྷོ་མ་ཧཱ་ཀྲོ་དྷ་རཱ་ཛ། མ་ཎི་ཀ་ན་ཀ། བཛྲ། བཻ་ཌཱུརྱ། ཨ་ལང་ཀྲྀ་ཏི། ཤ་
རཱི་རཱ་ན། བཛྲ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། མ་ཧཱ་པདྨ་ཨང་ཀུ་ཤ །བྷུ་ཛཱ་ཡ། མ་ཧཱ་པདྨ་ཨཱ་ས་ནཱ་ཡ། མ་ཧཱ་པདྨ་བི་ཀ་ཙ་གབྷཱ་ཡ། ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། བ་ལ་པ་རཱ་ཀྲ་མཱ་ཡ། ས་ཧ་སྲ། བིརྱཱ་ཡ། སརྦ་བྷཱུ་ཏ། བྷ་ཡཾ་ཀ་རཱ་ཡ། སརྦ་
དེ་བ་བྷ་བ་ན། ཀཱ་མ་པ་ཨུཏ་བྷ་བཱ་ཡ། མ་ཧཱ་བི་ཀྲྀ་ཏ། བ་ད་ནཱ་ཡ། ནཱ་ར་སིང་ཧ་མུ་ཁཱ་ཡ། དྷ་ར་དྷ་ར། བཛྲ་ཛྭ་ལ། དྷུ་རུ་དྷུ་རུ། མ་ཧཱ་ཙཎྜ། བེ་ག་དྷ་ར། ཙ་ར་ཙ་ར། ཙ་ཙ་ར། ནི་ཤ་ཙི་ར། ཨཱི་ཤྭ་ར། བྷྲྀ་ཀུ་ཊཱི་མུ་ཁ། ཧཱུཾ་ཧཱུཾ་

ཕཊ། ས་ར་ས་ར། པྲ་ས་པྲ་ར། སརྦ་པཱ་པ། ཀིལྦི་ཥ་ཧ་ར། མ་ཧཱ་མ་ཎི། ཏེ་ཛ་དྷ་ར། པདྨ་ཧ་སྟ། ཨོྃ་པདྨ་ཨང་ཀུ་ཤ་བྷུ་ཛེ། ཏ་རཱ་ཡ། མནྟྲ་མ་ཡ། བི་གྷཱཾ། ཤཱ་ས་ཡ། དུཥྚཱ་ན་ནཱ་ཤ་ཡ། སརྦ་པཱ་པཱ་བ་ར་ཎ་ཧཱུྃ་ཕཊ་སྭཱ་ཧཱ།
པཱ་ཤ་ཧ་སྟཱ་ཡ་སྭཱ་ཧཱ། པདྨ་དྷ་རཱ་ཡ་སྭཱ་ཧཱ། ས་མཱ་ཤྭཱ་ས་ཀཱ་ཡ་སྭཱ་ཧཱ། ཨ་མོ་གྷ་བ་ར་དྷ་རཱ་ཡ་སྭཱ་ཧཱ། ཀྲོ་དྷ་རཱ་ཛ་བྷ་ཡཾ་ཀ་རཱ་ཡ་སྭཱ་ཧཱ། བྲཧྨ་བེ་ཥ་དྷ་རཱ་ཡ་སྭཱ་ཧཱ། ཏྲཻ་ལོ་ཀྱ་པཱུ་ཛི་ཏཱ་ཡ་སྭཱ་ཧཱ། ཡ་མ། བ་རུ་ཎ། ཀུ་བེ་ར། ན་མཿ ཀྲྀ་ཏྭ་ཡ་སྭཱ་ཧཱ། བཛྲ་
དྷ་ར་པཱུ་ཛི་ཏཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་ལ་མ་ཏྲྀ་ག་ཎ། བན་དི་ཏ། པཱུ་ཛི་ཏཱ་ཡ་སྭཱ་ཧཱ། དེ་བ་ག་ཎ། བན་དྷི་ཏྭ་ཡ་སྭཱ་ཧཱ། ནཱ་ག་ཨཱ་ཀརྵཱ་ཡ་སྭཱ་ཧཱ། ཨོྃ་བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། སརྦ་མཎྜ་ལ་ཨ་དྷིཥྛི་ཏ་ས་མ་ཡ་སྭཱ་ཧཱ། སརྦ་མུ་དྲཱ་ཨ་དྷི་ཥྛི་ཏ་མུ་
དྲཱ་ཡཻ་སྭཱ་ཧཱ། ཨོྃ་ཨ་མོ་གྷ་བ་ར་དེ། མ་ཧཱ་དཾཥྚྲཱ། ཨཾ་ཀུ་ཤ་བཛྲེ་ཧཱུྃ། མ་ཧཱ་པདྨ། ཨཱ་ཤྭ་ས་དྷ་ར་ན་མོ་སྟུ་ཏེ་ཨ་མོ་གྷ་ཨཾ་ཀུ་ཤ་ཧཱུྃ་ཕཊ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་ཆེན་པོའི་གཟུངས་འདི་སྨྲས་པ་དང་། ལྷའི་གནས་དང་བཅས་པ་དང་། རི་རབ་དང་བཅས་
པའི་རྒྱ་མཚོ་གནས་དང་བཅས་པ་དང་། གཞལ་མེད་ཁང་རྣམས་ཀུན་ཏུ་འགུལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །མ་རུངས་པའི་ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་
པོ་དང་། འབྱུང་པོ་དང་། ཤ་ཟ་ཐམས་ཅད་དང་། བདུད་ལ་སོགས་པ་དང་། ལོག་འདྲེན་མ་རུངས་པ་དང་། གདོན་མ་རུངས་པ་རྣམས་ཁ་བུབ་ཏུ་འགྱེལ་ལོ། །མ་རུངས་པ་ཐམས་ཅད་ཀྱི་ཁྱིམ་ཀུན་དུ་ཚིག་སྟེ་འབར་བ། ཀུན་དུ་འབར། རབ་
ཏུ་འབར། འབར་བ་གཅིག་ཏུ་གྱུར་ཅིང་བསྲེགས་པ་དང་། ངུ་ཞིང་འགྲེ་ལྡོག་སྟེ། ཚོར་བ་དྲག་པོ་མི་བཟད་པ་ཆེན་པོ་མྱོང་ངོ་། །ལྷ་ཐམས་ཅད་ཤིན་ཏུ་འཁྲུགས་ཤིང་སྐྲག་གོ། །བདུད་ཀྱི་རིགས་རྣམས་བྲེད་ནས་ཁས་བཏགས་སོ། །འཇིག་

རྟེན་གསུམ་གྱི་བདག་པོ་ཐམས་ཅད་ཀུན་དུ་འཁྲུགས་སོ། །རྒྱ་མཚོར་གནས་པའི་ཀླུ་དང་། རྒྱ་མཚོའི་ཀླུ་ཆེན་པོ་དགའ་བོ་དང་། བསྙེན་དགའ་བོ་དག་ཀྱང་ཀུན་དུ་འཁྲུགས་ཤིང་ཤིན་ཏུ་སྐྲག་སྟེ་སྙིང་འདར་རོ། །གཞན་ཡང་སའི་སྟེང་ན་ཀླུ་སྟོང་ཕྲག་
བརྒྱ་གནས་པ་དང་། རྒྱ་མཚོའི་ཆུའི་ནང་གི་ཀླུ་གང་དག་དང་། རིལ་གནས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀུན་དུ་འཁྲུགས་སྐྲག་ཅིང་གཅིག་ཏུ་འབར་བར་གྱུར་ཅིང་གདུངས་སོ། །རྒྱལ་པོ་ཆེན་པོ་བཞི་རྣམས་གནས་ན་འདུག་ན་ཡང་སྐྲག་
གོ། །ནག་པོ་ཆེན་པོ་དང་། ཚོགས་ཆེན་པོའི་གཙོ་བོ་དང་། མ་མོའི་ཚོགས་ཀྱིས་བསྐོར་བ་དེ་དག་ཐམས་ཅད་སྐྲག་ཅིང་སྙིང་འདར་རོ། །གནས་ལ་བརྟེན་པའི་བདུད་ཀྱི་གནས་རྣམས་འདར་རོ། །འབར་ཀུན་དུ་འབར་ཏེ་གནས་དང་བཅས་
