Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན

Văn bản gốc(Tây Tạng)

Trang 21 / 22 (50.000 ký tự/trang)
་གྱིས་དྲེགས་རྣམས། །འབྱུང་བ་ཉིད་དུ་ཐེ་ཚོམ་མ་མེད། །དེ་དག་གིས་ནི་རྒྱལ་པོ་བསྐོར། །དེ་དག་ལ་ནི་དེས་ནོར་བྱིན། །ནོར་ནི་མང་པོ་དེ་དག་གིས། །དགེ་
བའི་བཤེས་ལ་རབ་མཆོད་ནས། །དེ་ཡི་ནོར་ནི་ཟད་པར་བྱེད། །མ་འདྲེས་དེ་ལ་གོམས་པ་དང་། །སྦྱིན་ལ་ཞུམ་མེད་རྒྱུ་ཡིས་ནི། །བློ་ལྡན་དེ་ཡི་ལྷ་ཁང་ནི། །ཉི་ཤུ་རྩ་བཞི་བྱེད་དུ་བཅུག །གྲོང་ཁྱེར་མེ་ཏོག་ཅེས་བྱ་བར། །བདག་ཉིད་ཆེན་པོ་བློན་པོའི་གཙོ། །བྲམ་ཟེ་
བཟང་པོ་སྙིང་རྗེར་ལྡན། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །རྒྱལ་པོ་དང་ནི་རབ་མཛའ་བའི། །ཆོས་ཀྱི་བདག་ཉིད་འབྱུང་བར་འགྱུར། །གནོད་སྦྱིན་མ་ནི་དཔའ་མོ་ལྡན། །ས་སྟེང་དེ་ཡི་སྔགས་ཀྱང་འགྲུབ། །དེས་ཀྱང་ས་སྟེང་དག་ཏུ་ནི། །མཆོད་རྟེན་བཟང་པོ་བྱེད་དུ་བཅུག །
གནོད་སྦྱིན་མ་ཡི་མཐུ་ཡིས་ནི། །ཤེས་རབ་རབ་ཏུ་ཆེ་བར་འགྱུར། །དེ་ཡི་བག་ཆགས་ལས་ཀྱིས་ནི། །སྔོན་གྱི་བག་ཆགས་ཡོང་བསྐུལ་ནས། །བློ་དང་ལྡན་པས་མཐར་གྱིས་ནི། །རྙེད་པར་དཀའ་བའི་བྱང་ཆུབ་འཐོབ། །མཆོག་སྲེད་ཅེས་ནི་རྣམ་གྲགས་པའི། །དེ་ཚེ་འདོད་ཆགས་
ཤས་ཆེ་འབྱུང་། །བུད་མེད་བྱས་པའི་སྐྱོན་གྱིས་ནི། །བྲམ་ཟེའི་ཁྱེ་འུས་འཆི་བ་ཐོབ། །དཔལ་ལྡན་རྒྱལ་པོ་དགའ་བོ་ཡང་། །སྔ་མའི་ལས་ཀྱི་ཉེས་པ་ཡིས། །མེ་ཏོག་ཅེས་བྱའི་གྲོང་ཁྱེར་གྱི། །མི་རྣམས་འཆད་པས་གནོད་པར་བྱེད། །བློན་པོའི་ཚོགས་ཀྱང་མ་དད་
གྱུར། །སྟོབས་ཆེན་བདེན་པར་སྨྲ་བ་ཡང་། །སྔོན་གྱི་ལས་ཀྱི་ཉེས་པ་ཡིས། །ནད་ཆེན་དག་གིས་ཐེབས་འགྱུར་ཏེ། །རིམས་ནད་ཆེན་པོས་སྡུག་བསྔལ་གདུང་། །ནམ་ཕྱེད་ཙམ་ན་ཤི་བར་འགྱུར། །རྒྱལ་པོ་དེ་ཡི་ཚེ་ཚད་ནི། །དེ་བཞིན་ལྔ་བཅུ་རྩ་དྲུག་གོ །དེ་ནི་ཉན་ཐོས་བྱང་ཆུབ་ཏུ། །
རྒྱལ་པོ་ངེས་པར་འགྱུར་བ་ཡིན། །དེ་ཡི་གྲོགས་པོ་གཞན་གྱུར་པ། །བྲམ་ཟེའི་ཁྱེའུ་པ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་གྲུབ་པའོ། །བྲམ་ཟེ་ཤེས་རབ་འདོད་པས་

ཀྱང་། །ཁྲོ་བོ་ཧ་ལ་ཧ་ལ་བསྒྲུབས། །རྒྱལ་པོ་དེ་ལས་གཞན་པ་ཡང་། །ཟླ་བ་སྦས་ཞེས་བྱ་བ་འབྱུང་། །གནོད་སྦྱིན་ཆུ་དབང་གྲུབ་པ་སྟེ། །རྒྱལ་སྲིད་གནོད་པ་མེད་པར་བྱེད། །ལོངས་སྤྱོད་ཆེ་ཞིང་བདེན་པར་སྨྲ། །ཆོས་ཀྱི་བདག་ཉིད་ས་ཡི་བདག །མི་དགེའི་
བཤེས་གཉེན་རབ་བརྟེན་ནས། །སྲོག་ཆགས་མང་པོ་གསོད་པར་བྱེད། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །འབྲུམ་བུའི་ནད་འབྱུང་རབ་ཏུ་བརྒྱལ། །དེ་ནི་མཚན་ཕྱེད་སད་ནས་ནི། །རྒྱལ་སྲིད་ལ་ནི་བུ་བཞག་པ། །སྙིང་པོ་ཐིག་ལེ་ཞེས་བྱ་བ། །བློན་པོ་ལ་སྡང་བྱིས་པ་དེ། །དེ་ནས་
ཟླ་བ་སྦས་པ་དེ། །ཤི་འཕོས་ས་སྟེང་དུས་ལས་འདས། །མི་ཡི་འགྲོ་བ་སྤངས་པ་ཡི། །དེ་ཚེ་ཡི་དགས་འཇིག་རྟེན་སོང་། །འགྲོ་བ་ལས་གྲོལ་སྔགས་གོམས་པས། །དེ་ནས་ལྷ་ཡི་གནས་སུ་སོང་། །དགེ་བའི་སེམས་ཀྱིས་དམིགས་ནས་ནི། །སྔགས་ཀྱི་རྒྱུས་ནི་ཡང་དག་བསྐྱེད། །
རྒྱལ་པོ་དེས་ནི་མཐར་གྱིས་ཀྱང་། །ཉན་ཐོས་ཀྱི་ནི་བྱང་ཆུབ་འགྲོ། །སྙིང་པོ་ཐིག་ལེ་རྒྱལ་པོ་ཡིས། །བྱིས་པ་མི་གསལ་བློ་ཡིས་ནི། །བྱེ་མ་ལས་བྱས་སྲིད་གཞན་དུ། །སྔོན་ནི་མཆོད་རྟེན་དག་ཀྱང་བྱས། །དེ་ཡི་རྣམ་སྨིན་མཐུ་ཡིས་ནི། །མ་སྨད་ལྷ་ཡི་གནས་སུ་སོང་། །
སྐྱེ་བ་སྟོང་ཕྲག་ལྔ་བརྒྱར་ནི། །ལྷ་ཡི་ནང་དུ་བདེ་བ་མྱོང་། །མཐོ་རིས་འཇིག་རྟེན་ཤི་འཕོས་ནས། །མི་ཡི་ནང་དུ་རབ་སྐྱེས་པ། །བློ་ལྡན་ཟླ་བ་སྦས་པ་ཡི། །རྒྱལ་པོ་དགའ་བའི་རིགས་སུ་སྐྱེས། །བྱིས་པ་ཉིད་ནས་རྒྱལ་པོར་འགྱུར། །ཡུན་མི་ཐུང་བར་བདེ་བ་མྱོང་། འཇིགས་
མེད་བསྟན་དང་ཡང་དག་རིག །སྤྱི་བརྩན་པ་དང་སྙན་པར་སྨྲ། །དེ་ཉིད་རང་དབང་རྒྱལ་སྲིད་ནི། །ལོ་ནི་བདུན་ཅུར་ཡོངས་སུ་བྱས། །སྐྲ་ཅན་ཞེས་བྱའི་སྔགས་དག་ཀྱང་། །རྒྱལ་པོ་དེ་ལ་རབ་ཏུ་གྲུབ། །ཁྱོད་ཉིད་ཀྱི་ནི་སྔགས་ཉིད་ཀྱང་། །དེ་ཚེ་གྲུབ་པར་བྱེད་པར་འགྱུར། །
ཁྱོད་ཉིད་ཀྱིས་བཤད་སྔགས་དག་ཀྱང་། །དེ་ཡི་ཚེ་ན་གྲུབ་པར་འགྱུར། །བྱིས་པའི་ཚུལ་ཅན་སྣ་ཚོགས་གཟུགས། །བྱིས་པ་རྣམས་ལ་མཐུ་དང་ལྡན། །སྔགས་ཀྱི་གཟུགས་ཀྱིས་ལུས་ཅན་ལ། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །སེམས་ཅན་རྣམས་ལ་ཕན་འདོད་

པས། །གང་ཞིག་ཁྱོད་ཀྱིས་བསྟན་པའི་སྔགས། །དེ་ཚེ་དེ་ཡི་དུས་དག་ཏུ། །བརྗོད་པ་ཙམ་གྱིས་འགྲུབ་པར་འགྱུར། །བློ་ལྡན་སྙིང་པོ་ཐིག་ལེ་ཡི། །རྒྱལ་པོ་དེ་ཡི་བློན་པོ་ནི། །ཙ་ནག་ཀྱ་ཞེས་རྣམ་བསྒྲགས་པ། །བྲམ་ཟེའི་ཁྱེ་འུས་ཁྲོ་བོ་འགྲུབ། །གཤིན་རྗེ་གཤེད་
ཅེས་བྱ་བ་ནི། །བློ་ངན་དེས་ནི་དེ་ཡང་འགྲུབ། །དེས་ནི་ཁྲོ་བས་ཟིལ་ནོན་ནས། །སྲོག་ཆགས་དག་གི་འཚོ་བ་བཅད། །དེ་ཚེ་རྒྱལ་པོ་གསུམ་གྱི་བར། །ཤིན་ཏུ་མི་བཟད་སྡིག་པ་བྱས། །དེ་ནི་དུས་རིང་འཚོ་བ་ཡི། །བྲམ་ཟེ་ངན་པ་འབྱུང་བར་འགྱུར། །དེ་ཡི་སྔགས་
ཀྱི་མཐུ་ཡིས་ནི། །ལུས་དེས་ལྷ་མིན་བརྟེན་པར་བྱེད། །ལྷ་མིན་ལུས་ལ་ཞུགས་ནས་ནི། །དེ་ནི་དུས་རིང་འཚོ་བར་བྱེད། །དེ་ནས་ལུས་དེ་ཞིག་ནས་ཀྱང་། །མནར་མེད་དམྱལ་བར་ཡང་དག་འགྲོ། །དེ་ནས་དམྱལ་བའི་སྡུག་བསྔལ་དེ། །བློ་ངན་དེས་ནི་རྗེས་སུ་མྱོང་། །
དམྱལ་བའི་སྡུག་བསྔལ་སྣ་ཚོགས་པ། །མི་འདོད་དེ་ཚེ་ལས་ལས་བྱུང་། །ལས་གཅིག་སྡུག་བསྔལ་དེས་ཟད་ནས། །ཁྲོ་བོའི་སྔགས་ཀྱིས་རབ་བསྐུལ་ཏེ། །དམྱལ་བ་ལས་ནི་དེ་འཆི་འཕོས། །དུད་འགྲོ་དག་ཏུ་ཉེ་བར་སྐྱེས། །ཀླུ་ཡི་སྐྱེ་གནས་བརྟེན་ནས་ནི། །
འཇིགས་པའི་གཟུགས་ཅན་དག་ཏུ་འགྱུར། །ཁྲོ་ལྡན་ཆེན་པོ་ཀླུ་ཡི་རྒྱལ། །གདེངས་ཅན་དུག་གིས་དྲེགས་བྱེད་དང་། །མི་བཟད་ལས་ནི་རབ་བྱེད་པས། །མ་རུངས་ལས་ལས་དེ་འཆི་འཕོས། །རྫུ་འཕྲུལ་ཆེན་པོ་ཡི་དགས་ཀྱི། །གཤིན་རྗེའི་རྒྱལ་པོར་རབ་ཏུ་འགྱུར། །
དེ་ལྟར་སྡུག་བསྔལ་སྟོང་ཕྲག་ནི། །ཡང་དང་ཡང་དུ་རྗེས་སུ་མྱོང་། །བློ་ངན་དེ་ནི་མཐར་གྱིས་སུ། །བྲམ་ཟེའི་ཁྱེའུར་ས་སྟེང་འོང་འོངས། །མི་ཡི་སྐྱེ་བར་འོངས་ནས་ནི། །འཇིགས་པ་ཡི་ནི་གཟུགས་ཅན་འགྱུར། །ཁྲོ་བ་དང་ནི་དབུལ་བ་ཉིད། །གྲགས་པ་ཆུང་བ་
ཉིད་དུ་འགྱུར། །གང་ཡང་འཇིག་རྟེན་རང་སངས་རྒྱས། །འདོད་མེད་བསེ་རུ་ལྟ་བུར་སྤྱོད། །དམན་པ་ལ་ནི་རྗེས་བརྩེ་བ། །ས་ཡི་སྟེང་ན་རྣམ་པར་རྒྱུ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །བསོད་སྙོམས་སྤྱོད་ལ་རབ་ཏུ་ཞུགས། །དེ་ཚེ་གཞན་སེམས་རིག་

པ་དེས། །བློ་ངན་དེ་ནི་རབ་ཏུ་མཐོང་། །སྙིང་རྗེས་ཡིན་གྱིས་གཞན་མིན་དེས། །དེ་ཡི་ཐད་དུ་བྱོན་པར་འགྱུར། །དེས་ནི་ཟན་དྲོན་གསོལ་ཆེད་དུ། །བསེ་རུ་ལྟ་བུ་ལ་ནི་ཁྱེར། །དེས་ནི་སྔགས་ལ་རབ་བརྙས་ནས། །དེ་ཚེ་རྒྱུ་ནི་ཡང་དག་བསྟན། །དེ་ལས་གཅིག་
གི་བདག་ཉིད་ལ། །བསོད་སྙོམས་དེ་ནི་ཡང་དག་བསྟབས། །ཀྱེ་འདི་རབ་བྱུང་མ་ལུས་པ། །ཇི་ལྟར་བདེ་བ་བཞིན་དུ་གསོལ། །དེ་ལ་རྗེས་བརྩེ་རང་སངས་རྒྱས། །དེ་ཚེ་རྫུ་འཕྲུལ་བསྟན་པར་འགྱུར། །དེ་ཡི་མཐུ་ཡིས་ཡིད་བསྐྱོད་ནས། །དེ་ནས་ངོ་མཚར་རབ་སྐྱེས་ཏེ། །
སངས་རྒྱས་བསེ་རུ་ལྟ་བུ་ལ། །སྤྱི་བོས་ཀུན་ལ་རབ་ཏུ་བཏུད། །ཇི་ལྟར་འདོད་པར་ཉེས་བྲལ་རྣམས། །དགེ་བའི་རྩ་བ་དེ་ཡི་མཐུས། །རང་རྒྱལ་བྱང་ཆུབ་སྨོན་ལམ་བཏབ། །བདག་ཉིད་ཆེན་པོ་ཅི་འདྲ་བ། །རྫུ་འཕྲུལ་ཆེན་པོ་ཞི་བའི་གཟུགས། །སྡུག་བསྔལ་བློ་ངན་མི་འགྱུར་བར། །
དེ་འདྲ་བདག་ནི་འཇིག་རྟེན་ཤོག །ལས་ཀྱི་ལྷག་མ་ཟད་པ་དང་། །འཆི་འཕོས་དེ་ཚེ་མཐོ་རིས་སོང་། །ཆོས་ཀྱི་བདག་ཉིད་དེ་མཐར་གྱིས། །ཉན་ཐོས་དེ་ནི་བྱང་ཆུབ་ཐོབ། །དེ་བས་སྔགས་ཀྱི་སྒྲུབ་པ་ནི། །མངོན་སྤྱོད་དག་ནི་ཡོང་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་
ཡིས། །མངོན་སྤྱོད་རབ་ཏུ་བཀག་པ་ཡིན། །སྙིང་རྗེ་མཆོག་ལྡན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སྔགས་རྣམས་མཐུ་བསྟན་དོན་དུ་ནི། །ལས་རྣམས་ཐམས་ཅད་བསྟན་པ་ཡིན། །དེ་བཞིན་ནོར་བུ་ལྟ་བུའི་སྔགས། །གང་ཞིག་དེ་བཞིན་གཤེགས་
པས་གསུངས། །ཁྲོ་དང་ཆགས་པས་ཟིལ་མནན་པའི། །བྱིས་པ་རྨོངས་པའི་སེམས་དག་གིས། །དེ་དག་སྔགས་ནི་མངོན་སྤྱོད་ལ། །ཕན་ཚུན་རབ་ཏུ་སྦྱོར་བར་བྱེད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །བློ་དང་ལྡན་པས་དེ་བཞིན་བཀག །རྣམ་པ་ཐམས་ཅད་སྔགས་རྣམས་
ནི། །སེམས་ཅན་ལོངས་སྤྱོད་འཕེལ་བ་དང་། །དེ་ནས་རྒྱལ་པོ་དམ་པ་དང་། །སྲུང་བ་ཆེ་དང་དབང་ཕྱིར་དང་། །སྐྱེ་གནས་སྣ་ཚོགས་ལ་གནས་པའི། །སེམས་ཅན་རྣམས་ནི་དགུག་དོན་དུ། །སྔགས་ཀྱང་བསྒྲུབ་པར་བྱ་བ་སྟེ། །འཚོ་བ་དགག་ཕྱིར་མ་ཡིན་ནོ། །དགེ་སློང་

མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་བ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་སྟོད་བྱེད་པ། །ཇི་བཞིན་ཡོན་ཏན་བཟང་པོ་ནི། །ཇི་ལྟ་བཞིན་དུ་བརྗོད་པར་འགྱུར། །ཀུན་ནས་སེམས་ནི་རབ་དང་ཞིང་། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །སྒྲུབ་
དཀའི་སྔགས་ནི་རབ་བསྒྲུབ་ཅིང་། །འཇམ་པའི་དབྱངས་ཀྱི་དེ་བཞིན་ནོ། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །དུད་འགྲོར་སྔོན་ནི་གྱུར་པ་ན། །ང་ཡི་བསྟོད་པ་ཡོངས་སུ་སྨྲ། །ཉམས་དགའ་གྲོང་ཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་
གྱི་ས་སྟེང་དུ། །སློབ་མའི་ཚོགས་དང་ལྷན་ཅིག་ཏུ། །ཇི་ལྟར་བདེ་བར་བཞུགས་པ་ན། །དེར་ནི་བྱ་རོག་ཅིག་ཡོད་པས། །ང་ལ་སེམས་ནི་རབ་དད་བྱས། །སེམས་ནི་ང་ལ་དད་བྱས་པས། །ལུས་ཞིག་ནས་ནི་མཐོ་རིས་སོང་། །ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་རྣམས་
ནང་དུ་ཉེ་བར་སྐྱེས། །མི་ཡི་ནང་དུ་སྐྱེས་ནས་ཀྱང་། །ང་ཡི་བསྟན་ལ་རབ་ཏུ་འབྱུང་། །རབ་བྱུང་བདག་ཉིད་ཆེན་པོ་དེ། །ཇི་བཞིན་དེ་ཚེ་འབྱུང་བར་འགྱུར། །མ་ཁོལ་ཞེས་བྱའི་བརྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་འགྱུར། །ཇི་བཞིན་དོན་ནི་བསྟོད་པས་མཆོད། །
རྣམ་པ་སྣ་ཚོགས་དཔེ་དག་གིས། །འབྱུང་པོ་ཀུན་ལ་ཕན་པའི་ཕྱིར། །ལེགས་པར་སྤྱོད་པ་རབ་བྱེད་པའོ། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །བསྟོད་པ་བརྗོད་པ་དེ་གཙོར་བྱེད། །དུས་མཐའི་འཇིག་རྟེན་སྨད་པ་ལ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །རྣམ་པར་
སྨིན་པ་དེ་ཡིས་ནི། །ལུས་ཞིག་ནས་ནི་བདེ་འགྲོར་འགྲོ། །བློ་ལྡན་དེ་ནི་མཐར་གྱིས་ཀྱང་། །རྣམ་པ་སྣ་ཚོགས་བདེ་མྱོང་ནས། །བསམ་གྱིས་མི་ཁྱབ་མཆོག་གསུངས་པའི། །ཐམས་ཅད་མཁྱེན་པའི་བྱང་ཆུབ་ཐོབ། །དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་
ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་གྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་

དེ་རིགས། །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུའང་སྐྱེ་བར་འགྱུར། །དེ་ནས་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་དེས་དོན་དྲང་བའི་དོན། །རྣམ་
པ་མང་པོའང་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་འདི། །སཱ་ལའི་ཕོ་ཉ་མོ་ཞེས་རྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་པའི་ཕྱིར། །མདོ་ཡི་
དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །དེ་ལྟར་རྣམ་པ་མང་པོ་ཡི། །ང་ཡི་བསྟན་
ལ་དགེ་སློང་རྣམས། །ཤེས་རབ་ལྡན་ཉིད་ཆོས་ཀྱང་སྤྱོད། །དུས་ཀྱི་མཐའ་ལ་དེ་ཚེ་འབྱུང་། །ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །དེ་ནི་སྔགས་དོན་བདག་ཉིད་ལྡན། །རྒྱུད་ཤེས་དེ་བཞིན་མང་དུ་ཐོས། །གནོད་སྦྱིན་སྔགས་ནི་རབ་བརྗོད་པས། །དེ་ལ་
བུམ་པ་བཟང་པོ་འགྲུབ། །སྔོན་ནི་ངས་ནི་གང་བཤད་པའི། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །དཀའ་ཐུབ་ཆེན་པོ་འདྲེན་པར་བྱེད། །གླེགས་བམ་དེ་ལ་དེས་བལྟས་ནས། །དེ་ལ་སྔགས་ནི་ཟློས་པ་ན། །གནོད་སྦྱིན་བསྒྲུབ་པའི་བུམ་པ་ལ། །དེར་
ནི་བསྲུང་བ་མ་བྱས་པའི། །བག་མེད་དྲན་པ་ཉམས་པ་ཡིས། །གཙུག་སྤྱོད་ཀྱིས་ནི་བུམ་པ་ཕྲོགས། །དེ་ནི་དེ་ནས་སྔགས་གྲུབ་པའི། །དགེ་སློང་སྔགས་ནི་ཟློས་བྱེད་པའི། །བུམ་པ་དག་ནི་བལྟས་པ་ན། །དེར་ནི་མངོན་པར་མཐོང་མ་གྱུར། །དེ་ནས་ཁྲོ་བས་མིག་དམར་ཞིང་། །
རྣམ་གཡོ་ཚིག་ཏུ་སྨྲ་བ་ནི། །ཚངས་པ་དཀའ་བའི་མཐར་གྱུར་པར། །བརྒྱ་བྱིན་སོགས་བཅས་དབང་ཕྱུག་ཆེ། །སྔགས་ཀྱིས་མ་བཀུག་མ་འོངས་ན། །སྔགས་པ་བདག་མིན་སྔགས་རྒྱལ་མིན། །གང་ཞིག་སངས་རྒྱས་སྲས་སྔགས་དང་། །རྒྱལ་བ་མཆོག་གིས་

སྔགས་དག་ནི། །ཚར་གཅོད་དོན་དུ་གང་གསུངས་པའམ། །གདུལ་དཀའ་འདུལ་བར་བྱེད་པའང་རུང་། །གལ་ཏེ་ཀུན་རྣམས་མ་བཀུག་ན། །ས་སྟེང་མ་ལུས་དེ་དག་མེད། །དེ་ནས་སྔགས་པ་ཆེན་པོ་ལངས། །བརྟུལ་ཞུགས་བརྟན་ཞིང་ལས་རྣམས་གྲུབ། །ཇི་ལྟར་སྔགས་ནི་
བྱས་པ་ཡི། །སྦྱོར་བ་མཐོང་བས་རྒྱུད་དག་ཀྱང་། །རྐུན་མ་དགུག་པ་དེ་དོན་གཙོར། །སྦྱོར་བ་རབ་ཏུ་བྱས་པར་གྱུར། །སྐད་ཅིག་དྲན་པ་ཙམ་གྱིས་ནི། །སྡོམ་བརྩོན་དེ་ནི་ལས་མྱུར་བྱེད། །ཡི་གེ་ཧཱུྃ་གི་སྔགས་གཅིག་གིས། །ཚངས་སོགས་ས་ས་སྟེང་འདྲེན་པར་བྱེད། །ལྷ་
རྣམས་མ་ལུས་རབ་བཀུག་པ། །ཚངས་སོགས་བརྒྱ་བྱིན་དང་ཡང་བཅས། །ཧ་ཧ་ཞེས་བྱའི་སྒྲ་འདོན་ཅིང་། །ཉམ་ཐག་འཇིགས་པའི་སྒྲ་ཡང་སྒྲོགས། །ཅི་བགྱི་ཞེས་བྱའི་བློ་བྱེད་ཅིང་། །བདག་ཅག་འདིར་ནི་ཉེས་མེད་སྨྲ། །མྱུར་ཞིང་རབ་ཏུ་རིངས་པར་ཡངས། །བློ་ལྡན་
དགེ་སློང་འཇིགས་མེད་པས། །ལྷ་རྣམས་ལ་ནི་རབ་སྨྲས་པ། །འདིར་ནི་བུམ་པ་སླར་བྱིན་ཞེས། །ལྷ་རྣམས་ཕན་ཚུན་ཐམས་ཅད་ལ། །དགེ་སློང་དེས་ནི་རབ་ཏུ་སྨྲས། །གང་གིས་བུམ་པ་བཟང་པོ་ཁྱེར། །ཁྱོད་ཀྱིས་མྱུར་དུ་རབ་ཏུ་སྨྲོས། །ལྷ་རྣམས་ཀུན་གྱིས་བལྟས་པ་ན། །
ཀུན་ཏུ་ཡང་ནི་མ་མཐོང་གྱུར། །བུམ་པ་འདི་ནི་སུ་ཡིས་ཁྱེར། །ལྷ་ཡི་དབང་པོས་ཡང་དག་དགོངས། །བྱང་ཆུབ་སེམས་དཔའ་འོད་ཆེན་པོ། །དཔལ་ལྡན་ལག་ན་རྡོ་རྗེ་ཅན། །དེ་ཡི་བུ་ནི་མི་བཟད་ཡོད། །ཁྲོ་བ་ཆེ་ཞིང་ཤིན་ཏུ་གདུག །བགེགས་ཀྱི་གཟུགས་ཀྱིས་སྔགས་པ་ལ། །
འགྲོ་བ་ཀུན་ལ་རྣམ་པར་རྒྱུ། །བུམ་པ་དེ་ནི་དེས་ཁྱེར་མཐོང་། །ལྷ་ཡི་བདག་པོས་དེ་ཡང་སྨྲས། །རྡོ་རྗེའི་རིགས་ཀྱི་བགེགས་ཡོད་པ། །ས་སྟེང་རྩེ་ཞིང་རོལ་པར་བྱེད། །འདིས་ནི་བདག་ལ་མ་མཆོད་པས། །དེས་ནི་བུམ་པ་དེ་འདིར་ཁྱེར། །ལྷ་ཡི་བདག་པོས་དེ་སྨྲས་ནས། །ཕྱིར་
ཡང་ལྷ་ཡི་གནས་སུ་སོང་། །དེ་ཚེ་རང་ཉིད་སྔགས་ཀྱིས་ནི། །ལྷ་རྣམས་མ་ལུས་སླར་གཤེགས་གས་གསོལ། །སྐད་ཅིག་ཡུད་ཙམ་ཉིད་ཀྱིས་ནི། །ཤིན་ཏུ་ལེགས་པར་ཡང་དག་བཀུག །དེ་ཚེ་དབང་མེད་བུམ་པར་བཅས། །བགེགས་དེ་ཉིད་དང་བཅས་པར་འོངས། །དེ་ནས་

དེ་ནི་བགེགས་དེ་ཡིས། །ཡི་དགས་རྣམས་ལ་བུམ་པ་བྱིན། །དེ་ནས་དེ་ཡི་བགེགས་དེས་ནི། །ཚིག་འདི་དག་ནི་རབ་ཏུ་སྨྲས། །ཡི་དགས་འཇིག་རྟེན་བུམ་པ་ཁྱེར། །ང་ནི་དེ་ལ་དགའ་བ་མེད། །སྔགས་པ་དེས་ནི་དཀའ་བ་དང་། །དཀའ་བས་བཏུད་དེ་བགེགས་
ལ་སྨྲས། །སོང་ཤིག་སོང་ཤིག་བགེགས་ཆེན་པོ། །ཕྱིན་ཅད་འདི་ལྟར་མ་བྱེད་ཅིག །དེ་ནས་དེས་ནི་ཡི་དགས་དག །དེ་ཡི་མོད་ལ་བཀུག་པར་གྱུར། །ལྟོགས་ཤིང་ངལ་བའི་སེམས་དང་ནི། །དམན་ཞིང་དེ་དག་ཁབ་ཙམ་ཁ། །ཤིན་ཏུ་མི་བཟད་ཆེན་པོ་དེ། །ཉམ་ཐག་
སྐད་ཀྱང་རབ་ཏུ་འདོན། །སྙིང་རྗེའི་ཚིག་ཏུ་སྨྲ་བ་ནི། །བདག་ཉིད་ཆེན་པོ་ཡོངས་སུ་སྐྱོ་བས། །ཁྱོད་ཀྱི་བུམ་པ་འདིར་འོངས་ཀྱིས། །ཇི་ལྟར་འདོད་བཞིན་བདག་ལ་བྱོས། །སྔགས་པ་སྙིང་རྗེ་ཆེར་ལྡན་པས། །ཡང་དག་འདར་བ་རབ་ཏུ་སྐྱེས། །སྙིང་རྗེས་བརླན་པའི་སེམས་
ཀྱིས་ནི། །ཚིག་ནི་འདི་དག་རབ་ཏུ་སྨྲས། །ཁྱོད་ཀྱི་འཇིག་རྟེན་སྡུག་བསྔལ་ཅི། །ཡུན་མི་རིང་པར་རབ་ཏུ་སྨོན། །དམན་པའི་ཡིད་ཀྱིས་དེ་སྨྲས་པ། །བཀྲེས་པས་ཡང་དག་གདུངས་པར་གྱུར། །ཡི་དགས་འཇིག་རྟེན་སྐོམ་པ་ཡིས། །བདག་ཉིད་ཆེན་པོ་ཡིན་ཡང་
རུང་། །དགེ་སློང་སྙིང་རྗེ་ཆེན་པོས་ནི། །དེ་དག་ལ་ནི་བུམ་པ་བྱིན། །དེ་ནས་དེ་དག་ཡིད་དགའ་ནས། །མྱུར་བར་རང་གི་གནས་སུ་སོང་། །དེ་དག་བསམ་པ་ཙམ་གྱིས་ནི། །བུམ་པ་ལས་ནི་བཟའ་བཏུང་བྱུང་། །དགེ་སློང་དགའ་བོའི་འོག་ཏུ་ནི། །ཙནྡན་སྐྱོང་ནི་འབྱུང་
བར་འགྱུར། །དེ་ཚེ་དུས་ནི་ཐ་མ་ལ། །ལོ་ནི་སུམ་བརྒྱ་དག་ཏུ་འཚོ། །བདག་ཉིད་ཆེན་པོ་བྱང་ཆུབ་ནི། །བགེགས་མེད་མྱུར་དུ་རྙེད་དཀའ་ཐོབ། །རྒྱལ་པོ་བཙུན་པ་ཞེས་བྱ་བ། །ང་ཡི་བསྟན་པ་ནུབ་བྱེད་པ། །དུས་ཀྱི་ཐ་མ་དེ་ཡི་ཚེ། །ཐེ་ཚོམ་མེད་པར་འབྱུང་
བར་འགྱུར། །ཤར་ཕྱོགས་ནས་ནི་བརྩམས་ནས་སུ། །ཁ་ཆེའི་ཡུལ་གྱི་བར་དག་ཏུ། །རྨོངས་པས་ལྷ་ཁང་མཆོད་རྟེན་རྣམས། །དེ་ཚེ་དེ་བཞིན་འཇིག་པར་འགྱུར། །དགེ་སློང་ཚུལ་ཁྲིམས་ལྡན་པ་རྣམས། །བློ་ངན་དེས་ནི་གསོད་པར་བྱེད། །བྱང་གི་ཕྱོགས་

སུ་བརྟེན་ནས་ནི། །དེ་ནི་འཆི་བར་འགྱུར་བ་ཡིན། །མི་མ་ཡིན་པ་ཉིད་འཁྲུགས་ནས། །ཡུལ་འཁོར་ཕྱུགས་དང་གཉེན་རྣམས་དང་། །རི་ཡི་དུམ་བུས་བཅོམ་པར་འགྱུར། །བློ་ངན་དེ་ནི་ས་འོག་འགྲོ། །དེ་ནི་འོག་ནས་འོག་ཏུ་འགྲོ། །དམྱལ་ལས་དམྱལ་བ་རབ་དྲག་པར། །
སྡུག་བསྔལ་སྡུག་བསྔལ་དྲག་པར་ནི། །མི་བཟད་པར་ནི་ཡང་དག་ལྟུང་། །མནར་མེད་ཞེས་ནི་བྱ་བ་ཡི། །སྡིག་པའི་ལས་ཀྱིས་དམྱལ་བ་ནི། །དེ་ནས་བསྐལ་བ་ཆེར་འཚེད་པ། །བདག་ཉིད་ངན་པ་གོ་མི་ཤན། །མི་དགེའི་བཤེས་གཉེན་ལ་བརྟེན་ནས། །སྡིག་པ་ཤིན་
ཏུ་མི་བཟད་བྱས། །དེ་ནི་ང་ཡི་བསྟན་པ་ལ། །རྣམ་པ་ཀུན་གྱིས་འབད་ནས་ནི། །སེམས་ནི་མ་ལུས་རབ་བཏང་ནས། །ཕུན་སུམ་ཚོགས་དང་དེ་ནས་སྤྱོད། །ངེས་པར་སངས་རྒྱས་ཉིད་ལམ་ནི། །ཡན་ལག་བརྒྱད་ཀྱི་ཐེག་པས་ནི། །དེ་ཚེ་དེ་ནི་རབ་འགྲོ་ཞིང་། །མྱ་ངན་ནད་མེད་
དམ་པ་ཐོབ། །དེ་ཡི་འོག་ཏུ་ས་སྲུང་བ། །སངས་རྒྱས་ཕྱོགས་ཞེས་རྣམ་པར་གྲགས། །ཕྱོགས་ཆེ་གཏོང་བ་ཆེ་བ་དང་། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །དེ་ཚེ་དུས་ཀྱི་ཐ་མ་ལ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །ཐམས་ཅད་མངོན་དགའི་རྒྱལ་པོ་སྟེ། །སྟོན་
པའི་བསྟན་པ་དེ་གཙོར་བྱེད། །ཀུན་དགའ་ར་བ་མཆོད་རྟེན་གནས། །སྟོན་པའི་གཟུགས་བརྙན་བླ་ན་མེད། །མཚེའུ་རྫིང་དང་ཁྲོན་པ་དང་། །མཚོ་རྣམས་དག་ནི་དུ་མ་དག །རྒྱལ་པོ་ཆེན་པོས་བྱས་ནས་ནི། །ཚེ་ཟད་ལྷ་ཡི་གནས་སུ་སོང་། །དེས་ཀྱང་ས་སྟེང་གྲུབ་པ་ནི། །པདྨ་
འཆང་བ་བརྩོན་འགྲུས་ཆེ། །བདག་ཉིད་ཆེན་པོ་སེམས་དཔའ་ལ། །ས་ཡི་བདག་པོར་དོན་དུ་གཉེར། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །ལོ་ནི་སུམ་བརྒྱ་དག་ཏུ་འཚོ། །དེ་ཡི་ལས་ཀྱི་ལྷག་མ་ཡིས། །མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར། །དེ་ཡི་བུ་ནི་རྒྱལ་པོ་ཡང་། །སྡེ་
ཆེན་སྟོབས་ནི་ཆེ་བ་ཡི། །ཟབ་མོའི་ཕྱོགས་ཞེས་རྣམ་པར་གྲགས། །གྲོང་ཁྱེར་ས་ནི་ལྔ་ལེན་འབྱུང་། །རིག་པའི་བདག་ཉིད་རྒྱལ་པོ་དེའང་། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །གཙུག་ལག་ཁང་དང་གནས་ཁང་དང་། །མཆོད་རྟེན་རྫིང་དང་ཁྲོན་པ་ནི། །འོད་ཆེན་

