Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན
Văn bản gốc(Tây Tạng)
Trang 6 / 22 (50.000 ký tự/trang)
ས་བྲང་དང་ཕ་མ་ཡིད་མི་བདེ་བར་འགྱུར་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷའི་དབང་པོ་ནས་མིའི་དབང་པོའི་བར་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །གྲོགས་པོ་དག་ཁྱེད་ཀྱིས་དེ་ལྟར་གྱིས་ཤིག །ཆོས་ཀྱི་རྣམ་གྲངས་འདི་ཉན་དུ་གཞུག་པ་དང་། མཆོད་པར་བྱ་བའི་ཕྱིར་ཁྱོད་ལ་གཏད་དོ། །དེ་བཞིན་གཤེགས་པ་དང་ འདྲ་བའི་ཆོས་ཀྱི་རྣམ་གྲངས་འདི་མྱུར་དུ་ནུབ་པར་གྱུར་ཏ་རེ། ལ་ལ་ཞིག་གིས་སྤངས་ཏེ། སེམས་ཅན་དམྱལ་བར་ལྷུང་ང་རེ། ཆོས་ཀྱི་རྣམ་གྲངས་འདི་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བར་འགྱུར་བའོ། །ཁྱེད་ཕྱིས་འགྱོད་པར་གྱུར་ཏ་རེ། ཆོས་ཀྱི་རྣམ་གྲངས་འདི་བསྟན་ པ་ན། ས་ཆེན་པོ་འདི་གཡོས་ཏེ། གཡོས་རབ་ཏུ་གཡོས་སོ། །སྲོག་ཆགས་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པར་བགྱིད་ན། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར་ལགས། གང་དུ་ནི་སྐྱེ་བར་འགྱུར་ལགས། དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འདི་ཞུས་པ་ནི་ལེགས་སོ། །རིགས་ཀྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། མེ་ཏོག་དང་། བདུག་པ་ དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱེད་པ་དེ་ནི་འདི་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལས་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེས་ཡོངས་སུ་གང་བར་བྱས་ཏེ། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་བས་ནི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་ མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་ལ་སོགས་པས་མཆོད་པ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་གྱི། རིགས་ཀྱི་བུ་སྔ་མ་གང་ཡིན་པ་དེས་ནི་དེ་སྙེད་བསགས་པ་མ་ཡིན་ནོ། །རིགས་ཀྱི་བུ་ གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དེ། བུ་དང་། བུ་མོ་དང་། ཆུང་མ་ཡོངས་སུ་གཏོང་བ་དང་། ལག་པ་དང་། རྐང་པ་དང་། མིག་དང་། མགོ་བོ་ཡོངས་སུ་གཏོང་བ་བས་ནི་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བའམ། ཡི་གེར་འདྲིར་འཇུག་གམ། ཀློག་གམ། དད་པར་བྱེད་པ་འདི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་གྱི། རིགས་ཀྱི་བུ་སྔ་མ་གང་ཡིན་པ་དེས་ནི་དེ་སྙེད་བསགས་པ་མ་ཡིན་ནོ། །ཆོས་སྨྲ་བའི་རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་བལྟ་བར་བྱའོ། །དེ་བཞིན་ གཤེགས་པ་དང་འདྲ་བ་ཁོ་ནར་མཆོད་པ་མངོན་པར་འདུ་བྱ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་འོས་ལགས་སོ། །ཆོས་སྨྲ་བ་དེ་ལ་ཡང་ཕྱག་བགྱི་བ་དང་མཆོད་པར་བགྱི་བའི་འོས་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་རྫུ་འཕྲུལ་ཆེ་བ་ལགས་ཏེ། དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་ གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བགྱིས་ཏེ་མཉན་པར་བགྱིའོ། །གུས་པར་བགྱིས་ཏེ་ཡིད་ལ་བགྱིའོ། །བཅོམ་ལྡན་འདས་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པའི་ས་ཕྱོགས་དེ་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ལགས་སོ། །ས་ཕྱོགས་དེ་ནི་ མཆོད་རྟེན་དུ་གྱུར་པར་བལྟ་བར་བགྱིའོ། །ས་ཕྱོགས་དེ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་གནས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་ས་ཕྱོགས་དེ་ནི་ལྷ་ དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་གནས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་ མཆོད་པ་བགྱིད་ལ་འདིའི་སླད་དུ་མཆོད་པ་དང་བཀུར་སྟི་ལ་བརྩོན་པའི་སེམས་ཀྱིས་སྦྱིན་པ་ཡུངས་འབྲུ་ཙམ་སྩལ་ན། དེའི་མཚམས་མེད་པ་ལྔའི་ལས་རྣམས་ཡོངས་སུ་ཟད་པར་འགྱུར་ལ། བསྐལ་པ་དགུ་ཁྲིའི་བར་དུ་ལོངས་སྤྱོད་ཆེ་བའི་རིགས་རྣམས་སུ་སྐྱེ་བར་འགྱུར་རོ། །བསྐལ་པ་ བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་རོ། །གཤིས་ངན་དུ་འགུམ་པར་མི་འགྱུར་རོ། །ངན་སོང་དུ་སྐྱེ་བར་མི་འགྱུར། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བགྲང་བ་ལས་འདས་པ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་ཡེ་ཤེས་མཐའ་ཡས་པ་ཆགས་པ་ མེད་ཅིང་རྡུལ་དང་བྲལ་བའི་རྒྱལ་པོའི་ཏོག་ཅེས་བྱ་བ་བྱུང་སྟེ། དེར་ངས་བྲམ་ཟེའི་གཟུགས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཐོས་ནས་ཀྱང་སེམས་ཅན་རྣམས་ལ་བཤད་དོ། །དེར་ངས་རྙེད་པའི་མོད་ལ་ཆོས་ལ་བཟོད་པ་ཐོབ་སྟེ། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། ། སེམས་ཅན་གང་དག་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་ཏེ། ནམ་ཡང་ངན་སོང་དུ་མི་འགྲོ་བར་འགྱུར་ལ། ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་སྟེ། སེམས་ཅན་དེ་དག་ཐམས་ཅད་མཐར་གྱིས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རིགས་ཀྱི་བུ་ངས་ཀྱང་ལོ་མང་པོ། །ལོ་བརྒྱ་ཕྲག་མང་པོ། །ལོ་སྟོང་ཕྲག་མང་པོ། །ལོ་འབུམ་ཕྲག་མང་པོར་སེམས་ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་ མུག་གིས་དཀྲིས་པ་རྣམས་ཀྱི་ཕྱིར་ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་ཡོངས་སུ་གཏོང་བ་བྱས་ནས། མཐར་གྱིས་ལག་པ་དང་། རྐང་པ་དང་། མིག་དང་། མགོ་བོ་དང་། སྡུག་པའི་བུ་དང་། ཆུང་མ་དང་། བུ་མོའི་བར་དུ་ཡོངས་སུ་གཏོང་བར་བྱས་སོ། །རྐང་ དང་། རུས་པ་ཡོངས་སུ་གཏོང་བ་དང་། ཁྱིམ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཡོངས་སུ་གཏོང་བ་བྱས་སོ། །ལོ་འབུམ་ཕྲག་དུ་མར་ཚངས་པར་སྤྱོད་པ་ཡང་སྤྱད་དོ། །ཁྱིམ་པ་དང་འདྲིས་པར་མ་བྱས། རྒྱལ་སྲིད་ལ་ དགའ་བ་དང་། ནོར་ལ་དགའ་བ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་ལ་དགའ་བ་དང་། བུ་དང་བུ་མོ་ལ་དགའ་བ་དང་། ཆུང་མ་ལ་དགའ་བར་མ་བྱས་སོ། །གཅིག་ཏུ་ངེས་པར་ཚངས་པར་སྤྱོད་པ་ལ་གནས་པ་བརྟེན་ཏོ། །གཅིག་ཏུ་ངེས་པར་སྦྱིན་པ་བྱིན་ནོ། །གཅིག་ཏུ་ངེས་པར་ སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་མཆོད་པ་དང་། བསྙེན་བཀུར་བྱས་སོ། །གཅིག་ཏུ་ངེས་པར་ངས་ཆོས་སྨྲ་བ་རྣམས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་ མཚན་དང་། བ་དན་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་སོ། །དགེ་བའི་བཤེས་གཉེན་མང་པོ་ཡང་ངས་བསྙེན་བཀུར་བྱས་སོ། །དེ་ཡང་ངས་འཁོར་བ་ལ་སྐྱོ་བའི་ལུགས་ཀྱིས་ལུས་རྣམས་བྱིན་ལ། མིག་རྣམས་དང་། རང་གི་ཤ་རྣམས་དང་། རྐང་ དང་། རུས་པ་རྣམས་དང་། རང་གི་པགས་པ་རྣམས་ཀྱང་བྱིན་ན། ཕྱི་རོལ་གྱི་དངོས་པོ་གཞན་དག་ལྟ་ཅི་སྨོས་ཏེ། ང་འགྱོད་པར་གྱུར་པ་ཡང་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་ རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། མིའི་དབང་པོ་རྣམས་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྔོན་གྱི་ཚུལ་འདི་ཐོས་ནས། ཆོས་ཀྱི་ཤུགས་ཀྱིས་མཆི་མ་བླགས་ཏེ། དེ་དག་ཐམས་ཅད་ཀྱིས་ཆོས་ལ་ བཟོད་པ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །འདི་ནི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པ་དང་། མཆོད་པ་བགྱིད་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པའི་སེམས་ཅན་དེ་དག་ནི་དཀོན་ལགས་སོ། །གང་དག་གི་སུག་པར་མཆིས་པ་ དེ་དག་ནི་སངས་རྒྱས་བྱུང་བ་དང་འདྲ་བར་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་དང་། ཡི་གེར་འདྲི་བ་དང་། ཡི་ གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱེད་པ་དེ་དག་ནི་དཀོན་ཏེ། དེ་ དག་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་བལྟ་བར་བྱའོ། །རིགས་ཀྱི་བུ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་མི་བྱེད་པ་དང་། འཛིན་པར་མི་བྱེད་པ་དང་། ཀློག་པར་མི་བྱེད་པ་དང་། སྦྱིན་པ་མི་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་བསྐལ་པ་དུ་མ་དང་། བསྐལ་པ་བརྒྱ་ དང་། བསྐལ་པ་སྟོང་གི་བར་དུ་འཁོར་བ་ན་འཁོར་བར་འགྱུར་ཏེ། སྡུག་བསྔལ་བ་མང་པོ་སྡུག་བསྔལ་བརྒྱ་དག་ཉམས་སུ་མྱོང་བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་བུད་མེད་སྦྲུམ་མ་ཞིག་ཡོད་ལ། བུད་མེད་སྦྲུམ་མ་དེའི་ལྟོ་ན་བུ་ཆགས་པ་དེ་ཡང་ཁྱེའུའམ། བུ་མོ་ཞིག་ཏུ་གྱུར་ན། བུད་མེད་དེའི་བུ་དེ་གང་གི་ཚེ་ཟླ་བ་གཅིག་ལོན་ནམ། ཟླ་བ་གཉིས་ལོན་ནམ། ཟླ་བ་གསུམ་ལོན་ནམ། ཟླ་བ་ལྔ་ལོན་ནམ། ཟླ་བ་ཚང་བའི་བར་དུ་གྱུར་པ་དེ་ཙམ་དུ་བུད་མེད་དེའི་ལུས་ནོན་པར་འགྱུར་ཏེ། ཚིགས་ཀྱང་འབྱེ་བར་འགྱུར། ལྟོ་ཡང་ཆུང་བར་འགྱུར། སྐད་ཀྱི་གཅོམ་ཡང་ཆུང་ བར་འགྱུར་ཏེ། ཚོར་བ་དེ་དག་གིས་ཡོངས་སུ་གཟིར་བའི་ལུས་ཀྱིས་དེ་ཙམ་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བཞིན་དུ་ལུས་འཛིན་པར་བྱེད་དེ། བུ་བཙའ་བའི་དུས་ཀྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ། གང་གི་ཚེ་བདག་གི་བུ་བཙའ་བར་གྱུར་ པ་དེའི་ཚེ། བདག་བདེ་བར་བཙས་པར་གྱུར་ན་དེའི་ཚེ་ཚངས་པར་སྤྱད་པར་བྱའོ་སྙམ་མོ། །དེ་ཕྱིས་ཡང་འདོད་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་པ་ན་སྡུག་བསྔལ་དེ་དག་ཕྱིས་མི་དྲན་ཏེ། བདེ་བའི་འདུ་ཤེས་སྐྱེད་པར་བྱེད་དོ། །དེ་བཞིན་དུ་ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་འབྱུང་ བར་འགྱུར་བ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པར་མི་བྱེད། མཆོད་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད་དེ། དེ་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་ཀྱང་འདོད་ཆགས་ཀྱིས་ མྱོས་ནས། ཚོར་བ་དེ་དག་བཟོད་པར་གྱུར་ཏེ། བདག་ཅག་གིས་ཁྱིམ་དང་། བུ་སྨད་ཡོངས་སུ་བསྐྱང་བར་བྱའོ། །ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་བསྐྱང་བར་བྱའོ་སྙམ་མོ། །གང་གི་ཚེ་ཡང་སེམས་ཅན་དམྱལ་བར་སྐྱེས་པ་དེའི་ཚེ་ནི་འགྱོད་པར་འགྱུར་རོ། །གང་གི་ཚེ་ཕྱིར་ ཐར་པར་གྱུར་པ་དེའི་ཚེ་ནི་འདོད་ཆགས་ཀྱིས་ཆགས་ནས་སེམས་ཅན་དམྱལ་བའི་སྡུག་བསྔལ་བརྗེད་པར་འགྱུར་ཏེ། སྦྱིན་པ་ཡང་སྦྱིན་པར་མི་བྱེད། ཚུལ་ཁྲིམས་ཀྱང་སྲུང་བར་མི་བྱེད་དོ། །འདི་ལྟ་སྟེ་དཔེར་ན་མི་ཆང་གིས་ར་རོ་ཞིང་མྱོས་ཏེ། ཚབས་ཆེར་ར་རོ་ཞིང་མྱོས་ལ་གཏུ་ལུམ་པར་གྱུར་ན། མི་དེས་སེམས་ཀྱིས་ཀྱང་ཁྱིམ་ཚོལ་མི་ནུས། ལམ་ཡང་མི་ཚོལ། ཕ་མ་དང་། ཆུང་མ་དང་། བུ་དང་། བུ་མོའི་འདུ་ཤེས་ཀྱང་མེད། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་མི་དྲན་ཏེ། དེ་ཆང་གིས་མྱོས་པའི་མཐུས་དུར་ཁྲོད་ན་འདུག་ན་ཡང་འཇིགས་པ་མེད་ལ། འདི་སྙམ་ དུ་སེམས་ཏེ། ལྷའམ། ཀླུའམ། གནོད་སྦྱིན་ང་སྐྲག་པར་བྱེད་ནུས་པ་སུ་ཞིག་ཡོད་སྙམ་མོ། །དེ་བོང་བ་དང་། ཤིང་དང་། རྩྭ་དང་། ཚེར་མའི་ལམ་གཞན་དག་ལ་བདེ་བའི་འདུ་ཤེས་སྐྱེད་པ་ལས། ལུས་སོར་ཆུད་ཅིང་ར་རོ་བ་དེ་སངས་ནས་གང་གི་ཚེ་དྲན་པ་རྙེད་པར་གྱུར་པ་དེའི་ཚེ་འགྱོད་ པར་བྱེད་དེ། བདག་ནི་སྲོག་ལ་ཐུག་ཀྱང་བླ། བདག་གིས་ཆང་འདི་བཏུང་བར་མི་བྱའོ་སྙམ་མོ། །དེ་བཞིན་དུ་སེམས་ཅན་འདོད་ཆགས་ཀྱིས་རྒྱགས་པས་མྱོས་ཤིང་། ཁྱིམ་ན་གནས་པས་རྣམ་པར་འཁྲུལ་པ་ནོར་གྱིས་སེམས་མྱོས་པ་རྣམས་ཀྱིས་ནི་སངས་རྒྱས་དང་། ཆོས་དང་། དགེ་ འདུན་ཡང་ཡོངས་སུ་ཚོལ་བར་མི་བྱེད། སྦྱིན་པ་ཡང་མི་དྲན། མཐོ་རིས་སུ་སྐྱེ་བ་དང་། རྒྱལ་པོར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་ཡང་ཡོངས་སུ་ཚོལ་བར་མི་བྱེད་དེ། འཁོར་བ་དེ་ཉིད་ན་འཁོར་ཞིང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་ འཇིག་རྟེན་རྣམས་སུ་སྐྱེས་པའི་སྡུག་བསྔལ་མྱོང་བར་འགྱུར་ལ། འདི་སྙམ་དུ་འཛིན་ཏེ། བདག་གི་ལུས་ནི་བདེ་སྟེ། སྡུག་བསྔལ་བ་མེད་དོ་སྙམ་མོ། །གང་གི་ཚེ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་ཐར་ཏེ། བརྒྱ་ལ་བརྒྱ་ལམ་ན་ མིའི་ལུས་ཐོབ་པར་གྱུར་པ་དེའི་ཚེ་མངལ་ན་གནས་པས་ལུས་ཡོངས་སུ་གཟིར་ཅིང་མུན་ནག་གིས་སྐྱོ་བར་གྱུར་པའི་ལུས་ལ་བད་ཀན་དང་། མཁྲིས་པ་དང་། ལྗན་ལྗིན་དང་། ཁྲག་དང་། ཕྱི་སས་བངས་པས་སྐྱོ་བར་གྱུར་ནས། འདི་སྙམ་དུ་སེམས་ཏེ། བདག་ཅག་ལོ་བརྒྱའམ། བསྐལ་ པའམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱི་བར་དུ་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་གྱི་ཚོར་བ་མི་བཟད་ཅིང་ཡིད་དུ་མི་འོང་བ་མྱོང་ལ། གང་དུ་ཡང་བདག་ཅག་གིས་སྐྱབས་མེད་པ་འདི་ལས་གང་དག་གི་འབྲས་བུ་རྣམ་པར་སྨིན་པ་ཡིན་ཞིག་གུ། བདག་ ཅག་གིས་ཀྱང་སྔོན་སྡིག་པ་མང་དུ་བྱས་སོ་སྙམ་སྟེ། དེ་ལྟར་མངལ་ན་གནས་ནས་སེམས་ཅན་དམྱལ་བ་དང་འདྲ་བར་འགྱོད་པ་སྐྱེད་པར་བྱེད་དེ། གང་གི་ཚེ་བདག་ཅག་མངལ་ན་གནས་པའི་སེམས་ཅན་དམྱལ་བ་འདི་ལས་ཐར་བར་གྱུར་པ་དེའི་ཚེ་སངས་རྒྱས་དང་། ཆོས་དང་ དགེ་འདུན་ལ་མི་ཕྱེད་པའི་དད་པས་བསྒྲུབ་པ་དང་བཙལ་བར་བྱ་སྟེ། ཅི་ནས་ཀྱང་བདག་ཅག་ཕྱིན་ཆད་མངལ་གྱི་སེམས་ཅན་དམྱལ་བར་གནས་པར་མི་འགྱུར་བར་བྱའོ་སྙམ་མོ། །དེ་དག་ཕྱིས་མངལ་གྱི་གནས་རྣམས་ལས་ཐར་ནས་བག་མེད་པར་བྱེད་དེ། དེ་དག་ཡང་སེམས་ཅན་དམྱལ་ བ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ལྟ་བས་ན་ནམས་ཀྱང་བག་མེད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་བྱེད་པ་ཞེས་བྱ་བར་ཟུང་ཤིག །བྱང་ཆུབ་སེམས་དཔས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །བཀོད་པའི་རྒྱལ་པོའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང་ ཤིག །དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་ པོ་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙ་བར་མ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་གྲ་པྲ་དཱི་པ་དྷཱ་ར་ཎཱི་བིདྱ་རཱ་ཛ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་གི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ལྷ་དང་མི་འབུམ་ཕྲག་དུ་མ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དང་། ཐབས་ཅིག་ཏུ་བཞུགས་ཏེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མ་མཆོག་ ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེས་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་དང་། འོད་དཔག་མེད་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་གཉིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཏང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་ བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས་ཞེས་བགྱི་ བ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མ་མཆོག་ཅེས་བགྱི་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སྒྲོན་མའི་མཆོག་དེས་བདག་ཅག་གཉིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཏང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མའི་མཆོག་དེས། བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མ་མཆིས་པ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ལོ། །འདི་སྐད་ཅེས་ཀྱང་གསུང་ངོ་། །འདི་ན་མིའམ། མི་མ་ལགས་པའམ། འབྱུང་པོའམ། ཤ་ཟའམ། གནོད་སྦྱིན་ནམ། སྲིན་པོའམ། གྲུལ་བུམ་མམ། གྲུལ་ བུམ་གྱི་སྡེ་དཔོན་ནམ། རྒྱལ་པོའམ། བློན་པོ་ཆེན་པོའམ། ཆོམ་རྐུན་ནམ། སྦྲུལ་ལམ། སྲིན་བུའམ། སྲིན་བུ་ལུ་ཏའམ། སྦྲང་བུ་ལྕགས་ཕྱེའམ། ཉེ་བའི་ཉོན་མོངས་པ་གང་ཡང་རུང་བདག་འཚེ་བར་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་གསུང་ངོ་། །སེམས་ ཅན་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། མདངས་དང་ལྡན་པར་བགྱི་བ་དང་། གཟི་བརྗིད་དང་ལྡན་པར་བགྱི་བ་དང་། གྲགས་པ་དང་ལྡན་པར་བགྱི་བ་དང་། ཡོན་ཏན་དང་ལྡན་པར་བགྱི་བ་དང་། སྟོབས་དང་ལྡན་པར་བགྱི་བ་དང་། མདོག་དང་ལྡན་པར་བགྱི་བ་དང་། བསྲུང་བ་ དང་། སྦ་བ་དང་། བསྐྱབ་པའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མའི་མཆོག་དེས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཀྱང་བསྐུར་ཏེ། འདི་ལྟ་སྟེ། ཛྭཱ་ལེ་ཛྭཱ་ལེ། ཛྭཱ་ལེ་ག་ཏེ། ཧུཀྐུ། མུཀྐུ། སཾ་མ་ཏེ། མ་ཧཱ་སཾ་མ་ཏེ། མ་ ཧཱ་ཛྭཱ་ལེ། ཛྭཱ་བ་ལ་མེ། ས་ཧེ་ས་ཧེ། མ་ཧཱ་ཛྭཱ་ལེ། ཨུཀྐེ། མུཀྐེ། ཤ་མེ། སཾ་མ་ཧེ། མ་ཧཱ་སཾ་མ་ཧེ། མ་ཧཱ་ཤ་མེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །ལོང་ཤིག །ཆོང་ཤིག ། ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་རྙེད་པར་དཀའོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་དག་འཛིན་པ་ཡང་ཤིན་ཏུ་རྙེད་ པར་དཀའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ནི་གཟུངས་ཀྱི་གསང་སྔགས་གཞི་འདི་དག་འཛིན་པ་དང་། ལེན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བདུན་དུ་ཚེ་ རབས་དྲན་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བདུན་ ཅུ་རྩ་བདུན་གྱིས་གསུངས་ཏེ། གང་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁུས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། མདངས་དང་ལྡན་པར་བགྱི་བ་དང་། གཟི་ བརྗིད་དང་ལྡན་པར་བགྱི་བ་དང་། གྲགས་པ་དང་ལྡན་པར་བགྱི་བ་དང་། ཡོན་ཏན་དང་ལྡན་པར་བགྱི་བ་དང་། སྟོབས་དང་ལྡན་པར་བགྱི་བ་དང་། མདོག་དང་ལྡན་པར་བགྱི་བ་དང་། བསྲུང་བ་དང་། སྦ་བ་དང་། བསྐྱབ་པའི་སླད་དུ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་རྣམས་བརྗོད་ པར་བགྱིའོ། །འདི་ལྟ་སྟེ། ཨཏྟེ། བཏྟེ། ནཏྟེ། ཀུ་ནཏྟེ། པུཀྐ་སེ། ཀུ་པུཀྐ་སེ། ཀ་སེ། ཨ་ན་ཀ་སེ། ནཱ་མ་ཀ་སེ། ཨ་ནུ་ཏ། པྲ་ནུ་ཏ། ཁ་ཛེ། མ་ཧཱ་ཁ་ཛེ། སད་པ་ཕེ། ཏ་ཌ་ཕེ། ཏུ་ཌ་ཕེ། ཧི་ལི་མི་ལི་ཏི་ལེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ པ། ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །ལོང་ཤིག །ཆོང་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །གཟུངས་ ཀྱི་གསང་སྔགས་ཀྱི་གཞི་འདི་དག་རྙེད་པར་དཀའོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་ཡང་ཤིན་ཏུ་རྙེད་པར་དཀའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་ དང་། ལེན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བཅུ་གཉིས་སུ་ཚེ་རབས་དྲན་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་ དག་པར་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱིས་གསུངས་ཏེ། །གང་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལས་འདའ་བར་བྱེད་པ་ནི་དེ་ དག་ཐམས་ཅད་ལ་འཁུས་པ་ཡིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བ་དང་། མདངས་དང་ལྡན་པར་བགྱི་བ་དང་། གཟི་བརྗིད་དང་ལྡན་པར་བགྱི་བ་དང་། གྲགས་པ་དང་ལྡན་པར་བགྱི་བ་དང་། ཡོན་ཏན་དང་ལྡན་པར་བགྱི་བ་དང་། སྟོབས་དང་ལྡན་པར་བགྱི་བ་དང་། མདོག་དང་ལྡན་པར་བགྱི་བ་དང་། བསྲུང་བ་དང་། སྦ་བ་དང་། བསྐྱབ་པའི་སླད་དུ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་རྣམས་བརྗོད་པར་བགྱིའོ། །དེ་འདི་ལྟ་སྟེ། ཨཀྑེ། བཀྑེ། ན་ཛི་ཏེ། ནཱ་གཱ་ས་རེ། ན་ཧི་ལི། ཛ་ཧི་ལི། ཛ་ཧི་ལི་བ་ཏེ། ཙཎྜཱི་ལ་ བ་ཏེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །ལོང་ཤིག །ཆོང་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ ཅིག །ཀུན་དགའ་བོ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་རྙེད་པར་དཀའོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་ཡང་ཤིན་ཏུ་རྙེད་པར་དཀའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ གང་ལ་ལས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་དང་། ལེན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བཅུ་གསུམ་དུ་ཚེ་རབས་དྲན་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་སྔོན་གྱི་ ལས་མ་གཏོགས་པ་གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱིས་གསུངས་ཏེ། གང་གཟུངས་ཀྱི་ གསང་སྔགས་ཀྱི་གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁུས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཀྱང་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། མདངས་དང་ལྡན་པར་བྱ་བ་ དང་། གཟི་བརྗིད་དང་ལྡན་པར་བྱ་བ་དང་། གྲགས་པ་དང་ལྡན་པར་བྱ་བ་དང་། ཡོན་ཏན་དང་ལྡན་པར་བྱ་བ་དང་། སྟོབས་དང་ལྡན་པར་བྱ་བ་དང་། མདོག་དང་ལྡན་པར་བྱ་བ་དང་། བསྲུང་བ་དང་། སྦ་བ་དང་། བསྐྱབ་པའི་ཕྱིར་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བཤད་དོ། ། འདི་ལྟ་སྟེ། ཨཊྚེ། བཊྚེ། ན་ཊྚེ། ཀུ་ན་ཊྚེ། ཊ་ཀེ། ཨེ་ཌ་ཀེ། ཏ་ཏ་བེ། ཏུ་ཌ་བེ། ར་ཊ་ཀེ། ལོ་ལེ། ཧུ་ལེ། ཧི་ལི། མི་ལེ། ཏི་ལེ། ཤཱི་ལེ། ཤཱི་ལ། ཨ་ཌྷེ། བ་ཌྷེ། ན་ཌྷེ། ཀུ་ན་ཌྷེ། ཨ་ཌབ་ཏཱི། པ་ན་བ་ཏཱི། ཀ་སེ་ཀ་སེ་ཀ་སེ། ཕ་སེ་ཕ་སེ་ཕ་སེ། མ་ཧཱ་ཕ་སེ་ཕ་སེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །ལོང་ཤིག །ཆོང་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། ། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་རྙེད་པར་དཀའོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་འདི་དག་སྟོན་པ་ཡང་ཤིན་ཏུ་རྙེད་པར་དཀའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་ པ་དང་། ལེན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་བཅུ་བཞིར་ཚེ་རབས་དྲན་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་གསུངས་ཏེ། གང་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་འཁུས་པ་ཡིན་ནོ། ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཤིང་སྐམ་པོ་གཤེར་བག་མེད་པ་ལ་བསྲུང་བ་བྱས་ཏེ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། བཅིང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་ན་ཤིང་དེ་ལ་ལྕུ་ གུ་དང་། ལོ་མ་དག་ཀྱང་སྐྱེ་བར་འགྱུར་ཏེ། མེ་ཏོག་དང་། འབྲས་བུ་རྣམས་ཀྱང་མངོན་པར་འགྲུབ་པར་འགྱུར་ན། མིར་གྱུར་པ་ལྟ་ཅི་སྨོས། ནམཿསརྦ་བུདྡྷེ་བྷྱཿ། སིད་དྷ་ནྟུ་དྷཱ་ར་ཎཱི། མནྟྲ་པཱ་ད་ནི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ དག་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། མདངས་དང་ལྡན་པར་བྱ་བ་དང་། གཟི་བརྗིད་དང་ལྡན་པར་བྱ་བ་དང་། གྲགས་པ་དང་ལྡན་པར་བྱ་བ་དང་། ཡོན་ཏན་དང་ལྡན་པར་བྱ་བ་དང་། སྟོབས་དང་ལྡན་པར་བྱ་བ་དང་། མདོག་དང་ལྡན་པར་བྱ་བ་དང་། བསྲུང་བ་དང་། སྦ་བ་དང་། བསྐྱབ་པའི་ཕྱིར་གཟུངས་ཀྱི་གསང་སྔགས་ཀྱི་གཞི་གཞན་དག་ཀྱང་བཤད་པར་བྱའོ། །དེ་འདི་ལྟ་སྟེ། ཨཏྟེ། མཏྟེ། པ་ཀེ་པཱ་ར་ཀེ། པེ་ཀེ་ཌཱ། དྲ་མ་ཏི། ཏ་ར་མ་ཏི། ཊུ་ཌ་མ་ཊི། ཊུ་ཌ་མ་ཊི། ཊུ་ཌ་ཊུ་རེ། སུ་རེ། ཧི་ལེ། མུ་ལེ། ཏི་ལེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །ལོང་ཤིག །ཆོང་ཤིག །ཀློགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་ དགའ་བོ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་རྙེད་པར་དཀའོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་ཡང་ཤིན་ཏུ་རྙེད་པར་དཀའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཀྱི་ གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་དང་། ལེན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ནི་ཚེ་རབས་ཉི་ཤུ་རྩ་གཅིག་ཏུ་ཚེ་རབས་དྲན་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །གང་ལ་ལ་ཞིག་ལ་བསྲུང་བ་བྱས་ན་དེ་ལ་ཡང་འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་སོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་ དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ཀྱིས་མི་ཚུགས་སོ། །སྦྲུལ་དང་། སྲིན་བུ་དང་། སྲིན་བུ་ལུ་ཏ་དང་། སྦྲང་བུ་ལྕགས་ཕྱེ་ཐམས་ཅད་ཀྱིས་མི་ཚུགས་སོ། །རིམས་རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པ་དང་། དུས་ཚིགས་འགྱུར་ བ་ལས་བྱུང་བ་ཐམས་ཅད་ཀྱིས་མི་ཚུགས་སོ། །ཞག་གཅིག་པའམ། ཞག་གཉིས་པའམ། ཞག་གསུམ་པའམ། ཞག་བཞི་པའམ། ཞག་བདུན་པའམ། ཟླ་བ་ཕྱེད་པའམ། ཟླ་བ་གཅིག་པའམ། ལོ་གཅིག་པའམ། ནད་རྒྱུན་རིངས་སམ། སྐད་ཅིག་པ་རྣམས་ཀྱིས་མི་ ཚུགས་སོ། །འབྲས་སམ། ཕོལ་མིག་གམ། རྐང་ཤུའམ། ལྷོག་པའམ། མེ་དཔལ་ལམ། ཤུ་བའམ། ཁྱི་རྔོའམ། གཡན་པའམ། མཛེ་ཐམས་ཅད་དམ། ལྷོག་པ་ཐམས་ཅད་དམ། གཤེད་བྱེད་ཐམས་ཅད་དམ། སྒྱུར་བའི་ལས་ཐམས་ཅད་དམ། བྱད་ཐམས་ཅད་ དང་། རོ་ལངས་ཐམས་ཅད་ཀྱིས་ཀྱང་མི་ཚུགས་སོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཏེ། གང་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ལས་འདའ་བར་བྱེད་པ་དེ་ནི་དེ་དག་ཐམས་ཅད་ལ་ འཁུས་པ་ཡིན་ནོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་རྒྱལ་པོའི་ཕོ་བྲང་ན་འདུག་ན་ཡང་ཡིད་ལ་བྱའོ། །ཆོམ་རྐུན་གྱི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ། །སྲིན་པོའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ། །གཅན་གཟན་ཁྲོ་བོའི་ནང་ན་འདུག་ན་ཡང་ཡིད་ལ་ བྱའོ། །འབྲོག་དགོན་པའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ། །ཀླུང་དང་བགྲོད་དཀའ་བ་ན་འདུག་ན་ཡང་ཡིད་ལ་བྱའོ། །མེའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ། །ཆུའི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ། །དེ་ཡིད་ལ་བྱས་པ་དེ་རྣམས་ལས་འཇིགས་པ་དེ་དག་ཐམས་ཅད་མི་འབྱུང་ ངོ་། །དེས་དུག་ཟོས་པ་ཐམས་ཅད་ཀྱང་ཁ་ཟས་ཉིད་དུ་འགྱུར་རོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་ནི་འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་སོ། །ཡི་དགས་ཐམས་ཅད་དང་། སྲུལ་པོ་ཐམས་ཅད་དང་། གཤེད་བྱེད་ཐམས་ཅད་དང་། སྒྱུར་བའི་ ལས་ཐམས་ཅད་དང་། བྱད་ཐམས་ཅད་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་མི་ཚུགས་ཏེ། ཀུན་དགའ་བོ་མདོར་ན་དེ་ལ་གཞན་གྱི་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་སོ། །ཀུན་དགའ་བོ་གསད་པའི་རིགས་པ་ནི་ཆད་པས་བྲལ་བར་འགྱུར་རོ། །ཆད་པས་གཅད་པའི་རིགས་ པ་ནི་བརྡེགས་པས། བརྡེགས་པའི་རིགས་པ་ནི་བརྒྱད་པས། བརྒྱད་པའི་རིགས་པ་ནི་བསྡིགས་པས། བསྡིགས་པའི་རིགས་པ་ནི་མིག་ཚུགས་སུ་བལྟས་པས་ཐར་པར་འགྱུར་རོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་གིས་གང་ལ་བསྲུང་བ་བྱས་པའམ། ཡོངས་སུ་བསྐྱབ་པ་བྱས་པའམ། ཡོངས་སུ་གཟུང་བས་བཅིངས་པའམ། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པ་གཞན་དུ་འགྱུར་བ་དེ་ནི་གནས་མེད་དེ། ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་ སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་གྱི་ནང་ན་ཡང་ངས་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་ངེས་པར་འབྱུང་བར་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་ནས་ཆོས་ ཀྱི་རྣམ་གྲངས་འདི་རྫོགས་པའི་རྗེས་ལ་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་རྒྱས་པར་བགྱི་བ་དང་། ཆོས་སྨྲ་བ་དེ་དག་རྗེས་སུ་ཡོངས་སུ་གཟུང་བ་དང་། དམ་པའི་ཆོས་ཅི་ ནས་ཀྱང་ཡུན་རིང་དུ་གནས་པ་དང་། བདུད་ཐམས་ཅད་ཚར་གཅོད་པའི་སླད་དུ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་རྣམས་རྗེས་སུ་སྩལ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་ལེགས་སོ་ཞེས་བགྱི་བ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ བཞི་ལ་ཐུགས་བརྩེ་བའི་ཕྱིར་ཅང་མི་གསུང་བར་གྱུར་པས་གནང་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནི་འདི་ལྟ་སྟེ། ད་ནཊྜེ། དེ་ནཊྜེ། མ་ཧཱ་ནཊྜེ། ཛམྦྷ་ནེ། སྟམྦྷ་ནེ། ཊ་ཊེ། ཊ་ཊ་ནེ། མ་ཧཱ་ཊ་ཊ་ནེ། ཀུཊྚེ། ཀུཊྚ་ནེ། མ་ཧཱ་ཀུཊྚ་ནེ། དྷརྨ་ལེ། ཙརྨ་ལེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་དག་ནི་གཟུངས་འདིའི་འཁོར་གྱི་ཚིག་ལྟ་བུར་གདའ་བ་ལགས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་འཛིན་པ་དང་། བཟླས་ཏེ་བཏོན་ ནས་འཆང་བ་འདི་ནི་སྔོན་གྱི་ལས་མ་གཏོགས་པར་གཞན་གྱི་གནོད་པ་ཐམས་ཅད་ལས་འདའ་བ་དང་། འགྲོ་བ་ཐམས་ཅད་དང་རྗེས་སུ་མཐུན་པར་འགྱུར་རོ། །དེ་ལ་ནི་དམ་པའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་ལ་ཡང་བར་ཆད་འབྱུང་བར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་གྲོགས་པོ་དག་ཁྱོད་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དེ་དག་རྫུ་འཕྲུལ་ཆེ་བར་འགྱུར་བ་དང་། ཕན་ཡོན་ཆེ་བ་དང་། བྱིན་ཆེ་བར་འགྱུར་བའི་ཕྱིར་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ལོང་ཤིག །ཆོང་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག་གསོལ་པ། བཅོམ་ལྡན་འདས་རྒྱས་པར་ བགྱི་བའི་སླད་དུ་བདག་གིས་གཟུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱས་པར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གཟུངས་སྔགས་ཀྱི་ནི་མདོ་སྡེ་འདི། །སངས་རྒྱས་ཀུན་གྱིས་གསུངས་པ་སྟེ། །སེམས་ཅན་རྣམས་ལ་ ཕན་པའི་ཕྱིར། །དེ་ནི་ངས་ཀྱང་བཤད་པ་ཡིན། །གང་ཞིག་གཟུངས་སྔགས་མདོ་སྡེ་འདི། །འཛིན་ཏམ་ཡང་ན་ཀློག་བྱེད་པ། །ཚེ་རབས་ཉི་ཤུ་རྩ་གཅིག་ཏུ། །དེ་ནི་ཚེ་རབས་དྲན་པར་འགྱུར། །གཟུངས་སྔགས་འདི་རྗོད་བྱེད་དེ་ལ། །མི་མིན་གང་ཡང་རུང་བ་ དང་། །གནོད་སྦྱིན་གྲུལ་བུམ་སྲིན་པོ་དག །ནམས་ཀྱང་བར་ཆད་མི་བྱེད་དོ། །གཟུངས་སྔགས་འདི་རྗོད་བྱེད་དེ་ལ། །འདོད་ཁམས་དབང་ཕྱུག་གང་ཡིན་པ། །སྡིག་ཅན་བདུད་དེ་ནམ་དུ་ཡང་། །བར་ཆད་བྱེད་པར་མི་འགྱུར་རོ། །གཟུངས་སྔགས་འདི་འཛིན་ བྱེད་དེ་ཡི། །ཕ་མ་དང་ནི་ཕུ་ནུ་དང་། །སྲིང་མོ་མཛའ་བཤེས་གཉེན་དག་ཀྱང་། །ལོག་པར་ལྟུང་བར་མི་འགྱུར་རོ། །དེ་ཕྱིར་གཟུངས་སྔགས་མདོ་སྡེ་འདི། །འཇིགས་མེད་གང་གིས་ཐོས་གྱུར་ནས། །གཟུངས་སྔགས་འདི་རྗོད་བྱེད་པ་དེས། །ནམས་ཀྱང་འཇིགས་པར་ མི་བྱའོ། །གཟུངས་སྔགས་འདི་འཛིན་བྱེད་དེ་ཡི། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །སྒྲིབ་པའི་ལས་ནི་གང་བྱས་པ། །ཞག་བདུན་གྱིས་ནི་བྱང་བར་འགྱུར། །བྱང་ཆུབ་སེམས་དཔའི་བསོད་ནམས་གང་། །བསྐལ་པ་བྱེ་བར་བསྒྲུབས་པ་ཀུན། །གཟུངས་སྔགས་འདི་འཛིན་བྱེད་ པ་དེས། །ཞག་བདུན་གྱིས་ནི་ཟིལ་གྱིས་ནོན། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་བ་བོ། །རྒྱལ་པོ་ཆེན་པོ་བཞི་པོ་དག །ལུས་ངན་དང་ནི་ཡུལ་འཁོར་སྲུང་། །མིག་མི་བཟང་དང་འཕགས་སྐྱེས་པོ། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །འཁོར་བཅས་བློན་བཅས་དེ་དག་ཀྱང་། ། གཟུངས་སྔགས་འདི་ནི་རྗོད་བྱེད་པ། །དེ་ལ་རྟག་ཏུ་སྲུང་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉན་ཐོས་ཆེན་པོ་དེ་དག་དང་། འཕགས་པ་བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་སྒྲོན་མ་མཆོག་གི་གཟུངས་ རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གཟུངས་ཆེན་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་གྲོང་ཁྱེར་གནས་བཅས་སུ་དབྱར་གནས་ནས་དབྱར་ཟླ་ བ་གསུམ་འདས་པ་དང་ཆོས་གོས་བྱས་ཏེ། ཆོས་གོས་ཟིན་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། སྟོབས་དང་། གཟི་བརྗིད་ཀྱི་ཕྱིར་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །ཆོང་ཤིག །ལོང་ ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཡིད་ལ་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་རྣམས་ནི་རྙེད་པར་དཀའ་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་ འབྱུང་བ་ཡང་རྙེད་པར་དཀའ་བའི་ཕྱིར་ཏེ། དཔེར་ན་ཨུ་དུམ་བ་རའི་མེ་ཏོག་ལྟ་བུ་ཡིན་གྱིས། ཟུང་ཤིག །ཆོང་ཤིག །ལོང་ཤིག །ལྷོགས་ཤིག །ཡིད་ལ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཀུན་དགའ་བོ་དད་པའི་རིགས་ཀྱི་བུའམ། རིགས་ ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་འཛིན་ཏམ། ཀུན་ཆུབ་པར་བྱས་ན་དེ་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར། དུག་གིས་མ་ཡིན། མེས་མ་ཡིན། ཆུས་མ་ཡིན། རྒྱལ་པོའི་ཆད་པས་མ་ཡིན་ཏེ། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ལྷ་དང་། ལྷ་མ་ཡིན་དང་། ཀླུ་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་ བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། འབྱུང་པོ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། གནོན་པོ་དང་། གྲིབ་གནོན་དང་། གཤེད་བྱེད་དང་། གནོད་བྱེད་དང་། བྱད་ཀྱིས་མི་ཚུགས། དེ་ལ་མི་དང་། མི་མ་ཡིན་པ་རྣམས་ཀྱིས་མི་ཚུགས། དེ་ལ་རིགས་པའི་ལས་ དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཀྱིས་མི་ཚུགས། དེ་ལ་རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རྟག་པའི་རིམས་དང་། འབྱུང་པོའི་རིམས་དང་། ཡུད་ཙམ་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པས་མི་ཚུགས་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཛྭཱ་ལེ། མ་ཧཱ་ཛྭཱ་ལེ། ཛྭཱ་ལ་ནེ། མ་ཧཱ་ཛྭཱ་ལ་ནེ། ཏཱ་པ་ནེ། མ་ཧཱ་ཏཱ་པ་ནེ། ཛྭཱ་ལི་ཏེ། ཨུ་ག་གེ། བུ་ག་གེ། སྭཾ་བྷ་དེ། མ་ཧཱ་སཾ་ བྷ་དེ། ཙཀྲེ། མ་ཧཱ་ཙཀྲེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྭཱ་ཧཱ། ཀུན་དགའ་བོ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་ གྱིས་གསུངས་ཏེ། ང་ཡང་ད་ལྟར་འཆད་ཅིང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་འཛིན་ཏམ། འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། དེ་ ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨནྟེ། བན་དྷེ། ཀྵ་མེ། ཀྵ་མ་མེ། དྷཱ་ན་སེ། བ་ད་ནེ། ཨ་ད་ནེ། ཧུ་ལེ། མ་ཧཱ་ཧུ་ལེ། ཀ་རེ་གཾ་ བྷཱི་རེ། དུཥྤུས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཀུན་དགའ་བོ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་ བརྒྱད་ཅུ་རྩ་བརྒྱད་ཀྱིས་གསུངས་ཏེ། ང་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་འཆང་ངམ། འཛིན་ཏམ། ཀློག་གམ། ཡིད་ལ་བྱེད་མ། ཀུན་ཆུབ་ པར་བྱེད་ན། དེ་ཚེ་རབས་བཅུ་བཞིའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་པར་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨཊྚེ། བཊྚེ། ཨག་གེ། བག་གེ། ཐག་གེ། ཋག་གེ། དྷ་ཀེ། དྷཱ་ར་ དྷ་ག་ཀེ །ཊ་ཀེ་ཊ་ཀེ །ཨ་ཀ་སི། ས་ཀ་སི། མ་ཀ་སི། ཨི་ལི་མི་ལི། ཏི་ལི་མི་ལི། རཽ་ར་བེ། མ་ཧཱ་རཽ་ར་བེ། བྷཱུ་ཏཾ་ག་མེ། བྷཱུ་ཏ་པ་རཱ་ཡ་ཎེ། ཏི་མི་གི་སེ། མ་ཧཱ་ཏི་མི་གི་སེ། སཾ་བྷཱ་བེ། མ་ཧཱ་སཾ་བྷཱ་བེ། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཀུན་དགའ་བོ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཏེ། ང་ཡང་ད་ལྟ་ན་འཆད་ཅིང་རྗེས་སུ་ཡི་རང་ངོ་། །ཀུན་དགའ་བོ་དད་པའི་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། ཡིད་ལ་བྱེད་པ། ཀུན་ཆུབ་པར་བྱེད་པ་དེ་ཚེ་རབས་ཉི་ཤུ་རྩ་གཅིག་གི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་སེམས་ལས་ ཕྱིར་ལྡོག་པར་མི་འགྱུར་རོ། །དེ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། རུ་ལེ། མ་ཧཱ་རུ་ལེ། ཧེ་ཧེ་རི། མཏྟ་རི། ཛཾ་བྷ་ནི། སྟཾ་བྷ་ནི། ཀུན་དགའ་བོ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་ དག་གི་ཤིང་སྐམ་པོ་བསྲུང་བའམ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་བསད་པ་དང་། མཚམས་བཅད་པ་དང་། ནམ་མཁའ་བཅིང་ བ་དང་། ས་བཅིང་བ་བྱས་ཏེ། དེ་ལ་སྲད་བུས་བཅིངས་ན་དེའི་རྩ་བ་ཡང་སྐྱེ་བར་འགྱུར། ཡལ་ག་དང་། ལོ་མ་དང་། ལྕུག་མ་དང་། མེ་ཏོག་དང་། འབྲས་བུ་ཡང་སྐྱེ་བར་འགྱུར་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཀུན་དགའ་བོ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ མ་གཏོགས་སོ། །ཀུན་དགའ་བོ་ཉི་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ་འདི་གཉིས་ནི་ས་ལ་ལྟུང་ཡང་སྲིད་དོ། །ཀུན་དགའ་བོ་རིའི་རྒྱལ་པོ་རི་རབ་གནས་ནས་གཡོ་ཡང་སྲིད་དོ། །ཀུན་དགའ་བོ་རྒྱ་མཚོ་ཆེན་པོ་འདི་ལྟར་ཟབ་པ། འདི་ལྟར་རྒྱ་ཆེ་ལ་འདི་ ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་བཞི་པོ་འདི་དག་ནི་སྐམས་ཤིང་ཡོངས་སུ་ཟད་དེ་མཐར་ཐུག་པར་འགྱུར་ཡང་སྲིད་དོ། །ཀུན་དགའ་བོ་ས་ཆེན་པོ་འདི་ནི་རྣམ་པ་སྟོང་དུ་འགྱེས་ཀྱང་སྲིད། ཆུ་ནི་གཤེར་བ་ཉིད་འདོར་ཡང་སྲིད། མེ་ནི་ཚ་བ་འདོར་ཡང་སྲིད། རླུང་ནི་གྲང་བ་འདོར་ཡང་སྲིད་ཀྱི་གཟུངས་ ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ནི་སླུ་མི་སྲིད་དོ། །ཀུན་དགའ་བོ་ལྷའམ། ཀླུའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། རླུང་ལྷའམ། དྲི་ཟའམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དགས་སམ། ཤ་ཟའམ། གྲུལ་བུམ་མམ། སྲུལ་ པོའམ། ལུས་སྲུལ་པོའམ། འབྱུང་པོའམ། བྲམ་ཟེའམ། སྲིན་པོའམ། གྲིབ་གནོན་ནམ། མི་དང་མི་མ་ཡིན་པ་གང་ལ་ལ་ཞིག་གམ། གཞན་སུ་ཡང་རུང་བ་ཞིག་གིས་གཟུངས་ཆེན་པོའི་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་ན། ཏདྱ་ཐཱ། ཨག་གི་ལེ། །ཙག་གི་ ལེ། བལ་ལེ། མལ་ལེ། ཨོ་ཧཱ་ནི། མོ་ཧཱ་ནི། ཛཾ་བྷ་ནི། སྟཾ་བྷ་ནི། བདག་དང་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡང་ལྕགས་ཀྱི་འཁོར་ལོ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པས་ དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་ཡང་ལྕགས་ཀྱི་འཁོར་ལོ་འབར་བ་རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། །ལྷའི་དབང་པོ་ བརྒྱ་བྱིན་ཡང་རྡོ་རྗེ་འཕེན་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཚལ་པ་བདུན་དུ་འགེམས་སོ། །དེ་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་གནས་སུ་མི་དབང་སྟེ། དེའི་མགོ་ཨརྫ་ཀའི་ དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་གཟུངས་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སྭལྤཱ་ཀྵ་ར་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་ འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་ པ་ལྷ་བྱེ་བ་ཁྲག་ཁྲིག་འབུམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། འཛུམ་མུལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ལ་བསོད་ནམས་ཆེ་བ། གང་ཐོས་ པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང་། བྱང་ཆུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང་། གང་དག་སྔགས་སྒྲུབ་པར་བརྩོན་པ་དེ་དག་བགེགས་མ་མཆིས་པར་གསང་སྔགས་འགྲུབ་པར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ ཟུང་ཤིག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ལ་བསོད་ནམས་ཆེ་བ་གང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བ་དང་། བྱང་ཆུབ་ལ་ངེས་པར་གཞོལ་བར་འགྱུར་བ་དང་། གང་དག་གསང་སྔགས་སྒྲུབ་པར་བརྩོན་པ་དེ་དག་བགེགས་མེད་པར་ སྔགས་འགྲུབ་པར་འགྱུར་བ་ངས་ཁྱོད་ལ་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་སེམས་ཅན་ཐམས་ཅད་དགྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མཉམ་པར་བཞག་པ་དེས་སྨིན་མཚམས་ཀྱི་མཛོད་སྤུའི་ཕྲག་ནས་འོད་ཟེར་འབུམ་ཕྲག་དུ་མ་བྱུང་སྟེ། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་གྱུར་ཏོ། །སེམས་ ཅན་གང་དག་འོད་ཟེར་དེས་རེག་པ་སེམས་ཅན་དམྱལ་བ་པ་ཡན་ཆད་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། །དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་ལྷའི་ ཙནྡན་གྱི་ཕྱེ་མའི་ཆར་ཡང་ཕབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔས་མཉམ་པའི་སེམས་དང་བྱམས་པའི་སེམས་དང་བྱས་པ་གཟོ་བ་དང་། སྡིག་པ་ཐམས་ཅད་དང་བྲལ་བའི་སེམས་སུ་བྱའོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་ཡང་གདོན་པར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྙེད་པས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །སངས་རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལས་ཁྱོད་ཀྱིས་འདི་ཉིད་ཐོབ་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །ཁྱོད་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་སངས་རྒྱས་ཉིད་དུ་ལུང་ཡང་བསྟན་ཏོ། །གང་དག་ཁྱོད་ཀྱི་མིང་ཉན་པ་དང་། འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང་། གླེགས་བམ་དུ་བྲིས་ནས་མཆོད་པ་བྱེད་པ་དེ་དག་ཐམས་ཅད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པར་འགྱུར་རོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ། པདྨ་བྷེ། ཨ་བ་མེ་ས་ར་ས་ར་ཎི། དྷི་རི་དྷི་རི། དྷི་རི་དྷི་རི། དེ་བ་ཏཱ་ནུ་པཱ་ལ་ནེ། བུདྡྷ་ཨུཏྟ་ར་ཎི་པཱུ་ར་ཡ་བྷ་ག་བ་ཏི། སརྦཱ་ཤ་མ་ཤ་མ་སརྦ་སཏྭཱ་ནཱཾ། སརྦ་ ཀརྨཱ་བ་ར་ཎ་བི་ཤོ་དྷ་ཡ། བུདྡྷ་ཨ་དྷིཥྛཱ་ནེ་ན་སྭཱ་ཧཱ། དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཐམས་ཅད་བསྐྱེད་པ། བྱང་ཆུབ་སེམས་དཔའི་ཡུམ་འཕྲལ་དུ་སྡིག་པ་འཕྲོག་པ། བྱང་ཆུབ་སྦྱིན་པར་བྱེད་པ་སྟེ། འདི་ལྟ་སྟེ། བསྐལ་པ་བྱེ་བ་བརྒྱར་ ཡང་སངས་རྒྱས་ཐམས་ཅད་ཀྱིས་ཕན་ཡོན་བརྗོད་པར་མི་ནུས་སོ། །འདི་བཀླགས་པས་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །གསང་སྔགས་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐབས་སླ་བའི་ཕྱིར་ཏེ། སེམས་ཅན་གང་དག་སྤྲོ་བ་ཆུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འཛིན་པ་དང་། ཀློག་པ་དང་། ཡི་གེ་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དེ་དག་ཐམས་ཅད་ཐབས་སླ་བས་བྱང་ཆུབ་ལ་གཞོལ་བར་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་ བཀའ་སྩལ་པ། བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་ དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏཱི་པྲཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་ བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། དེ་བཞིན་དུ་ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་ གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་ མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་ མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་ པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ ཏེ། བོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་ འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་ རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙྪ་བ་དགེ་སློང་རིན་ཆེན་སྡེས་བསྒྱུར་ ཅིང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་བློ་དང་ནམ་མཁའ་ལ་སོགས་པས་ཞུས་ཏེ་གཏན་ལ་ཕབ་པ་ལ།། །།དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་གི་དགེ་རྒྱས་བྱེ་མ་གླིང་གི་རྩིག་ངོས་ལ་བྲིས་པ་དང་ཞུ་དག་ལེགས་པར་བགྱིས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བུདྡྷ་བྷ་ག་ཝཱན་ཨཥྚ་ཤ་ཏ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྙིང་རྗེའི་ཙནྡན་དྲི་ཞིམ་པོའི་སྤོས་ཀྱིས་བྱུགས་ པའི་སྐུ། ཞབས་པདྨ་ལྷ་དང་ལྷ་མ་ཡིན་གྱི་ནོར་བུའི་ཅོད་པན་གྱིས་གཏུགས་པ། རང་བྱུང་སེལ་མཛད་བླ་མ་འཇིག་རྟེན་ཐམས་ཅད་ལ་ཕན་པར་མཛད་པ། སྟོན་པ་དེ་བཞིན་གཤེགས་པ་ཐུབ་པ་ཉེས་པ་དང་བྲལ་བ། ཞི་བའི་བདག་ཉིད་ཅན། གཟུགས་མཛེས་པ། མཚན་གསལ་བའི་གཟི་ བརྗིད་ཅན། སྐུ་དཔེ་བྱད་ཀྱིས་བརྒྱན་པ། ཡོན་ཏན་ཐམས་ཅད་ཡང་དག་པར་རྫོགས་པ་ལ་ཕྱག་འཚལ་ལོ། །པདྨ་རྒྱས་པ་ལྟར་ཞལ་བཞད་དེ། ཚེམས་དཀར་ཞིང་སྙོམས་ལ་ཐགས་བཟང་བས་རབ་ཏུ་རྒྱས་ཤིང་སྣང་ལ་ནོར་བུ་དྲི་མ་མེད་པ་ལྟར་འོད་གསལ་ཞིང་མཛེས་ཏེ། སྤ་ཞིང་གསལ་བ་ཉི་མ་འོད་ ཟེར་སྟོང་འབར་བ་མང་པོའི་འོད་སྣང་བའི་དཀྱིལ་འཁོར་ཟིལ་གྱིས་གནོན་པ། ཐུབ་པའི་མཆོག་སྟོབས་བཅུ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འདུད་དོ། །རབ་ཏུ་འདུད་དོ། །བསྟོད་དོ། །ཨོཾ་བྷོ་ཧཱུྃ་ཧཱུྃ་ཧཱུྃ། ཨཱ་ཨཱ། ཧཱི་ཧཱི། ཤི་བ་ཤི་བ། ཤཱནྟི་ཤཱནྟི། ཤ་མ་ཤ་མ། ཤ་མཱ་པ་ཡ། ཏ་ཐཱ་ག་ཏཱ་ནུ་ག་ཏ། སྭ་བྷཱ་བ། ཨ་ བྷཱ་བ། ས་མུཏྟཱ་ཡ། ཨ་ས་མ་བ་ལ། ཨ་བཱི་ར་ལ་བ་ལ། ཨ་མི་ཏཱ་བ་ལ། ཨ་ཏི་བ་ལ། ཧཱུྃ་གྷུཾ་གྷུཾ། དྷྲོ་དྷྲོ། བྷྲཽ་བྷྲཽ། བྷྲེ་དུ་བྷྲེ་དུ། ཧཱི་ཧཱི། བྷ་ག་བཱན། བྷ་བཱནྟ་ཀ་སུ་ར་ཏ་བྷོ་ག་མ་ཧཱ་ཤཱནྟི་ཀ་ར། པཱ་པ་ཀིལྤི་ཥ་ནཱ་ཤ་ཀ་སྭཱ་ཧཱ། དེ་ནས་དཔེ་བྱད་མཚན་གསལ་བས། །ཡན་ལག་ ཐམས་ཅད་རབ་བརྒྱན་ཅིང་། །ཉི་མ་བཞིན་དུ་གསལ་བ་བོ། །འབར་བའི་དཀྱིལ་འཁོར་རྒྱན་མངའ་བ། །གྲགས་ཤིང་དྲི་མ་རབ་སྤངས་ལ། །དྲི་མེད་སྐྱོན་བྲལ་ཆོས་ཀྱི་བློ། །ཁྱབ་བདག་ཆེན་པོ་སྟོབས་བཅུར་ལྡན། །རྡུལ་བྲལ་དཔལ་དང་ལྡན་པ་པོ། །རིན་ཆེན་ས་གཞི་ཆེན་པོ་ལ། ། ཕོ་བྲང་རྩེ་མོ་རྡོ་རྗེའི་རྩེ། །རྒྱལ་བའི་སྲས་རྣམས་གནས་གྱུར་པ། །ནོར་བུ་དུ་མ་རབ་འཕྲོ་ཞིང་། །འོད་ཟེར་དྲི་མེད་གསལ་བཀོད་པའི། །རྡོ་རྗེའི་དཀྱིལ་འཁོར་ཕོ་བྲང་ན། །ཐུབ་པའི་ལོངས་སྤྱོད་ས་གཞི་ལ། །སེང་གེའི་ཁྲི་ཆེན་ཡངས་ལ་བཞུགས། །ནོར་བུ་དབྱིག་གི་ས་གཞི་དང་། །ཁྲི་ཆེན་ རབ་སྤ་དེ་ཉིད་ལ། །དེ་བཞིན་གཤེགས་པ་དགྱེས་ཆེན་གྱིས། །ཕུན་སུམ་ཚོགས་པ་རྒྱན་བཀོད་ལྟ། །ཐུབ་པ་མེ་ཟླ་ནོར་བུའི་འོད། །ཉི་ཟེར་ནོན་པའི་འོད་ལྡན་པ། །བདེ་བླག་ཤིན་ཏུ་བཀྲ་ཤིས་ཚུལ། །འོད་གསལ་སྐྱིལ་མོ་ཀྲུང་བཅས་ནས། །སྐུ་འོད་འབར་བའི་དཀྱིལ་འཁོར་ཅན། ། འོད་གསལ་རྒྱས་པས་ཐུབ་དབང་གི། །དྲི་མེད་འོད་ཟེར་བཀྱེ་བ་ནི། །མི་གཡོ་རྡོ་རྗེ་ཅན་ཞེས་བྱ། །དཀྱིལ་འཁོར་ཆེན་པོར་ཞུགས་པ་ཡི། །རྡོ་རྗེ་ཅན་དག་རབ་འདུལ་བ། །གང་ཡིན་དེ་ཀུན་དག་བྱས་ནས། །དཀྱིལ་འཁོར་དྲི་མེད་སྐོར་བར་བྱེད། །ངན་སོང་དམ་ཚིག་དྲི་མ་ཀུན། ། ལེགས་པར་ཤིན་ཏུ་དག་བྱས་ནས། །སྲིད་གསུམ་དཀྱིལ་འཁོར་རྒྱ་ཆེ་ལ། །རྣམ་པ་དུ་མར་འོད་གསལ་བ། །འགྲོ་དང་མི་འགྲོ་མ་ལུས་པ། །བསྐོར་ནས་བདེ་ཆེན་རྡོ་རྗེ་ཅན། །རྡོ་རྗེ་རལ་གྲི་ཐོགས་པ་དེ། །ཅོད་པན་མ་གཡོས་ནང་དུ་ཞུགས། །དེ་ནས་འཇིགས་པའི་སྒྲ་སྐད་ཀྱིས། ། འགེངས་ཤིང་མིག་ནི་ལོག་ལྟར་འགྱུ། །རིག་སྔགས་ཧཱུྃ་ཞེས་སྒྲོགས་པ་པོ། །རྡོ་རྗེ་འཇིགས་བྱེད་འཇིགས་བྱེད་པ། །བཞིན་མཛེས་འཛུམ་གྱིས་རྣམ་པར་བརྒྱན། །སྡིག་མེད་མིག་རྩ་རྒོད་གྱུར་ཅིང་། །སྟན་ལས་ལངས་ཏེ་ཕྱག་འཚལ་ནས། །ལེགས་པར་མཆོད་བྱས་སྨྲས་པ་ནི། །ཀྱེ་མ་སྐྱེ་བའི་ ཕྱོགས་འཇོམས་ཤིང་། །བསྐལ་པ་དུ་མའི་དྲི་མ་སེལ། །རིག་སྔགས་ཡོན་ཏན་སྒྲུབ་བྱེད་པ། །ཐུབ་མཆོག་རྣམས་ཀྱིས་རབ་ཏུ་གསུངས། །དེ་གཟིགས་དགེ་བ་དུ་མ་བརྙེས། །སངས་རྒྱས་བློ་གྲོས་རྒྱས་པར་གྱུར། །བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ། །བསྐལ་པ་གཅིག་ཏུ་སྤྱོད་པས་ ཀྱང་། །རྒྱུད་མར་སངས་རྒྱས་ཀུན་འབྱུང་ཞིང་། །སྤྱོད་པ་དུ་མ་འབྱུང་བ་ཡི། །ཡོན་ཏན་བརྒྱ་ཡི་སྤོས་ལྡན་འདི། །ཐོས་པ་སྤྲོ་བར་མི་ནུས་སོ། །ལོངས་སྤྱོད་རྒྱ་མཚོ་ཆེན་པོ་ཅན། །བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་དུ། །རྒྱལ་མཆོག་རྣམས་ཀྱིས་དབང་བསྐུར་བའི། །ཕྱིར་ མི་ལྡོག་པའི་ཆོས་ཅན་ལྡན། །འདི་ཐོས་སངས་རྒྱས་སྤྱོད་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་པ་རྣམས། །མ་ལུས་རབ་ཏུ་བསལ་ནས་ནི། །བློ་ཆེན་དྲི་མ་མེད་པར་འགྱུར། །ཞི་ཞིང་དག་བྱེད་བཀྲ་ཤིས་ལ། །རྡུལ་མེད་བརྒྱན་ཏེ་ཞི་བར་བྱེད། །དགེ་ཞིང་མྱ་ངན་ཐམས་ཅད་སེལ། ། སྡུག་བསྔལ་ཐམས་ཅད་ངེས་པར་འཇོམས། །དབང་བྱེད་གསང་སྔགས་དམ་པ་སྟེ། །ས་སྟེངས་སྡིག་པ་ཐམས་ཅད་སེལ། །མ་སྨད་འབྲས་བུ་ངེས་པར་སྦྱིན། །བསྟན་པ་ཡིན་ཏེ་སྡང་བ་འདུལ། །ཉེས་པ་བྱས་པ་སེལ་བ་ཡིན། །གཟུངས་འདི་གང་གིས་ཐོས་གྱུར་དེས། །སངས་རྒྱས་རྙེད་པར་ དཀའ་བ་ཡང་། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །སྒྲིབ་པ་ཐམས་ཅད་རབ་ཞི་ཞིང་། །ཁྱབ་བདག་ཉོན་མོངས་ཀུན་སེལ་བ། །གང་ཞིག་ཉོན་མོངས་ཞི་བྱེད་པའི། །གཟུངས་འདི་འཆང་བར་བྱེད་པ་ཡིས། །ཀུན་ཏུ་བཟང་པོ་ཉིད་དང་ནི། །ལག་ན་རྡོ་རྗེ་ཉིད་ཀྱང་འཐོབ། །རིག་སྔགས་ འཆང་གི་བདག་པོ་ཡང་། །འདི་ཐོས་པས་ནི་ཐོབ་པར་འགྱུར། །འཇིག་རྟེན་ཀུན་ན་ལྷམ་མེ་བ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱང་། །དཀྱིལ་འཁོར་དམ་པ་གཏིང་མེད་པ། །འདི་ནི་ཇི་སྲིད་མ་གསན་པར། །རབ་ཞི་ཉོན་མོངས་འདུལ་བ་ཡི། །རང་བྱུང་གོ་འཕང་མ་བརྙེས་ཏེ། །རྣམ་པར་དག་ ཕྱིར་གསན་གྱུར་ནས། །གསན་མ་ཐག་ཏུ་རྣམ་པར་དག །དེ་ཕྱིར་ཕུན་སུམ་ཚོགས་པ་དང་། །ལེགས་པར་འདོད་པས་བརྗོད་པར་བྱ། །གཞན་གྱིས་མི་ཐུབ་གཟུངས་གསན་ནས། །ཐུབ་པ་ཀུན་གྱིས་གང་བརྙེས་པ། །འཁོར་བ་འདིར་ནི་ནམ་དུ་ཡང་། །བདུད་ཀྱི་ལས་དང་འཁྲུག་མེད་དང་། །མྱ་ངན་མེད་ཅིང་ འཐབ་མེད་པ། །གཟུངས་ལ་གནས་པས་ཐོབ་པར་འགྱུར། གནས་ཀྱི་དམ་པ་ཐོབ་ནས་ཀྱང་། །ཐུབ་པ་དྲི་མ་མེད་པའི་བློ། །གཟིགས་པ་བཟང་རྣམས་གར་གཤེགས་པའི། །བཟང་འགྲོ་དེར་ནི་འགྲོ་བར་འགྱུར། །ལེགས་པ་འདོད་པ་རྣམས་ཀྱིས་ནི། །ཚིག་གི་མདོ་འདི་མཉན་པར་ གྱིས། །ཉོན་མོངས་ཟད་པར་བྱ་བ་ལ། །རྒྱལ་བས་གསུངས་པའི་གཟུངས་འདི་མཆོག །སྡིག་པ་བྱེད་ཅིང་དགེ་ལ་སྡང་། །སྡིག་པའི་རང་བཞིན་རབ་འཇུངས་པ། །གང་གིས་ཐོས་ནས་དེ་སྤང་བ། །ང་ཡིས་མངོན་སུམ་འབྱོར་བར་འགྱུར། །སྡིག་པ་གཞན་ཡང་མི་བྱ་ཞིང་། །སྔ་མ་རྣམས་ཀྱང་ བཤགས་པར་བྱ། །གཟུངས་མཆོག་འདི་ཡི་མཐུ་སྟོབས་ཀྱིས། །སྡིག་པ་ཐམས་ཅད་འབྱང་བར་འགྱུར། །ཚེ་རབས་གཞན་ནི་སྟོང་དག་དང་། །ཚེ་རབས་བྱེ་བ་ཕྲག་བརྒྱར་ཡང་། །སྡིག་པ་མི་དགེ་གང་བྱས་པ། །དག་འགྱུར་འདི་ལ་ཐེ་ཙོམ་མེད། །ཡར་གྱི་ངོ་ཡི་ཚེས་བརྒྱད་དང་། །དེ་བཞིན་ ཚེས་ནི་བཅྭ་ལྔ་ལ། །བསྙེན་གནས་ལེགས་པར་ལྷུར་བླངས་ལ། །ཆོ་ག་བཞིན་དུ་སངས་རྒྱས་མཆོད། །དེ་ནས་རྨོངས་པ་མེད་པར་ཡང་། །ཉོན་མོངས་དགྲ་ནི་རབ་འཇོམས་ཤིང་། །ཤིན་ཏུ་ཐུབ་དཀའ་དཔེ་མེད་པ། །ཉེས་པ་ཟློག་པའི་གཟུངས་བརྗོད་ན། །ཐུབ་པའི་ཞལ་གྱི་ཟླ་བའི་འོད། །འབར་ བ་ངེས་པར་མཐོང་བར་འགྱུར། །དེ་ནས་ཚོགས་རྣམས་རྫོགས་པ་ཡི། །རྒྱལ་བའི་སྲས་པོ་ཉིད་དུ་འགྱུར། །འོད་དཔག་མེད་ལ་མངའ་བ་ཡི། །ཡོན་ཏན་མཐའ་ཡས་རབ་བརྒྱན་པ། །བསྐལ་པ་བྱེ་བ་སྟོང་དུ་ཡང་། །མཐའ་མི་རྟོགས་པ་ཐོབ་པར་འགྱུར། །དེ་ནས་རྡོ་རྗེ་འཛིན་གྱི་ཚིག །དཀྱིལ་འཁོར་ དག་ན་གནས་རྣམས་ཀྱིས། །ཐོས་ནས་རྒྱན་རྣམས་སྣ་ཚོགས་པ། །བཅོམ་ལྡན་འདས་ལ་འབུལ་བར་བྱེད། །རྡོ་རྗེ་རལ་གྲི་ལ་སོགས་པ། །ལྷ་བདག་གསལ་བ་ཐམས་ཅད་དང་། །རི་བོ་ཏི་སེ་རི་རབ་ལ། །གནས་པའི་རིག་སྔགས་འཆང་རྣམས་དང་། །དེ་བཞིན་དཀྱིལ་འཁོར་ཆེན་པོ་ན། ། འཁོད་པའ