པར་སྲེག་གོ། །དེ་ནས་འཁོར་དེའི་ནང་གི་ལྷ་དང་། ཀླུ་རྣམས་བཅོམ་ལྡན་འདས་ཀྱི་སྟེང་རོལ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་སྣ་ཚོགས་འཐོར་རོ། །ལྷ་རྫས་ཀྱི་རྒྱན་སྤུད་པ་སྣ་ཚོགས་དང་། ཆོས་གོས་ཀྱི་ཆར་བ་འབེབས་
སོ། །མཆོད་པའི་ལས་བྱེད་ཅིང་ཙནྡན་གྱི་ཆུའི་ཆར་པས་ས་ལ་ཆག་ཆག་འདེབས་སོ། །ལྷ་རྫས་ཀྱི་གསེར་དང་། དངུལ་གྱི་མེ་ཏོག་དང་། རིན་པོ་ཆེ་སྣ་བདུན་རྣམ་པ་སྣ་ཚོགས་ཀྱི་ཆར་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། །དེ་ནས་གནོད་
སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་འབར་ཞིང་རྡོ་རྗེ་གསོར་ཏེ། ཤིན་ཏུ་འགྱིང་བག་ཏུ་སེང་གེའི་འགྲོས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ག་ལ་བ་དེ་ལོགས་སུ་སོང་སྟེ་ཉེ་བར་ཕྱིན་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཕྲེང་བ་བཅོམ་ལྡན་འདས་ཕྱག་ན་པདྨ་ལ་

ཕུལ་ཏེ། ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་གི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འདི་དབུལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ལ་ཐུགས་བརྩེ་བའི་སླད་དུ་ཐུགས་རྗེ་ཆེན་པོ་བཞེས་སུ་གསོལ། གང་གིས་བདག་ཡུན་རིང་པོར་
ཕན་པ་དང་། བདེ་བར་འགྱུར་ལགས་སོ། །ཁྲོ་བོ་ཆེན་པོའི་ཡང་ཆེན་པོ་བཤད་ཅིང་གང་དྲན་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །གང་དག་བདུད་མ་རུངས་པ་དང་། གང་དག་ཀླུ་མ་རུངས་པ་དང་།
གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མ་རུངས་པ་དང་། ལོག་འདྲེན་མ་རུངས་པ་རྣམས་ཁྱིམ་དང་བཅས་ཏེ། ལུས་ཀུན་དུ་ཚིག་ཅིང་རབ་ཏུ་འབར་ནས་ཁ་བུབ་ཏུ་འགྱེལ་ཅིང་སྲེག་གོ། །ཤི་ལ་ཐུག་པ་དང་སྲོག་སྐམས་པར་
འགྱུར་བའི་དོན་ཡོད་པའི་ལྕགས་ཀྱུ་ཁྲོ་བོའི་རྒྱལ་པོ་ནི་དུས་ཐམས་ཅད་དུ་མགོའི་སྤྱི་བོར་བླང་བར་བགྱིའོ། །བཅང་ངོ་། །བསྒོམ་མོ། །མཆོད་དོ། །རྒྱས་པར་བགྱིའོ། །རིག་སྔགས་འཆང་གང་གི་ལག་ན་ཁྲོ་བོའི་རྒྱལ་པོ་འཆང་བར་འགྱུར་བ་དང་།
རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་ལག་ན་ཐོགས་པའམ།
ལུས་ལ་ཐོགས་པའམ། ལྟ་བའམ། དྲི་བའམ། ཐ་ན་ཁྲོ་བོའི་རྒྱལ་པོ་ཉན་པ་ཙམ་དེ་ཡང་བཅོམ་ལྡན་འདས་བདག་གིས་ཁུར་དུ་བཀུར་བར་བགྱིའོ། །སྤྱི་བོས་བླང་བར་བགྱིའོ། །བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །བསམ་
པ་དང་། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །གྲུབ་པ་ཆེན་པོའི་ཆེན་པོ་རྗེས་སུ་སྩལ་བར་བགྱིའོ། །གནོད་སྦྱིན་དང་། སྲིན་པོ་དང་། བགེགས་དང་། ལོག་འདྲེན་མ་རུངས་པ་ཐམས་ཅད་སོ་སོར་བསལ་བར་བགྱིའོ། །

རྟག་ཏུ་རྗེས་སུ་འབྲང་ཞིང་བསྲུང་བ་དང་། བསྐྱབ་པ་དང་། སྤྲ་བར་བགྱིའོ། །རྟག་ཏུ་དུས་ཐམས་ཅད་དུ་མཐོང་བ་རྗེས་སུ་སྩལ་བར་བགྱིའོ། །རྟག་ཏུ་རྒྱུན་མི་འཆད་པར་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་ཅིང་ཕུན་སུམ་ཚོགས་པར་ཡོངས་སུ་བསྐྱང་བར་བགྱིའོ། །
ལུས་ལ་སྟོབས་དང་། བརྩོན་འགྲུས་དང་། གཟི་བརྗིད་བསྐྱེད་ཅིང་བསོད་ནམས་དང་། ཡེ་ཤེས་ཀྱི་གྲོགས་བགྱིའོ། །དགྲ་ཐམས་ཅད་སོ་སོར་བསལ་བར་བགྱིའོ། །ནོར་དང་། འབྲུ་དང་། བཟའ་བ་དང་། བཏུང་བ་དང་། གོས་