ས་ཡི་བདག་པོ་དེ། །དུ་མ་བྱེད་པར་ཐེ་ཚོམ་མེད། །བློ་དང་ལྡན་པ་འཇམ་དབྱངས་ཀྱི། །སྔགས་ཀྱང་དེས་ནི་རབ་བསྒྲུབས་པ། །དེ་དག་ཡི་གེ་དྲུག་ཅེས་བྱ། །དོན་ཆེན་ལོངས་སྤྱོད་འཕེལ་བྱེད་པའོ། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །དེ་ནི་ལོངས་སྤྱོད་ཆེ་བར་
འགྱུར། །བློ་དང་ལྡན་པ་མཐར་གྱིས་ནི། །མྱུར་དུ་བྱང་ཆུབ་གཞོལ་བར་འགྱུར། །དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་
ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལིཙྪ་བཱི་རྣམས་རིགས་སུ་བྱུང་། །དེ་ཡང་སྔགས་ཀྱི་དོན་བསྒྲུབས་ཏེ། །ལོངས་སྤྱོད་ཆེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱས། །དེས་
ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེ་ནི་སྲོག་སྤངས་ནས། །དེར་ཡང་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་པ་བསིལ་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་
བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་གནས་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོད་དེ་
བཞིན་ས་འོད་བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཞེས་བསྟན་པ་ཡིན། །ས་སྲུང་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་ཆར་རྒྱལ་ངང་ཚུལ་ཏེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །ཕྱི་རོལ་
སྐྱེ་དགུས་ཉེ་བར་སྤྱོད། །དེ་ཚེ་བལ་ཡུལ་བདག་པོ་ནི། །མཚོན་གྱིས་འཐབ་པས་རྣམ་པར་འཇིག །ཀླ་ཀློའི་རྐུན་པོ་བསྟེན་པ་ཡི། །དེར་ནི་རྒྱལ་པོ་རྣམ་པར་འཇིག །ས་བདག་དུ་མ་གསུངས་པ་རྣམས། །སྣ་ཚོགས་ལྷ་དང་བྲམ་ཟེ་དག །དེ་ཡི་ཚེ་ན་འབྱུང་བར་

འགྱུར། །རྒྱ་ཡུལ་ཀུན་ལ་བརྟེན་པ་ཡི། །རྒྱལ་པོ་དབྱིག་གི་སྙིང་ཞེས་བྱ། །སྡེ་ཆེན་སྟོབས་ཀྱང་ཆེ་བ་དང་། །བློན་པོ་རྒྱ་ཆེ་ཉིད་དང་ནི། །སྐྱེ་བོ་རྩ་ལག་རབ་ཏུ་མང་། །ཀླ་ཀློས་བཏུད་དང་རྣམ་པར་རྒྱལ། །སྟོན་པའི་བསྟན་པ་དེ་གཙོར་བྱེད། །གཞོན་ནུ་བདག་
ཉིད་ཆེན་པོ་ཉིད། །དེ་ཡི་སྔགས་ནི་རབ་བསྒྲུབས་པ། །མཐུ་ནི་ཆེན་པོ་དང་ལྡན་པའི། །རིག་པའི་རྒྱལ་པོ་ཡི་གེ་བརྒྱད། །དཔའ་བོ་ཆེ་ཞེས་རྣམ་པར་གྲགས། །ཕུན་སུམ་ཚོགས་པའི་གནས་ཆེན་ཡིན། །དེ་ཡི་བྱིས་པའི་བློ་ཡིས་ནི། །རྒྱལ་སྲིད་ཕྱིར་ནི་རབ་
སྨོན་བྱས། །གང་གིས་དྲན་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ངེས་འགྱུར་བ། །མི་བདག་རྒྱལ་ཐབས་ཉིད་ཀྱི་ཕྱིར། །དེ་ནི་སྐལ་བ་མི་ཉུང་འགྱུར། །མཆོག་གི་སྦྱིན་པ་བླ་ན་མེད། །བསམ་པ་ཙམ་གྱིས་ཐོབ་པ་ཉིད། །ཚངས་སོགས་ལྷ་རྣམས་ཐམས་ཅད་
ལ། །མ་ལུས་ལུང་ནི་རྩོལ་བྱེད་ན། །ལྷ་ངན་ཕལ་པ་དག་དང་ནི། །མི་ཡི་འཇིག་རྟེན་སྨོས་ཅི་དགོས། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གྲགས་ཆེན་ལྷ་ཡི་གནས་སུ་འགྲོ། །ཆོས་ཀྱི་བདག་ཉིད་དེ་མཐར་གྱིས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །གཞོན་ནུས་
ཡོངས་སུ་བཤད་པ་ཡི། །རིག་པ་འདི་ནི་དེ་ཡུལ་དུ། །དེ་ནི་མྱུར་དུ་འགྲུབ་འགྱུར་གྱིས། །རིག་པ་གཞན་ནི་ནམ་ཡང་མིན། །བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་
པ་ཡིན། །གྲུབ་པའི་ཞིང་མཆོག་དམ་པ་ལ། །མི་ནི་ཡོངས་སུ་སྒྲུབ་པར་འགྱུར། །རྒྱལ་པོ་ཏུ་རུཥྐ་ཞེས་བྱ། །བྱང་ཕྱོགས་ལ་ནི་ཡང་དག་བརྟེན། །སྡེ་ཆེན་བརྩོན་འགྲུས་ཆེ་བ་སྟེ། །དེ་ཡི་གནས་སུ་འབྱུང་བར་འགྱུར། །ཤིང་ཤུན་གྱོན་ཡུལ་མ་གཏོགས་པ། །ཁ་ཆེའི་
མཐར་ཐུག་ཀ་ཤིར་བཅས། །དེ་ནི་དཔག་ཚད་བདུན་བརྒྱ་དང་། །འབུམ་ཕྲག་གཉིས་ཀྱི་ས་བདག་ཏུ། །དེ་ཚེ་དུས་ཀྱི་ཐ་མ་ལ། །དེ་ཚེ་ཐེ་ཚོམ་མེད་པར་འགྱུར། །དེ་ཡང་སྔགས་ནི་གྲུབ་པས་ན། །ལོ་ནི་སུམ་བརྒྱ་དག་ཏུ་འཚོ། །བློ་ལྡན་མི་ཡི་སྤྱན་གྱུར་པས། །

སྐྲ་ཅན་མ་ཡི་རིག་པ་བསྒྲུབས། །བདག་ཉིད་དགེ་བར་བྱ་བའི་ཕྱིར། །ལྷ་ཁང་དག་ནི་མང་པོ་བྱས། །སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི། །མཆོད་རྟེན་མཆོག་ནི་དེ་བཞིན་བྱས། །ཐེག་པ་ཆེན་པོ་མཆོག་ཆོས་དང་། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡུམ། །འཇིག་
རྟེན་ཤེས་རབ་ཕ་རོལ་ཕྱིན། །དེ་ཡི་ཡུལ་དུ་རབ་གནས་བྱས། །རྒྱལ་པོ་དེ་ནི་ལུས་ཞིག་ནས། །མཐོ་རིས་འཇིག་རྟེན་འགྲོ་བར་འགྱུར། །ས་བདག་དེ་ནི་མཐར་གྱིས་སུ། །རྫོགས་པའི་བྱང་ཆུབ་བླ་མེད་འཐོབ། །དེ་འོག་ས་བདག་རྒྱལ་པོ་ནི། །ཆེན་པོ་ཏུ་རུཥྐ་ཞེས་བྱ། །
བློ་ལྡན་མང་པོས་བཀུར་ཞེས་བྱ། །རྟག་ཏུ་དགེ་ཞིང་མཆོད་ལ་དགའ། །ལྷ་མོ་སྒྲོལ་མ་རྫུ་འཕྲུལ་ཆེ། །དེ་ཡི་སྔགས་ཀྱང་རབ་ཏུ་བསྒྲུབས། །དེས་ཀྱང་སྔགས་ནི་རབ་བསྒྲུབས་པ། །ས་སྟེང་རྒྱལ་པོའི་ཆེད་དུའོ། །ཕྱོགས་ཆེ་དཔུང་ནི་ཆེན་པོ་དང་། །རྒྱལ་པོ་གྲགས་
པ་ཆེན་པོ་སྟེ། །གཉེན་དང་རིགས་དང་རྒྱལ་པོས་ཀྱང་། །དེ་ནི་བཀུར་བ་ཉིད་དུ་འགྱུར། །རྩ་བརྒྱད་སྟོང་གི་གཙུག་ལག་ཁང་། །དེ་ཡི་དུས་སུ་ཡོད་པར་འགྱུར། །དེ་ཡི་སྔགས་ཀྱི་མཐུས་ཡིས་ནི། །ལོ་ནི་ཉིས་བརྒྱ་དག་ཏུ་འཚོ། །གང་ཚེ་དེ་ལུས་ཞིག་པ་ན། །དགའ་
ལྡན་དུ་ནི་སྐྱེ་བར་འགྱུར། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །ལྷ་ཡི་བུས་ཀྱང་བཀུར་བར་འགྱུར། །ཆོས་ཀྱི་བདག་ཉིད་དེ་མཐར་གྱིས། །བྱང་ཆུབ་ཡན་ལག་མངོན་རྫོགས་ནས། །འབད་པས་དེ་ནི་མཐར་གྱིས་ཀྱང་། །མཉམ་མེད་བྱང་ཆུབ་ཐོབ་པར་འགྱུར། །
དུས་ཀུན་དེ་ཡི་ཡུལ་དུ་ནི། །གསུང་རབ་མང་པོ་གནས་འགྱུར་བ། །སྔོན་གྱི་རྒྱལ་བ་དག་གིས་གསུངས། །ད་ལྟར་ངས་ཀྱང་གསུངས་པ་ཡིན། །རྫུ་འཕྲུལ་ཆེན་པོ་ཀླུ་དང་ནི། །འདོད་ཆགས་བྲལ་བས་རྣམ་པར་གནས། །དེ་བཞིན་འཇིག་རྟེན་སྐྱོང་བ་དང་། །གནོད་
སྦྱིན་བསྟན་པ་སྲུང་བྱེད་དང་། །ས་སྟེང་དམ་ཆོས་སྲུང་བྱེད་པ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །དེ་ལྟར་རྣམ་པ་མང་པོ་བསྟན། །ས་བདག་འཇིག་རྟེན་རྣམ་གྲགས་པ། །བསྟན་དང་སྟོན་པར་འགྱུར་བ་ཡིན། །ནུབ་ཕྱོགས་ཡུལ་ནི་མཐའ་ཡས་པ། །འཕགས་རྒྱལ་

ཞེས་བྱའི་ཕ་རོལ་ཏུ། །ལ་དའི་ཡུལ་གྱི་སྐྱེ་བོ་ནི། །ངང་ཚུལ་ཞེས་བྱའི་རྒྱལ་པོ་ཡོད། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །གྲོང་ཁྱེར་ཕྱིན་ནས་ཡང་དག་ཞུགས། །ཆོས་ཀྱི་རྒྱལ་པོར་འགྱུར་བ་སྟེ། །མཆོད་རྟེན་སྣ་ཚོགས་
གཙུག་ལག་ཁང་། །དེ་བཞིན་སྲོག་ཆགས་དགེ་བར་ནི། །ས་བདག་ཆོས་ལ་མཉེས་གཤིན་པས། །རིག་པའི་བདག་ཉིད་བྱེད་པར་འགྱུར། །རྒྱལ་བའི་གཟུགས་བརྙན་ཡིད་འོང་ལ། །རྣམ་པ་སྣ་ཚོགས་མཆོད་པ་བྱེད། །འཇིག་རྟེན་མགོན་པོ་གྲགས་ཆེན་གྱི། །མཆོད་
རྟེན་མཆོག་ལའང་མཆོད་པ་བྱེད། །དེས་ན་དེ་ནི་སྔགས་ཀྱང་གྲུབ། །རྒྱལ་པོ་ལས་སྐྱེས་ཁོ་ན་ནི། །དེ་ཡི་ཡུལ་དུ་ཡང་དག་གྲགས། །དགེ་སློང་བསོད་སྙོམས་བྱེད་པ་ནི། །ཚུལ་ཁྲིམས་ལྡན་ཞིང་བློ་དང་ལྡན། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །
བདག་ཉིད་ཆེན་པོ་དུས་སུ་རྒྱུ། །དེ་ནི་བསོད་སྙོམས་རབ་ཞུགས་རྒྱུ། །རྒྱལ་པོའི་ཁབ་བཟང་རབ་མཐོང་བ། །རྒྱ་ཆེ་སྐྱེ་བོས་གང་བ་ལ། །བསླང་བའི་དོན་དུ་དེར་ཡང་ཞུགས། །བཀྲེས་པ་དང་ཡང་ཡང་དག་ལྡན། །ངལ་ཞིང་ལྟོགས་པའི་ཡིད་གྱུར་ཀྱང་། །
དེ་ཚེ་བསོད་སྙོམས་རྙེད་མ་གྱུར། །རྒྱལ་པོའི་སྐྱེས་བུས་དེ་མྱུར་བཟུང་། །ཁྱིམ་དེ་ལས་ནི་ཕྱུང་བར་འགྱུར། །དེ་ནས་དེ་ནི་ཡིད་བྱུང་ནས། །རྒྱལ་པོའི་མི་ལ་རབ་ཁྲོས་ཏེ། །གྲོང་ཁྱེར་དེ་ལས་ངེས་བྱུང་ནས། །མོད་ལ་དེ་ཡི་རང་གནས་ཕྱིན། །ལྟོགས་ཤིང་
སྐོམ་པ་ཉིད་གྱུར་པས། །སྡུག་བསྔལ་ཡིད་མི་བདེ་བར་གྱུར། །དེ་ནས་དེ་ནི་ཟས་ཆད་ནས། །མཚན་ཕྱེད་དུ་ནི་ལངས་གྱུར་ནས། །སྡོམ་བརྩོན་དེ་ནི་སེམས་ཆུད་པས། །དེ་ཚེ་སྲོག་ནི་གཏང་བར་རྩོམ། །དེ་ཚེ་སྨོན་ལམ་བྱེད་པ་ནི། །ལ་དའི་ཡུལ་གྱི་བདག་པོར་
ཤོག །དེ་ནས་དགེ་སློང་དུས་ལས་འདས། །སྤུ་གྲི་ཞེས་བྱའི་རྒྱལ་རིགས་སུ། །བདག་ཉིད་ཆེན་པོ་དེ་སྐྱེས་གྱུར། །སྟོན་པའི་བསྟན་པ་མཆོད་པར་བྱེད། །ལོ་ནི་སུམ་ཅུ་དག་ཏུ་ཡང་། །རྒྱལ་སྲིད་གནོད་པ་མེད་པར་བྱས། །བརྐམ་ཆགས་རང་མིའི་སྦྱོར་བ་ཡིས། །

མ་ཞུའི་ནད་ཀྱིས་བཏབ་པར་གྱུར། །དེ་ཚེ་རྒྱལ་པོ་ལུས་ཞིག་ནས། །དུས་བྱས་ལྷ་ཡི་གནས་སོང་བ། །བྱམས་པ་གང་དུ་བཞུགས་པ་ཡི། །དགའ་ལྡན་ལྷ་ཡི་གནས་མཆོག་ཏུ། །བདག་ཉིད་ཆེན་པོས་ཆོས་འཆད་པར། །དེ་ཉིད་དུ་ནི་སྐྱེ་བར་འགྱུར། །
འོད་ཆེན་བྱམས་པ་ཆེན་པོ་ལ། །བསྙེན་བཀུར་བྱེད་ཅིང་ཆོས་ཀྱང་ཉན། །བདག་ཉིད་ཆེན་པོ་དེ་མཐར་གྱིས། །རྙེད་པར་དཀའ་བའི་བྱང་ཆུབ་ཐོབ། །ཚུལ་ཁྲིམས་ཞེས་བྱའི་རྒྱལ་པོའི་འོག །གཡོ་བ་ཞེས་བྱ་འབྱུང་བར་འགྱུར། །ལོ་ནི་ལྔ་བཅུ་རྩ་ལྔ་དང་། །དེ་
བཞིན་ཟླ་བ་ལྔ་རུ་འཚོ། །དེ་སྲིད་རྒྱལ་སྲིད་དེས་བྱས་ནས། །མཚོན་ཆས་འཚོ་བས་རབ་བསད་པ། །བུད་མེད་བྱས་པའི་སྐྱོན་ཉིད་ཀྱིས། །དེ་ནི་མཚོན་ཆས་བསད་པར་འགྱུར། །དེ་ཡི་ནུ་བོ་བརྟན་ཞེས་བྱ། །བརྟན་པ་ཆོས་ནི་བརྟན་པར་འགྱུར། །སྔོན་ནི་བཀྲེན་པ་ཞམ་
རིང་གྱུར། །ཡུལ་ནི་ལ་དའི་བདག་པོར་གྱུར། །ལྷག་མ་རྒྱལ་པོ་ཐམས་ཅད་དང་། །སྐྱེ་དགུ་ཀུན་ཀྱང་ཞམ་རིང་པའོ། །ཚུལ་ཁྲིམས་ཞེས་བྱ་རབ་འདས་ནས། །དེ་ནི་དེ་དག་ཀུན་གྱི་སྔར། །ས་བདག་ཐམས་ཅད་འབྱུང་འགྱུར་བ། །དཔའ་བོ་རྒྱ་མཚོའི་ཕ་རོལ་འགྲོ། །
རྒྱལ་པོ་དབང་པོ་ཟླ་མཛེས་དང་། །དེ་བཞིན་དུ་ནི་གཞུ་དང་ཏོག །མེ་ཏོག་གཞུ་དང་རྒྱལ་པོའི་བུ། །རེས་ལྡན་གྲོང་ལས་བྱུང་བ་ཡིན། །དང་པོའི་དང་པོ་སྔ་མ་དག །བ་ལའི་གྲོང་དུ་འབྱུང་བ་ཡིན། །འོད་ཅེས་བྱ་བ་སྟོད་རྣམས་དང་། །དེ་བཞིན་ཁྱབ་འཇུག་ཅེས་བྱ་
བ། །རྒྱལ་པོ་མཐའ་ཡས་གསུངས་པ་ནི། །ཡ་ང་བ་ཡི་རིགས་སུ་འབྱུང་། །དེ་དག་ཕྱི་མའི་རྒྱལ་པོ་ནི། །ཁྱབ་འཇུག་ཅེས་ནི་བྱ་བ་འབྱུང་། །གྲོང་དང་སྐྱེ་བོ་གཉེན་དང་བཅས། །དྲང་སྲོང་དམོད་པས་གནོད་གྱུར་པས། །བློ་ལྡན་རྒྱལ་པོ་མེད་པར་འགྱུར། །གྲོང་ཁྱེར་ཆུ་
ཡིས་རབ་ཏུ་གང་། །དེ་ཚེ་དེ་ཡི་རེས་ལྡན་གྲོང་། །རྒྱ་མཚོ་ཆེན་པོས་རབ་ཏུ་གང་། །བྱང་གི་ཕྱོགས་ནི་ཐམས་ཅད་དུ། །རྩོམ་པ་སྣ་ཚོགས་རི་ཞོལ་བརྟན། །སྣ་ཚོགས་རིགས་ལ་གནས་པ་ཡི། །རྒྱལ་པོ་རྣམས་ནི་མཐའ་ཡས་གསུངས། །ཉི་ཤུ་གཅིག་དང་སུམ་ཅུ་

