Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 092_རྒྱུད་འབུམ།_མ
Văn bản gốc(Tây Tạng)
Trang 18 / 20 (50.000 ký tự/trang)
། ཉི་མ་ཀུན་དུ་ལྟ་བའི་ཏིང་ངེ་འཛིན་དང་། ཡིད་གཉིས་ཡང་དག་པར་འཇོམས་ པའི་ཏིང་ངེ་འཛིན་དང་། ཀུན་དུ་ཕྱག་རྒྱའི་རྣམ་པའི་ཏིང་ངེ་འཛིན་དང་། ཀུན་ནས་དཀྱིལ་འཁོར་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་། ཕྱག་རྒྱའི་མཚན་ཉིད་ལ་ཀུན་དུ་ལྟ་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་ཡོངས་སུ་དག་པ་ཡང་དག་པར་འཛིན་པའི་ཏིང་ངེ་འཛིན་དང་། ཀུན་དུ་ལྟ་བའི་འོད་ ཟེར་གྱི་ཏིང་ངེ་འཛིན་དང་། པདྨ་བཀོད་པའི་ཏིང་ངེ་འཛིན་དང་། དོན་ཡོད་པ་ཀུན་དུ་ལྟ་བའི་ཏིང་ངེ་འཛིན་དང་། དོན་ཡོད་པ་དྲི་མ་མེད་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་དོན་ཡོད་པ་དྲི་མ་མེད་པའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་དང་། རྒྱ་ཆེན་པོ་དབུགས་འབྱིན་པ་དོན་ཡོད་པ་རིན་པོ་ཆེའི་ཏིང་ངེ་ འཛིན་དང་། དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། དཔུང་རྒྱན་རྒྱལ་མཚན་གྱི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། པདྨའི་ལྕགས་ཀྱུའི་ ཏིང་ངེ་འཛིན་དང་། དྲི་མ་མེད་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། ཀུན་ནས་འདྲེན་པའི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། དོན་ཡོད་པའི་འོད་ཟེར་གྱི་ལྕགས་ཀྱུའི་ཏིང་ངེ་འཛིན་དང་། ཀུན་དུ་ལྟ་བའི་གཟི་བརྗིད་ཀྱི་ཏིང་ངེ་འཛིན་དང་། རྟོགས་པ་དྲི་མ་མེད་པ་ཐོབ་པའི་ཏིང་ངེ་འཛིན་དང་། ཀུན་དུ་ ལྟ་བ་རབ་ཏུ་གསལ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་གཙོ་བོ་ལྔ་བཅུ་རྩ་གཉིས་པོ་འདི་དག་འཐོབ་པར་འགྱུར་ཏེ། ཏིང་ངེ་འཛིན་རེ་རེ་ལ་ཡང་འཁོར་བྱེ་བ་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་དེ་ཐམས་ཅད་ རྗེས་སུ་འཐོབ་པར་འགྱུར་རོ། །ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་འཕྲུལ་པ་འདིའི་བྱིན་གྱིས་བརླབས་ཀྱིས་ཀྱང་དོན་ཡོད་པའི་ཞགས་པའི་སྙིང་པོ་ཀློག་པ་དང་། འཆང་བ་དང་། བརྗོད་པ་དང་། སྒྲུབ་པ་དང་། ཕྱག་རྒྱ་འཆིང་བས་ཡོན་ཏན་དེ་དག་འཐོབ་པར་འགྱུར་རོ། ། ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོ་འཆང་བ་དང་། བརྗོད་པ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱེད་ན་ལག་ན་རྡོ་རྗེ་སེམས་ཅན་དེ་དངོས་གྲུབ་དོན་ཡོད་པ་འཐོབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། དེ་བཞིན་ གཤེགས་པ་བལྟ་བ་དོན་ཡོད་པ་འཐོབ་པ་དང་། གཟུངས་དོན་ཡོད་པ་འཐོབ་པ་དང་། ཏིང་ངེ་འཛིན་དོན་ཡོད་པ་འཐོབ་པ་དང་། བསོད་ནམས་སོགས་པ་དོན་ཡོད་པ་འཐོབ་པ་དང་། དེ་བཞིན་གཤེགས་པའི་ཡུལ་ལ་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། བྱང་ཆུབ་སེམས་དཔའི་ཡུལ་ལ་ རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱི་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དོན་ཡོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་དོན་ཡོད་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དོན་ཡོད་པ་དང་། ཕྱིར་མི་ལྡོག་པའི་གནས་སུ་འགྲོ་བ་དོན་ཡོད་པ་དང་། བློ་རྒྱས་པ་དོན་ཡོད་པ་དང་། ཤེས་རབ་ཟབ་མོ་རྣམ་པར་འཕྲུལ་པ་དོན་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་དོན་ཡོད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་དང་། བླ་མ་དང་། གུས་པར་བྱ་ བ་དོན་ཡོད་པ་དེའི་ཕྱིར་ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པ་ཞེས་མིང་དུ་གདགས་པ་བྱས་ན་ལག་ན་རྡོ་རྗེ་རིག་སྔགས་འཆང་རྣམས་ལ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། སེམས་འཁྲུག་པར་འགྱུར། དྲན་པ་དང་བློ་གྲོས་རྨོངས་པར་འགྱུར་ཏེ། དེའི་གནས་ན་མི་སྣང་ན་སུ་ཞིག་སྨྲ་བར་ནུས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་དོན་ཡོད་པ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་དེ་དོན་ཡོད་པ་ཞགས་པའི་མིང་དུ་དམིགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ནི་དོན་ཡོད་པ་སྟེ། ཡེ་ཤེས་དོན་ཡོད་པ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའི་མིང་དུ་ དམིགས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་ནི་དོན་ཡོད་པ་སྟེ། སྒྱུ་མ་ལྟ་བུ་གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའོ། །ཡེ་ཤེས་གང་ཡིན་པ་དེ་ཞགས་པའོ། །དེ་སྙིང་པོའོ། །སྙིང་པོ་ གང་ཡིན་པ་དེ་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཞེས་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ། །གང་ཡིད་ལ་སེམས་པ་དང་། གང་དོན་དུ་གཉེར་བ་དེ་ཐམས་ཅད་འདྲེན་ པར་འགྱུར། འགུགས་པར་འགྱུར། ལེན་པར་འགྱུར་ཏེ། ཤིན་ཏུ་རིང་པོ་ནས་ཀྱང་ཡེ་ཤེས་ཀྱི་ཞགས་པས་འགུགས་པར་འགྱུར་རོ། ལག་ན་རྡོ་རྗེ་དེ་བས་ན་དེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་མིང་དུ་དམིགས་སོ། །ལག་ན་རྡོ་རྗེ་གང་གིས་ཏིང་ངེ་འཛིན་འདི་འཐོབ་པ་དེ་ལ་ཇི་ལྟར་རྨོངས་ པ་སྐྱེ་བར་འགྱུར། བློ་དམན་པར་འགྱུར་ཏེ་གནས་འདི་ནི་མི་སྣང་ངོ་། །ལག་ན་རྡོ་རྗེ་གཞན་ཡང་གཟུངས་ཀྱི་སྒོ་དུ་མ་འཐོབ་སྟེ། གང་གིས་གཟུངས་འཐོབ་པ་དེས་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཆོ་ག་ཞིབ་མོ་འདིའི་གསང་སྔགས་མཐའ་དག་རྫོགས་པ་དང་། གསང་སྔགས་དང་། ཕྱག་རྒྱ་ དང་། གསང་སྔགས་རིམ་པར་ཕྱེ་བ་དང་། དཀྱིལ་འཁོར་ཁ་ཏོན་ཉིད་དུ་གནས་ཏེ་ཐམས་ཅད་སོ་སོར་ཡང་དག་པར་ཤེས་སོ། །འདི་ལྟ་སྟེ་དོན་ཡོད་པའི་རྒྱ་མཚོ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ལྕགས་ཀྱུ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་པདྨའི་ལྕགས་ཀྱུ་ ཞེས་བྱ་བའི་གཟུངས་དང་། དོན་ཡོད་པར་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རྣམ་པ་སྣང་མཛད་ཀྱི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་དང་། དོན་ཡོད་པ་ལྷུན་པོའི་སྙིང་པོ་ཡངས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་དྲི་མ་མེད་པའི་པདྨ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་འོད་ཟེར་རབ་ཏུ་སྣང་བ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་རྣམ་པར་འཕྲུལ་པའི་འོད་ཟེར་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་རྡོ་རྗེ་ཞེས་བྱ་ བའི་གཟུངས་དང་། དོན་ཡོད་པ་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་ཡངས་པ་སྣང་བ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་དངོས་གྲུབ་ཅེས་བྱ་བའི་གཟུངས་དང་། དོན་ཡོད་པ་དྲི་མ་མེད་པའི་འབྱུང་གནས་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པའི་བློ་རྒྱས་པ་ཞེས་ བྱ་བའི་གཟུངས་དང་། དོན་ཡོད་པའི་འབར་བའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་དང་། དོན་ཡོད་པ་ཉི་མའི་སྙིང་པོ་ཞེས་བྱ་བའི་གཟུངས་དང་། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀྱིལ་འཁོར་གསང་བ་དོན་ཡོད་པ་ཞེས་བྱ་བའི་གཟུངས་འཐོབ་སྟེ། གང་གིས་ གཟུངས་དེ་རྣམས་ཐོས་པ་ཙམ་གྱིས་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བའི་དཀྱིལ་འཁོར་མཐའ་དག་རྫོགས་པ་དང་། གསང་སྔགས་དང་། ཆོ་ག་དང་། ཆོ་ག་ཞིབ་མོ་རྒྱ་ཆེན་པོ་ཁ་ཏོན་ཏུ་གནས་ཤིང་ཐམས་ཅད་སོ་སོར་ཡང་དག་པར་ཤེས་ཏེ། གང་གིས་མཐུ་འདི་རབ་ཏུ་ཐོབ་པ་ལ་རྨོངས་པ་སྐྱེ་བར་མི་འགྱུར། དྲན་པ་ཉམས་པར་མི་འགྱུར། དྲན་པ་ཞན་པར་མི་འགྱུར། དྲན་པ་རྨུགས་པར་མི་འགྱུར། དྲན་པ་འཁུམས་པར་མི་འགྱུར། དྲན་པ་ མི་བརྟན་པར་མི་འགྱུར། དྲན་པ་གཞན་དུ་རྒྱུ་བར་མི་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། སེར་སྣ་དང་། ཕྲག་དོག་གི་རྗེས་སུ་འགྲོ་བར་མི་འགྱུར། དྲན་པ་སྡིག་པ་ཅན་དུ་མི་འགྱུར། དྲན་པ་འཇིག་རྟེན་པའི་མི་དགེ་བ་བྱེད་པར་མི་འགྱུར་ཏེ། རྟག་ཏུ་བློ་ ཡངས་ཤིང་རབ་ཏུ་གསལ་བར་འགྱུར་རོ། །རྟག་ཏུ་མི་མཉམ་པ་དང་མཉམ་པའི་དྲན་པ་དང་། བློ་རྒྱ་མཚོ་ལྟ་བུར་འགྱུར་རོ། །རྟག་ཏུ་དྲན་པ་ཟབ་ཅིང་རྒྱ་མཚོ་ཆེན་པོ་བསགས་པ་ལྟ་བུར་འགྱུར་རོ། །ལག་ན་རྡོ་རྗེ་དོན་ཡོད་པའི་ཞགས་པའི་སྙིང་པོའི་གཟུངས་ཆོ་ག་ཞིབ་མོའི་རྒྱལ་པོ་དེ་ལྟར་ གོ་སྐབས་ཡངས་པ་ལ་གང་གིས་གཟུངས་འདི་ཐོབ་པ་དེ་ལག་ན་རྡོ་རྗེ་ཇི་ལྟར་དྲན་པ་རྨོངས་པར་འགྱུར། གཞན་ཡང་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ལུས་ཡོངས་སུ་དག་པ་དང་། ཡིད་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མདངས་ཡོངས་སུ་དག་པ་དང་། མིག་ ཡོངས་སུ་དག་པ་དང་། རྣ་བ་ཡོངས་སུ་དག་པ་དང་། སྣ་ཡོངས་སུ་དག་པ་དང་། ལྕེ་ཡོངས་སུ་དག་པ་དང་། དབང་པོ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བཀླགས་པ་ཙམ་དང་། མཉན་པ་ཙམ་དང་། མཐོང་བ་ཙམ་དང་། ལྷག་པའི་བསམ་པ་ ཙམ་གྱིས་དེ་རྣམས་ཡོན་ཏན་གྱི་ཕན་ཡོན་ཆེན་པོའི་ཆེན་པོ་འདི་ཐོབ་སྟེ། གང་གིས་མཐུ་འདི་རབ་ཏུ་ཐོབ་པ་དེ་ལག་ན་རྡོ་རྗེ་ཇི་ལྟར་རྨོངས་པ་སྐྱེ་བར་འགྱུར། དེ་ལྟ་མོད་ཀྱི་ལག་ན་རྡོ་རྗེ་ཡུད་ཙམ་ཞིག་སྡོད་ཅིག་དང་། དེ་བཞིན་གཤེགས་པའི་འཁོར་མང་པོའི་དབུས་སུ་ཇི་ལྟར་མངོན་སུམ་ དུ་འགྱུར་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བབ་པར་བསྟན་པར་བྱའོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་རྫུ་འཕྲུལ་དམ་པའི་ཡུལ་གྱི་མཐུ་ཆེན་པོའི་ཆེན་པོ་ བསྟན་པར་བྱའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་ནས་དོན་ཡོད་པའི་ཡོན་ཏན་བཀོད་པའི་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འདི་དག་དང་། གཟུངས་ཀྱི་སྒོ་འདི་དག་མངོན་ སུམ་དུ་ཐོས་ནས་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། སྙིང་དགའ་བས་དགའ་བ་ཆེན་པོ་ཉིད་ཐོབ་པར་གྱུར་ནས་སྨྲས་པ། བདག་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ཡོངས་སུ་དགའ་བ་ཡིད་ལ་བགྱིད་པས་ངེས་པར་གནས་ པར་བགྱིའོ། །ཡིད་ལ་བགྱིད་པ་མཆོག་ཏུ་དགའ་བ་དང་ངོ་མཚར་དུ་གྱུར་པ་དང་། སོམ་ཉིར་གྱུར་པ་དང་བྲལ་བ་དང་། འགྱོད་པ་མཆིས་པས་གནས་པར་བགྱིའོ། །རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་གི་དོན་ཡོད་པའི་ཞགས་པའི་སྙིང་པོའི་མཐུའི་རྣམ་པར་འཕྲུལ་པ་འདི་ནི་མཆོག་ཏུ་རྙེད་པར་དཀའ་བའོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དྲི་མ་མེད་པར་ཀུན་ཏུ་སྣང་བའི་ནོར་བུ་རིན་པོ་ཆེ་ ཆེན་པོ་ཆོས་ཀྱི་དགའ་བར་ཕུལ་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ནས། ལན་གསུམ་བསྐོར་བ་བྱས་ནས་སོང་སྟེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་འགྱིང་བག་དང་། བརྗིད་བག་གི་འགྲོས་ཀྱིས་སོང་ནས་རང་གི་སྟན་ལ་འདུག་སྟེ། བཞིན་འཛུམ་པས་བཅོམ་ལྡན་འདུས་ཀྱི་ཞལ་དུ་བལྟས་ ནས་སྙིང་ཡོངས་སུ་དགའ་བས་བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ངོ་མཚར་མཆོག་ཏུ་རྨད་དུ་བྱུང་བ་སྙིང་རྗེ་དམ་པ་རྒྱ་ཆེན་པོའི་ལྷག་པའི་བསམ་པའི་དམིགས་པས་སེམས་ཅན་ཐམས་ཅད་བསྒྲལ་ བའི་ཕྱིར་འོད་ཟེར་དྲི་མ་མེད་པར་སྣང་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕུལ་ཏེ་ནམ་མཁའ་ལ་འཕགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ནོར་བུ་རིན་པོ་ཆེ་དེ་ནམ་མཁའི་དཀྱིལ་དུ་ འཕགས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆེར་གཡོས་པར་གྱུར་ཏོ། །འོད་ཟེར་གྱི་སྣང་བ་ཆེན་པོ་ཉི་མ་བྱེ་བ་བརྒྱ་སྟོང་བས་ལྷག་པའི་འོད་ཟེར་བྱུང་བར་གྱུར་ཏོ། །སྣང་བ་གང་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རེག་པ་ཙམ་གྱིས་སྡིག་ པ་ཐམས་ཅད་དང་། དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ངན་སོང་གི་འགྲོ་བ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །གང་ཡང་གླིང་བཞི་བའི་ཡི་དགས་དང་། དམྱལ་བ་དེ་དག་ལ་ཡང་སྣང་བ་དེས་སྣང་བར་གྱུར་པས་ཉི་ཚེ་བའི་དམྱལ་བ་རྣམས་ ཀྱི་གཏུབ་པ་མེད་པར་གྱུར་ཏེ། སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་སྐྱེས་ཏེ། ལུས་ཡོངས་སུ་དག་པར་གྱུར་ཏོ། །གང་ཡང་མནར་མེད་པའི་དམྱལ་བ་ཆེན་པོ་བཅུ་དྲུག་པོ་དེ་དག་ཀྱང་འོད་ཟེར་གྱི་སྣང་བ་དེས་རེག་པས་དམྱལ་བ་དེ་དག་ཐམས་ ཅད་དུ་པདྨའི་མཚོ་བྱུང་བར་གྱུར་ཅིང་། སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐལ་བ་མཉམ་པར་པདྨ་ལས་རྫུས་ཏེ་སྐྱེས་སོ། །གྲང་བའི་དམྱལ་བ་གང་ཡིན་པ་དེ་དག་ཀྱང་དྲོ་ཞིང་བདེ་བ་དང་། རེག་ན་བདེ་བར་གྱུར་ཏོ། ། ཚ་བའི་དམྱལ་བ་གང་ཡིན་པ་དེ་དག་ཀྱང་བསིལ་བར་གྱུར་ཅིང་། རེག་ན་བདེ་བ་དང་། རབ་ཏུ་དགའ་བར་གྱུར་ཏོ། །གང་ཡང་དུད་འགྲོའི་སྐྱེ་གནས་སུ་སོང་བ་རི་དགས་དང་། བྱ་དང་། ཐ་ན་སྦྲང་བུ་དང་། ཤ་སྦྲང་དག་ཀྱང་འོད་ཟེར་དེས་རེག་པ་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་ཐམས་ཅད་དགའ་ལྡན་ དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །སེམས་ཅན་གང་དག་བཅིངས་པར་གྱུར་པ་དེ་དག་ཀྱང་འོད་ཟེར་དེས་རེག་པས་སེམས་ཅན་བཅིངས་པ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །སུ་མི་འདོད་པ་དང་། ལྕགས་སྒྲོག་དང་། ལྕགས་ཀྱུ་ལུ་གུ་རྒྱུད་ཀྱིས་བཅིང་བ་དེ་དག་ཀྱང་དུ་མ་བུར་གྱུར་ཏོ། །གང་སྣོད་མ་ཡིན་ པ་དེ་ཡང་འོད་ཟེར་དེས་ཕོག་པས་མཐོང་བ་ཡོངས་སུ་དག་པ་འཐོབ་བོ། །གང་ཤ་བཀྲ་དང་མཛེའི་ནད་ཀྱིས་ལག་པ་དང་། རྐང་པ་དང་། རྣ་བ་དང་། སྣ་མཆང་བ་ཡང་འོད་ཟེར་དེས་ཕོག་པས་ལུས་ཡོངས་སུ་རྫོགས་པ་དང་། ལུས་ཡོངས་སུ་དག་པར་གྱུར་ཏོ། །གང་འབྲས་བུའི་ཤིང་ལྗོན་པ་ དང་། མེ་ཏོག་གི་ཤིང་ལྗོན་བའི་ཤིང་ལྗོན་པ་ཡོངས་སུ་སྐམས་པར་གྱུར་པ་ཡང་འོད་ཟེར་དེས་རེག་པས་མེ་ཏོག་དང་། འདབ་མ་དང་། འབྲས་བུ་བྱུང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་གང་དུ་འོད་ཟེར་བབ་པའི་སངས་རྒྱས་ཀྱི་ཞིང་དུ་གཏོགས་པ་དེ་ན་ཡང་སངས་རྒྱས་ཀྱི་ཞིང་སོ་ སོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་དགུ་བཅུ་རྩ་དགུ་སྙེད་བཞུགས་ཏེ། དེ་བཞིན་གཤེགས་པ་སོ་སོའི་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པའི་གཞལ་མེད་ཁང་དང་། སེང་གེའི་ ཁྲི་དང་བཅས་པའི་གཞལ་མེད་ཁང་བྱུང་བར་གྱུར་ཏོ། །ནམ་མཁའི་དཀྱིལ་གང་དུ་འོད་ཟེར་གྱི་སྣང་བས་རེག་པའི་ནམ་མཁའི་དཀྱིལ་དེར་ཡང་ཕྱོགས་བཅུར་ཀུན་དུ་རིན་པོ་ཆེའི་རང་བཞིན་གྱི། སྤྲིན་བརྩེགས་པས་ཁེབས་པར་གྱུར་ཏེ་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་སྣ་ཚོགས་ཀྱི་ཆར་རབ་ ཏུ་འབབ་བོ། །ལྷ་རྫས་ཀྱི་རྒྱན་དང་། ཅོད་པན་དང་། དཔུང་རྒྱན་དང་། གདུ་བུ་དང་། དོ་ཤལ་དང་། སེ་མོ་དོ་དང་། རྣ་རྒྱན་དང་། གསེར་གྱི་སྐུད་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །ཚོན་ཁ་དོག་རྣམ་པ་སྣ་ཚོགས་པའི་ལྷ་རྫས་ཀྱི་གོས་རྨད་དུ་བྱུང་བ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་ བོ། །ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །ལྷ་རྫས་ཀྱི་བྱུག་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། །ལྷ་རྫས་ཀྱི་བདུག་པ་སྣ་ཚོགས་དང་། ཙནྡན་སྦྲུལ་གྱི་སྙིང་པོའི་ཆར་རབ་ཏུ་འབབ་བོ། །ཚོན་ཁ་དོག་སྣ་ཚོགས་པའི་ལྷ་རྫས་ཀྱི་གོས་དང་། བ་དན་སྣ་ཚོགས་ཀྱི་ཆར་རབ་ཏུ་འབབ་བོ། ། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། ཨུཏྤལ་སྔོན་པོ་དང་། པ་རི་ཤ་ཀ་དང་། ཙམ་པ་ཀ་དང་། ཨ་ཏི་མུག་ཏ་ཀ་དང་། ཨ་ཤོ་ཀ་དང་། སྐྱ་སྣར་དང་། ཀ་དམ་པ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོའི་མེ་ཏོག་གི་ཆར་རབ་ཏུ་བབས་ཏེ། ཕྱོགས་ བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱེད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡང་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཡང་དག་པར་གནས་པར་གྱུར་ཏེ། གྲུ་བཞི་པ་ཀ་བ་བཞི་དང་། སྒོ་བཞི་དང་ལྡན་པ་ཤིན་ཏུ་འབར་བ། ལྷ་རྫས་ཀྱི་མེ་ཏོག་སྣ་ཚོགས་ལན་ཀན་ གྱིས་ཡོངས་སུ་བསྐོར་ཅིང་མུ་ཏིག་གི་དྲ་བ་སྣ་ཚོགས་ཀྱིས་བརྒྱན་པ་གསེར་གྱི་དྲིལ་བུ་སྣ་ཚོགས་ཕྱག་འཕྱང་བ་གོས་སྣ་ཚོགས་ཀྱི་ཕྲེང་བས་མཛེས་པར་བྱས་པ། ཆུ་ཤིང་གི་རྒྱལ་མཚན་སྣ་ཚོགས་བསྒྲེང་བ། ནོར་བུ་རིན་པོ་ཆེ་སྣ་ཚོགས་བཀྲམ་པ། གྲྭར་ལྷ་རྫས་ཀྱི་རྔ་ཡབ་སྣ་ཚོགས་ཀྱིས་མཛེས་པར་ བྱས་པ། གོ་སྐབས་རྒྱ་ཆེ་བའི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འབྱུང་ཞིང་སྣང་ངོ་། །ནམ་མཁའི་དཀྱིལ་ན་ཡང་ལྷ་རྣམས་ལྷ་རྫས་རྣམས་ཀྱི་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ དང་། རོལ་མོའི་སྒྲ་སྣ་ཚོགས་དང་། སིལ་སྙན་དང་། ཕེག་རྡོབ་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་ཅིང་འཁོད་དེ། དེ་ལྟར་དོན་ཡོད་པའི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་བྱིན་གྱིས་རླབས་རྨད་དུ་བྱུང་བ་ཆེན་པོའི་ཆེན་པོ་རབ་ཏུ་བསྟན་ཅིང་ཡ་མཚན་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་ པ་ཆེན་པོའི་ཆེན་པོར་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་བསྟན་ནས་རྣམ་པར་འཕྲུལ་པའི་བཀོད་པ་ཆེན་པོས་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་མངོན་དུ་བལྟས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ། ཕྱག་རྒྱ་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ། གསང་སྔགས་ཀྱི་སྙིང་པོ་གསང་བ་རིག་ སྔགས་ཀྱི་རྒྱལ་པོ་ཆེན་པོ་བདག་གི་སྙིང་པོ་གསང་བ། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ་དང་། དོན་ཡོད་པའི་ཁྲོ་བོའི་ལྕགས་ཀྱུ་དང་། རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པར་འདྲེན་པ། ནོར་བུ་རིན་པོ་ཆེ་ཆེན་པོ་གསུམ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དེ་བཅོམ་ ལྡན་འདས་ཀྱི་སྤྱན་སྔར་འཁོར་མང་པོའི་ནང་དུ་ཡོངས་སུ་བསྒྲགས་པར་བགྱིའོ། །གང་གི་དྲན་པ་ཙམ་གྱིས་དོན་ཡོད་པའི་སྙིང་པོའི་ཆོ་ག་ཞིབ་མོའི་ཕྱག་རྒྱ་དང་། དཀྱིལ་འཁོར་དང་། གསང་སྔགས་དང་ཆོ་ག་རིམ་པར་ཕྱེ་བ་མཐའ་དག་རྫོགས་པར་མངོན་དུ་གནས་པར་འགྱུར་ཏེ་ཐམས་ཅད་སོ་སོ་ ཉིད་དུ་གནས་སོ། །གསང་སྔགས་འདིས་གཟིར་བས་ཐམས་ཅད་མདུན་དུ་གནས་སོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སེམས་ཅན་དག་པ་ཆེན་པོ་ཁྱོད་ ཀྱིས་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རིག་སྔགས་ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ་སྨྲས་པ་ལེགས་སོ་ལེགས་སོ། །རིག་སྔགས་འཆང་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོའི་ཕྱིར་སེམས་ཅན་ཐམས་ཅད་དག་པ་ཆེན་པོ་ཁྱོད་ཀྱིས་དེའི་དུས་ལ་བབ་པར་ཤེས་ན་ ད་སྨྲོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱིས་བསྐུལ་བར་རིག་ནས་བཞིན་འཛུམ་ཞིང་མིག་མི་འཛུམས་པར་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་མངོན་དུ་ཕྱོགས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་ སྔར་འཁོར་མང་པོའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་ལྕགས་ཀྱུ་དོན་ཡོད་པའི་ཞགས་པ་འདི་སྨྲས་སོ། །དུས་གསུམ་དུ་གཤེགས་ཤིང་སོ་སོ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འཕགས་པ་ རྡོ་རྗེ་འཛིན་རིག་སྔགས་ཀྱི་དབང་པོ་ཆེན་པོ་འཁོར་གྱི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་གྱི་རིག་སྔགས་ཀྱི་ལྷ་ཐམས་ཅད་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་ཐམས་ཅད་ལ་ཕྱག་འཚལ་ལོ། །རང་སངས་རྒྱས་དང་། འཕགས་པ་ ཉན་ཐོས་ཀྱི་དགེ་འདུན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པ་དགའ་ལྡན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་འོད་དཔག་ མེད་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་གྱི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་དེ་བཞིན་གཤེགས་པ་དང་། དཀྱིལ་འཁོར་གསང་བ་དང་། གསང་སྔགས་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་ཆོ་ག་ ཞིབ་མོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིག་སྔགས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སྐུ་སེམས་ཅན་ཐམས་ ཅད་ལ་བྱམས་པ་ཀུན་ནས་དོན་ཡོད་པའི་དཀྱིལ་འཁོར་གྱི་རིག་སྔགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བགེགས་དང་། ལོག་འདྲེན་དང་། སྡང་བ་དང་། བདུད་ལ་སོགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པའི་སེམས་དཔའ་ཆེན་པོ་མཆོག་སྦྱིན་ལྕགས་ཀྱུ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཨཱ་ཀརྵ་ཡ། པདྨ་ཧསྟ། མ་ཧཱ་ཨ་མོ་གྷ་ཨཾ་ཀུ་ཤི། ཙ་ར་ཙ་ར། ཙ་ཙ་ར། སཉྩ་ར། ས་མནྟེན། མ་ཧཱ་པཱ་ཤ། ཨཾ་ཀུ་ཤ། བྷུ་ཛ་བ་ར་ད་བྷུ་ཛ་ཨཾ་ཀུ་ཤ་པཱ་ཤ་དྷ་ར། དྷ་ར་དྷ་ར། ས་མནྟ་མུ་དྲཱ། མནྟྲ་མཎྜ་ལ། པ་ཊ་ལ་དྷ་ར་ཨཾ་ཀུ་ཤ །པཱ་ཤེ་ན། དྷཱ་ར་ཡ་ཧཱུྃ་ཧཱུྃ། མ་ཧཱ་བྲཧྨ། བེ་ཥ་དྷ་ར། ཨ་མོ་ གྟ་རཱུ་པ། ཨཾ་ཀུ་ཤ་དྷ་ར། ཏ་ར་ཏ་ར། ཏ་ཏ་ར། ས་ན་ཏཱ་ར་ཡ། མ་ཧཱ་མུ་དྲཱ། མཎྜ་ལ། ཨ་མོ་གྷ་ཨཾ་ཀུ་ཤ་བ་ར་ད། མ་ཧཱ་ཀཱ་རུ་ཎི་ཀ །ཏྲི་ལོ་ཙ་ན། བཤུ་པ་ཏི། བེ་ཥ་དྷ་ར། ཨཱི་ཤྭ་ར། མ་ཧེ་ཤྭེ་ར། པ་ར་མ་ཀཱ་རུ་ཎེ་ཀ །མ་ཧ་དྷུ་ཏེ་ཤྭ་ར་ཡ་མ་བ་རུ་ཎ། ན་མ་སྐྲྀ་ཏ། ཀུ་མཱ་ར། ཏྲཻ་ལོ་ཀྱ་བ་ རད། དམ་ཀ །ཤ་མ་ཀ །ཤཱ་ས་ཀ །རཀྵ་ཀ །མ་ཧཱ་བིདྱཱ། ཨ་མོ་གྷ། མཎྜ་ལ། པཱུ་ཛི་ཏ། རཏྣ་མ་ཀུ་ཊ། མཱ་ལ་དྷ་ར། དྷུ་རུ་དྷུ་རུ། མ་ཧཱ་ཨཾ་ཀུ་ཤ་ཨཀྵ་དྷ་ར་ཧཱུྃ་ཧཱུྃ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ས་མནྟྭ་མུ་དྲཱ་མཎྜ་ལཾ་བཱུ་ར་ཡ་ཧཱུྃ་ཧཱུྃ། ཧྲི་ད་ཡ་ཨཾ་ཀུ་ཤི །ཨ་བ་ལོ་ཀཱ་ཡ། མཱ་ན་སཱ་ དྷ་ཡ་སིད་དྷི་ར། ཨཱ་ཀརྵ་ཡ། མུ་དྲཱ་མནྟྲ། མཎྜ་ལ། པ་ཊ་ལཾ། ས་མ་ཡ། བིགྷཾ་པྲ་སཱ་དྷ་ཡ་མཱ་རཾ། ཧ་ར་ཧ་ར། སརྦ་པཱ་པ་ཀི་ལ་བི་ཥ་མ་ལ། མཱ་ཏ་སརྱ། ཧུ་རུ་ཧུ་རུ། མ་ཧཱ་ཨཾ་ཀུ་ཤི །ཧཱུྃ་ཧཱུྃ། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷ་ཡ། ཏུ་རུ་ཏུ་རུ། མ་ཧཱ་བོ་དྷི་ས་ཏྭ་ཨཾ་ཀུ་ཤ་རཏྣ་པཱ་ཤཾ་དྷ་ར། ནཱ་ནཱ་བི་ཙི་ཏྲ་ཨཱ་བྷ་ར་ཎ་བི་བྷཱུ་ཥི་ཏ། ཨ་མི་ཏཱ་བྷ། ཛི་ན་མ་ཀུ་ཊ་དྷ་ར། དྷ་ར་དྷ་ར། པདྨ་པཱ་ཤ་ཨཾ་ཀུ་ཤ་དྷ་ར། སརྦ་བིདྱཱ་མནྟྲ་མུ་དྲཱ་མཎྜཱ་ལ། བྲ་བར། སཱ་དྷ་ཡ་སཱ་དྷ་ཡ། བི་ཤྭ་རཱུ་པ་དྷ་ར། ས་ཧ་སྲབྷུ་ཛ། ས་ཧ་སྲ་ནེ་ཏྲ། སཽ་མྱ་མུ་ཁ། པ་ར་མ་ཀཱ་རུ་ཎི་ཀ་ས་ཏྭ་བཏ་ས་ལ། སརྦ་མནྟཱ་མུ་དྲཱ། པྲ་སཱ་དྷ་ཀ །མ་ཧཱ་བ་ར་ད་ས་དཱ་ན་མཿསྟུ་ཏེ། ཨ་མོ་གྷ་ཨཾ་ཀུ་ཤ །པདྨ་བྷུ་ཛ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་སྨྲས་མ་ཐག་ཏུ་རི་པོ་ཊ་ལ་ཆེན་པོ་བྲག་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དུ་བཅས་པའི་གནས་ ཀྱི་གཞལ་མེད་ཁང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཆེན་པོ་བབ་བོ། །དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་ཕྱག་རྒྱ་དང་། གསང་སྔགས་དང་བཅས་པའི་དཀྱིལ་འཁོར་རིམ་པར་ཕྱེ་བའི་ཆོ་ག་ ཞིབ་མོ་འདིའང་སོ་སོར་ལེའུར་ཕྱེ་བ་མཐའ་དག་རྫོགས་པར་ནམ་མཁའ་ལ་གནས་སོ། །གང་གསང་སྔགས་ཀྱི་ཡིག་འབྲུའང་གསེར་ལ་བཻ་ཌཱུརྱས་ཡི་གེར་བྲིས་པ་སྤྲིན་གྱི་རིམ་པ་ན་སྣང་སྟེ། ཡི་གེའི་ཕྲེང་བ་མཉམ་ཞིང་གསལ་ལ་ཟུར་ཕྱིན་པར་བྲིས་པ། ཐིག་གི་ཕྲེང་བ་གཤིབས་པས་བརྒྱན་པ་སྣང་ངོ་། གང་ ལག་པའི་ཕྱག་རྒྱའང་པདྨའི་ནང་ནས་བྱུང་བ། ཕྱག་རྒྱ་བཅིང་བ་སྣ་ཚོགས་འོད་ཟེར་འབར་བ་ནམ་མཁའ་ལ་གནས་སོ། །གང་མཚན་མའི་ཕྱག་རྒྱའང་རིན་པོ་ཆེ་སྣ་བདུན་གྱི་པདྨ་ལ་རབ་ཏུ་གནས་པ་ནམ་མཁའ་ལ་གནས་པར་གྱུར་ཏོ། །གང་རས་ཀྱི་རི་མོའི་སྐུ་གཟུགས། གཟུགས་རྣམ་པ་སྣ་ཚོགས་ འཛིན་པ། རྣམ་པར་བཀྲ་བ་ཆོ་ག་དང་། ཡོ་བྱད་དང་བཅས་པ་རིམ་པར་ཕྱེ་བ་བྲིས་པའང་ནམ་མཁའ་ལ་གནས་སོ། །གང་དཀྱིལ་འཁོར་རིམ་པར་ཕྱེ་བ་དེ་དཀྱིལ་འཁོར་རྣམ་པ་སྣ་ཚོགས་གྲུ་བཞི་པ། གྲྭ་བཞི་ཆ་མཉམ་པ་རྣམ་པར་ཕྱེ་བ་དཀྱིལ་འཁོར་ཤིན་ཏུ་སྤྲས་ཤིང་བརྒྱན་པ། གཟུགས་ རྣམ་པ་སྣ་ཚོགས་ཀྱིས་མཛེས་པའི་གཞལ་མེད་ཁང་ཡང་ནམ་མཁའ་ལ་གནས་སོ། །དཀྱིལ་འཁོར་ཆེན་པོ་ན་གནས་པའི་རིག་སྔགས་ཀྱི་ལྷ་ཕོ་ཉ་དང་། ཁྲོ་བོ་དང་བཅས་པ་གཞལ་མེད་ཁང་ན་རྗེས་སུ་རྒྱུ་བ་དག་ཀྱང་ནམ་མཁའི་དཀྱིལ་ན་གནས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ། ཕྱོགས་སོ་སོའི་དེ་བཞིན་གཤེགས་པ་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་ཕྱོགས་བཅུ་ཀུན་གྱི་ནམ་མཁའི་དཀྱིལ་ན་དེ་བཞིན་གཤེགས་པའི་སྐུ་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ། །རིག་སྔགས་ཀྱི་མཆོག་དམ་པ་དོན་ཡོད་པའི་ལྕགས་ཀྱུའི་རིག་སྔགས་ཀྱི་རྒྱལ་པོ་མཐའ་དག་རྫོགས་པར་སྨྲས་པ་གང་གིས་དོན་ཡོད་པའི་ཞགས་པའི་ སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོར་གསང་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་དེ་དག་ཐམས་ཅད་དོན་ཡོད་པའི་ལྕགས་ཀྱུའི་གསང་སྔགས་ཀྱི་ཞགས་པས་ཀུན་ནས་དྲངས་སོ། །འཁོར་འདིའི་ནང་ན་ནམ་མཁའི་དཀྱིལ་ན་རབ་ཏུ་གནས་པ་དེ་ཕྱི་མའི་ཚེ་ཕྱི་ མའི་དུས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུ་ཡང་རུང་བ་བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོ་རིག་སྔགས་འཛིན་པ་ཐམས་ཅད་ཀྱིས་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འདི་དྲན་པར་བྱེད་ན་ལན་ཅིག་དྲན་པ་ཙམ་གྱིས་ཀྱང་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་ བྱས་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་རྣམ་པར་ཐར་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། གསང་སྔགས་དང་། དཀྱིལ་འཁོར་རིམ་པར་ཕྱེ་བ་དང་། ཆོ་ག་ཞིབ་མོ་དེ་ཐམས་ཅད་སོ་སོར་དེ་ལ་ཁ་ཏོན་ཉིད་དུ་གནས་ཏེ། དེ་དག་ཐམས་ཅད་རིམ་གྱིས་དྲན་པ་དང་། བློ་རྒྱ་མཚོ་ བསགས་པ་དང་། ཤེས་རབ་འཕེལ་བར་འགྱུར་རོ། །གསང་སྔགས་དང་། ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བ་སོ་སོ་ལ་བློ་འཇུག་པར་འགྱུར་རོ། །ནམ་ཡང་བློ་དམན་པར་མི་འགྱུར་ཞིང་ནམ་ཡང་བརྗེད་ངས་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། མཆོག་ཆེན་པོ་སྦྱིན་པ། ལག་ན་པདྨ། མཆོག་ཏུ་སྙིང་རྗེ་ཅན་ཁྱོད་ཀྱིས་ཆོ་ག་རྒྱ་ཆེན་པོ་སྨྲས་པ་ལེགས་སོ་ལེགས་སོ། །དེ་ནས་གནོད་སྦྱིན་གྱི་སྡེ་ དཔོན་ཆེན་པོ་ཕྱག་ན་རྡོ་རྗེས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་ཡོན་ཏན་མཐའ་ཡས་པ་འདི་མཐོང་ནས་དབུགས་ཆེར་འབྱིན་པར་གྱུར་ཅིང་མཆོག་ཏུ་དགའ་བ་ཆེན་པོ་ཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོར་འདིའི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ལྕགས་ཀྱུའི་བྱ་བའི་ཡོ་བྱད་དང་ཆོ་ག་བཤད་དོ། །བཅོམ་ལྡན་འདས་དེ་ནས་རིག་སྔགས་འཆང་གང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་ པའི་ཞགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་པ་རྣམ་པར་ཐར་པའི་དཀྱིལ་འཁོར་འདི་བསྒྲུབ་པར་འཚལ་བ་དང་། གང་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ཕའམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་སུ་ཡང་རུང་བ་བུད་མེད་དང་། སྐྱེས་པའམ། ཁྱེའུ་འམ། བུ་མོ་དོན་ཡོད་པའི་ཞགས་པའི་སྙིང་པོ་འདི་ཀློག་པར་འཚལ་བ་དང་། བསྟན་པར་འཚལ་བ་དང་། བཟླས་བརྗོད་ཀྱི་ཆོ་ག་བགྱི་བར་ འཚལ་བ་དང་། མཐའ་དག་རྫོགས་པར་བསྒྲུབ་པར་འཚལ་བ་དེས་སྔོན་རོལ་དུ་ཕྱོགས་བཅུར་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་ཤར་ཕྱོགས་སུ་ཁ་བལྟས་ཏེ་མཆིས་ལ་གཞན་མི་སྨྲ་བར་དོན་ཡོད་པའི་ལྕགས་ཀྱུའི་སྙིང་པོ་འདི་ལན་གསུམ་དྲན་པར་བགྱི་ཞིང་། ཡང་ཐལ་མོ་སྦྱར་ཏེ་ཕྱག་བགྱིའོ། དེ་ནས་དྲན་པ་ཙམ་གྱི་མོད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཀུག་པར་འགྱུར་ཏེ། རི་བོ་ཊ་ལའི་གཞལ་མེད་ཁང་དང་བཅས་པ་དང་། འཁོར་གྱི་དཀྱིལ་འཁོར་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་ དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་བཅས་པ་བཀུག་པར་འགྱུར་རོ།། །།འཕགས་པ་དོན་ཡོད་པའི་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ། བམ་པོ་ཉི་ཤུ་གཉིས་པ། དོན་ཡོད་པའི་ཞགས་པའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བགྱིས་ པ། རྣམ་པར་ཐར་པའི་དཀྱིལ་འཁོར་ཕྱག་རྒྱ་དང་བཅས་པ་གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་དང་། སྒྲུབ་པའི་ཆོ་གའི་རྣམ་པ་རྒྱ་ཆེན་པོ་མཐའ་དག་རྫོགས་པ་འདི་ཡང་བཀུག་པར་འགྱུར་རོ། །དཀྱིལ་འཁོར་ན་གནས་པའི་རིག་སྔགས་ཀྱི་ལྷ་འཁོར་དང་བཅས་པ་བཀུག་པར་འགྱུར་ཏེ། ཐམས་ཅད་ཡིད་རབ་ཏུ་དགའ་བར་གྱུར་པས་དངོས་གྲུབ་དམ་པ་རྗེས་སུ་སྩོལ་བར་འགྱུར་རོ། །དེ་ནས་དོན་ཡོད་པའི་རྒྱལ་པོའི་སྙིང་པོ་དྲན་པར་བགྱི་སྟེ། ཇི་ལྟར་ཤིན་ཏུ་རྒྱ་ཆེར་ཡིད་ལ་བགྱིས་པ་དེ་ལྟར་བསྒྲུབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་ཁ་ནས་དྲན་པ་ མཉན་ཞིང་རྒྱ་ཆེ་བ་དང་། བློ་དང་མདངས་དྲི་མ་མ་མཆིས་པར་འཇུག་པར་བགྱིད་དེ། ཞུགས་པ་ཙམ་གྱི་མོད་ལ་ལྕེ་པདྨའི་འདབ་མ་ལྟ་བུར་འཇམ་པར་འགྱུར་ཞིང་། ཁ་ནས་ཨུཏྤ་ལའི་དྲི་འབྱུང་བར་འགྱུར་རོ། །དབྱངས་སྙན་ཅིང་མཉེན་པ་དང་། འཇམ་པ་དང་། ཟབ་པ་དང་། ཚིག་རྣམ་ པར་དག་པར་འགྱུར་རོ། །མི་འམ་ཅིའི་དབྱངས་དང་། སྒྲ་སྙན་པ་དང་། དབྱངས་མཉེན་པ་དང་། དགའ་བར་བྱེད་པའི་དབྱངས་སུ་འགྱུར་ཞིང་ཀ་ལ་པིང་ཀའི་དབྱངས་སུ་འགྱུར་རོ། །ཇི་སྟེ་དུས་གསུམ་དུ་ལན་གསུམ་དུ་དྲན་པར་བགྱི་ན་གསང་སྔགས་དང་། ཆོ་ག་ཞིབ་མོ་དང་། དཀྱིལ་ འཁོར་དང་། ཕྱག་རྒྱ་རིམ་པར་ཕྱེ་བ་དང་། ཆོ་ག་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སྤྱིའི་དངོས་གྲུབ་དེ་རྫོགས་པར་འགྱུར་ཞིང་སྤྱོད་པར་འགྱུར་རོ། །བགེགས་དང་ལོག་འདྲེན་དང་བདུད་ལ་སོགས་པ་སྡང་བའི་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། སྔོན་ གྱི་སྒྲིབ་པ་དང་། དམྱལ་བར་མཆི་བའི་སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ། རིག་སྔགས་ཀྱི་རྒྱལ་པོ་ཆེན་པོ་དོན་ཡོད་པའི་ལྕགས་ཀྱུ་འདི་ལན་གསུམ་དྲན་པར་བགྱིས་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ཀྱི་མོད་ལ་བདག་རང་དང་། རང་གི་གནས་ཀྱི་ཁང་པ་དང་། སློབ་མ་དང་། བསྙེན་བཀུར་དང་། འཁོར་དང་བཅས་པ་མི་གཙང་བ་ཡང་གཙང་བར་འགྱུར། ཡོངས་སུ་མ་དག་པའང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །དྲི་མ་དང་བཅས་པའང་ཤིན་ཏུ་དྲི་མ་མ་མཆིས་པར་འགྱུར་རོ། །ཞེ་སྡང་དང་བཅས་པའང་ཞེ་སྡང་དང་ བྲལ་བར་འགྱུར་རོ། །གཏི་མུག་དང་བཅས་པའང་གཏི་མུག་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བཅས་པའང་འདོད་ཆགས་དང་བྲལ་བར་འགྱུར་རོ། །སྒྲིབ་པ་དང་བཅས་པའང་སྒྲིབ་པ་དང་བྲལ་བར་འགྱུར་རོ། །བགེགས་དང་བཅས་པ་དང་། བདུད་དང་ལོག་འདྲེན་ གྱིས་ཡོངས་སུ་ཟིན་པའང་བགེགས་དང་། ལོག་འདྲེན་དང་། བདུད་ལ་སོགས་པ་དང་བྲལ་བར་འགྱུར་རོ། །སེམས་ཀྱི་སྡིག་པའང་སྡིག་པ་དང་བྲལ་བར་འགྱུར་རོ། །ཐུན་མོང་མ་ཡིན་པའང་ཐུན་མོང་དུ་གྱུར་ཅིང་བསྲུངས་པར་འགྱུར་རོ། །མི་སྨྲ་བའི་བརྟུལ་ཞུགས་མ་མཆིས་པར་ ཡང་མི་སྨྲ་བའི་བརྟུལ་ཞུགས་ཆེན་པོ་དང་ལྡན་པར་འགྱུར་རོ། །སྨྱུང་བ་མ་བགྱིས་པའང་སྨྱུང་བ་བགྱིས་པར་འགྱུར་རོ། །རིག་སྔགས་ཀྱི་གནས་དང་ཡུལ་དང་དཀྱིལ་འཁོར་ཐམས་ཅད་དུ་ཚངས་པར་མི་སྤྱོད་པའང་ཚངས་པར་སྤྱོད་པ་ཆེན་པོར་འགྱུར་རོ། །ཚངས་པའི་གནས་ཆེན་པོ་ལ་གནས་ པར་འགྱུར་རོ། །དགེ་བ་མི་སྤྱོད་པའང་དགེ་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཆོས་མི་སྤྱོད་པའང་ཆོས་སྤྱོད་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །བསོད་ནམས་མི་བགྱིད་པའང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་འཕེལ་བར་འགྱུར་རོ། །དུལ་བའི་སྤྱོད་པ་མཆིས་པའང་དུལ་བའི་སྤྱོད་པ་ཆེན་ པོ་དང་ལྡན་པར་འགྱུར་རོ། །དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་མ་མཐོང་བ་དང་། དམ་ཚིག་མ་མཆིས་པའང་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། གསང་སྔགས་མཐོང་བ་དང་། དམ་ཚིག་འཚལ་བར་འགྱུར་རོ། །རིག་སྔགས་ཀྱི་གནས་དང་འཁོར་ཐམས་ཅད་ དུ་སངས་རྒྱས་དང་། ཆོས་མཐོང་བར་མི་འཚལ་བའང་བྱང་ཆུབ་དང་། ཆོས་དང་། དམ་ཚིག་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མ་བསམས་པའང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསམས་པར་འགྱུར་རོ། །སངས་རྒྱས་ཀྱི་ས་བོན་གྱི་ཡུལ་དུ་ མ་གྱུར་པའང་བྱང་ཆུབ་ཀྱི་ས་བོན་དང་ལྡན་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དང་མི་འབྲལ་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱི་བ་ལ་མཁས་པར་འགྱུར་རོ། །ཚུལ་ཁྲིམས་དང་མི་འབྲལ་ཞིང་ཏིང་ངེ་འཛིན་རབ་ཏུ་འཐོབ་པར་འགྱུར་རོ། །སྦྱིན་པ་དང་ ཡོངས་སུ་གཏོང་བ་དང་མི་འབྲལ་ཞིང་སྦྱིན་པ་དང་། ཡོངས་སུ་གཏོང་བ་དང་། སྦྱིན་པའི་ཚོགས་ཆེན་པོ་དང་ལྡན་པར་འགྱུར་རོ། །བཟོད་པ་དང་མི་འབྲལ་ཞིང་བཟོད་པ་ཆེན་པོའི་བཟོད་པའི་རྗེས་སུ་སྤྱོད་པར་འགྱུར་རོ། །བརྩོན་འགྲུས་དང་མི་འབྲལ་ཞིང་བརྩོན་འགྲུས་ཀྱི་སྟོབས་ཆེན་པོའི་གོ་ཆ་ བརྟན་པ་བགོས་པར་འགྱུར་རོ། །བསམ་གཏན་དང་མི་འབྲལ་ཞིང་བསམ་གཏན་ཆེན་པོ་འཐོབ་པ་དང་། ཏིང་ངེ་འཛིན་དང་ལྡན་པར་འགྱུར་རོ། །ཤེས་རབ་དང་ཐབས་ཅད་ལ་མཁས་པ་ཞན་པའང་ཤེས་རབ་དང་ཐབས་ལ་མཁས་པ་རྒྱ་ཆེན་པོར་འགྱུར་རོ། །རིག་སྔགས་དང་། གསང་སྔགས་ ཉམས་པའང་། གསང་སྔགས་དང་། ཕྱག་རྒྱ་ཡོངས་སུ་ཚང་བ་དང་། ཆོ་ག་ལ་མཁས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་དང་བྲལ་བའང་དགེ་བའི་བཤེས་གཉེན་ཆེན་པོའི་ལམ་ལ་རབ་ཏུ་གནས་པར་འགྲུབ་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་དུ་སྙིང་དུ་སྡུག་པ་དང་། བླ་མར་ བགྱིས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་དང་། མངོན་དུ་ཕྱག་བགྱི་བར་འགྱུར་རོ། །ཚིག་བཙུན་པར་ཡང་འགྱུར་རོ། །བསམ་པ་ཡོངས་སུ་དག་པར་ཡང་འགྱུར་རོ། །དེ་ལྟར་དོན་ཡོད་པ་ཆེན་པོའི་ཆོ་ག་རྒྱ་ཆེན་པོ་འདི་དག་ནི་ཐམས་ཅད་དུ་དངོས་གྲུབ་དོན་ཡོད་པ། མཆོག་ཏུ་རྙེད་པར་དཀའ་བ། དགེ་བ་དོན་ཡོད་པ་འདི་དོན་ཡོད་པའི་ལྕགས་ཀྱུས་འདྲེན་པར་བགྱིད་དོ། །དངོས་གྲུབ་ཐམས་ཅད་འགུགས་པར་བགྱིད་དོ། །སྒྲུབ་པ་ཐམས་ཅད་འདྲེན་པར་བགྱིད་དོ། །སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། མི་འཇིགས་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། དོན་དམ་པ་དང་། སྟོང་པ་ཉིད་འདྲེན་པར་བགྱིད་དེ་དོན་ཡོད་པའི་ལྕགས་ཀྱུ་འདིས་འདྲེས་པར་བགྱིད། ཡངས་ པར་བགྱིད། དངོས་གྲུབ་མཆོག་འདྲེན་པར་བགྱིད་དོ། །དེ་ལྟར་མཐུ་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། ཡོན་ཏན་ཆེན་པོར་བརྗོད་པས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་སྩོལ་བར་བགྱིད་དོ། །དེ་ལྟར་དགེ་བའི་རྩ་བ་ཆེན་པོ་དང་ལྡན་ཞིང་ཀུན་ཏུ་སོགས་པར་བགྱིད་པས་རིག་སྔགས་ ཀྱི་རྒྱལ་པོ་དོན་ཡོད་པའི་ལྕགས་ཀྱུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ནི་མཆོག་ཏུ་གྲུབ་པ་བླ་ན་མེད་པ་ལགས་སོ། །དེ་ནས་རིག་སྔགས་འཆང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའུ་རིགས་སམ། དམངས་རིགས་སམ། གཞན་དུ་ཡང་རུང་བ། བུད་མེད་དམ། སྐྱེས་པའམ། ཁྱེའུ་འམ། བུ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་གཟུགས་ཀྱིས་དགུག་པར་ འཚལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་གི་གཟུགས་སུ་མཐོང་བར་འཚལ་ན་དེས་ཆོ་ག་འདི་བགྱིའོ། །གཙང་མ་ཤིན་ཏུ་ཁྲུས་བགྱིས་པ། གོས་གཙང་མ་བགོས་པ། བའི་རྣམ་ལྔའི་ཆུ་ས་བསངས་པའི་མཆོད་ཕྱིར་ཐོགས་བཏགས་པས་རས་དམར་པོའི་ སྐུད་པའི་མཆོད་ཕྱིར་ཐོགས་ཁ་དོག་བཟང་པོ་གནས་བདུན་དུ་ཡོངས་སུ་གཟུང་སྟེ། མཚོག་མ་དང་། སྤྱི་གཙུག་བཅིང་བ་དང་། གནས་གསུམ་པོ་དཔུང་པ་གཉིས་སུ་བཅིང་བ་དང་། ལག་ངར་གཉིས་སུ་བཅིང་བ་དང་། དེ་ནས་རྐེད་པར་བཅིངས་པས། ས་ཕྱོགས་གཙང་མར་འདུག་ནས་སམ། གནས་གཞན་གང་ཡང་རུང་བ་དབེན་ཞིང་འཁྲུག་པ་མ་མཆིས་པ་དང་། དཀྱིལ་འཁོར་གྱི་སྟེགས་གྲུ་བཞི་པ་ཤིན་ཏུ་རྣམ་པར་མཛེས་པ་ཁྲུ་བཞིའི་ཚད་ཙམ་ལ་འཕང་སོར་བརྒྱད་ཀྱི་ཚད་ཙམ་ཀུན་ནས་ཟླུམ་པོ་ལེགས་པར་བྱུགས་པ་ཤིན་ཏུ་འཇམ་པ་བགྱིའོ། །དེ་ནས་ཚོན་སྣ་ཚོགས་ཀྱི་སྐུད་པས་རྣམ་པར་ མཛེས་པར་ཐིག་གདབ་བཅིང་ཚོན་རྩི་སྣ་ཚོགས་ཀྱིས་བྲི་བར་བགྱིའོ། །སྙིང་པོའི་དཀྱིལ་འཁོར་ནི་ཁྲུ་གང་ཙམ་གྱི་ཚད་ལ་གྲུ་བཞི་པ་རྣམ་པར་ཕྱེ་བ། ཤིན་ཏུ་མཛེས་པ། གྲུ་བཞི་ཀུན་ནས་ཁ་ཁྱེར་གྱི་རྣམ་པ་ཅན་བགྱིའོ། །དབུས་སུ་པདྨ་བགྱིའོ། །འདབ་མ་བརྒྱ་རྩ་བརྒྱད་པ། འདབ་མ་ཐམས་ཅད་ ལ་ལྕགས་ཀྱུ་བྲི་ཞིང་དབུས་ཀྱི་སྙིང་པོ་གེ་སར་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་བགྱིའོ། །འོད་ཀྱི་ཕྲེང་བ་ཟླུམ་པོ་ཚོན་རྩི་སྣ་ཚོགས་ཀྱིས་རྣམ་པར་མཛེས་པར་བགྱིའོ། །སྙིང་པོའོ་དཀྱིལ་འཁོར་གྱི་གྲྭ་བཞིར་ལྕགས་ཀྱུ་དང་ཞགས་པ་ཀུན་ནས་ཟླུམ་པོའང་བགྱིའོ། །ཕྱི་རོལ་གྱི་ དཀྱིལ་འཁོར་ཀུན་དུ་མཚན་མའི་ཕྱག་རྒྱ་སྣ་ཚོགས་ཀྱང་བྲི་བར་བགྱིའོ། །དཀྱིལ་འཁོར་གྱི་གྲྭ་བཞིར་རྣམ་པར་ཕྱེ་བར་རྒྱལ་པོ་ཆེན་པོ་བཞི་འབར་བའི་ནང་ན་གོ་ཆ་བགོས་པ། དྲག་ཤུལ་གྱི་གཟུགས་ཅན་འཇིགས་པར་བགྱིད་པ་བྲིའོ། །སྒོ་བཞི་རྣམ་པར་ཕྱེ་བར་ཡང་དཀྱིལ་འཁོར་གྱི་ལྷ་བྲི་བར་ བགྱི་སྟེ། ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་འཆང་ཞི་བའི་གཟུགས་ཅན་བཞིན་འཛུམ་པ། རྡོ་རྗེ་འགྱིང་བག་ཅན་དུ་འཛིན་པ། རི་རབ་ཀྱི་སྟེང་ན་འབར་བའི་ནང་ན་མཆིས་པ་བྲིའོ། །ལྷོ་ཕྱོགས་ཀྱི་སྒོར་ཁྲོ་བོའི་རྒྱལ་པོ་དྲག་ཤུལ་གྱི་གཟུགས་ཅན་འཇིགས་པར་བགྱི་དང་། པདྨ་དང་ཞགས་པ་ཐོགས་ པ། མེ་ཏོག་ཁ་ཕྱེ་བའི་སྟེང་ན་འབར་བའི་ནང་ན་མཆིས་པའོ། །ནུབ་ཕྱོགས་ཀྱི་སྒོར་དབང་པོ་རྡོ་རྗེ་ཐོགས་པ། མིག་གསུམ་པ་རིའི་སྟེང་ན་འབར་བའི་ནང་ན་མཆིས་པ་བྲིའོ། །བྱང་ཕྱོགས་ཀྱི་སྐོར་དོན་ཡོད་པའི་ཞགས་པ་གདོང་ཁྲོ་གཉེར་ཅན། པདྨ་དང་ཞགས་པ་ཐོགས་པ། པདྨའི་འདབ་ མའི་སྟེང་ན་འབར་བའི་ནང་ན་ལྕགས་ཀྱུ་དང་ལྷན་ཅིག་མཆིས་པ་བྲིའོ། །དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་གོས་དང་། བ་དན་དང་། མདའ་དང་། རྒྱལ་མཚན་ཀུན་གྱིས་བརྒྱན་པར་བགྱིའོ། །ཚོན་སྣ་ལྔའི་སྐུད་པས་ཁོ་ར་ཁོར་ཡུག་ཏུ་དཀྲི་བར་བགྱིའོ། །གཏོར་མ་ཐམས་ཅད་དཀར་པོ་གཞག་ གོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཀུན་དུ་དངུལ་དང་གསེར་གྱི་སྣོད་རྣམ་པ་སྣ་ཚོགས་པ་གཞག་གོ། །སྙིང་པོའི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་དངུལ་གྱི་སྣོད་བཀང་བ་བཞི་དང་། འོ་མས་བཀང་བ་བཞི་དང་། མཆོད་ཡོན་དང་། ཞབས་བསིལ་བའི་སྣོད་བཞི་དང་། དྲིའི་སྣོད་བཞི་དང་། དྲིས་ བཀང་བའི་སྣོད་བཞི་དང་། དངུལ་གྱི་ཕོག་པོར་ཨ་ག་རུ་དང་། ཙནྡན་དང་། དུ་རུ་སྐའི་བདུག་སྤོས་བསྲེགས་པ་བཞི་གཞག་གོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཁོ་ར་ཁོར་ཡུག་ཏུ་ས་ལས་བྱས་པའི་སྣོད་བཀང་བ་དང་། གཏོར་མའི་སྣོད་བུམ་པ་ཡོངས་སུ་བཀང་བ་དྲུག་ཅུ་རྩ་བཞི་དང་། བདུག་ པ་སྣ་ཚོགས་བསྲེགས་པའི་པོག་ཕོར་བརྒྱད་འཇིགས་པ་མེད་པར་གཞག་པར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་ཚེས་བཅུ་བཞི་ནས་ཟླ་བ་ཉ་ཚེས་བཅྭ་ལྔའི་བར་གྱི་ཉིན་ཞག་གཅིག་སྨྱུང་བ་བགྱིས་པས་འབྲས་ཡོས་དང་། ཡུངས་ཀར་ལ་དོན་ཡོད་པའི་རྒྱལ་པོའི་སྙིང་པོས་ལན་བརྒྱ་ རྩ་བརྒྱད་ཡོངས་སུ་བཟླས་པས་དཀྱིལ་འཁོར་དུ་གཏོར་བར་བགྱིའོ། །ཡུངས་ཀར་དང་། དྲི་ཆབ་ལ་ཁྲོ་བོའི་རྒྱལ་པོས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པས་དཀྱིལ་འཁོར་ཀུན་དུ་གཏོར་ཞིང་དཀྱིལ་འཁོར་དབང་བསྐུར་བར་བགྱིའོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་མར་མེ་དྲུག་ ཅུ་རྩ་བཞི་སྤར་བར་བགྱིའོ། །མེ་ཏོག་ཇི་སྙེད་པ་མང་པོ་དགྲམ་ཞིང་ཁོ་ར་ཁོར་ཡུག་ཏུ་ཕྲེང་བ་གཞག་པར་བགྱིའོ། །རིག་སྔགས་འཆང་གིས་དོན་ཡོད་པའི་ལྕགས་ཀྱུས་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པས་དཀྱིལ་འཁོར་ཀུན་དང་། ཕྱོགས་བཞི་དང་། སྟེང་དང་། འོག་ ཏུ་གཏོར་ན་དཀྱིལ་འཁོར་བཅིང་བ་བགྱིས་པར་འགྱུར་རོ། །ཕྱོགས་བཅིང་བ་དང་། སྤྱི་གཙུག་བཅིང་བ་དང་། བདག་བསྲུང་བ་བགྱིས་པར་འགྱུར་རོ། །བགེགས་དང་། ལོག་འདྲེན་དང་། འབྱུང་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། བདུད་ལ་སོགས་པ་ཐམས་ཅད་བཅིངས་ པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་མཐོང་བ་དང་། དེ་བཞིན་གཤེགས་པའི་བསླབ་པའི་གཞི་འཛིན་པ་དེ་ཐམས་ཅད་བཀུག་པར་འགྱུར་རོ། །དཀྱིལ་འཁོར་ཀུན་ ནས་བསྲུང་བའི་སླད་དུ་གཤིན་རྗེ་དང་། ཆུ་ལྷ་དང་། གཞོན་ནུ་དང་། ཀུ་བེ་ར་དང་། རྒྱལ་པོ་ཆེན་པོ་བཞི་དཔུང་དང་། འཁོར་དང་བཅས་པ། ལྕགས་ཀྱུ་དང་། ཞགས་པས་བཀུག་པར་འགྱུར་ཏེ། དཀྱིལ་འཁོར་ཀུན་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བགྱིད་པར་འགྱུར་རོ། འོག་གི་སའི་ལྷ་མོ་སའི་འོག་ན་གནས་པ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་སླད་དུ་མཆིས་པར་འགྱུར་རོ། །སྟེང་ནས་ནམ་མཁའ་ལ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། མཚན་མོའི་ལྷ་དང་། ཉི་མ་ དང་། ཟླ་བ་རྒྱུ་སྐར་དང་བཅས་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བགྱིས་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ཕྱག་བགྱི་བའི་ལས་བགྱི་སྟེ། རིག་སྔགས་འཆང་གིས་རྩྭ་ཀུ་ཤའི་སྟེང་དུ་ཤར་ཕྱོགས་ཀྱི་སྒོར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་སྐྱིལ་མོ་ཀྲུང་བཅས་ཏེ། མཆིས་ལ་གཞན་མི་སྨྲ་བར་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱིས་ལ། དཀྱིལ་འཁོར་གྱི་སྙིང་པོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཞག་པར་བགྱི་ཞིང་། མེ་ཏོག་རེ་རེ་ལ་བཟླས་བརྗོད་བགྱིས་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ མདུན་དུ་དོར་བར་བགྱིའོ། །དེ་ནས་ཁྲོ་བོའི་རྒྱལ་པོས་ཡུངས་ཀར་གྱི་འབྲུ་རེ་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་པས་གཏོར་བར་བགྱིའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུས་བཟླས་བརྗོད་སྟོང་རྩ་བརྒྱད་བགྱིས་པས་ དབུལ་བར་བགྱིའོ། །རིལ་བུ་རེ་རེ་ལ་བཟླས་བརྗོད་བགྱིས་པའི་བདུག་སྤོས་དབུལ་བར་བགྱིའོ། །ཡུངས་ཀར་རེ་རེ་ལ་བཟླས་བརྗོད་བགྱིས་ལ། སྙིང་པོའི་དཀྱིལ་འཁོར་གྱི་སྟེང་དུ་དོར་བར་བགྱིའོ། །སྟོང་རྩ་བརྒྱད་རྫོགས་པ་དང་། ཐུན་ཐ་མའི་ནམ་ནངས་ཀར་གྱ་ནོམ་པ། ཡིད་དུ་འོང་ ཞིང་དགའ་བ་དང་། རབ་ཏུ་དགའ་བར་བགྱིད་པར་ས་གཡོ་བར་འགྱུར་ཞིང་། སྒྲ་མཉེན་པ་དང་། སྙན་ཅིང་འཇེབས་པ་དང་། ཡིད་དུ་འོང་བ་ཟབ་མོ་ཟབ་མོ་དང་། ཀ་ལ་པིང་ཀ་དང་། མིའམ་ཅིའི་སྒྲ་དབྱངས་ལྟ་བུ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་གི་སེམས་བརྟན་པོར་བགྱི་ ཞིང་མཆོག་ཏུ་དགའ་བ་ཡིད་ལ་བགྱིད་པས་བཟླས་བརྗོད་བགྱིའོ། །དེ་ནས་དཀྱིལ་འཁོར་གྱི་སྙིང་པོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་མང་པོ་འབྱུང་ཞིང་ཕྱོགས་དང་། ཕྱོགས་མཚམས་ཀུན་ཏུ་མཆི་ཞིང་སྣང་བར་འགྱུར་ཏེ། ནམ་མཁའི་དཀྱིལ་ན་སྤྲིན་བརྩེགས་པའི་ཕུང་པོ་བཞིན་དུ་ འོད་ཟེར་གྱི་གཟུགས་སུ་གྱུར་ནས་གནས་པར་འགྱུར་རོ། །དེ་ནས་སྔོན་མ་བྱུང་བའི་དྲི་ཞིམ་པོ་རྨད་དུ་འབྱུང་བར་འགྱུར་ཞིང་ལྷའི་ཙནྡན་དང་། གོ་ཤིཪྵའི་ཙནྡན་དང་། ཙནྡན་སྦྲུལ་གྱི་སྙིང་པོ་དང་། ག་བུར་དང་། གླ་རྩིའི་དྲི་འབྱུང་སྟེ། དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་དྲི་ གནས་པར་འགྱུར་རོ། །ལྷ་རྫས་ཀྱི་བདུག་སྤོས་ཀྱི་དྲི་ཞིམ་པོ་སྔོན་མ་བྱུང་བ་རྨད་དུ་བྱུང་བ་བཻ་ཌཱུརྱ་སྔོན་པོའི་སྤྲིན་བརྩེགས་པ་ལྟ་བུའི་བདུག་སྤོས་ཀྱི་སྤྲིན་ནམ་མཁའི་དཀྱིལ་ན་གནས་པར་ཡང་འགྱུར་ཏེ། ཕྱོགས་བཅུ་ཀུན་ཏུ་བདུག་སྤོས་ཀྱི་དྲི་རྒྱས་པར་འགྱུར་རོ། །དེ་ནས་སྙིང་པོའི་ དཀྱིལ་འཁོར་གྱི་དབུས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ཉིད་ཀྱི་རང་གི་གཟུགས་ཀྱིས་འབྱུང་བར་འགྱུར་ཏེ། ཚངས་པ་བཟང་པོའི་ཆ་ལུགས་ཅན། རལ་པའི་ཐོག་ཚུགས་ཀྱིས་བརྒྱན་པ། དོན་ཡོད་པའི་ཞགས་པའི་གཟུགས་ལག་པ་བཞི་པ། པདྨ་དང་། ཞགས་པ་ཐོགས་པ། རྒྱལ་བ་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། དབུ་རྒྱན་ཟླ་བ་ཚེས་པས་བརྒྱན་པ། མདུང་རྩེ་གསུམ་པ་ཐོགས་ཤིང་དབུགས་འབྱིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། རང་གི་འོད་དང་གཟི་བརྗིད་ཀྱིས་ ཤིན་ཏུ་འབར་བ། བཞིན་འཛུམ་ཞིང་ཉི་མ་སྟོང་བས་ལྷག་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པ། ཁྲུ་བརྒྱད་ཙམ་གྱི་ལུས་བཟང་པོས་དཀྱིལ་འཁོར་གྱི་སྙིང་པོའི་པདྨའི་སྟན་ལས་ལངས་ཏེ། ནམ་མཁའ་ལ་མཆིས་ནས་ཞི་བའི་གཟུགས་ཅན་བྱམས་པའི་སེམས་དང་། སྙིང་རྗེ་ཆེན་པོ་ཡིད་ལ་ བགྱིས་པས་དཀྱིལ་འཁོར་ཀུན་དུ་ལྟ་ཞིང་ཕྱོགས་བཅུར་རྟོག་པར་བགྱིད་དོ། །དེ་ནས་རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་སྟེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ། །ལག་པ་གཡས་པ་བརྐྱང་བའི་ལག་མཐིལ་ཤིན་ཏུ་བཟང་པོ་འོད་ཟེར་བྱེ་བ་བརྒྱ་སྟོང་ ཕྲག་སྟོང་གིས་ལེགས་པར་བརྒྱན་པའི་ལག་པ་རིག་སྔགས་འཆང་གི་སྤྱི་བོར་འཇོག་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལག་པ་སྤྱི་བོར་བཞག་མ་ཐག་ཏུ་དེ་ནས་རིག་སྔགས་འཆང་དེ་ནམ་མཁའ་ལ་མཆིས་ཏེ། དོན་ཡོད་པའི་ཞགས་པ་དང་། ལྕགས་ ཀྱུ་རྒྱ་ཆེན་པོ་འོད་ཟེར་སྣང་བ་བཀོད་པ་རྣམ་པར་འཕྲུལ་པ་ཞེས་བྱ་བ་སྒྱུ་མ་ལྟ་བུའི་ཤུགས་ཀྱི་དཀྱིལ་འཁོར་ཞེས་བྱའི་ཏིང་ངེ་འཛིན་འཐོབ་སྟེ། ཏིང་ངེ་འཛིན་གཞན་ཡང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བྱེ་མ་སྙེད་འཐོབ་བོ། །ཀུན་དུ་དོན་ཡོད་པར་ལྟ་བ་ནོར་བུའི་སྙིང་པོ་རྒྱ་ཆེན་པོར་གྲགས་པ་ དོན་ཡོད་པའི་ལྕགས་ཀྱུའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའི་གཟུངས་འཐོབ་པར་འགྱུར་ཏེ། གང་གིས་གཟུངས་ཐོབ་པའི་མོད་ལ་དོན་ཡོད་པའི་ཞགས་པའི་སྙིང་པོའི་ཕྱག་རྒྱ་དང་། གསང་སྔགས་རིམ་པར་ཕྱེ་བའི་ཆོ་ག་ཞིབ་མོ་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱིས་ཕྱག་བགྱིས་པ། རྣམ་པར་ཐར་པའི་དཀྱིལ་འཁོར་མཐའ་དག་རྫོགས་པར་ཁ་ཏོན་ཉིད་དུ་གནས་སོ། །གཞན་ཡང་པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་མཐའ་དག་དང་། རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། གླང་པོ་ཆེའི་ རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་དང་། གསང་བ་ཆེན་པོའི་སྙིང་པོ་དང་། ཕྱག་རྒྱ་དང་བཅས་པའི་གསང་སྔགས་རིམ་པར་ཕྱེ་བ་གསང་བ་དང་། ཆོ་ག་ཞིབ་མོའི་རྣམ་པ་ཐམས་ཅད་ཁ་ཏོན་ཉིད་དུ་གནས་སོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་ བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱ་ཀླུང་གི་བྱེ་མ་དགུ་བཅུ་རྩ་གཉིས་པ་རྣམས་ཀྱི་གཙོ་བོ་དང་། མཆོག་དང་རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རིག་སྔགས་འཆང་དེ་ལ་སྨྲས་པ། རིག་སྔགས་ འཆང་ཇི་ལྟར་ཡིད་ལ་བྱེད་པ་དང་། བསམ་པ་སྨྲོས་ཤིག་དང་། མཆོག་དེ་ཐམས་ཅད་རྗེས་སུ་སྦྱིན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་ཡིད་ལ་བསམས་པ་དང་། མཆོག་མངོན་པར་འདོད་པ་དེ་ཐམས་ཅད་སྨྲ་ཞིང་མཆོག་ཡིད་ལ་རེ་བ་ཐམས་ཅད་སྦྱིན་པར་འགྱུར་རོ། ། གཞན་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དགོས་པ་སྣ་ཚོགས་ད་ལྟར་བྱུང་བ་རྣམས་སྨྲ་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲའོ། །ལོ་ལེགས་པ་དང་། ལོ་ཉེས་པ་དང་། བདེ་བ་དང་། ནད་དང་། འཇིགས་པ་དང་། ལྷག་པར་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་དང་། རང་གི་དམག་ཚོགས་དང་། ཕྱིར་རྒོལ་བ་དང་། དགྲ་བོ་དང་། ཡམས་ཀྱི་ནད་དང་། མི་ངས་དང་། གནོད་པ་དང་། ནད་འགོ་བ་དང་། འཚེ་བ་དང་། གཟའ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། མཚང་འདུ་བ་དང་། འགྱེད་པ་དང་། གཡུལ་ འགྱེད་པ་དང་། ཆར་ཆེས་པ་དང་། ཆར་དཀོན་པ་དང་། དུས་མ་ཡིན་པའི་ཆར་དང་། ཚེ་རིང་བ་དང་། ཚེ་ཐུང་བ་དང་། ཚེ་ཡོངས་སུ་ཟད་པ་དང་། དུས་མ་ཡིན་པར་འཆི་བ་གང་། འབྱོར་པ་དང་། རྒྱུད་པ་དང་། དགེ་བ་དང་། མི་དགེ་བ་དང་། སྐྱེ་བ་དང་། འགག་པ་དང་། འགྲུབ་པ་དང་། མི་འགྲུབ་པ་དང་། བགེགས་དང་། བགེགས་མེད་པ་དང་། བདུད་ཀྱི་བར་ཆད་དང་། འབྲུ་འཕེལ་བ་དང་། ནོར་འཕེལ་བ་དང་། ནད་མང་བ་དང་། ནད་དང་བྲལ་བར་འགྱུར་བ་གང་ཡིན་པ་དེ་ཐམས་ཅད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་རིག་སྔགས་འཆང་ལ་སྨྲ་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་འཇིགས་རྟེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་ མི་མ་ཡིན་པ་དང་། དུད་འགྲོའི་སྐྱེ་གནས་པ་རི་དགས་དང་། བྱའི་སྐྱེ་བ་དང་། འཆི་བ་དེ་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྨྲ་ཞིང་དེ་དག་གི་ཐམས་ཅད་ཀྱང་སྟོན་པར་འགྱུར་རོ། །ལྷར་སྐྱེ་བ་དང་། ཀླུར་སྐྱེ་བ་དང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སྐྱེ་བ་དང་། རྒྱལ་པོ་ཉིད་དང་། བུད་ མེད་དང་། སྐྱེས་པ་ཉིད་དང་། བུ་རྙེད་པ་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །བྲམ་ཟེའི་རིགས་སུ་སྐྱེ་བ་དང་། རྒྱལ་རིགས་སུ་སྐྱེ་བ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བ་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །གཞན་ཡང་རིགས་མཐོན་པོ་དང་། དམའ་བ་དང་། སྨད་པའི་རིགས་སུ་སྐྱེ་བ་སྣ་ཚོགས་དེ་དག་ཐམས་ཅད་སྟོན་ཅིང་སྨྲ་ལ། ཐབས་ཀྱང་སྟོན་པར་འགྱུར་རོ། །དེ་ནས་རིག་སྔགས་འཆང་གིས་ཇི་ལྟར་བསམས་པའི་དོན་དེ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མངོན་སུམ་དུ་སྨྲ་ཞིང་ཐམས་ཅད་གཏམ་ཟེར་རོ། །གཞན་ ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འཇིག་རྟེན་པའི་མཆོག་སྣ་ཚོགས་དང་། སྒྲུབ་པ་དང་། གྲུབ་པ་དེ་ཐམས་ཅད་དེ་ལ་སྩོལ་བར་བགྱིད་དེ། འདི་ལྟ་སྟེ་ནོར་བསྒྱུར་བ་སྨྲ་བ་དང་། ཞིང་སྨྲ་བ་དང་། མགོ་སྨན་གྱི་དངོས་གྲུབ་དང་། མི་སྣང་བ་དང་། མིག་འཕྲུལ་དང་། གཏེར་སྨྲ་བ་དང་། ཕུག་ཏུ་འཇུག་པ་དང་། ནགས་སུ་འཇུག་པ་དང་། སྤོ་པ་དང་། དབང་དུ་བྱ་བ་དང་། དབབ་པ་དང་། རོ་ལངས་བསླང་བ་དང་། ནད་ཞི་བར་བྱ་བ་དང་། གོས་འཐོབ་པ་དང་། གྲོང་འཐོབ་པ་དང་། ཡུལ་གྱི་བདག་པོ་ཉིད་དང་། ཆུ་ཀླུང་ཆེན་པོ་རྒལ་བ་དང་། དུག་ བཟའ་བ་དང་། གསང་སྔགས་སྣ་ཚོགས་སྒྲུབ་པའི་དངོས་གྲུབ་དང་། འཇིགས་པ་ཆེན་པོ་བརྒྱད་ཞི་བར་བྱ་བ་དང་། དགུག་པ་དང་། དྲན་པ་དེ་ཐམས་ཅད་སྩོལ་བར་བགྱིད་དོ། །གཞན་ཡང་ཇི་ལྟར་ཡིད་ལ་བགྱིད་པ་དེ་ཐམས་ཅད་སྩོལ་བར་བགྱིད་དོ། །དེ་དག་ཐམས་ཅད་ཀྱི་དགོས་པ་ ཐམས་ཅད་དོན་ཡོད་པའི་ཞགས་པའི་ལྕགས་ཀྱུའི་སྙིང་པོས་འདྲེན་ཅིང་། དོན་ཡོད་པའི་ཞགས་པས་བཅིང་བར་འགྱུར་རོ། །བསམས་པ་དང་། དོན་དུ་གཉེར་བ་དང་། ཡིད་ལ་རེ་བའི་དགོས་པ་དེ་ཐམས་ཅད་ཤིན་ཏུ་རིང་པོ་ནས་ཀྱང་དོན་ཡོད་པའི་ཞགས་པས་བཅིངས་ནས་ཐམས་ཅད་དྲངས་ཏེ་ ལག་ཏུ་ཐོབ་པར་འགྱུར་རོ། །སྒྲུབ་པ་མཆོག་གི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་འགྲུབ་པར་འགྱུར་ཏེ། མི་སྣང་བར་གྱུར། རིག་སྔགས་འཆང་ནམ་མཁའ་ལ་མཆེ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གང་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་མཆི་འཚལ་བ་དེ་དང་དེ་ཐམས་ཅད་དུ་མཆི་བར་ གྱུར་ཏེ་ཐམས་ཅད་དུ་གཙོ་བོར་འགྱུར། ཐམས་ཅད་དུ་མཆོད་པར་འགྱུར་རོ། །ཅི་སྟེ་རྨི་ལམ་དུ་མཐོང་བར་འཚལ་ན་གུ་གུལ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས། ཉལ་ཀར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བདུག་སྤོས་སུ་ཕུལ་ཏེ་ཉལ་ན། འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་རྒྱལ་པོའི་ཆ་བྱད་དུ་མཐོང་བ་སྩོལ་ཅིང་། གང་བསམས་པ་དང་། གང་དུ་གཉེར་བ་དང་། གང་དྲིས་པ་དེ་ཐམས་ཅད་སྨྲ་བར་འགྱུར་རོ། །ཇི་ལྟར་བསམས་པའི་མཆོག་སྩོལ་ཅིང་སྒྲིབ་པ་དང་སྡིག་པ་ཐམས་ཅད་མ་མཆིས་པར་འགྱུར་རོ། །སྟོབས་དང་། བརྩོན་ འགྲུས་དང་། མདངས་འཇུག་པར་འགྱུར་རོ། །ཚངས་པ་དགུག་པར་འཚལ་ཞིང་མཐོང་བར་འཚལ་ན། དེའི་ཚེ་ཤིང་ཨརྒའི་འོ་མ་དང་། གུ་གུལ་དང་། རྒྱ་སྐྱེགས་ཀྱིས་རིལ་བུར་བགྱིས་པ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བགྱིས་ལ། ཚངས་པ་ལ་བདུག་སྤོས་སུ་ཕུལ་ནས། ཚངས་པ་རང་གི་གཟུགས་ཀྱིས་མདུན་ན་མ་མཆིས་ཤིང་མཆོག་འཚལ་བ་ཐམས་ཅད་རྗེས་སུ་སྩོལ་ཏོ། །ཚངས་པའི་འཇིག་རྟེན་ལ་ཐུག་པའི་བར་གྱི་ཚངས་པའི་གནས་དང་། གཞལ་མེད་ཁང་མཐོང་བར་འགྱུར་ཞིང་ཚངས་པའི་གཟུགས་ཀྱི་ཆ་བྱད་འཆང་བའི་མཆོག་སྩོལ་བར་འགྱུར་ རོ། །ལྷའི་གནས་ཐམས་ཅད་དུ་མེས་པོ་ཡིན་ནོ་ཞེས་ཚིག་མངོན་པར་བརྗོད་པར་འགྱུར་རོ། །འཇིག་རྟེན་ཐམས་ཅད་དང་། འཛམ་བུའི་གླིང་པའི་མི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དེ་ཐམས་ཅད་ཐམས་ཅད་དུ་ཚངས་པའོ་ཞེས་སེམས་པར་འགྱུར་རོ། །རྒྱལ་པོ་བཙུན་མོ་དང་། འཁོར་དུ་བཅས་པས་མཆོད་པའི་སྤྲིན་ཆེན་པོ་བགྱིད་པར་འགྱུར་རོ། །དེ་ནས་སྲེད་མེད་ཀྱི་བུ་དགུག་པར་འཚལ་བ་དེས་ལྷའི་གནས་སུ་སྲེད་མེད་ཀྱི་བུའི་གཟུགས་བརྙན་གྱི་མདུན་དུ་ཉེ་བར་ སྦྱིན་སྲེག་གི་ཆོ་ག་བགྱི་སྟེ། རིག་སྔགས་འཆང་གཙང་མར་གྱུར་པ་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པ། སྣ་མ་དང་ཤིང་ཨརྐའི་ཡམ་སྲེག་ཤིང་གི་མེ་སྦར་བ་ལ་གུ་གུལ་དང་། ཡུངས་ཀར་དང་། སྦྲང་རྩི་དང་ཞུན་མར་བསྲེས་པའི་སྦྱིན་སྲེག་བརྒྱ་སྟོང་བགྱིའོ། །བརྒྱ་སྟོང་རྫོགས་ པ་དང་། སྲེད་མེད་ཀྱི་བུ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཤིང་རིག་སྔགས་འཆང་ལ་རིག་སྔགས་འཆང་ལེགས་སོ་ལེགས་སོ་ཞེས་སྨྲའོ། །སྒྲུབ་པ་དམ་པ་འདི་དོན་ཡོད་པའི་ལྕགས་ཀྱུས་འགུགས་ཤིང་རིག་སྔགས་ཀྱི་རྒྱལ་པོའི་ཆོས་ལུགས་ཆེན་པོས་བཀུག་ན་རིག་སྔགས་འཆང་ ཅི་ཞིག་བྱ། དགོས་པ་ནི་ཅི་ཞིག་ཡོད། མཆོག་ནི་ཅི་ཞིག་དོན་དུ་གཉེར་བ་དེ་སྨྲོས་ཤིག་དང་། ཐམས་ཅད་རྗེས་སུ་སྦྱིན་པར་བྱའོ། །དེ་ནས་རིག་སྔགས་འཆང་གིས་དོན་གང་ཡིད་ལ་བསམས་ཏེ་སྨྲས་པ་དེ་ཐམས་ཅད་སྩོལ་བར་འགྱུར། གཟུགས་སྣ་ཚོགས་པའི་མཆོག་ཀྱང་རྗེས་ སུ་སྩོལ་བར་འགྱུར་རོ། །གཞན་ཡང་གཟུགས་སྣ་ཚོགས་པ་མཆོག་གཙོ་བོ་དང་དགོས་པའི་ལས་སྒྲུབ་པའི་མཆོག་རྗེས་སུ་སྩོལ་བར་འགྱུར་རོ། །དེ་ནས་ལྷ་ཆེན་པོ་དགུག་པར་འཚལ་ན་རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པ་དེས་ལྷའི་གནས་སུ་ མཆིས་པ་ལ་ལྷ་ཆེན་པོའི་མདུན་དུ་གུ་གུལ་དང་། པདྨའི་ཕྱེ་མ་དང་ཞུན་མར་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བགྱིའོ། །སྟོང་རྩ་བརྒྱད་རྫོགས་པ་དང་། ལྷ་ཆེན་པོ་རང་གི་གཟུགས་ཀྱིས་མདུན་ན་མཆིས་པར་འགྱུར་རོ། །དེ་ནས་ནག་པོ་ཆེན་པོ་དགུག་པར་འཚལ་ན་རིག་སྔགས་འཆང་ ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པས་དུར་ཁྲོད་དུ་མཆིས་ལ། ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞི་ལ་ཉིན་ཞག་གཅིག་སྨྱུང་བ་བགྱིས་པས་པདྨ་སར་པའི་ཕྱེ་མ་དང་། གུ་གུལ་དང་། རའི་ཁྲག་དང་། ཡུངས་ཀར་དང་། ཞུན་མར་དང་སྦྱར་བ་བརྒྱད་སྟོང་དོན་ཡོད་པའི་ལྕགས་ཀྱུའི་ བཟླས་བརྗོད་ཀྱིས་དུར་ཁྲོད་ཀྱི་ཤིང་གི་མེ་ལ་བཟླས་བརྗོད་བགྱིའོ། །ར་ཁྲག་གི་གཏོར་མ་དང་འབྲས་ཐུག་པོ་ཆེའི་ཆན་གྱི་ལྷ་བཤོས་དང་། མེ་ཏོག་དམར་པོ་དབུལ་བར་བགྱིའོ། །ལས་འདི་ཡོངས་སུ་རྫོགས་པར་བགྱིས་ན་ནག་པོ་ཆེན་པོ་མ་མོའི་ཚོགས་ཀྱི་འཁོར་དང་བཅས་པ་མདུན་ན་ མཆིས་ཤིང་རིག་སྔགས་འཆང་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །སྒྲུབ་པའི་ཆོ་ག་བཟང་པོ་འདིས་བདག་ཡོངས་སུ་མགུས་རིག་སྔགས་འཆང་སྨྲོས་ཤིག་དང་མཆོག་རྗེས་སུ་སྦྱིན་པར་བགྱིའོ། །མཆོག་འདོད་པ་ཐམས་ཅད་རྗེས་སུ་ལོང་ ཤིག་དང་། ཇི་ལྟར་ཡིད་ལ་བྱེད་པ་རེ་བ་དེ་ཐམས་ཅད་རྗེས་སུ་སྦྱིན་པར་བགྱིའོ། །ཁྱོད་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་དོན་དུ་བདག་རྟག་ཏུ་རྗེས་སུ་འབྲང་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་མཆོད་ཡོན་དང་ཞབས་བསིལ་དབུལ་བར་བགྱིའོ། །ཇི་ལྟར་བསམས་པ་དེ་ མངོན་སུམ་དུ་སྨྲས་ན། གང་དོན་དུ་གཉེར་བ་དེ་ཐམས་ཅད་འཐོབ་ཅིང་ཐམས་ཅད་དུ་རྗེས་སུ་འབྲང་བར་འགྱུར་རོ། །ཐམས་ཅད་དུ་ཐམས་ཅད་བགྱིད་པར་འགྱུར་རོ། །དྲན་པ་ཙམ་ལ་སོགས་པས་ལས་ཐམས་ཅད་བགྱིད་ཅིང་ཉེ་བར་གནས་པར་འགྱུར་རོ། །རྟག་ཏུ་ལྟ་ཞིང་སྤྱིར་ཐམས་ ཅད་བགྱིད་པར་འགྱུར་རོ། །གཞན་ཡང་དགོས་པ་སྣ་ཚོགས་དང་། ལས་སུ་བགྱི་བ་བགྱིད་པར་འགྱུར་རོ། །མ་མོའི་ཚོགས་ཀྱི་འཁོར་ཐམས་ཅད་དབང་དུ་གྱུར་ནས་གནས་ཏེ། ལས་ཐམས་ཅད་བསྒོ་བ་བཞིན་དུ་བགྱིད་པར་འགྱུར་ཏེ། ནམ་ཡང་ཉམས་པར་མི་བགྱིད་དོ། །ཐམས་ཅད་ རྗེས་སུ་འབྲང་ཞིང་ལས་ཐམས་ཅད་བགྱིད་པར་འགྱུར་རོ། །ཅི་སྟེ་འདོད་པའི་གཟུགས་ཅན་མ་དགུག་པར་འཚལ་ན་དེ་ནས་རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པས་ཤིན་ཏུ་དྲི་ཞིམ་པོའི་དྲིས་ལུས་ལྷག་པར་བསྒོས་ལ། གང་ན་མེ་ཏོག་གི་ཤིང་ལྗོན་པ་ མཆིས་པ་དེར་མཆིས་ལ། ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞིའི་ཉིན་ཞག་གཅིག་སྨྱུང་བ་བགྱིས་པས་ཤིན་ཏུ་དྲི་ཞིམ་པའི་དྲིའི་ཤིང་གི་མེ་སྦར་བལ་པུ་ཤེལ་ཙེ་དང་། ཏ་ཀར་དང་། སྤང་སྤོས་དང་། ཡུངས་ཀར་དང་། ཞོ་དང་སྦྲང་རྩི་དང་། ཞུན་མར་དང་། སྦྱར་བའི་སྦྱིན་སྲེག་ལན་ སྟོང་རྩ་བརྒྱད་བགྱིའོ། །གླ་རྩི་དང་། ག་བུར་དང་། ཙནྡན་གྱི་ཆུས་བསྒོས་པའི་འབྲས་ཡོས་དང་། མེ་ཏོག་གིས་བཀང་བའི་མཆོད་ཡོན་གྱི་སྣོད་བུམ་པ་སར་པ་བརྒྱད་སྩལ་ལོ། །དཀར་གསུམ་གྱི་གཏོར་མས་བཀང་བ་ག་བུར་གྱིས་བསྒོས་པའི་གཏོར་མའི་བུམ་པ་གསུམ་སྩལ་ལོ། ། མེ་ཏོག་ཤིན་ཏུ་དྲི་ཞིམ་པོ་སྩལ་བར་བགྱི་ཞིང་གླ་རྩི་དང་། ཙནྡན་དང་། ག་བུར་དང་། ཀུན་ཏུ་རུའི་བདུག་སྤོས་སྩལ་བར་བགྱིའོ། །དེ་ནས་ལས་ཡོངས་སུ་རྫོགས་པ་དང་། འདོད་པའི་གཟུགས་ཅན་མ་བཟང་མོ་དེ་ལྷའི་གཞལ་མེད་ཁང་དུ་མཆི་ཞིང་མདུན་ན་མཆིས་ཏེ། དེ་མཐོང་ནས་ མའམ། སྲིང་མོའམ། ཆུང་མའམ། ལས་བྱེད་པའམ། མངག་གཞུག་མའམ། ཕོ་ཉ་མ་རྣམས་ཇི་ལྟ་བུར་ཇི་ལྟར་ཚིག་ཏུ་བརྗོད་པ་དེ་ལ་སྨྲོས་ཤིག་དང་། ཅི་སྟེ་མར་གྱུར་ན་དེའི་ཚེ་བུ་བཞིན་དུ་སྙིང་ནས་ཡོངས་སུ་སྐྱོང་བར་བགྱིད་དོ། །ནོར་དང་། འབྲུ་དང་། དབྱིག་དང་། གསེར་ དང་། གོས་དང་། རྒྱན་དང་། ལྷབ་ལྷུབ་དང་། མལ་ཆས་ཡོངས་སུ་སྐྱོང་བར་བགྱིད་དོ། །ཅི་སྟེ་སྲིང་མོར་གྱུར་ན་དེའི་ཚེ་ལོངས་སྤྱོད་ཐམས་ཅད་ཀྱིས་ཡོངས་སུ་སྐྱོང་བར་བགྱིད་དོ། །ཇི་ལྟར་ཡིད་ལ་བསམས་པའི་བུད་མེད་དཔག་ཚད་བརྒྱའི་ཕ་རོལ་ནས་ཀྱང་བཀུག་སྟེ། ཡོངས་སུ་ ལོངས་སྤྱད་པའི་ཕྱིར་ཡོངས་སུ་སྤྱོད་པར་བགྱིད་ཅིང་ཕྱིར་ཡང་དེ་ཉིད་དུ་གཏོང་བར་བགྱིད་དོ། །ཅི་སྟེ་ཆུང་མར་གྱུར་ན་དེ་དང་། ལྷ་རྫས་ཀྱི་གཞལ་མེད་ཁང་དམ་པ་ཡོངས་སུ་ལོངས་སྤྱོད་པའི་གཞལ་མེད་ཁང་མཐོང་སྟེ། ལྷ་རྫས་ཀྱི་བཟའ་བ་དང་བཏུང་བ་དང་། ལོངས་སྤྱོད་སྩོལ་བར་བགྱིད་ དོ། །རོ་བྲོ་བའི་མཆོག་རོ་བརྒྱ་དང་ལྡན་པ་ཆེས་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་སྩོལ་བར་བགྱིད་དོ། །མཆོག་ཏུ་དགའ་བའི་རྩེད་མོས་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་ལ་ཡོངས་སུ་སྤྱོད་པར་བགྱིད་དོ། །ལྷ་རྫས་ཀྱི་དྲི་དང་། མེ་ཏོག་དང་ཕྲེང་བ་དང་། བྱུག་པ་དང་། ལྷ་རྫས་ ཀྱི་གོས་དང་། རྒྱན་དང་། ལྷབ་ལྷུབ་ཀྱིས་བརྒྱན་པའི་གཞལ་མེད་ཁང་དུ་འགྱུར་རོ། །ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཡོངས་སུ་གང་ཞིང་མཆིས་པར་འགྱུར་རོ། །ནོར་བུ་དང་། གསེར་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། གསེར་དང་། ཤང་ཀ་ཤཱི་ལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། དངུལ་སྐྱོག་དཔག་ཏུ་མེད་པ་ཐོབ་པའི་གཏེར་སྩོལ་བར་བགྱིད་དོ། རྟ་དང་། བ་ལང་དང་། མ་ཧེ་དང་། ཕྱུགས་དང་། བྲན་ཕོ་དང་། བྲན་མོ་རབ་ཏུ་མང་པོ་མང་པོར་འཕེལ་ཞིང་མཆིས་པར་འགྱུར་རོ། །མལ་ཆའི་ལོངས་སྤྱོད་སྣ་ཚོགས་སྩོལ་བར་ བགྱིད་དོ། །ལྷ་རྫས་ཀྱི་ཆུང་མའི་ལོངས་སྤྱོད་བུད་མེད་གཟུགས་སྣ་ཚོགས་པའི་འཁོར་བརྒྱ་དང་ལྡན་པ་ཉིན་གཅིག་བཞིན་དུ་གནས་པར་འགྱུར་རོ། །ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པས་ཇི་སྲིད་འཚོའི་བར་དུ་གནས་པར་འགྱུར་རོ། །ཚེ་ལྷའི་ལོ་སྟོང་ཐུབ་པར་འགྱུར་རོ། །རིག་ སྔགས་འཆང་གིས་བག་ཡོད་པར་བགྱི་སྟེ། དཀོན་མཆོག་གསུམ་ལ་མཆོག་ཏུ་གུས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེ་འཛིན་ལ་མཆོག་ཏུ་གུས་པར་བགྱིའོ། །རྟག་ཏུ་སྦྱིན་པ་ལ་མངོན་པར་དགའ་བར་བགྱི་ཞིང་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་བརྩེ་ བར་བགྱིའོ། །གཞན་དུ་མི་སྨྲ་བར་བགྱིའོ། །གལ་ཏེ་ལས་བྱེད་པར་གྱུར་ན་དེའི་ཚེ་རྒྱལ་པོ་ལ་བགྱི་བ་བཞིན་དུ་ལས་ཐམས་ཅད་བགྱིད་དེ། ཤིན་ཏུ་ཡོངས་སུ་རྫོགས་ཀྱི་བར་དུ་ལས་ལ་མངོན་པར་བརྩོན་པར་འགྱུར་རོ། །ཇི་སྟེ་མངག་གཞུག་མར་གྱུར་ན་གནས་གང་དུ་མངག་པ་དེའི་གནས་ཐམས་ ཅད་དུ་མཆི་སྟེ། དཔག་ཚད་སྟོང་གི་ཕ་རོལ་དུ་མཆི་ཞིང་། སྐད་ཅིག་གིས་སླར་ཡང་མཆིའོ། །ཐམས་ཅད་དུ་གཏེར་ཆེན་པོ་འབྱིན་པར་བགྱིད་འདྲེན་པར་བགྱིད་དོ། །དཔག་ཚད་སྟོང་གི་ཕ་རོལ་ནས་བུད་མེད་འགུགས་པར་བགྱིད་ཅིང་། ནོར་དང་། འབྲུ་དང་། གླང་པོ་ཆེ་དང་། མ་ཧེ་དང་ རྟ་དག་འགུགས་པར་བགྱིད་དེ། སླར་ཡང་གཏོང་བར་བགྱིད་དོ། །བག་ཡོད་པས་བསྒོ་བར་བགྱི་སྟེ། བདག་ཉིད་ཤིན་ཏུ་རིང་པོའི་ཡུལ་དང་། གནས་སུ་འཕེན་པར་བགྱིད། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ལྷ་མ་ཡིན་གྱི་གནས་སུ་འདེགས་པར་བགྱིད་དེ། དེར་སྲོག་གི་བར་ཆད་དུ་འགྱུར་བར་མི་བགྱིད་དོ། །ཇི་སྟེ་ཕོ་ཉ་མོར་གྱུར་ན་ཕྱོགས་བཅུ་ཐམས་ཅད་དུ་མཆི་སྟེ། ལྷའི་འཇིག་རྟེན་དུ་མཆིའོ། །ཀླུའི་འཇིག་རྟེན་དུ་མཆིའོ། །ལྷ་མ་ཡིན་གྱི་གནས་སུ་མཆིའོ། །ནམ་མཁའ་ལྡིང་གི་གནས་སུ་མཆིའོ། །མི་འམ་ཅིའི་གནས་སུ་ མཆིའོ། །ལྟོ་འཕྱེ་ཆེན་པོའི་གནས་སུ་མཆིའོ། །གནོད་སྦྱིན་དང་སྲིན་པོའི་གནས་སུ་མཆིའོ། །འབྱུང་པོའི་གནས་སུ་མཆི་ཞིང་ཐམས་ཅད་དུ་ཕོ་ཉའི་བྱ་བ་བགྱིས་ནས་སླར་མཆིའོ། །སྐད་ཅིག་གིས་དཔག་ཚད་སྟོང་དུ་མཆི་ཞིང་མཆིའོ། །སྐད་ཅིག་གིས་དཔག་ཚད་སྟོང་དུ་ཐམས་ཅད་དུ་ ཕྱིན་ནས་ཕོ་ཉའི་བྱ་བ་བགྱིད་དོ། །ཇི་སྲིད་སའི་འོག་གི་བར་དུ་འཇུག་ཅིང་ཕྱིར་ཡང་མཆིའོ། །བྱ་བ་ཤིན་ཏུ་ཡོངས་སུ་རྫོགས་པར་བགྱིས་ནས་བག་ཡོད་པས་ཡང་ལས་ཐམས་ཅད་བགྱི་སྟེ། ཉིན་གཅིག་བཞིན་དུ་མཆོད་ཡོན་དང་། རྐང་པ་བཀྲུ་བ་སྩལ་བར་བགྱིའོ། །ཐམས་ཅད་ཀྱི་ གནས་ཐམས་ཅད་དུ་ཕྱིན་ཅིང་བྱ་བ་འགྲུབ་པ། བླ་ན་མ་མཆིས་པར་འགྱུར་རོ། །དེ་ནས་གནོད་སྦྱིན་མོ་དགུག་པར་འཚལ་ན་རིག་སྔགས་འཆང་དེས་གཞན་གྱིས་མ་རེག་པའི་ཤིང་ལེབ་སར་པ་ལ་གནོད་སྦྱིན་དང་། གནོད་སྦྱིན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བགྱི་ཞིང་ གནས་དབེན་ཞིང་འཁྲུག་པ་མ་མཆིས་པ་གཙང་མའི་གནས་སུ་གཞག་པར་བགྱིའོ། །རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པས་གོས་གཙང་མ་བགོས་པས་འོ་མ་དང་། འབྲས་ཐུག་པོ་ཆེའི་ཆན་གྱི་གཏོར་མ་སྩལ་བར་བགྱིའོ། །ཤིང་ཀ་ར་བཱི་རའི་མེ་སྦར་བ་ལ་ཡུངས་ཀར་ དང་། གུ་གུལ་དང་། རའི་ཁྲག་དང་། ཞུན་མར་དང་བསྲེས་པའི་སྦྱིན་སྲེག་སྟོང་རྩ་བརྒྱད་བགྱིའོ། །སྟོང་རྩ་བརྒྱད་རྫོགས་པ་དང་། མེ་ཏོག་དམར་པོ་སྩལ་ན་གནོད་སྦྱིན་མོ་དེ་ཡང་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཏེ། རིག་སྔགས་འཆང་སློངས་ཤིག་ཅེས་སྨྲ་བར་འགྱུར་རོ། ། རིག་སྔགས་འཆང་གིས་ཁྱོད་ངའི་ཅི་བགྱི་ཞེས་བྱ་བ་བྱེད་པ་ཡིན་ནོ། །ངའི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །ང་ལ་དབྱིག་མང་པོ་བྱིན་ཅིག་ཅེས་བརྗོད་པར་བགྱིའོ། །དེའི་ཚེ་གནོད་སྦྱིན་དང་གནོད་སྦྱིན་མོ་དེ་ལྟར་ལེགས་སོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་རོ། །གང་གི་ཚེ་དགོས་པ་བྱུང་བ་ དེའི་ཚེ་ཡུངས་ཀར་དང་། གུ་གུལ་ལ་ཡོངས་སུ་བཟླས་ནས་མེར་གཏོར་ན་དེ་མཆི་ཞིང་ཅི་བགྱི་ཞེས་བྱ་བ་ཐམས་ཅད་བགྱིད་པར་འགྱུར་རོ། །དབྱིག་སྟོང་སྩོལ་བར་འགྱུར། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར། རྟག་ཏུ་ཅི་བགྱི་བའི་བྱ་བ་བགྱིད་པར་འགྱུར་རོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་དགུག་ པར་འཚལ་ན་རིག་སྔགས་འཆང་དེས་སྤྲ་ཚིལ་ལས་ལྷ་མ་ཡིན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བགྱིའོ། །དེ་ནས་རིག་སྔགས་འཆང་གིས་གནས་འཁྲུག་པ་མ་མཆིས་པ་དང་། དབེན་པ་དང་། ས་ཕྱོགས་གཙང་མའི་གནས་སུ་གཞག་པར་བགྱིའོ། །རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་ བགྱིས་པ་གོས་གཙང་མ་བགོས་པས་ཞག་གསུམ་ཟན་བཅད་པར་བགྱིས་ལ། དེའི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ་གུ་གུལ་གྱི་བདུག་སྤོས་སྩལ་ཅིང་དཀར་གསུམ་གྱི་གཏོར་མ་སྩལ་བར་བགྱིའོ། །དོན་ཡོད་པའི་ལྕགས་ཀྱུས་བཟླས་བརྗོད་ཡུངས་ཀར་ལ་བཟླས་པས་བུ་མོ་དེ་ལ་ལན་ སྟོང་རྩ་བརྒྱད་བརྡེག་པར་བགྱིའོ། ལས་ཡོངས་སུ་རྫོགས་པ་དང་། དེ་ནས་ལྷ་མ་ཡིན་གྱི་བུ་མོ་དེ་རང་གི་གཟུགས་ཀྱིས་མདུན་ན་མཆིས་ཏེ། གང་དང་གང་དུ་དགོས་པ་དེ་དང་དེར་དགོས་པའི་རྗེས་སུ་འབྲང་བར་འགྱུར་རོ། །དེའི་ལས་ཐམས་ཅད་བགྱིད་པར་འགྱུར། ཐམས་ཅད་དུ་མཆི་ པར་འགྱུར། ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །ཇི་སྟེ་སྲིན་པོ་དང་། སྲིན་མོ་དགུག་པར་འཚལ་ན་གུ་གུལ་དང་། བ་ལང་གི་ཤ་སྐམ་པོ་དང་ལྷན་ཅིག་བསྲེས་པ་ལ་དོན་ཡོད་པའི་ལྕགས་ཀྱུས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་པས་དུར་ཁྲོད་དུ་མཚན་ཐོག་ཐག་བདུགས་ ན་སྲིན་པོའི་གནས་ཐམས་ཅད་ཀྱི་སྒོ་ཕྱེ་བར་འགྱུར་ཏེ་སྲིན་པོ་དང་། སྲིན་མོ་རྣམས་དབང་དུ་གྱུར་ནས་གནས་ཏེ། ཅི་བགྱི་བའི་བྱ་བ་བགྱིད་པར་འགྱུར། ཅི་བསྒོ་བ་དེ་བགྱིད་པར་འགྱུར་རོ། །རྟག་ཏུ་ཕྱི་བཞིན་འབྲང་ཞིང་ཇི་སྲིད་འཚོའི་བར་དུ་མཆིས་པར་འགྱུར་རོ། །གདུགས་གཅིག་བཞིན་ དུ་དངུལ་ཆུ་སྲང་ཁྲི་སྩོལ་བར་བགྱིད་དོ། །དེ་ནས་རིག་སྔགས་འཆང་གིས་ཆ་གསུམ་དུ་དབྱེ་བར་བགྱི་སྟེ། ཆ་གཅིག་ནི་དཀོན་མཆོག་ལ་མཆོད་པར་བགྱིའོ། །ཆ་གཉིས་པ་ནི་གཅིག་བཞིན་དུ་སྦྱིན་པར་གཏང་ངོ་། །སྲིན་མོ་རྣམས་ལ་ཟན་དང་། ཚོད་སྔོན་རློན་པའི་གཏོར་མ་སྩལ་བར་ བགྱིའོ། །དེ་ནས་སྲིན་པོ་འཁོར་དང་བཅས་པ་དེ་རྣམས་ཚིམ་པར་འགྱུར་རོ། །དེ་ནས་སྲིན་པོ་འཁོར་དང་བཅས་པ་ཤིན་ཏུ་མགྱོགས་པར་འགྱུར་ཏེ། ཤུགས་ཆེན་པོས་དགོས་པ་ཐམས་ཅད་གྲུབ་ཅིང་ནམ་ཡང་གཞན་དུ་བགྱིད་པར་མི་འགྱུར་རོ། །གཏོར་མ་གཙང་མ་སྩལ་ བར་བགྱིའོ། །ཇི་སྟེ་ཤ་ཟ་དང་། ཤ་ཟ་མོ་དགུག་པར་འཚལ་ན་བ་ལང་གི་མཁྲིས་པ་དང་། དེའི་སོང་དང་། གུ་གུལ་དང་། ཤིང་ཨརྐའི་འོ་མ་སྦྱར་ཏེ། ལམ་གྱི་བཞི་མདོར་བདུག་པར་བགྱི་ཞིང་། ལྷག་མ་དང་འབགས་པའི་གཏོར་མ་སྩལ་ན། ཤ་ཟ་མོ་དེ་མཆི་ཞིང་རིག་སྔགས་འཆང་གི་མདུན་ དུ་མཆིས་ཏེ། ཅི་བགྱི་བའི་བྱ་བ་བགྱིད་པའི་བྲན་དུ་འགྱུར། ལས་ཐམས་ཅད་བགྱིད་པར་འགྱུར་རོ། །དཔག་ཚད་སྟོང་གི་ཕ་རོལ་ཏུ་མཆི་ཞིང་སྐད་ཅིག་གིས་སླར་ཡང་མཆིའོ། །དགོས་པ་ཐམས་ཅད་སྒྲུབ་པར་བགྱིད་དོ། །དུས་གསུམ་དུ་གཏོར་མ་ལྷག་མའི་གཏོར་མ་སྒོ་དྲུང་དུ་སྩལ་བར་ བགྱིའོ། །ཉིན་གཅིག་བཞིན་དུ་གསེར་གྱི་དོང་ཙེ་བརྒྱ་སྔས་སུ་འཇོག་པར་འགྱུར་ཏེ། དེས་ཐམས་ཅད་ཟད་པར་བགྱིས་ན་ཕྱིར་ཞིང་འཕེལ་བར་འགྱུར་རོ། །ཇི་སྟེ་རྒྱལ་པོའི་བཙུན་མོ་དགུག་པར་འཚལ་ན་རིག་སྔགས་འཆང་གཙང་མ་ཤིན་ཏུ་ཁྲུས་བགྱིས་པ་གོས་གཙང་མ་བགོས་པ་ དེས་ཡུངས་ཀར་དཀར་པོ་དང་། སྐེ་ཚེའི་ས་བོན་དང་། གིའུ་ཝང་དང་། པདྨའི་འདབ་མ་དང་། རྒྱམ་ཚ་དང་། ལན་ཚྭ་བསྲེས་པ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ན་ཕྱེ་མའི་རྫས་སུ་བགྱིས་ལ་ཡུངས་ཀར་དང་། སྐེ་ཚེའི་ས་བོན་དང་། སྦྲང་རྩིའི་ས་བོན་ལན་ཅིག་མཉེས་ ལ་ཡང་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། རྒྱལ་པོའི་སྒོ་འམ། ལམ་གྱི་བཞི་མདོའམ། ལམ་པོ་ཆེའམ། གྲོང་ཁྱེར་གྱི་སྒོར་གཏོར་ན་གང་དེར་གོམ་པ་བོར་བ་ཙམ་གྱིས་དབང་དུ་གྱུར་ནས་གནས་ཏེ་ཅི་བགྱི་བའི་བྱ་བ་བགྱིད་དོ། །རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་བཀུག་ ཅིང་དབང་དུ་འགྱུར་རོ། །ཐམས་ཅད་དུ་ཅི་བགྱི་བའི་བྱ་བ་བགྱིད་ཅིང་། བསྒོ་བ་བཞིན་བགྱིད་པར་འགྱུར་རོ། །གང་བསླངས་པ་དེ་སྟེར་ཏེ་དངུལ་དང་། གསེར་དང་། གོས་དང་། རྒྱན་དང་། ལྷབ་ལྷུབ་དང་། སྤུ