དང་། སྤུད་པ་དང་། རྒྱན་རྗེས་སུ་སྩལ་བར་བགྱིའོ། །བུ་གཅིག་པ་འདྲ་བར་རྗེས་སུ་བསྐྱང་བར་བགྱིའོ། །དད་པ་དང་། གུས་པས་དུས་ཀུན་དུ་མཆོག་ཏུ་མོས་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་
སྤྱན་རས་གཟིགས་དབང་ཕྱུག་གིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་ཁྱོད་ཀྱིས་ཁས་བླངས་པ་མཆོག་ཏུ་བཟང་པོ་བྱས་པ་འདི་ལེགས་སོ་ལེགས་སོ་ཞེས་སྨྲས་ཏེ། ལག་པ་གཡས་པ་བརྐྱང་ནས་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་
གི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བླངས་ཏེ། ལག་ན་རྡོ་རྗེ་ལ་རྗེས་སུ་བརྩེ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་དང་། དཀྱིལ་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱིས་ཡོངས་སུ་
ལོངས་སྤྱད་པའི་ཕྱིར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་དཀྱིལ་འཁོར་གང་ཡིན་པ་
འདིར་འདུག་ཅིང་དམ་ཚིག་ལ་གནས་པ་རྣམས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་ཇི་ལྟ་བ་བཞིན་དུ་འདུག་སྟེ། དེ་བཞིན་གཤེགས་པའི་དབུའི་གོང་དུ་གཏོར་རོ། །དེ་ནས་ཕྲེང་བ་དེ་ནམ་མཁའ་དེ་ལ་གཏོར་མ་ཐག་ཏུ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་དབུའི་སྟེང་དུ་ཟླ་བ་ཡིད་དུ་འོང་བ། དྲི་མ་མེད་པའི་མེ་ཏོག་དེ་ཁང་བུ་བརྩེགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། འོད་འཚེར་བ། ཀ་བ་བཞི་དང་། སྒོ་བཞི་ལེགས་པར་རྣམ་པར་འབྱེས་པ། གྲུ་བཞི་ལྷམ་པ། ཆུ་ཞེང་
ཤིན་ཏུ་རྒྱ་ཆེ་བ། ཤིན་ཏུ་ནང་ཡངས་པ། མེ་ཏོག་ཀ་ད་ལྱ་དག་གིས་མཛེས་པ། གཞལ་མེད་ཁང་སྣ་ཚོགས་ཡོངས་སུ་གྱུར་ཏེ་གནས་སོ། །དེ་དག་བྱང་ཆུབ་སེམས་དཔའི་དབུའི་སྟེང་ཐད་ཀར་ཡང་དེ་བཞིན་དུ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་རིན་པོ་ཆེ་
སྣ་ཚོགས་ཀྱིས་སྤྲས་པའི་ཁང་བུ་བརྩེགས་པའི་གཞལ་མེད་ཁང་དུ་ཤིན་ཏུ་གནས་སོ། །དེའི་ལག་ན་རྡོ་རྗེའི་དབུའི་སྟེང་གི་ཐད་ཀར་ཡང་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པར་ཤིན་ཏུ་གནས་སོ། །དེ་འཕགས་པ་སྤྱན་རས་གཟིགས་དབང་
ཕྱུག་གི་སྟེང་ཐོག་ཐག་ཏུ་ཡང་ཟླ་བ་ཡིད་དུ་འོང་བའི་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པ་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་ཀྱིས་སྤྲས་པ་མེ་ཏོག་ཀ་ད་ལྱས་མཛེས་པར་བྱས་ཏེ་གནས་སོ། །ཁང་བུ་བརྩེགས་པའི་ཉེ་འཁོར་ཀུན་གཤིན་རྗེ་དང་། ཆུ་ལྷ་དང་།
ལུས་ངན་པོ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ལྷའི་བུ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ལག་ན་རྔ་ཡབ་ཐོགས་ནས་གཡོབ་ཅིང་འདུག་གོ། །དེ་དག་ཀྱང་
འཁོར་འདུས་པ་ཆེན་པོ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་སོ། །དཀྱིལ་འཁོར་གྱི་རིག་པའི་རྒྱལ་པོའི་ལྷ་དེ་དག་ཐམས་ཅད་ཀྱང་ནམ་མཁའ་ལ་ཟླ་བ་ཡིད་དུ་འོང་བ་དྲི་མ་མེད་པའི་མེ་ཏོག་ཁང་བུ་བརྩེགས་པའི་ཕྲེང་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་
ཁང་བུ་བརྩེགས་པའི་ནང་ན་འཁོད་པ་ནི་ཉི་མ་དང་ཟླ་བ་སྤ་བ་བཞིན་དང་། ནམ་མཁའ་ལ་ཟླ་བ་ཉ་བ་ནི་རྒྱུ་སྐར་དང་། སྐར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྤ་བ་བཞིན་དུ་སྤ་བར་གནས་སོ། །མེ་ཏོག་དེ་དག་གི་ནང་ན་ལྷ་རྫས་ཀྱི་ཟླ་བ་ཡིད་དུ་འོང་བ་དྲི་མ་

མེད་པའི་མེ་ཏོག་སྣ་ཚོགས་དང་། ལྷ་རྫས་ཀྱི་པདྨ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀ་དང་། མན་དཱ་ར་བ་དང་། མ་ཧཱ་མན་དཱ་ར་བ་དང་། མེ་ཏོག་རོ་ཙ་དང་། མ་ཧཱ་རོ་ཙ་དང་། མེ་ཏོག་ས་ལ་དང་། ཏཱ་ལ་ཀ་དང་། མེ་ཏོག་ཏ་མ་ལ་དང་། ཙམ་