ཡི། །མི་ཡི་རྒྱལ་པོར་ཤེས་པར་བྱ། །བཅྭ་བརྒྱད་ས་ཡི་བདག་པོ་ཞེས། །བར་མའི་ས་ཀུན་བདག་པོ་ཡིན། །མཐའ་ཡས་ཀླུ་ཡི་སྡེ་ལ་སོགས། །དེ་ལས་ཐ་མ་རྣམ་པར་ཞིག །དེ་ནས་ཁྱབ་འཇུག་འཕྲོག་བྱེད་དང་། །མདུང་ཞེས་བྱ་བ་འཕྲོག་བྱེད་གཞན། །དབང་ལྡན་དང་
ནི་ཕྲེང་ཀུན་དང་། །བཟའ་དང་བརྟུལ་ཞུགས་བཟང་པོ་གཞན། །དུས་ཀུན་ཆོས་ལུགས་རྣམ་པར་ཉམས། །རྒྱལ་པོ་དེ་དག་དུས་ལས་འདས། །དེས་ནི་བྲམ་ཟེ་རིགས་བྱུང་བ། །དེ་ཚེ་ལོངས་སྤྱོད་ཆེ་ནོར་དང་། །བར་མཐར་ཡི་གེ་དང་པོ་བྷ། །དེ་ཚེ་བློན་པོ་གཉི་ག་གཙོ། །གཉི་ག་
ནོར་ལྡན་དཔལ་ལྡན་གྲགས། །བསྟན་པ་ལ་ནི་ཕན་པར་དགའ། །གཞོན་ནུ་ཁྱོད་ཀྱི་སྔགས་རྒྱལ་པོ། །བློན་པོས་དེ་ཚེ་སྔགས་ཀྱང་བཟླས། །དེ་ནས་བཟུང་ནས་ས་ཡི་བདག །གཉི་ག་མི་ཡི་དབང་ཕྱུག་གྱུར། །བདུན་དང་བརྒྱད་དང་དེ་བཞིན་གསུམ། །དེ་ཚེ་དཔལ་མགྲིན་
གནས་ན་འདུག །སྟོན་པ་ཉི་མ་ཞེས་བྱ་བའི། །གནས་ན་དབང་ཕྱུག་རབ་ཏུ་གནས། །ཐམས་ཅད་གནས་སུ་ས་ཡི་བདག །འབྱུང་བར་འགྱུར་བར་ཐེ་ཚོམ་མ་མེད། །ཡི་གེ་ཧ་ཞེས་རབ་གསུངས་པ། །ས་རྣམས་ཀུན་ལ་མི་ཡི་བདག །དེ་ཡི་ཡུལ་དུ་སྔགས་འདི་དག །དེ་ཚེ་
གྲུབ་པར་འགྲོ་བ་ཡིན། །ཞི་དང་རྒྱས་པའི་རིག་པ་རྣམས། །གང་ཞིག་ཆོས་རྒྱལ་གྱིས་གསུངས་པ། །ལོངས་སྤྱོད་རྣམ་པ་སྣ་ཚོགས་ཚོགས། །དེ་བཞིན་རྣམ་པ་སྣ་ཚོགས་ལྡན། །སྣ་ཚོགས་གཟུགས་ཀྱི་གཟུངས་དང་ནི། །རྫུ་འཕྲུལ་ཆེན་པོ་གནོད་སྦྱིན་མོ། །དེ་ཚེ་དུས་
ཀྱི་ཐ་མ་ལ། །དེར་ནི་གྲུབ་པར་འགྱུར་བ་ཡིན། །ལྷོ་ཡི་ཕྱོགས་ལ་ཡང་དག་བསྟན། །རྒྱ་མཚོའི་འགྲམ་གྱི་ས་དག་ལ། །རྒྱལ་པོ་དཀར་དང་ཟླ་མཛེས་དང་། །ས་ལ་ཡི་ནི་བཞོན་པ་དང་། །དབང་ཆེན་དང་ནི་བདེ་བྱེད་དང་། །ས་བདག་དེ་བཞིན་ཡིད་དུ་འོང་། །ལོངས་
སྤྱོད་སྐྲ་བཟང་སྐྲ་ཞེས་སུ། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །བཀྲ་ཤིས་དང་ནི་རྙེད་སླ་དང་། །བ་ལང་རྙེད་དང་ཁྱུ་ཉིད་དང་། །གྲུ་བཟང་དེ་བཞིན་གྲུ་དག་དང་། །དབང་ཆེན་དང་ནི་ཟླ་བ་ཉིད། །བ་ལང་སྲུང་དབང་ཟླ་བའི་སྡེ། །འདོད་ལྷ་དེ་བཞིན་མ་ག་དྷཱ། །གྲོང་

བྱེད་བདེ་བྱེད་ཉིད་དང་ནི། །སྟག་དང་སེང་གེ་གཟའ་ལྷག་དང་། །སངས་རྒྱས་དག་པ་བུམ་པ་དང་། །བུམ་པ་མ་ལུས་ཉིད་དུ་བརྗོད། །མཉམ་དང་ལེགས་པར་འཇམ་པ་དང་། །སྐྲ་བཟང་སྐྲ་ནི་ལྡན་པ་དང་། །ལྷོ་ཡི་ཕྱོགས་སུ་ས་ཡི་བདག །མཐའ་ཡས་མང་
པོར་བསྟན་པ་ཡིན། །འདས་དང་མ་འོངས་པ་དག་དང་། །ད་ལྟར་དག་ཏུ་རྟོགས་པར་གྱིས། །རྣམ་པ་སྣ་ཚོགས་ནད་བཏབ་ནས། །འདི་དག་རྣམ་པ་སྣ་ཚོགས་འཆི། །མཚོན་གྱིས་འདེབས་དང་མུ་གེ་ཡིས། །འཆི་ཞིང་ཁ་ཅིག་ཕྱོགས་གཞན་འགྲོ། །དེ་ལྟར་འདི་དག་རྒྱལ་པོ་
རྣམས། །ཀན་ཙི་པུ་རར་གནས་པར་བསྟན། །དེ་བཞིན་སྟོང་ཕྲག་རྣམ་གྲགས་པ། །དེ་ཚེ་འབྱུང་བར་འགྱུར་བ་ཡིན། །དེ་དུས་དེ་ཚེ་ཕྱོགས་དག་ཏུ། །སྔགས་རྣམས་གྲུབ་པར་འདོད་ན་ནི། །ཁྲོ་བོ་རྡོ་རྗེའི་རིགས་བསྟན་པའི། །སྔགས་འདི་དག་ནི་བསྒྲུབ་པར་བྱ། །མངོན་པར་སྤྱོད་པའི་
ལས་དག་དང་། །དེ་བཞིན་དབང་གི་དོན་ཡང་འགྲུབ། །གཞོན་ནུ་བྱིས་པའི་གཟུགས་ཅན་ནི། །འཇམ་པའི་དབྱངས་ནི་བདག་ཉིད་ཆེ། །དེ་ཚེ་དུས་མཐར་ཕྱིན་པ་ན། །དེ་ཚེ་ཡུལ་དེར་འགྲུབ་པར་འགྱུར། །རི་བོ་འབིགས་བྱེད་ལ་བརྟེན་ནས། །རྒྱ་མཚོ་བ་ཚྭ་ཅན་འགྲམ་དུ། །གདོང་
དྲུག་ཅེས་ནི་ཡང་དག་བསྒྲགས། །སེམས་ཅན་རྣམས་ལ་མཆོག་སྦྱིན་བྱེད། །འཇམ་པའི་དབྱངས་ནི་བློ་དང་ལྡན། །བྱང་ཆུབ་སེམས་དཔས་བཀའ་སྩལ་པ། །སེམས་ཅན་རྣམས་ལ་ཕན་འདོད་ཕྱིར། །ལྷོ་ཡི་ཕྱོགས་སུ་གནས་པར་གྱིས། །གདོང་དྲུག་གང་གི་སྔགས་དག་ནི། །
འཇམ་པའི་དབྱངས་ཀྱིས་རབ་བསྟན་པ། །དེ་ཚེ་དེ་ཕྱོགས་དེ་དུས་སུ། །གྲུབ་པར་འགྱུར་བར་ཐེ་ཚོམ་མེད། །དེ་ཚེ་དཔལ་གྱི་རི་བོའི་ཕྱོགས། །འབིགས་བྱེད་ནང་དང་རི་ཞོལ་དང་། །གླིང་ཉིད་རྣམ་པ་ཐམས་ཅད་དང་། །ཀ་ལིང་ཀ་ཞེས་རབ་བསྒྲགས་དང་། །ཡོན་ཏན་གསུམ་
དང་ཀླ་ཀློ་དང་། །ཁོ་ར་འཁོར་ཡུག་ཀོ་ས་ལ། །རྒྱ་མཚོའི་ནང་དང་འགྲམ་དག་ཏུ། །རྒྱལ་པོ་དག་ནི་མཐའ་ཡས་ཡོད། །ཆ་ཤས་ཀཱ་མ་རཱུ་ཞེས་པ། །ཁ་བ་ཅན་གྱི་ནང་ན་གནས། །ཨོ་ཌ་ཡུལ་གྱི་མཚམས་ཀུན་ན། །རྒྱལ་པོ་རྣམས་ནི་མང་པོ་གསུངས། །སྣ་ཚོགས་ཀླ་ཀློའི་

རྒྱལ་པོ་ནི། །སྟོན་པ་མཆོད་བྱེད་དེ་གཙོ་བྱེད། །དབང་པོ་ཟླ་བ་དགའ་བ་ཡི། །རྒྱལ་པོ་ཀླ་ཀློའི་གནས་ན་གནས། །དེ་ལས་རྒྱལ་པོ་གཉིས་དག་ནི། །བསྟན་པ་ལ་ནི་ལོ་བརྒྱད་དང་། །སྟོན་པའི་སྐུ་གཟུགས་མཆོད་བྱེད་པའོ། །དེ་ལས་སྐྱེས་པ་ཐམས་ཅད་ནི། །རྒྱལ་བའི་
བསྟན་ལ་རབ་དད་པར། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ཤར་གྱི་ཕྱོགས་ལ་བརྟེན་པ་ཡི། །རྒྱལ་པོའི་མཆོག་ནི་མང་པོ་གསུངས། །གང་ཞིག་འདས་དང་མ་འོངས་དང་། །ད་ལྟར་བྱུང་བ་ཐམས་ཅད་དུའོ། །དང་པོའི་རྒྱལ་པོ་མཆོག་བཤད་བྱ། །གོ་ཌཱའི་རྒྱུད་དུ་ས་སྟེང་
སྐྱེས། །གྲོང་ཁྱེར་འཕེལ་བྱེད་ཉམས་དགའ་བར། །གྲགས་ལྡན་དེ་ནི་རབ་ཏུ་སྐྱེ། །དེ་མིང་འཇིག་རྟེན་ཞེས་བྱ་བ། །རྒྱལ་པོ་གོ་ཌཱ་འཕེལ་བྱེད་བྱུང་། །ང་ནི་འཇིག་རྟེན་སྐྱེས་མེད་འདིར། །དེ་ནི་ཆོས་ལ་སེམས་པ་བྱུང་། །ས་བདག་མང་པོ་རྣམས་མནན་ནས། །ཞོ་ཤས་འཚོ་བ་དག་
ཏུ་བྱས། །བར་མའི་དུས་སུ་འདི་དག་མཉམ། །བར་མ་བར་མའི་ཆོས་དང་ལྡན། །རྩོད་པའི་དུས་ཀྱི་ཐ་མ་ལ། །མི་ཡི་དབང་པོ་དེ་ཉིད་ཉོན། །རྒྱལ་པོ་རྒྱ་མཚོ་ཞེས་བྱ་དང་། །རྣམ་པར་གནོན་པ་ཉིད་དང་ནི། །རྒྱལ་མཆོག་གཙོ་བོ་དབང་ཆེན་དང་། །དེ་འོག་ཡི་གེ་ས་ཞེས་བྱ། །ལྷ་ཡི་
རྒྱལ་པོ་ཞེས་བྱ་སྟེ། །ཐ་མའི་དུས་ལ་འབྱུང་བར་འགྱུར། །རྒྱལ་པོའི་གཙོ་བོ་སྣ་ཚོགས་ཞེས། །བློ་ལྡན་ཆོས་ནི་འཕེལ་བྱེད་པའོ། །དེ་ཡི་ནུ་བོ་བྱིས་ཞེས་བྱ། །བསྟན་པ་འདི་ལ་ཕན་ཞིང་དགའ། །ཤར་ཕྱོགས་རྒྱ་མཚོའི་མཐར་ཐུག་པར། །མཆོད་རྟེན་གྱིས་བརྒྱན་མཛེས་
པ་ནི། །དེ་ཚེ་ས་རྣམས་མ་ལུས་པར། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །ལྷ་ཁང་ཀུན་དགའ་ར་བ་རྫིང་། །སྐྱེད་མོས་ཚལ་དང་བཀད་ས་ནི། །དེ་ཚེ་དཔལ་ལྡན་བྱེད་འགྱུར་ཞིང་། །གཟིངས་དང་ཟམ་པ་བྱེད་པ་པོ། །དེ་ཚེ་སྟོན་པའི་གཟུགས་བརྙན་མཆོད། །དེ་ལ་ཞུགས་པའང་
མཆོད་པར་བྱེད། །རྒྱལ་སྲིད་ས་ཡི་བདག་པོ་བྱེད། །གནོད་པ་མེད་ཅིང་འགྲན་ཟླ་མེད། །ལོ་ནི་སུམ་བརྒྱ་དག་ཏུའང་འཚོ། །ཞག་ནི་སུམ་ཅུར་རབ་བྱུང་ནས། །ཕ་རོལ་རྒོལ་བས་ཕམ་བྱས་ཏེ། །དེ་ནས་རྒྱལ་པོས་རང་སྲོག་བཅད། །དེ་འོག་དེ་ནས་ལུས་ཞིག་ནས། །