པ་ཀ་དང་། མེ་ཏོག་ཨ་དྷི་མུ་ཀ་ཏ་དང་། མེ་ཏོག་ཨ་ཤོ་ཀ་དང་། མེ་ཏོག་པ་ཏ་ལ་དང་། མེ་ཏོག་ནཱི་ལ་དང་། མ་ཧཱ་ནཱི་ལ་དང་། མེ་ཏོག་གན་དྷ་བརྵ་ཀ་དང་། མེ་ཏོག་སུ་མན་དང་། ཏ་ར་ཎ་དང་། ཀུ་ཨ་ཀའི་མེ་ཏོག་གི་ཆར་གྱི་རྒྱུན་ཕབ་
བོ། །བཅོམ་ལྡན་འདས་ལ་མཆོད་པ་དང་། དཀྱིལ་འཁོར་ཆེན་པོ་ལ་མཆོད་པའི་ཕྱིར་དང་། ལྷ་རྫས་ཀྱི་ཆོས་གོས་སྤུད་པ་དང་རྒྱན་སྣ་ཚོགས་ཀྱི་ཆར་ཇི་སྲིད་དུ་ཆར་འབབ་ཅིང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་དོ། །དེ་ལྟར་ན་ཆོ་འཕྲུལ་
ཆེ་བའི་ཆེ་བ་དག་སྣང་ངོ་། །རོལ་མོའི་སྒྲ་ཡན་ལག་ལྔ་པ་དག་ཀྱང་མ་བརྡུངས་པར་ནམ་མཁའ་ལ་སྒྲ་འབྱུང་ངོ་།། །།འཕགས་པ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་ཉི་ཤུ་བཞི་པ། དེ་ནས་དེ་
བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་མཆོག་ཏུ་དཀོན་པའི་ཁྲོ་བོའི་རྒྱལ་པོ་འདི་སྨྲས་ཏེ།
རིག་སྔགས་འཆང་ཐམས་ཅད་མཆོག་ཏུ་གྲུབ་པར་བྱ་བའི་ཕྱིར་མ་རུངས་པ་ཐམས་ཅད་འཇོམས་པ། སྡིག་པ་ཐམས་ཅད་སྲེག་པ་བཤད་པ་ལེགས་སོ་ལེགས་སོ། །འདི་ནི་ཕྱི་མའི་དུས་ན་རིག་སྔགས་འཆང་བ་རྣམས་ཀྱིས་ལན་ཅིག་དྲན་པ་ཙམ་གྱིས་
དགོས་པ་ཐམས་ཅད་བྱེད་པར་འགྱུར། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བ་སྦྱིན་པར་འགྱུར། གནས་ཐམས་ཅད་གཏོགས་པའི་གྲུབ་པ་ཆེན་པོ་རབ་ཏུ་སྟོན་པར་འགྱུར།

རིག་སྔགས་འཆང་བ་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ཆེན་པོ་ཐམས་ཅད་བྱེད་པར་འགྱུར། ཕྱི་མའི་ཚེ་ཕྱི་མའི་དུས་ན་འདི་ནི་འཇིག་རྟེན་ལས་འདས་པ་གཅིག་པོ་མཆོག་འགྲུབ་པར་འགྱུར་ཏེ། ལས་གྲུབ་པ་ཡང་དག་པར་གྲུབ་པའི་ཕྱིར་རོ། །དེ་ནས་
ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་ཞེས་བྱ་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནོད་སྦྱིན་ཆེན་པོ་སྟོང་ཕྲག་བརྒྱའི་བདག་པོ་སྟོབས་ཆེ་བ། དཔུང་ཆེ་བ་བརྟན་ཞིང་ཕ་རོལ་གནོན་པ་ཆེན་པོ་གང་གིས་ལག་མཐིལ་གཅིག་གིས་རིའི་རྒྱལ་པོ་ལྷུན་པོ་ཆེན་པོ་འགུལ་བར་བྱེད་
པ་ལྷའི་གནས་གཞལ་མེད་ཁང་དང་བཅས་ཏེ། རྒྱ་མཚོ་ཆེན་པོ་ན་གནས་ཏེ། འཁོར་བྱེ་བ་ཕལ་པོ་ཆེ་དང་ལྡན་པ། དྲག་པོ་གཟི་བརྗིད་དྲག་པོ་སྟོབས་ཆེ་བ། ཕ་རོལ་གྱི་དཔུང་འཇོམས་པར་བྱེད་པ་དེ་སྟན་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་
དེ་ལོགས་སུ་སོང་སྟེ་ཉེ་བར་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་
ཆུ་བ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོ་བོའི་རྒྱལ་པོ་ཆེན་པོའི་གཟུངས་རིག་སྔགས་ཀྱི་རྒྱལ་པོ་ཤིན་ཏུ་མི་བཟད་པའི་གསང་སྔགས་བཤད་པས་ནི་བཅོམ་ལྡན་འདས་གཞལ་མེད་ཁང་དང་བཅས་པ་བསྲེགས་སོ། །
གནོད་སྦྱིན་དུ་མ་སྟོང་ཕྲག་བྱེ་བ་ཁྲག་ཁྲིག་འཁོར་དང་བཅས་པ་འབར་བ་གཅིག་ཏུ་གྱུར་ཏེ་བསྲེགས་སོ། །བཅོམ་ལྡན་འདས་བདག་ནི་ཞིགས་ཏེ་ཚིག་ཅིང་ཞུ་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བདག་ལ་
སྐྱོབ་པ་སུ་ལགས། དཔུང་གཉེན་དུ་འགྱུར་བ་སུ་ལགས། བཅོམ་ལྡན་འདས་བདག་ནི་སྲོག་རྣམ་པར་ཞིག་གོ། །དུས་ཀྱི་ཞགས་པས་བཅིངས་སོ། །བཅོམ་ལྡན་འདས་བདག་ལ་ཕན་གདགས་སུ་གསོལ། བདེ་བར་གཤེགས་པ་

བདག་ལ་བསྐྱབ་ཏུ་གསོལ། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྱོད་མ་འཇིགས་པར་ཁྲོ་
པོའི་རྒྱལ་པོ་ལྕགས་ཀྱུའི་དཀྱིལ་འཁོར་གྱི་རྗེས་སུ་སོང་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སྐྱབས་སུ་ཉེ་བར་སོང་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་འདི་ནི་ཁྱོད་ཀྱི་སྐྱབས་དང་། དཔུང་གཉེན་དང་། སྐྱོབ་པ་དང་། རྟེན་དུ་འགྱུར་ཏེ། གང་གིས་འཁོར་གྱི་ཚོགས་དང་བཅས་པའི་གནོད་སྦྱིན་སྟོང་ཕྲག་བརྒྱའི་སྲོག་དང་བྲལ་བར་མི་འགྱུར་བ་ཡིན་ནོ། །ཀྱེ་གནོད་སྦྱིན་ཆེན་
པོ་མྱུར་བ་མྱུར་བར་སོང་སྟེ་སྐྱབས་སུ་འགྲོ་བར་བྱོས་ཤིག །དེ་ནས་ཁྲོས་པའི་གད་རྒྱངས་གཙུག་ཕུད་འབར་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅོམ་ལྡན་འདས་ཀྱིས་དབུགས་ཕྱུང་བ་རྟོགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་
དབང་ཕྱུག་ག་ལ་བ་དེ་ལོགས་སུ་སོང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ངུ་ཞིང་བརྒྱལ་ནས་ལག་པ་བརྐྱང་སྟེ་ཞབས་ལ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བསྐྱབ་ཏུ་
གསོལ། ཐུགས་རྗེ་ཆེན་པོ་བདག་བསྐྱབ་ཏུ་གསོལ། བདག་ལ་སྲོག་སྩལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་ནི་བསྲེགས་ཤིང་གཅིག་ཏུ་འབར་བར་གྱུར་ཏོ། །བཅོམ་ལྡན་འདས་གནོད་སྦྱིན་དུ་མ་སྟོང་ཕྲག་བརྒྱ་བྱེ་བ་འཁོར་དང་བཅས་
པ་སྲོག་དང་འབྲལ་བར་འགྱུར་རོ། །ཤེས་པ་ནི་སྟོར། སྟོབས་དང་བརྩོན་འགྲུས་སྤྲོ་བར་བྱེད་པ་ནི་ཉམས་ན། བཅོམ་ལྡན་འདས་བདག་གི་ལུས་སུ་ཞིག་གསོ་བར་བགྱིད། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོས་

པའི་གད་རྒྱངས་སྤྱི་གཙུག་འབར་བའི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉོན་ཅིག །ང་ཇི་སྲིད་སྟོན་གྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག །གནོད་སྦྱིན་གྱི་བདག་པོ་ཁྱོད་ཀྱིས་
འཛམ་བུའི་གླིང་གི་སེམས་ཅན་མང་པོ་ལ་རྣམ་པར་གཙེ་བར་བྱས། ཁྱོད་ཀྱིས་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་མང་པོ་ནི་ཟོས་ན་ཁྱོད་ཀྱིས་འཕགས་པའི་སྤྱན་མང་པོ་ནི་ཉམས་པར་བྱས། ཁྱོད་ཀྱིས་རིག་སྔགས་དང་། དཀྱིལ་འཁོར་
དང་། ཆོ་ག་ཞིབ་མོ་མང་པོའི་བར་ཆད་ནི་བྱས། གྲུབ་པ་རྣམས་ནི་མེད་པར་བྱས། མ་གྲུབ་པ་རྣམས་ཀྱང་མེད་པར་བྱས། སྐལ་བ་ཅན་མང་པོ་ནི་མེད་པར་བྱས། སྐལ་བ་མེད་པ་ནི་ཡོད་པར་བྱས། མི་འཚེ་བ་དང་། སྲོག་དང་ལོངས་སྤྱོད་ཀྱི་
བདེ་བ་ནི་མེད་པར་བྱས། འཚེ་བ་དང་སྲོག་རྣམ་པར་འཇིག་པ་ནི་འཕེལ་བར་བྱས། ཁྱོད་ཀྱིས་ལེགས་པར་བཤད་པ་ནི་ཡོངས་སུ་བོར། ཁྱོད་ཀྱིས་ཉེས་པར་བཤད་པ་དང་། སེར་སྣ་ནི་མང་དུ་བྱས། རིག་སྔགས་འཆང་ཐམས་ཅད་དང་། སེམས་
ཅན་ཐམས་ཅད་ལ་ཁྱོད་ནག་པོ་དང་། རྣམ་པར་འཇིག་པར་རབ་ཏུ་གནས། ཁྱོད་ཀྱིས་ངན་སེམས་ཐམས་ཅད་ནི་སྤེལ། ཁྱོད་ཀྱིས་དགེ་བའི་རྩ་བ་རྣམས་ནི་ནུབ་པར་བྱས། ལྷ་དང་བཅས་པའི་འཇིག་རྟེན་ན་ཁྱོད་ཤིན་ཏུ་མི་བཟད་པ་སྡིག་པ་ཅན་ཡིན། གཤིན་
རྗེའི་འཇིག་རྟེན་གྱི་གནས་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་ནང་ན་ཁྱོད་གཅིག་པུ་ངན་སེམས་ཅན་བར་ཆད་བྱེད་པར་སྐྱེས་པ་ཡིན་ཏེ། རྒྱུ་དེས་ན་གནས་སྐབས་འདི་འདྲ་བ་ཐོབ་པ་ཡིན་པས་ཀྱེ་གནོད་སྦྱིན་གྱི་བདག་པོ་དམ་ཚིག་དང་། བསླབ་
པ་དང་། སྡོམ་པ་ཁས་བླང་བ་དང་། དགེ་བའི་ཆོས་བྱོས་ཤིག །འོན་ཀྱང་ཁོ་བོ་ཁྱོད་ཀྱི་སྐྱབས་དང་། དཔུང་གཉེན་དུ་འགྱུར་བར་བྱའོ། །ཁྱོད་སྡུག་བསྔལ་བས་ཉམ་ཐག་པ་དང་། བཅིངས་པ་མི་བཟད་པ་དང་། མེ་འབར་བ་མི་བཟད་པའི་འཇིགས་