དམྱལ་བ་དག་ཏུ་རབ་སྐྱེས་ཏེ། །ཞག་གསུམ་དང་ནི་གཅིག་དག་ཏུ། །དམྱལ་བ་དག་གི་འགྲོ་བར་གནས། །དེ་ནས་དམྱལ་བའི་ལུས་བོར་ནས། །རྟག་ཏུ་རྒྱལ་པོ་ལྷ་གནས་འགྲོ། །ལྷ་རྣམས་ལེགས་ས་སྤྱད་འཇིག་རྟེན་དུ། །གཙང་མའི་གནས་ཞེས་རབ་ཏུ་
དྲན། །དེར་ནི་ལྷ་རྒྱལ་ཞེས་བྱར་འགྱུར། །དག་པའི་བདག་ཉིད་བྱང་ཆུབ་གཞོལ། །བརྒྱ་ཕྲག་དང་ནི་སྟོང་ཕྲག་ཏུ། །ལྷ་ཡི་བདེ་བ་རྗེས་སུ་མྱོང་། །ཕྱིར་ཡང་མི་ལུས་ཐོབ་ནས་ནི། །སྲིད་པ་གཞན་ལ་སངས་རྒྱས་འགྱུར། །སྐྱེ་བ་གཞན་དུ་སེམས་ཅན་ལ། །དེ་ཉིད་
ཀྱིས་ནི་ལས་ཀྱང་བྱས། །གྲོང་ཁྱེར་འཕགས་རྒྱལ་ཞེས་བྱ་བ། །དེ་ཚེ་མ་ལ་བར་སྐྱེའོ། །དེ་ནི་ཚོང་དཔོན་མཆོག་གྱུར་པ། །མ་ལ་བར་སྐྱེས་ནོར་ཆེན་ལྡན། །འཇིག་རྟེན་སྟོང་ཞིང་གནས་མེད་པ། །སངས་རྒྱས་འབྱུང་བ་མེད་དུས་སུ། །རང་སངས་རྒྱས་ནི་འཇིག་རྟེན་དུ། །རྫུ་
འཕྲུལ་ཆེན་པོ་རྣམ་པར་རྒྱུ། །སེམས་ཅན་རྣམས་ལ་ཕན་དོན་དུ། །ས་ཡི་སྟེང་དུ་རྣམ་སྤྱོད་དེ། །གྲོང་ཁྱེར་འཕགས་རྒྱལ་ཕྱིན་ནས་ནི། །བསོད་སྙོམས་སྤྱོད་ལ་རབ་ཏུ་ཞུགས། །བདག་ཉིད་ཆེན་པོ་ཚོགས་སྤྱོད་པས། །དེ་ཚེ་ལམ་ཆེན་གྲོང་བར་རུ། །དེ་ཚེ་ཚོང་པ་དེ་
ཉིད་ཀྱིས། །ཐུབ་པ་མངོན་དུ་མཐོང་བར་གྱུར། །འབྲས་ཆན་ལ་ནི་མགྲོན་བོས་ནས། །དེ་ཚེ་རང་གི་ཁྱིམ་དུ་ཁྱེར། །དེ་ནས་ཐུབ་མཆོག་མྱུར་ཁྱེར་ནས། །སྟན་དག་ལ་ནི་བཞུགས་སུ་གསོལ། །ཟས་ཀྱི་དུས་ནི་ཉེར་གནས་པས། །བཅོམ་ལྡན་དེ་ནི་དགོངས་སུ་གསོལ། །
བདག་ཉིད་ཆེན་པོ་དེ་དག་ཀྱང་། །དེ་ཚེ་ཅང་མི་སྨྲ་བར་གྱུར། །དེ་ཚེ་ཚོང་པ་དེ་ལ་ནི། །ལྷུང་བཟེད་དག་ནི་ཟེད་པར་གྱུར། །ཚོང་པ་ཟུར་གྱིས་གོ་བ་དང་། །དེ་ཚེ་བློ་དང་ལྡན་གྱུར་པས། །རྣམ་པ་སྣ་ཚོགས་བཟའ་བ་ཡིས། །ལྷུང་བཟེད་རྣམས་ནི་ཡོངས་སུ་བཀང་། །དེ་ནས་དེས་
ནི་རང་ལག་གིས། །དེ་དག་ལ་ནི་འབད་པས་བྱིན། །ཐོགས་ནས་དེ་དག་ཐམས་ཅད་ནི། །མར་མེའི་ཕྲེང་བ་བཞིན་དུ་མཐོང་། །ནམ་མཁའ་ལ་ནི་ལུས་བརྟེན་ནས། །དེ་དག་དེ་ཡི་མོད་ལ་སོང་། །དེ་ནས་བ་སྤུ་ལངས་ནས་ནི། །དེ་ཚེ་སྐྱོ་བ་མང་པོ་གྱུར། །ཡིད་ནི་རྫུ་འཕྲུལ་ལ་དད་

ནས། །ས་དེ་ལ་ནི་རབ་ཏུ་འགྱེལ། །སྨོན་ལམ་དེ་ཚེ་བྱེད་པ་ཡང་། །ཇི་ལྟར་ཚིག་ཏུ་སྨྲ་བ་ནི། །དགེ་བའི་རྩ་བ་འདི་ཡིས་ནི། །དེ་རིང་བདག་གིས་གང་ཐོབ་པ། །དེས་ནི་ཐུབ་པ་རབ་མཆོག་ནི། །འཇིག་རྟེན་བློ་ཡི་མཆོག་འགྱུར་ཤོག །དེ་ཚེ་ས་སྟེང་འཁོར་ལོས་སྒྱུར། །
སྐྱེ་བ་སྟོང་ཕྲག་བཅུ་རུ་འགྱུར། །དེ་ནས་དེ་ཡི་ལུས་སྤངས་ནས། །བྱེ་བ་དྲུག་ཅུར་ལྷ་གནས་འགྲོ། །དེར་ནི་ཡུན་རིང་བདེ་མྱོང་ནས། །ལྷ་གནས་སྐྱེ་བ་ཡོངས་བོར་ཏེ། །དེ་ཚེ་མི་ཡི་སྐྱེ་བ་ནི། །གཞན་གྱི་དབང་གིས་འདིར་ཡང་ཕྱིན། །དེ་ནི་རྒྱལ་པོའི་རིགས་སྐྱེས་པ། །
ཐམས་ཅད་དུ་ནི་འདིར་ཡང་འགྱུར། །རྒྱལ་པོ་བྱིས་པ་ཞེས་བྱ་དེ། །ཤར་གྱི་ཕྱོགས་སུ་འབྱུང་བར་འགྱུར། །སྐྱེ་བ་སྟོང་ཕྲག་བརྒྱད་དུ་ནི། །བདེ་བ་སྒྲིབ་མེད་ཐོབ་འགྱུར་བ། །དཔལ་ལྡན་རྒྱལ་པོས་ཐོབ་པའོ། །ཐམས་ཅད་མཁྱེན་ཉིད་མཐར་ཐོབ་འགྱུར། །དེ་ལྟར་
རྣམ་མང་སེམས་ཅན་དང་། །དེ་བཞིན་ཕུན་ཚོགས་རྒྱ་ཆེ་བ། །དེ་ཚེ་མཆོད་དང་སྐུལ་བྱེད་པ། །སྟོན་པ་ལ་ནི་སུ་མི་བྱེད། །རིག་པ་དགེ་བ་བྱེད་པ་ཡི། །བྱང་ཆུབ་ལམ་ལ་ངེས་པར་སྦྱོར། །དེ་ལས་གཞན་པའི་རྒྱལ་པོ་ནི། །གོ་ཌཱ་ནུས་པའི་ངང་ཚུལ་ཅན། །གཞོན་
ནུ་ཞེས་བྱའི་རྒྱལ་པོར་གསུངས། །དེ་ཡང་ཤིན་ཏུ་ཆོས་དང་ལྡན། །དེ་ནས་གཞན་པ་དཔལ་ལྡན་བཅས། །ཡི་གེ་ཨུ་ཞེས་རྣམ་པར་གྲགས། །དེ་ལས་གཞན་ནི་རྣམ་འབྱེད་ཅིང་། །དེ་བཞིན་ཕན་ཚུན་འཇིགས་པར་བྱེད། །དེ་དག་གོ་ཌཱ་དྲག་སེམས་ཀྱིས། །འདི་དག་
འབྱེད་པ་ཆེན་པོར་བྱེད། །དེ་ནས་ལྷ་ཞེས་བྱ་བ་ཡི། །རྒྱལ་པོ་ལམ་ནི་བྱེད་པར་ཤེས། །དགྲ་རྣམས་ཀུན་གྱིས་ཡོངས་ཁྱབ་ནས། །དེ་ནི་དགྲ་ཡིས་བསྣུན་ནས་ཤི། །དེའི་འོག་ཟླ་བ་ཞེས་ནི་བྱ། །དེས་ནི་རྒྱལ་པོ་ཉིད་ཀྱང་བྱས། །སྔོན་གྱི་ལས་ཀྱིས་བསྐུལ་ནས་ནི། །དེ་
ནས་མཚོན་གྱིས་རྨས་ནས་ཤི། །དེ་ཡི་བུ་ནི་བཅུ་གཉིས་གྲངས། །ལོ་བརྒྱད་བཅས་པ་དག་ཏུ་འཚོ། །དེ་ཡང་མཚོན་གྱིས་རབ་བཏབ་ནས། །དེ་ཚེ་བྱིས་པ་ཉིད་དུ་ཤི། །དེ་དག་གཅིག་ལ་གཅིག་སེམས་ཤིང་། །དྲག་པོ་ཕན་པ་མེད་ལ་དགའ། །རྒྱལ་མཆོག་ཡི་གེ་ཏ་

ཞེས་བྱ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །གོ་ཌཱའི་འཇིག་རྟེན་རྣམས་ཀྱི་གཙོ། །ཆེན་པོའི་ནད་ཀྱིས་ཡང་དག་བཏབ། །ནད་དེ་ཉིད་ཀྱིས་ཉམ་ཐག་ནས། །དུས་བྱས་ནས་ནི་འོག་ཏུ་སོང་། །དེ་འོག་ཡི་གེ་ད་ཞེས་བྱ། །ཉིན་ཞག་ཅུང་ཟད་རྒྱལ་པོ་བྱེད། །གོ་
ཌཱའི་ཡུལ་དུ་བྱུང་གྱུར་པ། །གང་གཱའི་འགྲམ་དུ་ཡང་དག་གནས། །དེ་འོག་ཡི་གེ་བྷ་ཞེས་བྱ། །ཞག་གསུམ་དུ་ནི་རྒྱལ་པོ་བྱས། །དེ་ནས་ས་སྲུང་རྒྱལ་པོ་ནི། །ཐམས་ཅད་དུ་ནི་དེ་ཚེ་འབྱུང་། །རྒྱལ་པོ་དེ་ནི་སྙན་པར་སྨྲ། །བྱས་པ་གཟོ་ཞིང་སྟོབས་ཀྱང་ཆེ། །བུད་མེད་དབང་
འགྱུར་བཀྲེན་ཞིང་གླེན། །དགྲ་ལས་རྒྱལ་ཞིང་མི་ཕྱེད་འགྱུར། །དགེ་བའི་བཤེས་གཉེན་ལ་བརྟེན་ནས། །དེ་ཚེ་གཏོང་བ་ཆེན་པོར་འགྱུར། །མཆོད་རྟེན་ཉམས་དགའ་གཙུག་ལག་ཁང་། །ཀུན་དགའ་ར་བ་རྣམ་མང་པོ། །རྫིང་ཡང་ཆུ་ནི་ཕུན་སུམ་ཚོགས། །བསོད་ནམས་གང་ནི་
ལེགས་མཛེས་པ། །དེ་དག་མང་པོ་སྟོན་བྱེད་ཅིང་། །གྲགས་དང་སྙན་པའི་དོན་ལ་བརྩོན། །ལྷ་ཡི་སྟེགས་ནི་ཉམས་དགའ་དང་། །ཕུག་དང་གནས་ཁང་དག་ཀྱང་བྱས། །ཡ་མཚན་ཅན་གྱིས་ཡང་དག་གནོན། །སྣ་ཚོགས་མུ་སྟེགས་གནས་ཀྱིས་ནི། །རྒྱ་མཚོའི་འགྲམ་གྱི་
མཐར་ཐུག་པར། །ཕྱོགས་དེ་ཐམས་ཅད་རྣམ་པར་གནོན། །བརྩེ་ལྡན་ལོངས་སྤྱོད་ལྡན་དཔག་མེད། །རྒྱལ་པོ་དེ་ནི་ཆོས་ལ་དགའ། །ཤར་གྱི་ཕྱོགས་སུ་རྒྱས་པར་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །རྟག་ཏུ་ཆོ་གར་ཡང་དག་ལྡན། །ཀ་བ་ཉེ་བར་གནས་གྱུར་ཚེ། །
གང་གཱའི་འགྲམ་ལ་ཡང་དག་བརྟེན། །དེ་ཚེ་རྒྱལ་ཐབས་བྱས་པ་ནི། །ལོ་ནི་སུམ་ཅུ་དག་དང་བདུན། །ལོ་ནི་བརྒྱད་ཅུ་དག་ནི་འཆི། །དེ་ནས་དེ་ཡི་ལུས་ཞིག་ནས། །ལྷ་རྣམས་དག་ཏུ་ཉེ་བར་སྐྱེ། །དེ་ནས་དཔལ་ལྡན་ཀླུ་ཡི་རྒྱལ། །ཆོས་ཀྱི་བདག་ཉིད་ཆོས་ལ་དགའ། །
མཆོད་རྟེན་གང་ཞིག་འདི་བྱས་དང་། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང་། །དེ་ཚེ་ས་སྟེང་དགེ་འདུན་ཆེད། །ལོགས་སུ་གཙུག་ལག་ཁང་དག་བྱས། །རྣམ་པར་སྨིན་པ་དེ་ཡིས་ནི། །སྲིད་པ་ཐ་མ་ལ་བརྟེན་ནས། །ངེས་པར་སངས་རྒྱས་ཉིད་ལམ་དང་། །མི་གཡོ་གོ་

འཕང་ཐོབ་པར་འགྱུར། །དེ་ཡི་འོག་ཏུ་གོ་ཌཱར་ནི། །དེ་དག་གཙོར་ནི་མུ་སྟེགས་གནོན། །ཤར་གྱི་ཕྱོགས་སུ་འབྱུང་བ་ནི། །གྲོང་ཁྱེར་དུ་ནི་མུ་སྟེགས་གནས། །རྒྱལ་པོའི་མིང་ནི་བཅོམ་ལྡན་ཞེས། །གོ་ཌཱའི་ནང་ན་མཐུ་དང་ལྡན། །བརྟུལ་ཞུགས་ཅན་ནི་མཐུར་ལྡན་པ། །
སྦྱིན་གནས་ཞེས་པས་དབང་ཡང་བསྐུར། །དེར་ནི་རྒྱལ་སྲིད་བྱས་ནས་སུ། །ནུབ་ཀྱི་ཕྱོགས་སུ་ཡང་དག་སོང་། །ཅི་འདོད་སྒྲུབ་པ་ཞེས་བྱ་བའི། །གྲོང་ཁྱེར་ཉམས་དགར་རབ་ཏུ་ཞུགས། །མ་ཞུ་པས་ནི་རབ་བཏབ་ནས། །ཕྱིར་ཡང་རབ་ཏུ་ལོག་པར་འགྱུར། །ཤར་ཕྱོགས་
རྒྱ་མཚོའི་མཐར་ཐུག་བར། །རྐུན་མ་རྣམས་ཀྱིས་ཡང་དག་ཁྱབ། །མཚོན་གྱི་གནོད་པས་རབ་བཤིག་ནས། །ཤི་ནས་ཡི་དགས་འགྲོ་བར་སོང་། །ས་བདག་རྒྱལ་པོ་མི་མང་བ། །དེས་ནི་ལོ་གསུམ་བར་དུ་བྱས། །དེ་ནས་དེ་ནི་རྐུན་པོས་བས་བསད། །རྫུ་འཕྲུལ་ཆེ་བའི་
ཡི་དགས་སོང་། །དེ་ཉིད་དུ་ནི་ལོ་གསུམ་བར། །ཡི་དགས་རྒྱལ་ཐབས་ཡོངས་སུ་བྱས། །ཡི་དགས་འཇིག་རྟེན་མི་བཟད་པ། །དེ་ནས་དེ་ནི་ལུས་ཀྱང་བཏང་། །སྐྱེ་བ་དེ་ལས་རྣམ་གྲོལ་ནས། །རྟག་ཏུ་མཐོ་རིས་འཇིག་རྟེན་སོང་། །དེ་ཡི་འོག་ཏུ་རྒྱལ་པོ་ནི། །རྒྱ་
མཚོ་ཞེས་ནི་བྱ་བར་གྲགས། །བློ་ངན་ལོ་ནི་གསུམ་གྱི་བར། །བློ་གྲོས་ངན་པས་རྒྱལ་སྲིད་ཐོབ། །དེ་ཡི་ནུ་བོར་རྣམ་གྲགས་པ། །ཐལ་བ་ཞེས་བྱའི་རྒྱལ་པོ་འབྱུང་། །སྲོག་གཅོད་པ་དང་ཡང་དག་ལྡན། །བབ་ཅོལ་ཆེན་པོ་རབ་ཏུ་བྱེད། །འབད་པས་རང་གི་ལུས་ལ་ཡང་། །
བརྩེ་མེད་བག་ནི་མེད་པའོ། །བྱིས་པར་གྱུར་པས་འདི་ཉིད་སེམས། །ཕ་རོལ་དོན་ནི་དེ་མི་སེམས། །མི་དགེའི་བཤེས་གཉེན་ལ་བརྟེན་ནས། །སྡིག་པའི་ལས་ནི་མང་པོ་བྱས། །གཡོ་ལྡན་དེ་བཞིན་བཀྲེན་པ་ཡི། །བྲམ་ཟེས་རྒྱལ་སྲིད་དག་ཀྱང་གནོན། །མི་དང་མི་མ་ཡིན་
དག་གི། །ལོངས་སྤྱོད་རྣམ་པ་སྣ་ཚོགས་དང་། །རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས། །རྒྱལ་པོ་དེས་ཀྱང་རབ་ཏུ་ཐོབ། །དེ་ནི་མཐར་གྱིས་སོང་བ་དང་། །རྒྱལ་པོ་ནུབ་ཀྱི་ཕྱོགས་དག་ཏུ། །ཁ་ཆེའི་སྒོ་ཡི་མཐར་ཐུག་བར། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེར་ཡང་