པ་ལས་ངས་ཡོངས་སུ་ཐར་བར་བྱའོ། །མཐོ་རིས་ཀྱི་ལམ་དུ་འཇུག་པར་བྱའོ། །དེ་ནས་ཁྲོས་པའི་གད་རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འཁོར་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་
པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་གཉིས་ལ་བཏུད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་སླན་ཆད་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཀྱི་བཀའ་ལུང་བཞིན་བགྱིས་ཏེ་དམ་ཚིག་ལ་གནས་པར་བགྱིའོ། །ཆོས་ཀྱི་རྗེས་སུ་སེམས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིས་པ་ལ་གནས་པར་བགྱིའོ། །ཁྲོ་བོའི་རྒྱལ་པོ་
འདི་དང་། རིག་སྔགས་ཀྱི་རྒྱལ་པོ་ལྕགས་ཀྱུའི་གཟུངས་དང་། ཆོ་ག་ཞིབ་མོ་དང་། གང་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཡོངས་སུ་བསྐྱང་བར་བགྱིའོ། །དོན་ཡོད་
པའི་ལྕགས་ཀྱུའི་གཟུངས་རིག་སྔགས་ཀྱི་རྒྱལ་པོ་འདི་འཆང་བ་དང་། ཀློག་པ་དང་། འདོན་པ་དང་། བཟླས་བརྗོད་ཀྱི་ཆོ་ག་ཀུན་སྤྱོད་པ་དེ་ལ་ནི་བདག་གནོད་སྦྱིན་བརྒྱ་སྟོང་དུ་མ་རྣམས་ཀྱིས་འོག་དང་། བླ་དང་། ཕྱོགས་བཞི་ཀུན་དུ་བསོད་ནམས་སུ་
དམིགས་ཏེ། བསྲུང་བ་དང་། སྦ་བ་དང་། བསྐྱབ་པར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །ལུས་ལ་སྟོབས་དང་། སྤྲོ་བ་དང་། གཟི་བྱིན་མང་དུ་བསྐྱེད་པར་བགྱིའོ། །དེའི་ཡུལ་ཕྱོགས་སུ་འཐབ་པ་དང་། རྩོད་པ་དང་། འགྱེད་པ་དང་། མཚང་
འདྲུ་བ་དང་། མ་ལེགས་པ་དང་། ལོ་ཉེས་དང་། མི་ངས་དང་། རིམས་དང་། གནོད་པ་དང་། འཁྲུག་པ་དང་། ཉམ་ཐག་པར་བྱེད་པའི་གདོན་དང་བཅས་པ་དང་། ནད་དང་། གཅོང་དང་། ཉོན་མོངས་པ་དང་། སྒྲིབ་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །རབ་ཏུ་

བསལ་བར་བགྱིའོ། །རྐུན་པོ་དང་། ཟོལ་པོ་དང་། མི་རྒོད་དང་། གཅན་གཟན་ཁྲོ་བོའི་འཇིགས་པ་རྣམས་བསལ་བར་བགྱིའོ། །དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་སོ་སོར་བཟློག་པར་བགྱིའོ། །རྨི་ལམ་ངན་པ་དང་། ལྟས་ངན་པ་དང་།
བཀྲ་མི་ཤིས་པ་བྱུང་བ་ཐམས་ཅད་སོ་སོར་བཟློག་པར་བགྱིའོ། །ཆར་ཆེས་པ་དང་། ཆར་མི་འབབ་པ་དང་། དུས་མ་ཡིན་པའི་ཆར་དང་། སད་དང་། ཐན་པ་དང་། བྱི་བའི་འཇིགས་པ་རྣམས་སོ་སོར་བསལ་བར་བགྱིའོ། །དབེན་པ་དང་། ཉམས་དགའ་བ་དང་། ལོ་
ལེགས་པ་དང་། འབྱོར་པ་སྦྱར་བར་བགྱིའོ། །སེམས་ཅན་མི་དགེ་བ་སྤྱོད་པ་ལས་བཟློག་པར་བགྱིའོ། །དགེ་བ་ལ་སྦྱོར་བར་བགྱིའོ། །སེམས་ཅན་དགེ་བ་སྤྱོད་པ་རྣམས་ཀྱི་གྲོགས་བདག་འཁོར་དང་བཅས་པས་བགྱིའོ། །ཡང་དག་པར་དད་པས་རྗེས་སུ་འབྲང་བར་
བསྒྲུབ་པར་བགྱིའོ། །བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སེམས་ཅན་ཐམས་ཅད་བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །ཆོས་ལ་ཞུགས་པའི་ཡིད་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པས་གནས་
པར་བགྱིའོ། །ཐམས་ཅད་དུ་བདག་མཆི་བར་བགྱིའོ། །ཇི་ལྟར་རང་གི་སྲོག་འདི་ཡོངས་སུ་བསྐྱང་བ་བཞིན་དུ་གཟུངས་དང་། རིག་སྔགས་གྲུབ་པ་འདི་ཡང་ཡོངས་སུ་བསྐྱང་བར་བགྱིའོ། །སྤྱི་བོས་བླང་བར་བགྱིའོ། །ཁུར་དུ་བཀུར་བར་བགྱིའོ། །སྒྲུབ་པར་འགྲུབ་པ་
ཆེན་པོ་སྩལ་བར་བགྱིའོ། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། སེམས་ཅན་མ་རུངས་པ་དང་། གནོད་སྦྱིན་ཆད་པས་སོ་སོར་བཟློག་པར་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྲོ་བོའི་གད་
རྒྱངས་སྤྱི་གཙུག་འབར་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་དུ་བྱ་བར་རིགས་སོ། །སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བ་ཆེན་པོས་གཟུང་བར་བྱའོ། །རིག་སྔགས་འཆང་

བ་ལ་བདག་ཉིད་ཀྱིས་བསྲུང་བ་དང་། བཅང་བར་བྱའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་སྐྱབས་གསུམ་ལ་གནས་ཤིང་དཀྱིལ་འཁོར་ཆེན་པོའི་དམ་ཚིག་དང་། དེ་བཞིན་གཤེགས་པའི་བསླབ་པའི་ཚིག་འཛིན་པ་ལ་གནས་པར་གྱུར་ཏོ། །རིགས་ཐམས་ཅད་ཀྱི་དམ་ཚིག་དང་
ལྡན་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡོན་ཏན་གྱི་ཕུང་པོ་མཆོག་ཏུ་བཟང་བ་ལ་གནོད་སྦྱིན་གྱི་བདག་པོ་ཁས་
ལེན་དུ་བཅུག་ཅིང་བཞག་པ་ལེགས་སོ་ལེགས་སོ། །ཁྲོ་བོའི་རྒྱལ་པོའི་ཆོ་ག་ཉེ་བར་སྤྱད་པ་དེ་སྨྲོས་ཤིག །རིག་སྔགས་འཆང་དེ་རྣམས་ཇི་ལྟར་མཆོག་འགྲུབ་པར་འགྱུར་བ་དང་། ལན་ཅིག་དྲན་པ་ཙམ་གྱིས་ཇི་ལྟ་ཇི་ལྟར་མྱུར་བ་མྱུར་བར་ལས་སྒྲུབ་པ་འགྲུབ་པར་འགྱུར་བ་དང་། ཇི་
ལྟར་དྲན་པ་ཙམ་གྱིས་ཇི་ལྟར་བསམས་པ་དང་། ཡིད་ལ་རེ་བ་འབྱོར་པར་འགྱུར་བ་དང་། དོན་ཡོད་པའི་ལྕགས་ཀྱུའི་ཁྲོ་བོའི་རྒྱལ་པོ་འདི་མྱུར་དུ་འགྲུབ་པར་འགྱུར་བ་དེ་ལྟར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རློབས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་
པ་སྤྱན་རས་གཟིགས་དབང་ཕྱུག །བཅོམ་ལྡན་འདས་ཀྱིས་བཀའ་ལུང་སྩལ་བ་རྟོགས་ནས་ཉེ་བར་བཤད་པའི་ཆོ་ག་སྨྲས་པ། བཅོམ་ལྡན་འདས་རིག་སྔགས་འཆང་བ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡིན་པའམ། གཞན་དགེ་སྦྱོང་དང་།
བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་རྣམས་ཁྲོ་བོའི་རྒྱལ་པོ་འདི་བསྒྲུབ་པར་འདོད་ན། དེ་ཟླ་བ་ཡར་གྱི་ངོའི་ཚེས་བཅྭ་ལྔ་ལ་འབྲས་ཆན་དང་། འོ་མ་ཟ་ཞིང་ནང་པར་སྔར་ལངས་ལ་འཕགས་པ་སྤྱན་རས་
གཟིགས་དབང་ཕྱུག་གི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་མི་སྨྲ་བར་གཎྜཱི་བརྡུང་བའི་དུས་ལ་བབ་ཀྱི་བར་དུ་འབྲས་ཆན་ཁྱོར་བ་བཀང་སྟེ། གཏོར་མ་བརྒྱ་རྩ་བརྒྱད་དབུལ་བ་བྱས་ན། དེས་ཁྲོ་བོའི་རྒྱལ་པོ་སྒྲུབ་པའི་ཆོ་ག་དེ་དག་འགྲུབ་པར་འགྱུར་ཞིང་མཆོག་ཏུ་འགྲུབ་

པར་འགྱུར་རོ། །དེ་ལྟར་བསྒྲུབས་ནས་དེ་ནས་བཟླས་བརྗོད་གཅིག་དང་། དྲན་པ་གཅིག་གིས་ཐམས་ཅད་དུ་འགྲུབ་པར་བྱས་ན་ཐམས་ཅད་དུ་བྱ་བ་ཐམས་ཅད་མཆོག་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་བ་ལས་བྱེད་པར་འདོད་ཅིང་། དོན་ཡོད་
པའི་ཞགས་པའི་སྙིང་པོ་སྒྲུབ་པར་འདོད་ན་ཁྲོ་བོའི་རྒྱལ་པོ་ལན་ཅིག་དྲན་པར་བྱའོ། །དྲན་པ་ཙམ་གྱི་མོད་ལ་བགེགས་དང་། ལོག་འདྲེན་ཐམས་ཅད་སྐྲག་པར་འགྱུར་ཞིང་དཔག་ཚད་ཚུན་ཆད་དུ་རིག་སྔགས་འཆང་བའི་དྲུང་དུ་འོང་བར་མི་ནུས་ཏེ། རྒྱང་རིང་པོ་རིང་པོ་ན་འདུག་གོ། །འདི་ལན་ཅིག་
དྲན་པ་ཙམ་གྱིས་བཟླས་བརྗོད་དང་། ཆོ་ག་དང་། སྒྲུབ་པ་བདེ་བར་འགྲུབ་ཅིང་དགོས་པ་སྒྲུབ་པ་ཐམས་ཅད་གྲུབ་པ་བླ་ན་མེད་པ་ཐོབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་སྦྱིན་པ་མཛད་པར་འགྱུར་རོ། །དཔག་ཚད་ཚུན་ཆད་དུ་འབར་བའི་ལྕགས་ཀྱུ་ཆེན་པོ་
འཕང་དུ་རི་ཆེན་པོ་ཙམ་འབྱུང་བར་འགྱུར་ཏེ། དཔག་ཚད་གསུམ་གྱི་ཚད་ཙམ་དང་། འོག་ཏུ་གཡང་སར་གྱུར་ཏེ། སུ་ཡང་འོང་མི་ནུས་སོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་