གཡུལ་ལས་རྣམ་རྒྱལ་ནས། །རྒྱལ་ཐབས་དེ་ཚེ་བྱས་པ་ནི། །བཅུ་གཉིས་ལོ་དང་ཟླ་བ་ལྔར། །ས་ལ་རྒྱལ་སྲིད་དེ་ཚེ་བྱས། །དེ་ནས་དེ་ནི་ནད་ཀྱིས་བཏབ། །ཡང་དང་ཡང་དུ་བརྒྱལ་བར་གྱུར། །སྡུག་བསྔལ་ཆེན་པོས་ཟིལ་མནན་ནས། །ལུས་ནི་ཞིག་ནས་ཤི་
འཕོས་འགྱུར། །རྒྱལ་སྲིད་ཕྱིར་ནི་རབ་ཆགས་ནས། །དེ་དག་ཕན་ཚུན་ཞེ་སྡང་ཞིང་། །མཚོན་ཆེན་ཚོགས་ཀྱིས་འཕེན་པ་ནི། །དེ་དག་ཕན་ཚུན་བྱས་པར་འགྱུར། །ཡི་གེ་ས་མིང་བྱིས་པ་ཁྱེའུ། །དེ་ཚེ་རྒྱལ་སྲིད་དབང་ཡང་བསྐུར། །མཚན་མ་ཙམ་ཞིག་དེ་བྱས་ནས། །
ཕྱིར་ཡང་དེ་ནི་འབྱུང་བར་འགྱུར། །བྲམ་ཟེའི་གཙོ་བོ་གཉིས་ཀྱིས་ནི། །དེ་དག་ཕན་ཚུན་ཕྱེ་ནས་ནི། །མ་ག་དྷཱ་ཡི་ཡུལ་ཕྱིན་ཞིང་། །ཨུ་དུམ་བཱ་རའི་གྲོང་ཞེས་པར། །བྲམ་ཟེའི་གཙོ་བོ་བྱིས་པ་གཉིས། །ས་སྟེང་རང་གིས་དབང་ཡང་བསྐུར། །དེ་ནས་མཐར་གྱིས་དེ་སོང་
ནས། །ཤར་ཕྱོགས་སུ་ནི་ཡང་དག་བརྟེན། །གོ་ཌཱའི་ཡུལ་གྱི་མིར་ཡང་ཕྱིན། །དེ་ཚེ་འགྲན་ཟླ་མེད་པར་གྱུར། །བདག་ཉིད་ངན་པའི་རྩོད་རྒྱལ་གྱིས། །བྱིས་པའི་གཙོ་བོ་དེ་གཉིས་པོས། །མི་དགེའི་བཤེས་གཉེན་ལ་བརྟེན་ནས། །སྲོག་ཆགས་མང་པོ་རབ་ཏུ་བསད། །
གང་ཞིག་སྔོན་གྱི་རྒྱལ་པོས་བཀུར། །དཔའ་བས་ང་རྒྱལ་བྱེད་པ་གང་། །གོ་ཌཱར་སྐྱེ་བོ་གནས་པ་དག །ཐམས་ཅད་དག་ནི་གསོད་པར་རྩོམ། །དེ་ནས་རྒྱལ་པོ་ཟླ་བ་ཞེས། །དཔའ་བོ་གཅིག་པུ་འབྱུང་བར་འགྱུར། །གང་གཱའི་འགྲམ་གྱི་མཐར་ཐུག་དང་། །བཱ་རཱ་ཎ་སཱི་དེ་ལས་གཞན། །སྟོན་པའི་
གཟུགས་བརྙན་ཉམས་དགའ་བ། །བློ་ངན་གྱིས་ནི་འཇིག་པར་འགྱུར། །ཆོས་ཀྱི་སྟེགས་ནི་མི་ཉུང་བ། །རྒྱལ་བ་རྣམས་ཀྱིས་སྔོན་བསྟན་པ། །བློ་ངན་དག་གིས་བསྲེག་འགྱུར་ཞིང་། །མུ་སྟེགས་རྣམས་ནི་གསོད་པར་དགའ། །དེ་ནས་དེ་ནི་ཁྲོ་དང་ཆགས། །མི་
སྡོམ་ལོག་པའི་ང་རྒྱལ་ཅན། །མཆོད་རྟེན་ཀུན་དགའ་ར་བ་གནས། །ས་སྟེང་གཅེར་བུའི་གནས་དག་ཀྱང་། །དེ་ནས་ཐམས་ཅད་འཇིག་བྱེད་ཅིང་། །འཚོ་བ་འགོག་པའང་བྱེད་པར་འདོད། །ཡུལ་གྱི་དབུས་སུ་རྒྱལ་པོ་གཞན། །དེ་ཡི་དུས་སུ་འབྱུང་འགྱུར་བ། །

ཡི་གེ་ར་མིང་རིགས་བདག་ཉིད། །རྗེ་རིགས་ཀྱིས་འཚོ་དེ་ལས་གཞན། །སྟོན་པའི་བསྟན་པ་འདི་ལ་དད། །ཟླ་བ་ཞེས་བྱའི་རྒྱལ་མཆོག་དེས། །གཅེར་བུའི་རིགས་གྱུར་རྒྱལ་པོ་ནི། །ད་ཡང་རབ་ཏུ་བསད་པར་གྱུར། །ཡི་གེ་ཧ་མིང་དེའི་ནུ་བོ། །དཔའ་བོ་གཅིག་པུ་འབྱུང་བར་
འགྱུར། །དཔུང་ནི་ཆེན་པོར་ཡང་དག་ལྡན། །དཔའ་ཞིང་ཟིལ་གནོན་རྣམ་པར་གནོན། །རྒྱལ་པོ་ཡི་གེ་ཧ་བྱ་བས། །ཟླ་བར་རྣམ་གྲགས་གནས་ལས་བཏོན། །དེ་ནས་རྒྱལ་པོ་རྗེའུ་རིགས་སྤྱོད། །སྡེ་ཆེན་སྟོབས་ནི་ཆེ་བ་དང་། །དེ་ཚེ་ཤར་གྱི་ཕྱོགས་དག་ནི། །
བསོད་ནམས་ཆེ་བའི་གྲོང་མཆོག་སོང་། །རྒྱལ་རིགས་ཆོས་ལ་གནས་ནས་ནི། །ཆོས་ཀྱི་དོན་ཤེས་བརྩེར་ལྡན་པས། །དེ་ནི་ང་རྒྱལ་ཁྲོ་ཚུལ་གྱིས། །སྲོག་ཆགས་མང་པོ་གསོད་བྱེད་ཅིང་། །སེམས་ཅན་གནོད་པ་བྱེད་པ་དང་། །ཆད་པ་བྱེད་ལ་རབ་དགའ་ཞིང་། །ལས་
ངན་རྗེས་སུ་སྤྱོད་བྱེད་པའི། །ཟླ་བ་ཞེས་བྱ་ཕམ་པར་བྱས། །ཟླ་བ་ཞེས་བྱ་དེ་ཕྱུང་ནས། །རང་གི་གནས་ན་རབ་ཏུ་འདུག །ཡི་གེ་ཧ་མིང་སླར་ལོག་ནས། །ཀླ་ཀློའི་རྒྱལ་པོས་རབ་ཏུ་མཆོད། །ཡི་གེ་ཧ་བྱ་དགེ་དང་ལྡན། །དགེ་བའི་དོན་གྱི་ལས་ཀྱིས་ནི། །ཇི་ལྟར་
འདོད་པའི་འགྲོས་དག་གིས། །རང་གི་ཡུལ་ནི་ཉིད་དུ་ཕྱིན། །དེ་ཉིད་ཀྱིས་ནི་ལས་བྱས་པས། །རྒྱལ་སྲིད་དགའ་དང་ལྡན་པ་ཐོབ། །ཡང་ན་རྒྱལ་སྲིད་སྤྱོད་གནས་པས། །ལོངས་སྤྱོད་རབ་ཏུ་ཐོབ་ལྡན་པ། །སྔ་མར་རང་སངས་རྒྱས་ལ་ནི། །བཟའ་དང་གོས་ནི་བྱིན་
པ་དང་། །དེ་ཚེ་ལྷམ་ནི་བྱིན་པ་དང་། །གོས་ཀྱིས་བརྒྱན་པའི་གདུགས་ཀྱང་བྱིན། །དེ་ཡི་ལས་ཀྱི་མཐུ་ཡིས་ནི། །ལྷ་མིའི་རྒྱལ་སྲིད་ཆེན་པོ་ཐོབ། །ལྷ་དང་མི་ཡི་ཕུན་སུམ་ཚོགས། །ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་སྤྱོད། །ཟླ་བ་ཞེས་བྱའི་བྲམ་ཟེའི་རིགས། །
ལོངས་སྤྱོད་ཆེར་ལྡན་གང་ཕྱིར་དེ། །བྲམ་ཟེ་དག་ལ་ལོངས་སྤྱོད་བྱིན། །དེ་ཚེ་རྒྱལ་ཐབས་བྱེད་པ་ནི། །ལོ་ནི་བཅུ་དང་བདུན་དག་དང་། །དེ་བཞིན་གཞན་ནི་ཟླ་བ་གཅིག །ཉིན་ཞག་བདུན་དང་བརྒྱད་དག་ཏུ། །ཁ་ཡི་ནད་ཀྱིས་ཡང་དག་བཏབ། །སྲིན་བུ་རྣམས་ཀྱིས་

ཟོས་ནས་ནི། །དུས་བྱས་ནས་ནི་འོག་ཏུ་འགྲོ། །མི་མ་ཡིན་པས་ཟིལ་མནན་ནས། །དེ་ཚེ་གྲོང་དེ་བཤིག་པར་འགྱུར། །མི་མ་ཡིན་པས་ཉེན་པ་ཡི། །རིམས་ཀྱིས་ཉམ་ཐག་ནད་ཀྱིས་བརྒྱལ། །སྔགས་ཀྱི་སྦྱོར་བས་འཆི་བ་སྟེ། །དེ་ཚེ་རྒྱལ་པོ་དུས་ལས་འདས། །
མནར་མེད་པ་ཞེས་བྱ་བ་ཡི། །དམྱལ་བར་སྡིག་པའི་ལས་བྱེད་རྣམས། །སྡིག་པའི་ལས་རྣམས་རྗེས་སྤྱོད་པ། །དེ་ནི་དེ་རུ་སྐྱེ་བར་འགྱུར། །དམྱལ་བར་དེ་ཚེ་བསྐལ་ཆེན་དུ། །མ་རུངས་སེམས་ལྡན་འཚེད་པར་འགྱུར། །དེ་ནས་སོ་ཐམས་ཀྱི་ཧུད་ཟེར། །ཡང་སོས་
དང་ནི་ཐིག་ནག་དང་། །མི་བཟད་རལ་གྲིའི་ནགས་ཚལ་ཡང་། །ཡང་དང་ཡང་དུ་མྱོང་བར་འགྱུར། །ཡི་དགས་འཇིག་རྟེན་དུད་འགྲོ་ཉིད། །དེ་བཞིན་གཤིན་རྗེའི་འཇིག་རྟེན་དུའང་། །དེ་ལྟར་སྐྱེ་བ་སྟོང་རྣམས་སུ། །འཁོར་བར་ཡང་ནི་འཁོར་འགྱུར་ཡང་། །དེས་ནི་བདེ་
བ་མི་ཐོབ་ཅིང་། །རྟག་ཏུ་སྡུག་བསྔལ་བསྟེན་པར་འགྱུར། །དེ་བཞིན་གཤེགས་པའི་བསྟན་པ་ལ། །དེ་བས་འབད་པ་ཐམས་ཅད་ཀྱིས། །སེམས་ནི་ཀུན་གྱིས་དད་བྱས་ཏེ། །ནད་མེད་ཕུན་སུམ་ཚོགས་པར་སོང་། །སངས་རྒྱས་ཕན་འདོགས་བྱེད་པ་ཡིས། །འབྲས་
བུ་མཐའ་ཡས་འབྱུང་འགྱུར་བས། །སངས་རྒྱས་ལ་ནི་དང་བར་བྱ། །ཆོས་དང་དགེ་འདུན་དེ་བཞིན་ནོ། །རྒྱལ་པོས་དཀོན་མཆོག་གསུམ་མཆོད་ན། །འཇིག་རྟེན་གྱི་ནི་མཆོག་ཏུ་འགྱུར། །རྒྱལ་ཐབས་ཆེན་པོའི་གྲགས་པ་ཐོབ། །ནོར་གྱི་དབང་ཕྱུག་ལོངས་སྤྱོད་ཆེ། །
རྒྱལ་པོས་ཕུན་ཚོགས་རྒྱ་ཆེ་བའི། །བདེ་བ་རྣམ་པ་སྣ་ཚོགས་འཐོབ། །འཇིག་རྟེན་མཆོག་ནི་མཆོད་བྱས་ན། །འཇིག་རྟེན་དབང་ཕྱུག་ཉིད་དུ་འགྲོ། །དེ་ནས་བརྒྱ་བྱིན་འཐབ་བྲལ་ཉིད། །ཚངས་པ་ཉིད་དུའང་ཡང་དང་ཡང་། །ཉན་ཐོས་རང་རྒྱལ་ཉིད་དང་ནི། །ས་སྟེང་སངས་
རྒྱས་ཉིད་དུ་འགྱུར། །ཐེག་པ་གསུམ་གྱི་མཆོག་ཐོབ་ཅིང་། །ཐེག་པ་ལ་ནི་ཆགས་མེད་འགྱུར། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །དེ་དག་འབྲས་བུས་བསམ་མི་ཁྱབ། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །དེ་ནས་གཞན་

ཡང་རྒྱལ་པོ་ནི། །ཟླ་བ་ས་སྟེང་མེད་པ་ན། །ཕན་ཚུན་འཁྲུག་པའི་ངང་ཚུལ་དུ། །གོ་ཌཱའི་རྒྱུད་ནི་འབྱུང་བར་འགྱུར། །ཕན་ཚུན་ལྟོས་པ་མེད་པར་ནི། །དེ་ཚེ་མཚོན་ནི་འདེབས་པར་འགྱུར། །ཞག་ནི་བདུན་པོ་གཅིག་དང་ནི། །དེ་བཞིན་གཞན་ནི་ཟླ་བ་གཅིག །དེ་ཚེ་
ཚོགས་ཀྱི་རྒྱལ་སྲིད་རྒྱུད། །དེ་ཚེ་ས་སྟེང་བྱེད་པར་འགྱུར། །གང་གཱའི་འགྲམ་གྱི་གྲོང་དེར་ནི། །གཙུག་ལག་ཁང་གི་གནས་ཀྱང་བྱས། །དེ་ནས་ཟླ་བ་ཞེས་བྱ་བའི། །བྲམ་ཟེའི་ཁྱེའུ་དེ་ཡི་བུ། །ཟླ་བ་བརྒྱད་དང་ཞག་ལྔ་དང་། །ཕྱེད་དང་གཉིས་ཞག་འདས་ནས་འཆི། །
དེའི་མཐར་རྒྱལ་པོ་འདུག་པ་ནི། །ཀླུ་ཡི་རྒྱལ་པོ་ཞེས་བྱ་བ། །གོ་ཌཱའི་ཡུལ་གྱི་རྒྱལ་པོ་འབྱུང་། །དང་པོར་ཛ་མའི་རིགས་བྲམ་ཟེ། །ཀུན་ནས་རྗེའུ་རིགས་ཀྱིས་བསྐོར་བའི། །ཀླུ་ཞེས་བྱ་བ་དེ་ཡང་འབྱུང་། །དེ་ཡང་མུ་གེས་གནོད་པ་དང་། །དེ་བཞིན་ཕ་རོལ་དམག་
ཚོགས་གནོད། །དེ་དག་རྒྱལ་སྲིད་ཐོབ་པ་ན། །ཆོམ་རྐུན་ཆེན་པོས་ཀུན་ཏུ་ཁྱབ། །དེས་ཀྱང་དེ་ཡི་ལུགས་ཉམས་ཏེ། །དེར་ནི་ལོ་ནི་ལྔ་དང་གཅིག །རྒྱལ་སྲིད་ཀུན་ནས་འཁྲུགས་བཞིན་སྤྱོད། །སྲོག་གཅོད་མང་པོ་བྱས་ནས་ནི། །དེ་ཚེ་སྲོག་ལ་གནོད་པར་བྱེད། །སྔ་མའི་
ལས་ཀྱི་ཉེས་པ་ཡིས། །རྗེའུ་རིགས་སྤྱོད་པ་དེ་དག་བྱེད། །ཕན་ཚུན་འཁྲུགས་པའི་ངང་ཚུལ་དུ། །དེ་ཚེ་དེ་ནི་འབྱུང་བར་འགྱུར། །དེ་དག་དེ་ཚེ་ནུས་ལྡན་ཚུལ། །རྒྱལ་རིགས་སྤྱོད་ལ་གནས་པ་ཡི། །གོ་ཌཱའི་རྒྱུད་ཀྱི་མི་ཡི་བདག །འབྱུང་བར་འགྱུར་བར་ཐེ་ཚོམ་
མེད། །ཁ་ཅིག་དེ་ཚེ་མཚོན་གྱིས་འཆི། །ནད་རྣམས་ཀྱིས་ཀྱང་ཡང་དག་འདེབས། །དེ་ནས་དུས་བྱས་རྒྱལ་པོ་རྣམས། །དམྱལ་བ་རྣམས་སུ་འགྲོ་བར་འགྱུར། །བུད་མེད་གཙོ་བོའི་བྱིས་པ་ནི། །དེ་ཡང་ཕྱིས་ནི་རྒྱལ་པོར་འགྱུར། །དེ་དག་དེ་བཞིན་ཟླ་ཕྱེད་ནས། །
མཚོན་གྱིས་བསྣུན་ནས་དེ་ཉིད་བསད། །མུ་གེ་ཆེན་པོ་ཡང་དག་འབྱུང་། །ཕ་རོལ་དམག་ཚོགས་དག་གིས་དཀྲུགས། །ཡིད་ནི་སྐྲག་པར་གྱུར་པ་ཡིས། །ཤར་ཕྱོགས་ཡུལ་མི་ཉམས་པར་གྱུར། །དེ་ཡི་ཡུལ་དུ་མི་བདག་ནི། །ཐེ་ཚོམ་མེད་པར་འབྱུང་འགྱུར་བ། །བཅོམ་

བརླག་སྐྱེས་པའི་རྒྱལ་པོ་མཆོག །ཡངས་པ་ཅན་གྱི་ཚོང་པ་སྔོན། །དེ་ཡང་ལུས་ལ་མཆོད་པ་ཡི། །མ་ག་དྷཱ་ཡི་རྒྱལ་པོར་འགྱུར། །དེའི་ཡང་ནུ་བོ་ཡི་གེ་བྷ། །ཤར་གྱི་ཕྱོགས་ལ་ཡང་དག་གནས། །དེ་བུ་ཡི་གེ་པྲ་ཞེས་བྱ། །ཤར་ཕྱོགས་ཉིད་དུ་ཡང་དག་
སྐྱེས། །རྒྱལ་རིགས་མཆོག་ཏུ་སྐྱེས་པར་བསྟན། །ལེགས་པར་སྤྱོད་པས་བྱིས་པར་བཅིངས། །ལོ་ནི་བཅུ་དང་བདུན་དག་ཏུ། །འཆིང་བ་དག་ལ་ཡང་དག་བཞག །གླང་རྫི་ཞེས་བྱའི་རྒྱལ་པོས་བཅིངས། །བཅོམ་ལྡན་ཞེས་བྱ་དེས་ནི་བཀྲོལ། །ཡི་གེ་ཧ་ཞེས་རྒྱལ་
ཆེན་ནི། །ནུབ་ཀྱི་ཕྱོགས་ན་ཡང་དག་འོངས། །ཤར་གྱི་ཕྱོགས་ནི་མཐའ་མེད་པར། །གང་གཱའི་འགྲམ་དུ་གནས་པར་གྱུར། །དམངས་རིགས་གཟི་བརྗིད་ཆེ་བ་དང་། །སྡེ་ཆེན་སྟོབས་ནི་ཆེ་བ་དང་། །དེ་ནི་དེ་ཡུལ་འགྲམ་གནས་ནས། །ཀུན་ཏུ་ཡང་ནི་རབ་ཏུ་གནས། །
གོ་ཌཱའི་སྐྱེ་བོ་ཞེས་གྲགས་གྲོང་། །མུ་སྟེགས་ཞེས་ཀྱང་རྣམ་པར་གྲགས། །རྒྱལ་པོས་དེ་ནི་རྣམ་མནན་ནས། །སྟོབས་ཆེན་དེ་ནི་འདུག་པར་གྱུར། །དེར་ནི་རྒྱལ་རིགས་བྱིས་པ་དེ། །ཚོང་པ་དང་ནི་ལྷན་ཅིག་འོངས། །དེར་ནི་ནམ་ཕྱེད་ཞུགས་ནས་ནི། །ནམ་གྱི་མཐར་
ནི་དེ་ཡང་མཆོད། །དམངས་རིགས་རྒྱལ་པོ་ཞེས་བྱ་བས། །སླར་ཉིད་དུ་ནི་ལྡོག་པར་བྱེད། །གང་གཱའི་འགྲམ་གྱི་མཐར་ཐུག་པར། །གྲོང་ཁྱེར་དགའ་བ་ཞེས་བྱ་བར། །དེ་ཚེ་རྒྱལ་སྲིད་མ་ག་དྷཱར། །བྱིས་པ་དེ་ནི་བཞག་པར་གྱུར། །བཱ་རཱ་ཎ་སཱིའི་ཕ་རོལ་ཏུ། །
ཀཱ་ཤི་ཡུལ་གྱི་མིར་ཡང་ཕྱིན། །སྟོབས་ཆེན་ས་ཡི་བདག་པོ་ནི། །དམངས་རིགས་དེར་ནི་ཞུགས་པར་གྱུར། །སྡུག་བསྔལ་ཉམ་ཐག་ནད་ཆེན་པོས། །དེ་ཚེ་བུ་ནི་དབང་ཡང་བསྐུར། །བྱིས་པ་ཁྱེའུ་ཕུག་ཅེས་པ། །དེ་ཚེ་རྒྱལ་ཐབས་དབང་ཡང་བསྐུར། །ཆེན་པོའི་ནད་
ཀྱིས་ཟིལ་མནན་ནས། །དེ་ཚེ་ས་ཡང་འཁོར་བར་མཐོང་། །དེ་ནས་འབད་པས་ཤུགས་ནར་ཕྱུང་། །ལུས་ཞིག་ནས་ནི་དུད་འགྲོར་སོང་། །དེ་ཚེ་ཟླ་བ་བདུན་དང་བརྒྱད། །དུད་འགྲོ་དག་ཏུ་གནས་པར་གྱུར། །དེ་ཡི་སྐྱེ་བ་ལས་གྲོལ་ནས། །ལྷ་རྣམས་ཀྱི་ནི་ནང་དུ་སྐྱེས། །

དེ་ཚེ་སྐྱེ་བ་ཉི་ཤུར་ནི། །ལྷ་ཡི་ཕུན་སུམ་ཚོགས་པ་ཐོབ། །ཆོས་ཀྱི་བདག་ཉིད་དེ་མཐར་གྱིས། །རང་རྒྱལ་བྱང་ཆུབ་ཐོབ་པར་བྱེད། །སྔོན་གྱི་སྐྱེ་བའི་དུས་དག་ཏུ། །འདི་ཉིད་ལས་ནི་ཉེ་བར་བསགས། །བདག་ཉིད་ཆེན་པོ་རང་རྒྱལ་ལ། །གོས་ཀྱིས་ཀུན་ནས་བཀབ་པ་དང་། །
གླང་པོ་རྟ་དང་ཤིང་རྟའི་རྒྱུར། །ལྷམ་ནི་རབ་ཏུ་ཕུལ་བར་གྱུར། །དེ་ལས་བློ་ལྡན་སེམས་དང་བས། །དེ་ཚེ་དེ་ལ་བཟའ་བ་བྱིན། །རྣམ་པར་སྨིན་པ་དེ་ཡིས་ནི། །ལྷ་ཡི་རྒྱལ་པོ་བརྒྱ་བྱིན་དུ། །སྐྱེ་བ་བྱེ་བ་ཕྲག་དགུར་ནི། །ལྷ་ཡི་འཇིག་རྟེན་དག་ཏུ་གྱུར། །ས་སྟེང་འོང་ནས་
རྒྱལ་པོ་ནི། །དེ་ནས་སྐྱེ་བ་འདི་ལ་གྱུར། །གཞན་གྱིས་རྗེས་བསྒྲུབས་རྒྱལ་ཐབས་ནི། །རྗེས་སུ་སྤྱོད་པར་འགྱུར་བ་ཡིན། །དེ་ཡི་བུ་ཡང་རྒྱལ་པོ་ནི། །བཱ་རཱ་ཎ་སཱིར་རབ་ཏུ་གནས། །ཆགས་འོག་རྒྱལ་ཕྲན་གྱིས་བཅོམ་པའི། །རྒྱལ་ཐབས་རྣམ་འཇིག་འབྱུང་བར་འགྱུར། །
དེ་ཡི་རྒྱལ་སྲིད་དགྲ་དང་ནི། །བྲམ་ཟེས་ཕལ་ཆེན་གནོད་པར་འགྱུར། །བག་མེད་འདོད་པ་སྤྱོད་པ་དང་། །རྒྱལ་པོ་དེ་ནི་གདོན་གྱིས་འཛིན། །ཕྱི་མ་ཡི་ནི་དུས་དག་ཏུ། །དེ་ནས་མཚོན་གྱི་བརྒྱབ་ནས་འཆི། །མ་ག་དྷཱ་རྒྱལ་དེ་དག་ནི། །ཕན་ཚུན་དུ་ནི་གནོད་བྱེད་པས། །
ཟླ་བ་ཞེས་བྱའི་རྒྱལ་པོ་འདས། །ཤར་གྱི་ཕྱོགས་ཀྱི་ཀུན་ནས་ཀྱང་། །གང་གཱའི་འགྲམ་གྱི་མཐར་ཐུག་པར། །བཱ་རཱ་ཎ་སཱི་དེ་ལས་གཞན། །ཡི་གེ་པྲ་ཞེས་རྒྱལ་རིགས་ནི། །དེ་ཡི་ཚེ་ན་རྒྱལ་པོ་འབྱུང་། །གང་ཞིག་དམངས་རིགས་གྱུར་པ་ནི། །ཡི་གེ་ཧ་ཡིས་ཡོངས་སུ་མཆོད། །
གྲོང་ཁྱེར་དགའ་བ་ཞེས་བྱ་བར། །གང་གཱའི་འགྲམ་ལ་ཡང་དག་རྟེན། །སྔོན་གྱི་ལས་ཀྱིས་ཡོངས་བསྐུལ་ནས། །རྒྱལ་རིགས་རྒྱལ་པོར་འབྱུང་བར་འགྱུར། །དེ་ཉིད་ལས་བྱས་བྱེད་བཅུག་དང་། །རྗེས་སུ་ཡང་ནི་ཡི་རང་བྱས། །དེ་ཚེ་དུས་ནི་འདས་པ་ན། །གསེར་ཐུབ་ཅེས་
བྱའི་སྟོན་པ་འབྱུང་། །བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ། །ནོར་ཆེན་ལྡན་པའི་ཚོང་དཔོན་ཡོད། །ཚོང་དཔོན་བུ་ནི་བྱིས་པ་དེ། །བྱིས་པ་དག་གིས་ཡང་དག་བསྐོར། །ས་རྡུལ་དག་ལ་རྩེ་བའི་ཕྱིར། །ལམ་ཆེན་དག་ཏུ་ཞུགས་པར་གྱུར། །རང་ཁྱིམ་མཆོད་རྟེན་མཆོག་མཐོང་

ལ། །ཕ་དང་མ་ནི་མཆོད་བྱེད་པ། །དེ་ཉིད་ཡིད་ལ་བཟུང་བྱས་ནས། །ས་རྡུལ་གྱི་ནི་མཆོད་རྟེན་བྱས། །དེ་ཚེ་མེ་ཏོག་སྨན་མས་ནི། །མཆོད་པ་ཡང་ནི་བྱེད་པར་གྱུར། །སངས་རྒྱས་དད་པའི་དྲན་པ་ཡིས། །སངས་རྒྱས་དེ་ལའང་བསྟོད་པ་བྱས། །བྱིས་པ་
རྣམས་ཀྱིས་ཡོངས་བསྐོར་ནས། །དེར་ནི་བྱིས་པ་རྩེ་བར་གྱུར། །སྟོན་པ་གསེར་ཐུབ་རྒྱལ་བ་ཡི། །ཉན་ཐོས་མཆོག་དེ་གཅིག་པུ་ཞིག །སྐྱོན་བྲལ་བདག་ཉིད་གྲོལ་བ་དང་། །ཁམས་གསུམ་ལས་ནི་རྣམ་གྲོལ་བློ། །དེ་ཚེ་དང་པོར་སྐྱོན་བྲལ་བ། །བསོད་སྙོམས་ལ་ནི་རྒྱུ་བར་
གྱུར། །བཱ་རཱ་ཎ་སཱི་ལེགས་མཛེས་པའི། །དེ་ཚེ་གྲོང་ཁྱེར་རབ་ཏུ་ཞུགས། །གང་དུ་ས་སྟེང་བྱིས་པ་ཡོད། །དེ་ཚེ་ཆགས་བྲལ་ཕྱོགས་དེར་ཕྱིན། །དེར་ནི་བྱིས་པ་དེ་ཀུན་གྱིས། །ཀུན་ནས་ཡོངས་སུ་བསྐོར་བར་གྱུར། །འདིར་གཤེགས་དགེ་སློང་འདིར་སྤྱོན་ཅིག །སྟོན་པའི་
མཆོད་རྟེན་ཕྱག་བྱོས་མཛོད། །བདག་ཅག་གིས་ནི་འབད་བྱས་ན། །བཟང་པོ་འདི་ལ་མི་གཟིགས་སམ། །དེ་ནས་ཚོང་དཔོན་བུ་ཁྱེ་འུས། །རྩ་ཡི་ཐག་པ་བླངས་ནས་ནི། །རྫུ་འཕྲུལ་ཆེན་པོའི་འདོད་ཆགས་བྲལ། །རྩེ་བའི་ཚུལ་གྱིས་དེ་བཅིངས་ཁྲིད། །རྫུ་འཕྲུལ་ཆེན་པོ་ཆགས་
བྲལ་བས། །དེར་གནས་རྣམས་ལ་ཡང་དག་དགོངས། །ས་སྟེང་དག་ཏུ་གཟིགས་པ་ན། །དེ་དག་གིས་ནི་མཆོད་རྟེན་བྱས། །བྱིས་པའི་སྤྱི་བོར་ལག་བྱུགས་ནས། །བློ་ལྡན་དེ་ལ་འདི་སྐད་སྨྲས། །གང་དུ་ཁྱོད་ཀྱི་མཆོད་རྟེན་བྱས། །ཐོང་ཤིག་ཁྱེའུ་བདག་ཅག་འདེང་། །
གང་དུ་ས་སྟེང་མཆོད་རྟེན་ནི། །དེར་ཡང་ཐམས་ཅད་འོང་གྱུར་ནས། །དེ་ཚེ་བྱིས་པ་དང་ལྷན་ཅིག །བདག་ཉིད་ཆེན་པོ་དེས་ཕྱག་བྱས། །བསོད་སྙོམས་དོན་དུ་ཅི་འདོད་པར། །དཔའ་བོ་དེ་ནི་ཕྱིར་ཡང་ཆས། །དེ་ནས་ཚོང་དཔོན་བྱིས་པ་ཡིས། །ཆོས་གོས་མཐའ་ནས་བཟུང་
ནས་ནི། །དགེ་སློང་དེ་ནི་བཟུང་ཁྱེར་བ། །བཤོས་གསོལ་བྱ་བའི་ཆེད་དུའོ། །དེ་ནས་ཚོང་དཔོན་གཙོ་བོ་དེས། །བྱིས་པ་ཁྱེའུ་དེ་མཐོང་ནས། །རྫུ་འཕྲུལ་ཆེན་པོ་ཆགས་བྲལ་བའི། །ཆོས་གོས་མཐའ་ལ་འཛིན་བྱེད་ལ། །འཇིགས་ཤིང་བ་སྤུ་ལྡང་བ་དང་། །ང་ཡི་

ཁྱིམ་དུ་མཆོག་ཀྱང་གཤེགས། །མྱུར་དུ་རྐང་གཉིས་ལ་བཏུད་དེ། །བྱིས་པ་ཡིས་ནི་འཛིན་པ་བཏང་། །བུ་དེ་ཡིས་ཀྱང་བཟུང་བྱས་ལ། །འབད་པ་ཡིས་ནི་བཟོད་གསོལ་བྱས། །སྐྱེ་བོའི་མཆོག་གྱུར་ཕན་འདོད་པ། །དེ་ཡི་ལྷུང་བཟེད་བླངས་ནས་ནི། །སཱ་ལུའི་ཚོད་མ་བཟའ་བ་ཡིས། །
ལྷུང་བཟེད་དག་ནི་བཀང་བྱས་ནས། །བུ་ལ་བོས་ནས་སྨྲས་པ་ནི། །ཡང་དག་ལོང་ལ་འདི་ལ་བྱིན། །དེ་ནས་བྱིས་པ་ཤེས་ལྡན་པས། །འབད་པས་ལག་གཉིས་བཀྲུས་ནས་ནི། །ལྷུང་བཟེད་གང་བ་བླངས་ནས་སུ། །འདོད་ཆགས་བྲལ་བ་ལ་ནི་ཕུལ། །ཕུལ་ནས་མྱུར་བ་ཉིད་དུ་ནི། །རྐང་པ་
གཉིས་ལ་ཕྱག་ཀྱང་བྱས། །འདོད་ཆགས་བྲལ་བས་བླངས་ནས་ནི། །གཙུག་ལག་ཁང་སོང་ཟས་ལ་སྤྱད། །བདེ་བར་རིག་པའི་སེམས་ཀྱིས་ནི། །དེ་ཚེ་འདོད་ཆགས་བྲལ་བར་གྱུར། །དེ་ལས་བྱིས་པ་གཞན་ཞིག་ནི། །ཕྲག་དོག་སེམས་སུ་གྱུར་ནས་ནི། །མུ་སྟེགས་རྣམས་
ལ་རབ་དད་ནས། །བསྟན་པ་ལ་ནི་དེ་མི་མཆོད། །ཁྲོ་བའི་སེམས་ནི་ཁོ་ན་ཡིས། །འདོད་ཆགས་བྲལ་ལ་ཉིན་ཞག་གཞན། །བཟའ་བཅའ་བ་རྣམ་མང་པོ། །ཁྱེར་ནས་དེ་ལ་རབ་ཏུ་བྱིན། །ཁྱོད་ལ་བྱིན་པའི་བསོད་སྙོམས་ཀྱིས། །དགེ་བ་ཅུང་ཟད་གང་ཡོད་པ། །ཚོང་དཔོན་བུ་
ནི་དེ་བས་ཀྱང་། །ས་སྟེང་བདག་ནི་དམ་པར་ཤོག །དེ་ནས་མུ་སྟེགས་དེ་ཀུན་དང་། །དེ་ཚེ་བྲམ་ཟེའི་ཆུང་མ་རྣམས། །དེ་ནས་ཐམས་ཅད་འདུས་ནས་ནི། །ཐ་དད་པར་ནི་འཐབ་མོའང་བྱས། །བྱིས་པ་ཁྱེད་ཅག་ཡོང་མི་ཤེས། །ཅི་ཕྱིར་མགོ་རེག་གམ་དུ་འགྲོ། །འདི་དག་
བདག་ལའང་གནས་མེད་ན། །གཞན་དག་གང་དུ་མྱ་ངན་ཟློ། །བྱིས་པ་དེ་ཡི་སེམས་ཅན་ལ། །དེ་ལྟ་བུ་ཡི་ཞེ་སྡང་སྐྱེས། །སྟོན་པས་ཉེ་བར་བསྔགས་པ་ཡི། །ཆོས་ཀྱི་ཟམ་པ་གྲགས་པ་དང་། །ས་སྟེང་ལྷ་ཁང་མཆོད་རྟེན་མཆོག །མུ་སྟེགས་རྣམས་ཀྱིས་དེ་དག་བཤིག །
ཚོང་དཔོན་མཆོག་གི་བུ་དེ་ལ། །ཀུན་ནས་འཁྲུག་པའི་སེམས་ཀྱང་བྱས། །མགོ་རེག་འདི་ལ་བྱིན་པ་ཡི། །སྦྱིན་པའི་འགྲོ་བ་གང་དུ་འགྲོ། །ངན་འགྲོའི་འགྲོ་བས་ཟིན་སེམས་ལ། །རྣམ་པར་གནོད་པ་བདག་གིས་བྱ། །གཉིས་པ་བྱིས་པ་གང་ཡིན་དེ། །ཟླ་བ་ཞེས་

བྱའི་རྒྱལ་པོ་ཡིན། །རྣམ་སྨིན་དེ་ཡིས་མི་འདོད་པ། །ཡུན་རིང་སྡུག་བསྔལ་རྗེས་སུ་མྱོང་། །ཚོང་དཔོན་མཆོག་གི་བུ་དེ་ནི། །ལུས་ཞིག་ནས་ནི་བདེ་འགྲོར་སོང་། །དེ་དང་དེར་ནི་ལྷ་གནས་སུ། །ཡུན་རིང་བདེ་བ་རྗེས་སུ་མྱོང་། །དེ་ཚེ་དེ་ཚེ་དེ་དང་དེར། །ཤི་འཕོས་
ལྷ་ཡི་འཇིག་རྟེན་གནས། །དེ་ཚེ་ཐ་མའི་སྐྱེ་བ་ལ། །ཐམས་ཅད་དུ་ནི་འཆིང་བ་གཅོད། །ཐ་མའི་སྐྱེ་བ་ཐོབ་པ་ན། །མིར་གྱུར་ས་ཡི་བདག་པོར་འགྱུར། །ལས་ཀྱིས་དེ་ཚེ་ཚེ་འཕོས་ནའང་། །དེ་ཚེ་དེ་ཚེ་དེ་དང་དེར། །འཇིག་རྟེན་དག་ཏུ་སྐྱེས་གྱུར་པ། །ས་སྟེང་མི་ཡི་བདག་པོར་
བྱེད། །གང་ཞིག་མེ་ཏོག་དམན་མ་ནི། །བྱིས་པ་གཡོ་བ་དེས་ཕུལ་བ། །དེས་ན་ལོངས་སྤྱོད་ཉོན་མོངས་ཅན། །དེ་འདིའི་འབྲས་བུ་ཉོན་མོངས་ལྡན། །སྡུག་བསྔལ་ལོངས་སྤྱོད་ཐོབ་པ་ཡང་། །རྒྱལ་པོ་དེ་ཡི་བསྟན་པ་ཉམས། །མི་བརྟན་བྱིས་པའི་རང་བཞིན་དང་། །ཇི་ལྟ་
དེ་ལྟར་གཡོ་སེམས་ཀྱིས། །ས་སྟེང་སྟོན་པའི་མཆོད་རྟེན་ལ། །མཆོད་པ་ཆེན་པོ་ཡོངས་སུ་བྱས། །རྣམ་པར་སྨིན་པའི་ལས་དེ་ཡིས། །བྱིས་པ་རྒྱལ་པོའི་དབང་ཕྱུག་བྱེད། །མེད་པར་རྒྱལ་པོ་བྱེད་པར་འགྱུར། །ཡོད་པ་རབ་ཏུ་འཇིག་པར་འགྲོ། །བྱང་དང་ནུབ་ཀྱི་བར་དག་
ཏུ། །དེ་ནི་རྒྱལ་པོ་བྱེད་པར་འགྱུར། །བློ་གྲོས་གང་དེ་བཅིངས་པ་དང་། །བྱིས་པས་ཡང་ནི་རབ་དང་བ། །བྱིས་པས་བཅིངས་དང་གྲོལ་བ་ཡི། །རྣམ་སྨིན་ལས་ནི་དེ་ཡིས་སུ། །སྐྱེ་བ་དག་ནི་ལྔ་བརྒྱར་ཡང་། །བྱིས་པ་བཅིངས་དང་བཀྲོལ་བར་འགྱུར། །ཐ་མའི་སྐྱེ་བ་
དེ་ཡི་ཚེ། །ཐམས་ཅད་དུ་ནི་འཆིང་བ་བཅད། །ལོ་ནི་ལྔ་བཅུ་ལྔ་དག་གམ། །བདུན་ཅུ་རྩ་བདུན་དག་ཏུ་འགྱུར། །ཤར་ཕྱོགས་རྒྱ་མཚོའི་མཐར་ཐུག་པར། །ས་སྟེང་དེ་ནི་རྒྱལ་པོར་འགྱུར། །འབིགས་བྱེད་རི་ཡི་ནང་གནས་པ། །མཐའ་འཁོབ་ཀླ་ཀློའི་རྐུན་མ་རྣམས། །དེ་དག་
ཀུན་ལ་དབང་སྒྱུར་བའི། །ཡི་གེ་བ་མིང་རྒྱལ་པོར་འགྱུར། །གངས་ཅན་རི་ཡི་ནང་གནས་པ། །བྱང་གི་ཕྱོགས་ལ་བརྟེན་པ་ཡི། །དེ་ཚེ་རྒྱལ་རིགས་རྒྱལ་པོ་དེ། །ཡུལ་མི་ཀུན་ལ་སྤྱོད་པར་འགྱུར། །མི་ཤེས་བྱིས་པར་གྱུར་པ་ཡི། །མཆོད་རྟེན་ས་རྡུལ་གྱིས་བྱས་པས། །

འགྲན་ཟླ་མེད་ཅིང་གནོད་མེད་པར། །མ་ག་དྷཱ་ཡི་རྒྱལ་པོར་འགྱུར། །ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་འདི་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལོ་ཧི་ཏ་ལས་གཞན། །བྱང་དུ་དེ་བཞིན་ཁ་བ་ཅན། །ནུབ་ཏུ་ཀཱ་ཤིའི་ཉམས་དགའི་གྲོང་། །རྩེ་མོ་ཞེས་བྱའི་གྲོང་དེ་བཞིན། །
འདི་ཡི་ནང་དུ་རྒྱལ་པོ་ནི། །སྟོན་པའི་བསྟན་པ་གསལ་བྱེད་པ། །དེ་ནི་སེང་གེ་ལྔ་ཞེས་བྱ། །ཕམ་ནས་རྒྱལ་པོས་གཞན་ཡང་ཕམ། །སེང་གེ་ལས་སྐྱེས་ཐམས་ཅད་དེའང་། །དེ་ཚེ་རྩ་ནས་རྣམ་པར་བཤིག །གངས་ཅན་ནང་དང་ཤར་ཕྱོགས་དང་། །རྒྱ་མཚོ་བཅུ་ཡི་འགྲམ་
གནས་ནས། །དེ་ཚེ་རྒྱལ་རིགས་བརྒྱད་པོ་དེ། །ཡུལ་མི་དག་ནི་ཀུན་ལ་སྤྱོད། །ལྷ་སོགས་སེང་གེ་རྒྱལ་པོ་ནི། །གཡོན་ཅན་གཞན་ལ་བརྟེན་པ་དང་། །འབིགས་བྱེད་ནང་ན་གནས་པ་ལ། །དེས་ཀྱང་རང་གི་རྒྱལ་པོ་བྱས། །བགྲོད་དཀའ་ཞེས་བྱའི་ཡུལ་དབུས་སུ། །དུག་
ཆེན་རྒྱལ་བས་རྣམ་རྒྱལ་བྱས། །བྱང་ཤར་ཀུན་ལ་གནས་པ་ཡི། །སེང་གེ་ཞེས་བྱ་དེ་བཞིན་གཞན། །ཟླ་བ་ཞེས་བྱའི་རྒྱལ་པོ་འདས། །དེ་ཚེ་གོ་ཌཱའི་སྐྱེ་བོའང་འཇིག །དེ་ཚེ་རྒྱལ་རིགས་ས་ཡི་བདག །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །རྒྱལ་པོ་མངོན་འཕེལ་སྐྱེ་ཞེས་བྱ། །དེ་
ཡི་ལོངས་སྤྱོད་འཕེལ་བར་འགྱུར། །དེ་ཚེ་རྒན་པོར་གྱུར་པ་ན། །དེ་ཡང་གཡོ་བ་མེད་པར་སོང་། །ལོ་ནི་བརྒྱད་ཅུར་འཚོ་བ་སྟེ། །དེ་བཞིན་གཞན་ནི་བདུན་དང་བདུན། །དེ་ནས་འཁོགས་པས་ཟིལ་མནན་ནས། །དུས་བྱས་ལྷ་ཡི་གནས་སུ་སོང་། །ཡུན་རིང་ལྷ་ཡི་བདེ་བ་ནི། །དེ་
ཚེ་རྒྱལ་པོས་རྗེས་སུ་མྱོང་། །སྔོན་ནི་ཀུན་ནས་ཉོན་མོངས་པས། །ལས་ཀྱི་ཡང་ནི་ཤི་འཕོས་ཏེ། །རྫུ་འཕྲུལ་ཆེན་པོ་ཀླུ་ཡི་རྒྱལ། །བློ་ལྡན་དུད་འགྲོའི་ནང་དུ་གནས། །ཚོང་པ་སྔགས་ནི་གྲུབ་པ་སྟེ། །ཇི་ལྟར་འདོད་པའི་བློ་བྱེད་ཅིང་། །དེ་ཚེ་རིག་པའི་རྒྱལ་པོ་དང་། །དེ་ཚེ་བདེ་འགྲོ་
དག་ཏུ་གྱུར། །དེ་ཡི་ཚེ་ན་འཁོར་ལོས་སྒྱུར། །སྣ་ཚོགས་ཏོག་ཅེས་རྒྱལ་པོར་འགྱུར། །དེ་བཞིན་དུ་ནི་བློ་ལྡན་དེ། །དེ་ཚེ་རིག་འཛིན་ཆོས་ཀྱང་འཆད། །ལོ་ནི་བྱེ་བ་བརྒྱད་ཅུ་དང་། །དེ་ཚེ་དགུ་དང་བདུན་དུ་འགྱུར། །ལྷ་དང་མི་ཡི་བདེ་བ་ཡིས། །འཁོར་ལོས་སྒྱུར་བར་

འགྱུར་བ་ཡིན། །དེ་ཡི་འཁོར་དུ་བུ་མོ་ནི། །བྱེ་བ་དྲུག་ཅུ་སྐྱེ་བར་འགྱུར། །དེ་ནས་དེ་ནི་ལུས་ཞིག་ནས། །ལྷ་མོ་སྒྲོལ་མ་མཉེས་བྱས་ཏེ། །ལྷ་རྣམས་བདག་པོར་སོང་ནས་ནི། །དེར་ནི་ཆོས་ཀྱང་སྟོན་པར་བྱེད། །རྒྱལ་པོ་དེ་ནི་མཐར་གྱིས་སུ། །མྱུར་དུ་བྱང་
ཆུབ་གཞོལ་བར་འགྱུར། །དེ་ཡང་ལོ་ནི་གསུམ་དག་ཏུ། །རྒྱལ་པོའི་དབང་ཕྱུག་བྱས་ནས་ནི། །ཡི་གེ་པ་ཡི་རྒྱལ་པོ་འདས། །དེ་ཚེ་དུས་ཀྱི་ཐ་མ་ལ། །ཕན་ཚུན་རྒྱུད་ནི་བྱས་ནས་སུ། །རྩོད་པ་ཆེན་པོ་ལ་ཡང་གནས། །དེ་ཡི་ནུ་བོ་ཡིག་པ་ཞེས། །བརྟུལ་ཞུགས་ཅན་དུ་རྣམ་
པར་གནས། །ལོ་ནི་གསུམ་དང་གཅིག་དག་ཏུ། །རྒྱལ་སྲིད་ཡོངས་སུ་འཕེལ་བར་བྱས། །དེ་མ་ཐག་ཏུ་འཁྲུ་བས་བཏབ། །འདི་དག་གཉི་ག་འཆི་བར་གྱུར། །འཇིག་རྟེན་དུས་འདས་ཤི་ནས་ནི། །གནོད་སྦྱིན་དག་གི་ནང་དུ་སྐྱེས། །དེ་གཉིས་མཐར་གྱིས་ཆོས་ལྡན་པས། །རང་
རྒྱལ་བྱང་ཆུབ་ཐོབ་པར་འགྱུར། །དེའི་ཡང་ནུ་བོ་ཡིག་པ་ཞེས། །རྒྱལ་རིགས་ཀྱི་ནི་ཆོས་ལ་དགའ། །དེ་ཡང་རྒྱལ་པོ་ལོ་གསུམ་དུ། །མི་ཡི་བདག་པོ་བྱེད་པར་འགྱུར། །དེའི་ཡང་ནུ་བོ་རྒྱལ་པོ་ནི། །ཡི་གེ་ཛ་ཞེས་རྣམ་པར་བསྒྲགས། །དེ་ཡང་ཡུལ་ནི་འདི་དག་ཏུ། །ས་
ཀུན་གྱི་ནི་བདག་པོར་འགྱུར། །རྟ་དང་ཤིང་རྟ་གླང་པོ་དམག །ཀུན་ནས་གྲུ་དང་ཐེག་པ་ཡིས། །གཡུལ་དུ་ཉེ་བར་གནས་ནས་ནི། །དགྲ་ཡི་ཚོགས་ནི་ཀུན་ལས་རྒྱལ། །དེས་ནི་ཡུལ་འདི་མ་ལུས་དང་། །ས་རྣམས་ཐམས་ཅད་ཉིད་ལ་ནི། །སྟོན་པའི་གཟུགས་བརྙན་ལྷ་ཁང་
དང་། །དེ་བཞིན་རྒྱལ་བའི་མཆོད་རྟེན་དང་། །ས་རྣམས་དག་ནི་ཐམས་ཅད་ལ། །ཐམས་ཅད་མཛེས་པར་བྱས་པར་གྱུར། །དེ་ཚེ་སྔོན་གྱི་རྒྱལ་པོ་དེའི། །བྲམ་ཟེ་དེ་བཞིན་ཤཱག་རིགས་སྐྱེ། །ང་རྒྱལ་ཤེས་རབ་ལྡན་ཞིང་རྣོ། །བྱང་ཆུབ་མཐར་བྱེད་ང་རྒྱལ་བློ། །དེ་ཚེ་
དུས་ཀྱི་ཐ་མ་ལ། །དེ་ཉིད་འདི་ཡི་གྲོགས་ཉིད་འགྱུར། །རྒྱལ་པོ་ཆོས་ལ་དགའ་བ་ཡི། །རྒྱལ་རིགས་ཀྱི་ནི་མཆོག་ཏུ་གསུངས། །ལོ་ནི་ཉི་ཤུ་བདུན་དང་བརྒྱད། །དེ་ནི་དེ་ཚེ་འཚོ་བར་འགྱུར། །བུད་མེད་བྱས་པའི་སྐྱོན་ཉིད་ཀྱིས། །དུས་བྱས་ནས་ནི་ལྷ་གནས་འགྲོ། །བློ་

ལྡན་དེ་ནི་མཐར་གྱིས་ཀྱང་། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་གྲགས་པ་དཔལ་ཞེས་བྱ། །དེ་བཞིན་ས་ཡི་བདག་པོ་ནི། །ཨུ་ཌཱི་ཡ་ན་རྒྱལ་པོ་ཆེ། །ཆོས་ལ་དགའ་བ་འབྱུང་བར་འགྱུར། །ཨུ་ཌཱི་ཡན་གྱི་གྲོང་མཆོག་ལ། །གྲོང་ཁྱེར་ཡི་གེ་པ་ཞེས་བྱ། །དེར་ནི་རྒྱལ་པོ་
བྱེད་པ་སྟེ། །ཀུན་ནས་དགྲ་ལས་རྒྱལ་བར་འགྱུར། །དེར་ནི་དེ་ཚེ་བརྒྱད་དག་གི། །གཙུག་ལག་ཁང་ཡང་བྱེད་པར་འགྱུར། །བྲམ་ཟེའི་གཙོ་བོ་དེ་བཞིན་ལྡན། །ཤཱཀྱའི་སྐྱེས་ཞེས་ཡང་དག་བརྟེན། །དེ་ཡི་གྲོགས་ལ་བརྟེན་ནས་ནི། །འཁོར་ཡུག་ཏུ་ནི་རྒྱལ་སྲིད་བྱས། །ལོ་ནི་བརྒྱད་ཅུ་
གཅིག་བཅས་པར། །མི་ཡི་བདག་པོ་དེར་འཚོར་འགྱུར། །ལས་བྱེད་སྐྱོན་གྱིས་ཆོས་བདག་ཉིད། །དུས་བྱས་ནས་ནི་ལྷ་གནས་འགྲོ། །ལྷ་རྣམས་ཀྱི་ནི་རྒྱལ་ཐབས་ཀྱང་། །དེ་བཞིན་མཐར་གྱིས་བྱེད་པར་འགྱུར། །དེ་ནས་ལུས་དེ་ཞིག་ནས་ཀྱང་། །མཐོ་རིས་ལས་ཀྱང་མཐོ་རིས་འགྲོ། །
དེ་ཡི་བྱང་ཆུབ་རྒྱུ་དག་ནི། །དགེ་བའི་ཆོས་ནི་ཡོངས་རྫོགས་བྱས། །དེ་ཡི་བྲན་ཉིད་རྒྱལ་པོ་སྟེ། །རྒྱལ་སྲིད་གནོད་མེད་བྱེད་པར་འགྱུར། །ཡི་གེའི་དང་པོ་ཡ་ཞེས་བྱ། །ས་ཡི་བདག་པོ་འབྱུང་བར་འགྱུར། །ལོ་ནི་བདུན་དང་གཅིག་དག་ཏུ། །དེ་ཡི་དུས་སུ་རྒྱལ་སྲིད་བྱེད། །དེ་
གཅིག་བུད་མེད་རྣམས་ཀྱིས་ནི། །བརྡེགས་ནས་ཀྱང་ནི་ཤི་བར་འགྱུར། །ཡི་གེ་པ་རྒྱུད་ཡང་བྱུང་བ། །རྒྱལ་རིགས་རྒྱལ་པོར་འགྱུར་བ་ཡིན། །དེས་ནི་བྲན་ཚོགས་རྣམས་བསད་ནས། །རང་དབང་དུ་ནི་ཡོངས་སུ་གྱུར། །མི་དགེའི་བཤེས་གཉེན་ལ་བརྟེན་ནས། །རྣམ་མང་སྲོག་
ནི་གཅོད་པ་ཡིན། །དཔའ་ཞིང་འབྱོར་ལ་རྨོངས་པར་ནི། །འཇིག་རྟེན་ཀུན་ལ་འབྱུང་བར་འགྱུར། །གཡོ་ཞིང་མྱུར་དུ་བྱེད་པ་ན། །ཆང་དང་གཡོ་སྒྱུ་ཅན་ལ་དགའ། །ཆང་གིས་བག་མེད་རྣམ་རྨོངས་ནས། །དེས་ན་དེ་ནི་ས་ལ་ཉལ། །དགྲ་རྣམས་ཀྱིས་ནི་བརྩོན་བྱས་ནས། །
མཚོན་ཆས་བསྣུན་ནས་དེ་གསོད་འགྱུར། །དེ་ནས་དེ་ནི་ལུས་ཞིག་ནས། །དུས་བྱས་ནས་ནི་འོག་ཏུ་འགྲོ། །དེ་ཡི་སྤུན་ཟླ་གཉིས་པ་ནི། །མིང་ནི་ཡི་གེ་ར་ཞེས་ཤེས། །ཉིན་ཞག་བཞི་བཅུ་རྩ་བར