མ་ཡིན་པ་དང་བཅས་པས་གནས་དེར་འོང་བར་མི་ནུས་ན། མི་མ་ཡིན་པ་ཕལ་པ་དང་། བགེགས་དག་ལོག་འདྲེན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་དོ། །རིག་སྔགས་འཆང་བ་འཇིགས་པ་མེད་པར་ཡང་དགོས་པ་ཐམས་ཅད་གྲུབ་པ་སྒྲུབ་པར་བྱེད་དོ། །བགེགས་མེད་པར་
ཐམས་ཅད་དུ་སྒྲུབ་པ་འགྲུབ་པ་འཐོབ་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་ལས་ཐམས་ཅད་བྱ་བར་འདོད་ཅིང་གདོན་བསལ་བར་འདོད་ན། གུ་གུལ་དང་། ཡུངས་ཀར་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། གདོན་ལ་བདུག་པ་སྦྱིན་པར་བྱའོ། །ཡུངས་ཀར་གྱིས་བརྡེག་པར་བྱའོ། །ལན་
ཅིག་དྲན་པར་བྱའོ། །ལག་པ་གཡས་པའི་མཛུབ་མོས་ཁྲོས་པས་བསྡིགས་པར་བྱའོ། །བདུག་པ་དང་། བརྡེག་པ་དང་། དྲན་པ་ལྷན་ཅིག་ཏུ་བྱས་ན་མོད་ལ་གདོན་ཐམས་ཅད་འཇིག་པར་འགྱུར་རོ། །ཇི་སྟེ་ནག་པོ་ཆེན་པོ་རང་ཉིད་དམ། ལྷ་མ་ཡིན་གྱི་དབང་པོའམ། སྒྲ་གཅན་

ནམ། འཇིགས་བྱེད་ཀྱང་འཇིག་པར་བྱེད་ན། གདོན་གཞན་འོང་བར་ལྟ་ག་ལ་འགྱུར་ཏེ། མོད་ལ་གཅིག་ཏུ་འཇིག་པར་འགྱུར་རོ། །འབྱུང་པོ་དང་། གདོན་གྱིས་ཡོངས་སུ་ཟིན་པ་ཐམས་ཅད་ལ་དུར་ཁྲོད་ཀྱི་ཐལ་བ་ལ་ལན་ཅིག་བཟླས་བརྗོད་བྱས་ཏེ། སྤྱི་བོར་གཏོར་ཞིང་ལན་ཅིག་
དྲན་པར་བྱས་ན། མོད་ལ་འབྱུང་པོ་དང་གདོན་འབྲོས་པར་འགྱུར་རོ། །ན་ལ་ད་དང་། ཨན་ད་ནི་དྲ་ཀ་པ་ཙ་དང་། གུ་གུལ་དང་། ཧ་ས་དང་། བ་ལ་ཀ་དང་། མ་ཏུ་ལ་དང་། པདྨ་དང་། པུཥྤ་རྣམ་གཉིས་དང་། ར་ཛ་ནི་དང་། ཡུངས་ཀར་དང་། ཤིང་ཀུན་དང་། ན་ར་པདྨ་དང་།
བི་ཤ་ར་དང་། ཙན་དྲི་ཀ་རྣམས་རའི་གཅིན་གྱིས་སྦྲུས་ཏེ། རིལ་བུ་ནས་ཀྱི་འཛེལ་མ་ཙམ་བྱས་ཏེ། གྲིབ་མ་ལ་བསྐམས་ལ། ལྕགས་ཀྱུ་ལན་བདུན་བཟླས་པ་བྱས་ནས་ལས་ཐམས་ཅད་ལ་བདུག་པ་མཆོག་གི་རིལ་བུ་གཅིག་བདུག་པ་བྱས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་རི་དང་ནགས་ཚལ་དང་། གཅོང་རོང་དང་བཅས་པ་རྣམས་འགུལ་ལོ། །རྒྱ་མཚོ་ཆེན་པོ་ནི་འཁྲུགས་སོ། །རི་རབ་ཆེན་པོ་ནི་གཡོས་སོ། །སུམ་ཅུ་རྩ་གསུམ་གྱི་གནས་གཞལ་མེད་ཁང་དང་བཅས་པ་ནི་ཆེར་གཡོས་ཏེ་འགུལ་ལོ། །ལྷ་ཐམས་ཅད་སྐྲག་གོ། །ལྷ་མ་
ཡིན་ཐམས་ཅད་ངུ་ཞིང་ཕྱོགས་ཕྱོགས་སུ་འབྲོས་སོ། །ས་ནི་གཡོས་སོ། །ཀླུ་གང་དག་རྒྱ་མཚོ་ན་གནས་པ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཡི་དགས་དང་། བརྗེད་བྱེད་དང་། གསང་བ་པ་དང་། ཚངས་པའི་སྲིན་པོ་དང་། བགེགས་དང་། གདོན་མི་བཟད་པ་གཞན་
མ་རུངས་པ་དེ་དག་ཐམས་ཅད་དྲི་ཚོར་བ་ཙམ་གྱིས་རྣམ་པར་ཞིག་པར་འགྱུར་ཏེ། དོགས་པར་མི་བྱའོ། །ལུས་རྣམ་པར་ཞིག་པར་འགྱུར། བཅོམ་སྟེ་རུས་པ་ལྷགས་པར་འགྱུར། འཆི་བདག་གི་ཞགས་པའི་ཁར་འགྲོ་བར་འགྱུར། དེས་རྣམ་པར་ཞིག་པར་འགྱུར་བ་དེ་ལ་དོགས་པར་
མི་བྱའོ། །དུག་དང་བཅས་པ་ནི་མོད་ལ་དུག་མེད་པར་འགྱུར་རོ། །ཀླུ་འཇོག་པོ་དང་། ནོར་རྒྱས་ཀྱིས་གལ་ཏེ་ཟིན་པའམ། སྦྲུལ་གྱིས་ཟིན་པ་ལ་བདུག་པ་དང་། བྱུགས་པ་ཙམ་གྱིས་ཐམས་ཅད་དུ་དུག་མེད་པར་འགྱུར་རོ། །གང་དག་འཇིག་རྟེན་ན་

དུག་སྣ་ཚོགས་མི་བཟད་པ་ཡོད་པ་ལ་བདུག་པའི་དྲི་ཙམ་དང་བསྐུས་པ་དང་། རིལ་བུ་ཙམ་གྱི་མོད་ལ་དུག་ཐམས་ཅད་མེད་པར་འགྱུར་ཏེ། ཐེ་ཚོམ་མི་བྱའོ། །འབྲས་དང་། ཕོལ་མིག་དང་། ལུ་ཏ་དང་། ཤུ་བ་དང་། ཤ་བ་ཀྲ་དང་། རྐང་ཤུ་དང་། མཛེ་དང་།
འབྲུམ་བུ་དང་། ལྷོག་པ་རྣམ་པ་མང་པོ་དང་། ནད་མཆེད་པ་དང་། ལྦ་བའི་ཕྲེང་བ་དང་། ཁོང་འབྲས་དང་། རྐུབ་ན་བ་དང་། སྐྲན་དང་། འཁྲུ་བ་དང་། རྩིབ་ལོགས་ན་བ་དང་། སྙིང་ག་ན་བ་དང་། གྲེ་བ་འགགས་པ་དང་། ར