Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན
Văn bản gốc(Tây Tạng)
Trang 5 / 22 (50.000 ký tự/trang)
་མ་ཡིན། ངག་རྣམ་པར་དག་པར་མ་ཡིན། ཡིད་རྣམ་པར་དག་པར་མ་ཡིན། སྤྱོད་པ་རྣམ་པར་དག་པར་མ་ཡིན། སྔོན་གྱི་མཐའི་སྤྱོད་པ་རྣམ་པར་དག་པར་མ་ཡིན། ཕྱི་མའི་མཐའི་སྤྱོད་པ་རྣམ་པར་དག་པར་མ་ཡིན། ད་ལྟར་བྱུང་བའི་སྤྱོད་པ་རྣམ་པར་དག་ པར་མ་ཡིན། བདག་གི་རྣམ་པར་དག་པར་མ་ཡིན། གཞན་གྱི་རྣམ་པར་དག་པར་མ་ཡིན་པ་འདི་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་མི་འཛིན་པ་ལ་འཇུག་པ་ཞེས་བྱ་བའི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །དོན་དམ་པ་བསྒྲུབ་པར་ཆོས་ ཐམས་ཅད་ཡང་དག་པར་འདུ་བ་ལ་མི་འཇིགས་པ་ཐོབ་པ་ཞེས་བྱ་བའི་གཟུངས་སོ། །གཅིག་ཏུ་ངེས་པ་ཐོབ་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དགེ་བའི་རྩ་བ་ཐམས་ཅད་གཞན་ལ་རག་མ་ལུས་པའི་ཡེ་ཤེས་བསྒྲུབ་པས། ཆོས་ཀྱི་ གཏེར་མཚན་དང་དཔེ་བྱད་བཟང་པོའི་རིགས་ཟིལ་གྱིས་མི་ནོན་པར་གནས་པ་ཞེས་བྱ་བའི་གཟུངས་སོ། །དམ་པ་ཡོངས་སུ་ཚོལ་བ་ལ་མཁས་པས་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་གཟུངས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་སྒོ་མཐའ་ཡས་པས་ བསྒྲུབ་པའི་གཟུངས་འདིའི་དོན་ཐོབ་པར་འགྱུར་བ་དེ་དག་ནི་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདིར་སངས་རྒྱས་ཐམས་ཅད་ནི་ཆོས་དང་ཡོན་ཏན་གྱི་གཏེར་ངེས་པའི་ཕྱིར་རོ། ། དམིགས་པ་མེད་པའི་སྤྱོད་པ་དང་ལྡན་པའི་གཟུངས་འདི་ཉིད་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རབ་ཏུ་དབྱེ་བར་འགྱུར་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་སྟོང་པར་དོགས་མེད་ ཅིང་། །བྱང་ཆུབ་ཆེད་དུ་སྤྲོས་མི་བྱེད། །ཆོས་དབྱིངས་འཁྲུག་པར་མི་བྱེད་ན། །དེའི་ཕྱིར་གཟུངས་འདི་ཐོབ་པར་འགྱུར། །མདོ་སྡེ་འདི་ནི་ཉན་པར་བྱ། །འདི་ལ་གཟུངས་ནི་ཟད་པ་མེད། །ཡེ་ཤེས་འབྱོར་འདི་འདི་ལ་སྟེ། །དེ་ནས་བྱང་ཆུབ་ཐོབ་པར་འགྱུར། །བྱང་ཆུབ་སེམས་ དཔའ་འཇིགས་མེད་པ། །གཟུངས་འདིར་རབ་ཏུ་བཟུང་བྱས་ན། །ཕྱོགས་བཅུ་དག་གི་སངས་རྒྱས་ཀྱི། །ཆོས་བསྟན་པ་ནི་ཐོས་པར་འགྱུར། །དོན་དང་ཚིག་འབྲུ་བསྐྱོད་ཀུན་གྱི། །མཆོག་གི་ཆོས་ནི་རྣམ་པར་ཤེས། །ཉི་མའི་འོད་ཟེར་ཇི་སྙེད་པ། །དེ་སྙེད་ཚིག་རྣམས་ཤེས་པར་ འགྱུར། །གང་དག་ཆོས་ཀྱི་མཆོག་འགྱུར་བ། །རླབས་ཆེན་གཟུངས་ཀྱི་སྒོ་རྣམས་ཏེ། །གང་ཞིག་མདོ་འདི་འཛིན་དེ་ལ། །ཐམས་ཅད་རྟག་ཏུ་མངོན་དུ་འགྱུར། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས། །དེ་ལ་བསྐལ་པར་དོགས་དྲིས་ཏེ། །ཐེ་ཙོམ་ཐམས་ཅད་ཆད་གྱུར་ཀྱང་། །དེ་ ཡི་ཡེ་ཤེས་མི་ཟད་དོ། །མདོ་སྡེ་འདི་ལ་གང་དགའ་བ། །དེ་ནི་ཆོས་ཀྱི་རྒྱལ་པོའི་སྲས། །བྱང་ཆུབ་མཆོག་ལ་ཉེ་བ་སྟེ། །ཡིད་བརྟན་གྱུར་དང་ཆོས་འཛིན་པའོ། །གཟུངས་འདི་འཛིན་པར་སུ་བྱེད་པ། །དེ་ལ་སེམས་ཅན་ཐམས་ཅད་དགའ། །སངས་རྒྱས་རྣམས་ཀྱང་དེ་ལ་དགྱེས། ། གྲགས་པ་འཇིག་རྟེན་འབྱུང་བར་འགྱུར། །སུ་ཞིག་མདོ་སྡེ་འདི་འཛིན་པ། །དེ་ནི་འཆི་བའི་དུས་བྱེད་ཚེ། །སངས་རྒྱས་བྱེ་བ་བརྒྱད་ཅུ་མཐོང་། །ལག་པ་དེ་ལ་ཉེ་བར་འཇོག །གཟུངས་འདི་འཛིན་པར་བྱེད་པ་ནི། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །སྔོན་ཆད་སྡིག་པ་གང་བྱས་པ། །ཟླ་བ་ གཅིག་གིས་བྱང་བར་འགྱུར། །བྱང་ཆུབ་སེམས་དཔའི་བསོད་ནམས་གང་། །བསྐལ་པ་བྱེ་བར་བསྒྲུབས་པ་ཀུན། །གཟུངས་འདི་འཛིན་པར་བྱེད་པ་ཡིས། །ཟླ་བ་གཅིག་གིས་ཟིལ་གནོན་འགྱུར། །ཁམས་གསུམ་སེམས་ཅན་ཇི་སྙེད་པ། །གལ་ཏེ་ཐམས་ཅད་བདུད་གྱུར་ཀྱང་། །མདོ་ སྡེ་འདི་ནི་གང་འཛིན་པ། །དེ་ལ་བར་ཆད་བྱེད་མི་ནུས། །བྱང་ཆུབ་འཚང་རྒྱ་བར་དུ་སྟེ། །དྲན་དང་བློ་གྲོས་རྟོགས་ལྡན་འགྱུར། །གཟུངས་ཀྱི་དམ་པ་གང་ཡིན་པ། །དེ་ཡི་ལྕེ་ཡི་རྩེ་མོར་གནས། །ཇི་ལྟར་མདོ་སྡེ་འཛིན་དེ་ལ། །གཟུངས་འདི་སོ་སོར་ངེས་པ་བཞིན། །འདི་ལས་ཐམས་ཅད་ མཁྱེན་པ་བསྟན། །འདི་ལས་བྱང་ཆུབ་ཐོབ་པར་འགྱུར། །གཟུངས་འདི་བཤད་མ་ཐག་ཏུ་ཡང་། །མར་མེ་ཞེས་བྱས་ང་ལུང་བསྟན། །སྐད་ཅིག་དེ་ལ་སངས་རྒྱས་ནི། །གང་གཱའི་ཀླུང་གི་བྱེ་སྙེད་མཐོང་། །གང་ཞིག་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་འདིར་ནི་རྟོགས་འདོད་ཅིང་། ། མདོ་སྡེ་འདི་ལ་བསྟེན་པ་དེས། །ཐམས་ཅད་མྱུར་དུ་ཐོབ་པར་འགྱུར། །སངས་རྒྱས་ཞིང་ནི་རྣམ་དག་དང་། །ཉན་ཐོས་ཕུན་སུམ་ཚོགས་པ་དང་། །འོད་དང་མཚན་ཀྱང་རྣམ་དག་པ། །མདོ་སྡེ་འདིས་ནི་བྱེད་པར་འགྱུར། །དེ་བས་བག་ནི་ཡོད་གྱུར་ན། །ཞག་བདུན་བར་དུ་འདི་སེམས་པ། ། སངས་རྒྱས་བྱེ་བ་བརྒྱད་ཅུ་ཡིས། །དེ་ཡི་འོག་ཏུ་གཟུངས་སྦྱིན་འགྱུར། །བསམ་བྱ་སེམས་པར་མི་བསམ་སྟེ། །བསམ་བྱ་མིན་པའང་མི་བསམ་མོ། །སོམས་ཤིག་འགལ་བར་མ་སེམས་ཤིག །དེ་ཡི་འོག་ཏུ་གཟུངས་ཐོབ་འགྱུར། །དཔེར་ན་རྒྱ་མཚོར་ཕྱིན་པའི་མི། །ནོར་ལ་སོམ་ཉི་ མེད་པ་ལྟར། །དེ་བཞིན་གཟུངས་འདི་ཐོབ་གྱུར་ནས། །བདེ་བ་ལ་ཡང་སོམ་ཉི་མེད། །འདི་ལས་རྫོགས་པའི་བྱང་ཆུབ་ཉེ། །དེ་བས་འདི་ལ་སྦྱོར་བར་གྱིས། །ཞི་བའི་གནས་ནི་ཐོབ་གྱུར་ནས། །རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚེ་དང་ལྡན་པ་ ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། གཟུངས་འདི་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདོད་པ་རྣམས་ལ་ལྷག་པར་ཆགས་པ་མེད་པ་ཡིན། སེམས་ཅན་ཐམས་ཅད་ལ་ཕྲག་དོག་མེད་པ་ཡིན། བདོག་ པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འགྱོད་པ་མེད་པར་སྦྱིན་པའི་ཚུལ་ཅན་ཡིན། ཉིན་མཚན་དུ་ཆོས་ལ་དགའ་ཞིང་ཆོས་འདོད་པ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་གཟུངས་འདི་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ངན་ཅིང་བདུད་ཀྱི་སྤྱོད་ཡུལ་བ། །འདོད་པ་དྲི་ང་སྤང་བར་བྱོས། །དེ་དག་སེམས་ཅན་དམྱལ་བའི་རྐྱེན། །ངན་སོང་རྣམས་ཀྱི་རྒྱུ་ཡང་ཡིན། །ཤེས་ཀྱི་ཁེ་དང་རྙེད་དང་གྲགས་པའི་ཕྱིར། །ཕ་རོལ་དག་ལ་ ཕྲག་དོག་མི་བྱ་སྟེ། །དགའ་བའི་མིག་གིས་སེམས་ཅན་བལྟ་བྱས་ན། །མཐུ་ཆེ་བ་དང་གཟུགས་ཀྱང་མཛེས་པར་གྱུར། །སེམས་ཅན་གང་དག་ཁ་ཅིག་རྩོད་འགྱུར་བ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟར་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤང་བ་བྱས་ན་གཟུངས་ སུ་འགྱུར། །གལ་ཏེ་བྱང་ཆུབ་འདོད་ན་གཞན་མ་སེམས། །ཉིན་དང་མཚན་དུ་ཆོས་ནི་བཙལ་བར་བྱོས། །ཆོས་ཚིག་འདི་འདྲ་འདི་དག་རྟེན་བྱེད་ན། །དེ་ལ་གཟུངས་ནི་མངོན་དུ་འགྱུར་བར་འོང་། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། གཟུངས་འདི་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དགོན་པ་དང་དབེན་པ་ལ་གནས་པ་དང་། ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་པ་དང་། སྡུག་པའི་དངོས་པོ་ཐམས་ཅད་ལ་ མི་ལྟ་ཞིང་ཐ་ན་ལུས་དང་སྲོག་ཀྱང་ཡོངས་སུ་གཏོང་བ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་གཟུངས་འདི་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱལ་བས་བསྔགས་པའི་དགོན་ པར་གནས་པར་གྱིས། །དེ་ལ་གནས་པ་གཞན་ལ་བརྙས་པ་མེད། །ཟབ་མོའི་བཟོད་པ་འདུན་པ་བསྐྱེད་ནས་སུ། །བག་ཡོད་མགོ་ལ་འབར་བཞིན་གནས་པར་གྱིས། །འདི་ལྟར་ཚུལ་འཆོས་བྱེད་ཀྱི་གཞིར་གྱུར་པ། །ཤེས་ཁེ་རྙེད་པ་རྣམས་ལ་གནས་མ་བྱེད། །བྱ་དང་འདྲ་བར་ངན་ངོན་དག་ གིས་ཆོག་བྱས་ཏེ། །མིར་གྱུར་པ་ཡི་འབྲས་བུ་ཡོད་པར་བྱོས། །ཀྱེ་མ་སངས་རྒྱས་བསྟན་པ་ལེགས་པར་རྙེད། །སྡུག་བསྔལ་མང་པོའི་རྩ་བ་ཁྱིམ་ཡང་སྤོངས། །ལུས་དང་ངག་དང་ཡིད་ཀྱང་ཡོངས་དག་པས། །སངས་རྒྱས་དང་ནི་ཆོས་ལ་གུས་པར་གྱིས། །རྙེད་འདོད་དྲན་པ་མ་ཡིན་ཤེས་རབ་ མིན། །དད་དང་ཚུལ་ཁྲིམས་མ་ཡིན་ཆོས་སེམས་མིན། །དེ་ནི་བྱང་ཆུབ་རིང་སྟེ་གནམ་ས་བཞིན། །དེ་ལྟས་རྙེད་པ་ཡོངས་སུ་སྤང་བར་བྱ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་གཟུངས་འདི་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ ལྟ་སྟེ། ཡི་གེ་འབྲུ་བརྒྱད་ཀྱི་དོན་ཁོང་དུ་ཆུད་པར་བྱའོ། །བརྒྱད་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། པ་ཞེས་བྱ་བ་དོན་དམ་པར་ཆོས་ཐམས་ཅད་ལ་བདག་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ལ་ཞེས་བྱ་བ་མཚན་དང་དཔེ་བྱད་བཟང་པོ་དང་། མཚན་དང་དཔེ་བྱད་བཟང་པོ་མེད་པར་དེ་ བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། བ་ཞེས་བྱ་བ་བྱིས་པའི་ཆོས་རྣམས་དང་། མཁས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་གཉིས་སུ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཛ་ཞེས་བྱ་བ་སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་ མེད་པའི་འགྲོ་བའི་མི་སྐྱེ་མི་འགག་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཀ་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ཀྱི་རྣམ་པར་སྨིན་པ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། དྷ་ཞེས་བྱ་བ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཤ་ཞེས་བྱ་བ་ཞི་གནས་དང་ལྷག་མཐོང་དང་། ཞི་གནས་དང་ལྷག་མཐོང་མེད་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འཇུག་པ་ཁོང་དུ་ཆུད་པ་དང་། ཀྵ་ཞེས་བྱ་བ་ཆོས་ཐམས་ཅད་སྐད་ཅིག་པ་སྟེ། གཟོད་མ་ནས་ཞི་བའི་ཕྱིར་ཟད་པ་མེད་པ་ དང་། འཇིགས་པ་མེད་པ་དང་། རྒྱུ་བ་མེད་པ་དང་། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་འཇུག་པ་ཁོང་དུ་ཆུད་པ་སྟེ། དེ་ལྟར་ཡི་གེ་འབྲུ་བརྒྱད་པོ་དེ་དག་གི་དོན་ཁོང་དུ་ཆུད་པར་རྟོགས་པར་བྱ་བ་འདི་ནི་དོན་ཁོང་དུ་ཆུད་པ་དང་པོའོ། །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་ བྲིས་ཏེ། གཟུང་བར་བྱ་བ་འདི་ནི་དོན་ཁོང་དུ་ཆུད་པ་གཉིས་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རྟག་ཏུ་ཀློག་པ་དང་། རྗེས་སུ་དྲན་པར་བྱ་བའི་ཕྱིར་བརྩོན་པར་བྱ་བ་འདི་ནི་དོན་ཁོང་དུ་ཆུད་པ་གསུམ་པའོ། །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བརྩོན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡང་དག་པར་དགའ་བར་བྱ་བ་དང་། ཡང་དག་པར་འཛིན་དུ་གཞུག་པ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་གཟུད་པའི་ཕྱིར་བརྩོན་པར་བྱ་བ་འདི་ནི་དོན་ཁོང་དུ་ཆུད་པ་བཞི་པ་སྟེ། ཤཱ་རིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། གཟུངས་འདི་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཡི་གེ་འབྲུ་བརྒྱད་འདི་དག་བསམ་པར་བྱ། །མདོ་སྡེ་འདི་ནི་བྲིས་ནས་བཅང་བར་བྱ། །ཟླ་བ་ ཕྱེད་ཅིང་རྟག་ཏུ་བཀླག་པར་བྱ། །སེམས་ཅན་རྣམས་ཀྱང་འདི་འཛིན་གཞུག་པར་བྱ། །ཤེས་རབ་རྒྱ་ཆེན་བྱང་ཆུབ་ཉེ་བ་སྟེ། །ཕྱོགས་བཅུ་རྣམས་ན་སངས་རྒྱས་གང་སུ་དག །བཞུགས་པ་ཐམས་ཅད་དེས་ནི་མདུན་དུ་མཐོང་། །དེའི་ཕྱིར་འདུན་པ་བསྐྱེད་དེ་འདི་ལ་བསླབ། །ཤཱ་རིའི་བུ་བཞི་ པོ་འདི་དག་ནི་གཟུངས་འདི་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་ཡོན་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དེ་ལ་དགོངས་པ་དང་། དེ་ལ་བདུད་ཀྱི་ལས་མི་འབྱུང་བ་དང་། དེའི་ལས་ཀྱི་སྒྲིབ་པ་ མྱུར་དུ་འབྱང་བ་དང་། སྤོབས་པ་རྒྱུན་མི་འཆད་པ་མྱུར་དུ་འཐོབ་པ་སྟེ། ཤཱ་རིའི་བུ་བཞི་པོ་དེ་དག་ནི་གཟུངས་འདི་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་ཡོན་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། སངས་རྒྱས་ཀུན་གྱིས་དེ་ནི་ཡིད་ལ་མཛད། །དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །དེ་ཡི་ལས་ཀྱི་སྒྲིབ་པ་མྱུར་དུ་འབྱང་། །སྤོབས་པ་མཐའ་ཡས་རྣམས་ཀྱང་ཐོབ་པར་འགྱུར། །ཤཱ་རིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡངས་པ་རྒྱ་ ཆེར་གྱུར་པ། ཚད་མེད་དཔག་ཏུ་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ལྟ་བུ་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ལྟ་བུ་དེ་ཡོངས་སུ་མྱ་ངན་ལས་ འདའ་བའི་དུས་ཀྱི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་སྣང་བ་འཛིན་ཞེས་བྱ་བ་མིའི་དབང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་ངོ་། །དེའི་བུ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་དཔལ་ཞེས་བྱ་བ་ཞིག་ཡོད་དེ། དེ་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་། དེས་སྒོ་མཐའ་ཡས་པས་ བསྒྲུབ་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ལྟ་བུ་དེ་ལས་ཐོས་ཏེ། དེས་གཟུངས་འདི་ཐོས་མ་ཐག་ཏུ་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་གྱུར་ཏོ། །དེས་ ལོ་བདུན་ཁྲིར་རྨུགས་པ་དང་། གཉིད་ཀྱིས་ནོན་པར་མ་གྱུར་ཏོ། །དེ་ལན་འགའ་ཡང་རྒྱལ་སྲིད་ལ་དགའ་བའམ། ནོར་ལ་དགའ་བའམ། བདག་ལ་དགའ་བར་མ་གྱུར་ཏོ། །དེ་ལོ་བདུན་ཁྲིར་ལན་འགའ་ཡངས་ལ་གློས་མ་ཕབ་སྟེ། གཅིག་ཏུ་ངེས་པར་ནང་དུ་ཡང་དག་ འཇོག་ལ་གནས་སོ། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ལས་ཆོས་བསྟན་པ་ཐོས་ཏེ། ཐོས་ནས་ཀྱང་ཐམས་ཅད་བཟུང་ངོ་། །བཟུང་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ལྟ་བུ་དེ་ཉིད་ ལས་རབ་ཏུ་བྱུང་ངོ་། །དེ་རབ་ཏུ་བྱུང་ནས་དེ་ལོ་དགུ་ཁྲི་འདས་པ་དང་། དེས་སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་འདི་བསྒྲུབས་ཏེ། བསྒྲུབས་ནས་ཀྱང་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་བཤད་དོ། །དེས་ཚེ་གཅིག་པོ་དེ་ཉིད་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཙུད་ཅིང་ཕྱིར་མི་ལྡོག་པའི་ས་ལ་བཀོད་པར་གྱུར་ཏོ། །ཤཱ་རིའི་བུ་འཁོར་དེ་ན་ཚོང་དཔོན་གྱི་བུ་ཟླ་བའི་ཏོག་ཅེས་བྱ་བ་ཞིག་ཡོད་དེ། དེས་སྒོམ་ཐའ་ཡས་པས་བསྒྲུབ་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཆོས་སྨྲ་བའི་དགེ་སློང་ དེ་ལས་ཐོས་སོ། །ཐོས་ནས་ཀྱང་རྗེས་སུ་ཡི་རང་བར་གྱུར་ཏེ། དེ་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་དེས། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ལས་ཆོས་བསྟན་པ་ཐོས་སོ། །ཐོས་ནས་ཀྱང་ཐམས་ཅད་བཟུང་ངོ་། །ཐམས་ཅད་དུ་ཡང་གཟུངས་ཐོབ་པ་རྣམས་ ཀྱི་མཆོག་དང་། ཚིག་བཙུན་པ་རྣམས་ཀྱི་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་རྒྱུན་མི་ཆོད་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །དེས་བསྐལ་པ་གསུམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཉེས་པར་བྱས་སོ། ། མཉེས་པར་བྱས་ནས་ཀྱང་། བསྐལ་པ་གསུམ་འདས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་བུ་ཟླ་བའི་ཏོག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་ གཉིས་སམ། ཐེ་ཙོམ་ཟ་བར་གྱུར་ན། ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་བུ་ཟླ་བའི་ཏོག་ཅེས་བྱ་བར་གྱུར་ཏོ། །ཤཱ་རིའི་ བུ་དེའི་ཚེ་དེའི་དུས་ན་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་དཔལ་ཞེས་བྱ་བའི་ཆོས་སྨྲ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉི་དང་། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་གྱུར་ན་ཤཱ་རིའི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དེ། དེའི་ཚེ་དེའི་དུས་ན། དགེ་སློང་ཆོས་སྨྲ་བ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་དཔལ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་ང་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ ཀྱང་དེའི་ཚེ། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཐོས་ནས་ཀྱང་རྗེས་སུ་ཡི་རངས་ཏེ། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་དེས། ངས་བསྐལ་པ་བྱེ་བ་འབུམ་ཕྲག་བཞི་ཁྲིར་འཁོར་བ་ཕྱིར་བསྙིལ་ཏོ། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལས་ཆོས་བསྟན་པ་ ཡང་ཐོས་ཏེ། ཐམས་ཅད་དུ་ཡང་གཟུངས་ཐོབ་པ་རྣམས་ཀྱི་མཆོག་དང་། ཚིག་བཙུན་པ་རྣམས་ཀྱི་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་རྒྱུན་མི་འཆད་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཐ་ན་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལ་རྗེས་སུ་ཡི་རང་བར་ཡང་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་ཕྱིར་མི་ལྡོག་པའི་ས་དང་། ཆོས་སྨྲ་བ་དག་མགུ་བར་བྱེད་པའི་རྒྱུར་འགྱུར་ན། གང་ཡི་གེར་འདྲི་བ་དང་། ལུང་འབོགས་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ ལ་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་ཅི་སྨོས་ཏེ། བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཤེས་པའམ། བསམ་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མདོ་ སྡེ་ཐོས་ནས་རྗེས་སུ་ཡི་རང་དང་། །ཡི་གེར་བྲིས་དང་གཟུང་དང་བཀླགས་པ་ཡིས། །བསོད་ནམས་ཆུ་བོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོང་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལས་ཀྱང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོ་ཚུལ་ཡང་ ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མངོན་འཚང་རྒྱ། །བླ་མེད་བྱང་ཆུབ་མ་རེག་པར་དུ་ཡང་། །དེ་ནི་ཏིང་ངེ་འཛིན་དང་མངོན་ཤེས་དང་། །གཟུངས་རྣམས་དང་ནི་གཟུགས་དང་ལོངས་སྤྱོད་དང་། །སངས་རྒྱས་མཐོང་ལས་ཉམས་པར་ཡོང་མི་འགྱུར། །རྗེས་སུ་དྲན་པས་སྔོན་གྱི་ཚེ་ རབས་ན། །ཚོང་དཔོན་བུས་ནི་གཟུངས་འདི་ཐོབ་གྱུར་ནས། །སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་གྱུར་ཏེ། །དེས་ནི་འདོད་བཞིན་བྱང་ཆུབ་རྣམ་སངས་རྒྱས། །མར་མེ་མཛད་པ་དེ་ཚེ་ཚོང་དཔོན་བུ། །སྔོན་ཚེ་ཚེ་རབས་འོད་ཟེར་མཐའ་ཡས་གྱུར། །དེ་ཚེ་ཆོས་སྨྲ་སངས་རྒྱས་ཚེ་དཔག་ མེད། །ང་ནི་བསྐལ་པ་བཟང་དང་བཅས་ཡི་རང་། །བྱང་ཆུབ་མྱུར་དུ་རེག་པར་སུ་འདོད་དང་། །བདུད་རྣམས་མྱུར་དུ་གཞོམ་པར་སུ་འདོད་དང་། །བསོད་ནམས་བརྒྱ་ཡི་མཚན་བཟང་སུ་འདོད་པ། །འདི་ལ་བརྩོན་ན་རྙེད་པར་དཀའ་མི་འགྱུར། །གང་གཱའི་ཀླུང་གི་བྱེ་སྙེད་ འཇིག་རྟེན་ཁམས། །གང་གིས་རིན་ཆེན་བཀང་སྟེ་སྦྱིན་བྱིན་ཡང་། །བྲིས་དང་བཟུང་བའི་བསོད་ནམས་གང་ཡིན་པ། །དེ་ལ་སྦྱིན་པས་དཔེར་ཡང་མི་འགྱུར་རོ། །དེ་ལྟས་ཐོས་ན་རྩེ་གཅིག་བག་ཡོད་པར། །བྱང་ཆུབ་སེམས་དཔའ་མཁས་པས་འདི་བཟུང་ངམ། །གཟུངས་འདི་ བྲིས་ཤིང་སེམས་པ་དེ་དག་ནི། །བྱང་ཆུབ་རྙེད་པ་དཀའ་བ་མེད་པར་བཤད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་འདི་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ ལ་གང་ས་ལ་གནས་པའི་གནོད་སྦྱིན་བརྒྱད་པོ་གཟི་མདངས་འཇུག་ཅིང་ཉིན་མཚན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། གནོད་སྦྱིན་དཔའ་བོ་ཞེས་བྱ་བ་དང་། བརྟན་པོ་དང་། བདག་པོ་དང་། སྲེད་མེད་ཀྱི་བུའི་སྟོབས་དང་། སྤྱོད་པའི་བློ་གྲོས་དང་། ཐུབ་དཀའ་དང་། འཇིགས་སུ་རུང་བ་དང་། གནོད་སྦྱིན་ལག་བཟངས་ཞེས་བྱ་བ་དག་སྟེ། གནོད་སྦྱིན་རྒྱལ་པོ་བརྒྱད་པོ་དེ་དག་འོང་བར་བྱ་བའི་ཕྱིར་ཤིན་ཏུ་ཁྲུས་བྱ་བ་དང་། གོས་ཤིན་ཏུ་གཙང་མ་བགོས་པ་དང་། འཆག་སར་འགྲོ་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་ སེམས་སུ་བྱ། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡང་ཡིད་ལ་བྱས་ཏེ། དེ་ལྟར་ཡིད་ལ་བྱས་ན་དེ་ལ་གནོད་སྦྱིན་བརྒྱད་པོ་དེ་དག་མྱུར་དུ་བཞིན་སྟོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་བརྒྱད་པོ་འདི་དག་ཀྱང་དེ་ལ་ སེམས་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྣང་བྱེད་ཅེས་བྱ་བ་དང་། སྣང་བྱེད་དང་། ཤེས་རབ་འོད་དང་། ཉི་མའི་འོད་དང་། ཡང་དག་སྐུལ་བྱེད་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་བྱེད་དང་། སྐར་མའི་རྒྱལ་པོ་ཞེས་ བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་དེས་གཟུངས་ཐོབ་པར་བྱ་བའི་ཕྱིར། མངོན་པར་བརྩོན་པར་འགྱུར་རོ། །གཟུངས་འདི་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཀྱང་། བདེན་པའི་དམ་བཅའ་བར་བྱའོ། །བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཅན་དང་། ཆོས་འདོད་པ་དང་། ཆོས་ལ་དགའ་བ་དང་། ཟབ་མོའི་ཆོས་ལ་བཟོད་པ་ལ་མངོན་པར་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ལ་བརྩོན་པས་ཀུན་ འགྱེད་པའི་ངང་ཚུལ་ཅན་དུ་བྱས་ཏེ། དེ་ལ་ཇི་ལྟར་ཆུང་བ་དང་། ཇི་ལྟར་ཉུང་བ་ལས་ཀྱང་སྦྱིན་པ་སྦྱིན་པར་བྱ་ན་མང་པོ་ལས་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ ཀླུང་གི་བྱེ་མ་སྙེད་སུམ་ཅུས་ནི། སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་འདི་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷ་དང་། མི་དང་། ལྷ་མ་ཡིན་གྱི་སྐྱེ་དགུ་སྔོན་སེམས་མ་བསྐྱེད་པ་དཀྲིགས་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ དྲུག་ཅུས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རིའི་བུ་དེའི་ཕྱིར། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའ་གཅིག་ཏུ་ངེས་པར་མངོན་པར་འཕགས་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག །བདུད་ཐམས་ཅད་རྣམ་པར་འཇིག་ པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག །གཅིག་ཏུ་ངེས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་ཐོབ་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་མཐའ་ཡས་པས་བསྒྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཥ་ཌ་མུ་ཁ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གྱི་ཁྱམས་གནས་གཙང་མའི་སྟེང་གི་ནམ་མཁའི་དཀྱིལ་ ན་གནས་པ་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་རྣམ་པར་ཕྱེ་བས་སྤྲས་པ་ན། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་ པ་དང་བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཟུང་ཤིག །དེ་ནི་འདི་ལྟ་སྟེ། འཁོར་བ་ནས་འཁོར་བའི་སྐྱེ་གནས་གཞན་དག་ཏུ་བདག་གིས་སྡུག་བསྔལ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་མཉམ་པ་ཉིད་དུ་མི་ཤེས་པའི་མཚན་ཉིད་དུ་མ་གྱུར་ཅིག །བདག་གིས་འཇིག་རྟེན་ པའི་ཕུན་སུམ་ཚོགས་པའི་བདེ་བ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་སྤྱོད་པར་གྱུར་ཅིག །བདག་གིས་སྡིག་པ་མི་དགེ་བའི་ལས་གང་ཅི་བྱས་པ་དེ་སོ་སོར་བཤགས་པ་བླ་ན་མེད་པས་སོ་སོར་མ་བཤགས་པར་མ་གྱུར་ཅིག །བདག་གིས་བདུད་ཀྱི་ལས་གང་ཅི་ བྱས་པ་དེ་ཡོངས་སུ་ཤེས་པས་བླ་ན་མེད་པས་ཡོངས་སུ་མི་ཤེས་པར་མ་གྱུར་ཅིག །བདག་གི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཡང་རུང་གང་ཅི་ཡོད་པ་དེ་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་ཅིག །བདག་གི་ རྣམ་པར་གྲོལ་བ་གང་ཅི་ཡོད་པ་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་གྱུར་ཅིག །འཁོར་བ་དང་། མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིག །ཏདྱ་ཐཱ། ཨོཾ་ཀྵ་མེ་ཀྵ་མེ། ཀྵཱན་ཏེ་ཀྵཱན་ཏེ། ད་མེ་ད་མེ། དཱན་ཏེ་དཱན་ཏེ། བྷ་དྲེ་བྷ་དྲེ། སུ་བྷ་དྲེ་སུ་བྷ་དྲེ། ཙནྡྲེ་ཙནྡྲེ། སུ་ཙནྡྲེ་ སུ་ཙནྡྲེ། ཙནྡྲ་ཀི་ར་ཎི། ཙནྡྲ་བ་ཏི། ཏེ་ཛོ་བ་ཏི། ཡ་ཤོ་བ་ཏི། དྷརྨ་བ་ཏི། པྲཧྨ་བ་ཏི། སརྦ་ཀླེ་ཤ་བི་ཤོ་དྷ་ནི། སརྦ་ཨརྠ་སཱ་དྷ་ནི། སརྦ་ཨརྠ་པྲ་ཤ་མ་ནི། པ་ར་མརྠ་སཱ་དྷ་ནི། ཀཱ་ཡ་བི་ཤོ་དྷ་ནི། བཱཀ་བི་ཤོ་དྷ་ནི། མ་ནཿ སཾ་ཤོ་དྷ་ནི་སྭཱ་ཧཱ། རིགས་ཀྱི་བུ་དག་དེ་ལྟར་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཉིན་ལན་གསུམ་མཚན་ལན་གསུམ་བཀླགས་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་སྐྱེ་བ་བདུན་གྱི་བར་དུ་དེ་སྐྱེ་བ་དྲན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སརྦ་དྷརྨ་གུ་ཎ་བྱཱུ་ཧ་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ དང་། བྱང་ཆུབ་སེམས་དཔའ་སྟོང་ཉིས་བརྒྱ་ཐམས་ཅད་ཀྱང་གཟུངས་ཐོབ་པ། ཆགས་པ་མེད་པའི་ཡེ་ཤེས་མཐོང་བ། སྤྱོད་ཡུལ་ཆགས་པ་མེད་པ། ཐབས་མཁས་པ། ཁམས་གསུམ་ཐམས་ཅད་ལ་སེམས་སྙོམས་པ། ཕན་པ་དང་སྙིང་རྗེའི་ལྷག་པའི་བསམ་པ་ལ་ཞུགས་ པ། དེ་བཞིན་གཤེགས་པའི་ཆོས་ཀྱི་འབེལ་བའི་གཏམ་འདྲི་བ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྩོན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཉམ་པ་ཉིད་ལ་ གནས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྤོབས་པ་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གནོན་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཉིས་བརྒྱ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ཀླུའི་རྒྱལ་པོ་རྣམས་དང་། སྲིན་པོའི་བདག་པོ་ཐམས་ཅད་དང་། གནོད་སྦྱིན་མོ་སུམ་བརྒྱ་དང་། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དྲུག་སྟོང་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་བདུན་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས་ནས། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷའི་མེ་ཏོག་གི་ཆར་མངོན་པར་ཕབ་བོ། །ཙནྡན་གྱི་ཕྱེ་མའི་ཆར་ཡང་མངོན་པར་ཕབ་བོ། །ལྷའི་སིལ་སྙན་དང་ཕེག་རྡོབ་པ་དག་ཀྱང་དེ་བཞིན་གཤེགས་པ་ལ་ མཆོད་པའི་ལས་བྱ་བའི་ཕྱིར་བསྒྲགས་སོ། །གང་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་དད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་ཉོན་མོངས་པ་ཐམས་ ཅད་ཟད་པར་བགྱིད་པ་འདི་ནི་རྫུ་འཕྲུལ་ཆེ་སྟེ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་དེའི་ཚེ་ཉོན་མོངས་པ་ཐམས་ཅད་རྣམ་པར་འཇོམས་པ་རྡུལ་མེད་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་དེའི་མཐུས་ས་ཆེན་པོ་འདི་མཐོ་བ་དང་དམའ་བར་ བྱས་ཏེ། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ ཆེམ་མོ། །ལྷའི་ཙནྡན་གྱི་ཕྱེ་མའི་ཆར་ཡང་བབ་བོ། །ལྷའི་མེ་ཏོག་གི་ཆར་ཡང་བབ་བོ། །ལྷའི་འོད་ཀྱི་སྣང་བ་ཡང་བྱུང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་གང་སུ་དག་ངན་སོང་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱང་ངན་སོང་རྣམས་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། ། ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། སྲིན་པོའི་དབང་པོ་དང་། མིའི་དབང་པོ་དེ་དག་ཐམས་ཅད་ཀྱི་གནས་རྣམས་ཀྱང་སྣང་བར་གྱུར་ཏོ། །ལྷའི་སིལ་སྙན་གྱི་སྒྲ་དག་ཀྱང་གྲག་གོ། །ལྷའི་འོད་དག་ཀྱང་སྣང་བར་གྱུར་ཏོ། །ལྷའི་སྤོས་ཀྱི་ངད་ཀྱང་ལྡང་བར་ གྱུར་ཏོ། །དེ་ནས་དེ་དག་ཐམས་ཅད་ཀྱང་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏེ་འདི་སྙམ་དུ་སེམས་སོ། །གནས་འདི་དག་སྣང་བར་གྱུར་པ་འདི་དང་། ཆོ་འཕྲུལ་ཆེན་པོ་སྣང་བར་གྱུར་པ་འདི་དང་། ས་ཆེན་པོ་གཡོས་པ་འདི་དང་། མེ་ཏོག་གི་ཆར་ཆེན་པོ་བབ་པ་འདི་སུའི་མཐུ་ཡིན། སུའི་བྱིན་གྱིས་བརླབས་ཡིན་ཞིག་གུ་སྙམ་ནས། དེ་དག་ཐང་ཅིག་ཅང་མི་ཟེར་སེམས་ནས་གཅིག་ལ་གཅིག་འདི་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འདི་སྙམ་དུ་སེམས་ཏེ། བདག་ཅག་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་དང་། ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་འདོང་གོར་མ་ཆག་སྙམ་མོ། །དེ་ནས་ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། སྲིན་པོའི་དབང་པོ་རྫུ་འཕྲུལ་ཆེ་ཞིང་ མཐུ་ཆེ་བ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་མཆོག་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་ཁྱེར་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ ནས། བཅོམ་ལྡན་འདས་ལ་མངོན་པར་མཆོད་དེ་ཕྱག་བྱས་སོ། །མེ་ཏོག་གི་ཆར་ཆེན་པོ་དེས་ཀྱང་ས་ཆེན་པོ་འདི་པུས་མོ་ནུབ་ཙམ་དུ་ཁྱབ་པར་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་ བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དུ་མས་བསྐོར་ཅིང་། ལྷ་བྱེ་བ་ཕྲག་དུ་མས་བསྐོར་ཏེ། རིག་སྔགས་འཆང་བརྒྱ་ཕྲག་དུ་མས་མདུན་དུ་བདར་བས་རྫུ་འཕྲུལ་དང་མཐུ་ཆེན་པོ་ དང་། བཀོད་པ་ཆེན་པོ་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བདུག་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་ཆེན་པོས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ལ་མངོན་པར་མཆོད་དོ། །དེ་ནས་ དེའི་ཚེ་བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོས་ལྷའི་བཀོད་པ་དང་། བཀོད་པའི་མཐུ་དང་། མེ་ཏོག་གི་ཆར་ཆེན་པོས་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འདུས་པ་ཆེན་པོ་དེ་མཐོང་ནས། ཆོས་ཀྱི་འབེལ་ བའི་གཏམ་འདོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སོང་ལ་ས་ཆེན་པོ་འདི་ལྟོས་ཤིག །དེ་ནས་བྱང་ཆུབ་སེམས་ དཔའ་བཀོད་པའི་རྒྱལ་པོས་ས་ཆེན་པོ་བལྟས་སོ། །བལྟས་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ས་ཆེན་པོ་བལྟས་ལགས་ཏེ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་བདེ་བའི་འདུས་པ་ཆེན་པོ་མཛད་པ་མཐོང་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀོད་པའི་རྒྱལ་པོ་སྲོག་ཆགས་དྲུག་ཁྲི་བཞི་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེང་ཁོ་ན་ལུང་བསྟན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་མང་པོ་འདུས་ལགས་སོ། །བདེ་བར་གཤེགས་པ་སེམས་ཅན་མང་པོ་འདུས་ལགས་སོ། །བཅོམ་ལྡན་འདས་ ཆོས་མཉན་པའི་དུས་ནི་འདི་ལགས་སོ། །བདེ་བར་གཤེགས་པ་ཆོས་མཉན་པའི་དུས་ནི་འདི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་ལན་གཉིས་ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ སྟེ། བཅོམ་ལྡན་འདས་བསྟན་དུ་གསོལ། །བདེ་བར་གཤེགས་པ་བསྟན་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གྲུབ་པར་མཛད་དུ་གསོལ། བཅོམ་ལྡན་འདས་འགྱོད་པ་བསལ་བ་དང་། སེམས་ཅན་ཐམས་ཅད་ལ་སྨན་པ་དང་བདེ་བའི་སླད་དུ་ཆོས་ཐམས་ཅད་ཀྱི་ཡོན་ཏན་ བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་མདོ། ཉོན་མོངས་པ་ཐམས་ཅད་ཟད་པར་བགྱིད་པ། བདུད་ཐམས་ཅད་ཡང་དག་པར་འཇོམས་པ། སྡིག་པ་ཐམས་ཅད་ཟད་པར་བགྱིད་པ། སེམས་ཅན་མ་དད་པ་རྣམས་དད་པར་བགྱིད་པ། མུ་གེའི་གནོད་པ་ཞི་བར་བགྱིད་པ། ནད་ཐམས་ཅད་ཞི་བར་བགྱིད་ པ། དུས་མ་ལགས་པར་འཆི་བ་ཐམས་ཅད་ཟློག་པ། བདག་གིས་དེ་བཞིན་གཤེགས་པ་གློག་སྣང་བ་ལས་ཐོས་ནས། ཐོས་པའི་མོད་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་ཅིང་། ངན་སོང་ཐམས་ཅད་ཡང་དག་པར་ཆད་དེ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་ཆད་པ་གང་ལགས་ པ་དེ་བསྟན་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་སེམས་ཅན་ངའི་བསྟན་པ་ལ་མ་དད་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དག་ལ་མངོན་པར་མ་དད་ཅིང་ཡིད་ མི་ཆེས་ལ། ཚིག་འདི་སྐད་དུ་འདི་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་མ་ཡིན་ནོ། །འདི་ལ་ནི་ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཅི་ཡང་མེད་དོ་ཞེས་ཟེར་བ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆགས་པས་ཟིལ་གྱིས་ནོན་ནས། མཆོད་ པ་ཡང་མངོན་པར་འདུ་བྱེད་པར་མི་འགྱུར་ལ། ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པ་བྱེད་པར་མི་འགྱུར་ཏེ། དེ་དག་ནི་ཚེ་འདི་ཉིད་ལ་ཡང་འཁྲུག་པ་མང་པོ་འབྱུང་བར་འགྱུར་ལ། ཕྱིས་ཀྱང་སེམས་ཅན་དམྱལ་བ་རྣམས་སུ་བཙོ་བར་འགྱུར་ཏེ། རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ ཡབ་ཡུམ་དང་འདྲ་ལ། ལས་ཐམས་ཅད་ཟད་པར་བྱེད་པའི་མདོ་སྡེའི་རྒྱལ་པོ་ཆེན་པོ་མཉན་པའི་དུས་མ་ཡིན་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དེ་དག་དང་། སེམས་ཅན་མང་པོ་གཞན་དག་ཀྱང་ངན་སོང་དུ་འགྲོ་བར་འོང་ངོ་། །རིགས་ཀྱི་བུ་དེ་དག་ ནི་མདོ་སྡེའི་རྒྱལ་པོ་འདི་ལ་དད་པར་མི་འགྱུར་ཏེ། འདོད་པས་ལྡོངས་པའི་ཡིད་ཀྱིས་ཁྱིམ་ཡོངས་སུ་སྐྱོང་བར་བྱེད་ཅིང་། རྨོ་རྐོ་དང་། ཚོང་དང་། གཡུལ་འགྱེད་པ་དང་། འཐབ་པ་ལ་སྲེད་པར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བཙོ་ བར་འགྱུར་རོ། །དེ་ནས་དེའི་ཚེ་སྲོག་ཆགས་བརྒྱད་ཁྲི་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་དད་པར་བགྱིད་ལགས་སོ། །མངོན་པར་མཆོད་པར་བགྱིད་ལགས་སོ། །རྒྱས་པར་ཡང་བགྱིད་ལགས་ སོ། །འདྲི་བ་དང་། ཀློག་པ་དང་། ཉན་དུ་སྩལ་བ་དང་། འདོན་པ་ལ་སྤྲོ་བར་བགྱིད་ལགས་སོ། །སླད་ཀྱིས་ཆོས་མ་ལགས་པའི་དུས་དེ་ལ་བབ་ན། སྤྱོ་བ་དང་། བརྒྱད་བཀག་པ་དང་། བསྡིགས་པ་བཟོད་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་བདག་ཅག་ནི་བཀའ་དྲིན་ གཟོ་བར་བགྱིད་ཀྱི། བཀའ་དྲིན་མི་གཟོ་པར་མི་བགྱིད་དེ། བདག་ཅག་སླད་ཀྱིས་འགྱོད་པར་འགྱུར་བར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་མདོ་བསྟན་དུ་གསོལ། འདི་ནི་སླད་མའི་དུས་སླད་མའི་ཚེ་དེ་བཞིན་ གཤེགས་པའི་ཕྲིན་ལས་བགྱིད་པར་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་ཇི་ལྟར་ཡོངས་སུ་བཙལ་བར་བགྱི། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་མི་འཆད་པར་དགེ་བའི་བཤེས་གཉེན་ལ་ལྟ་བར་འདོད་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་པ་ཡོངས་སུ་དག་པ་དང་། ཆོས་འདོད་པར་བྱས་ཏེ། ཆོས་བཞི་པོ་དེ་ དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བར་བྱའོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགོན་པ་ན་གནས་པས་ཇི་ལྟར་བགྱི་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། ཁྱིམ་ན་གནས་པ་ཡོངས་སུ་སྤང་བ་དང་། མི་དགེ་བའི་བཤེས་གཉེན་གྱི་འདུ་འཛི་ཡོངས་སུ་སྤང་བ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ངན་སོང་དུ་མཆི་བར་འགྱུར་བ་དེ་མ་མཐོང་སྟེ། དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། འདི་ལ་ཕྱག་འཚལ་བ་དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ལགས་ན། གང་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། འཆང་བ་དང་། ཀློག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བགྱིད་པ་དང་། ཆོས་སྨྲ་བ་དེ་ལ་ཡང་གོས་དང་། རྒྱན་ རྣམས་ཀྱིས་མཆོད་པར་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ལགས་སོ། །དེ་ནི་དེ་བཞིན་གཤེགས་པས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ལུང་བསྟན་པ་ཁོ་ན་ལགས་སོ། །ཆོས་སྨྲ་བ་དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་ བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ལེགས་སོ་ལེགས་སོ། །ཆོས་སྨྲ་བ་དེ་ལ་ནི་ངས་ཀྱང་མཆོད་པར་བྱའོ། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡང་ལུང་བསྟན་པར་བྱའོ། །གང་དེ་བཞིན་གཤེགས་པ་ལ་བླ་མའི་སྲི་ཞུ་བྱེད་ ཅིང་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གོས་དང་། རྒྱན་རྣམས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱེད་པ་དེ་ནི་དུས་མ་ཡིན་པར་འཆི་བས་འཆི་བར་མི་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་ཀྱིས་ འཇིགས་པ་ཡང་མེད། མུ་གེའི་གནོད་པའི་འཇིགས་པ་ཡང་མེད། བུ་ལས་གྱུར་པའི་ཡིད་མི་བདེ་བ་ཡང་མེད། ཆུང་མ་ལས་གྱུར་པའི་ཡིད་མི་བདེ་བ་ཡང་མེད་ལ། བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ རྣམས་འབྱུང་བ་དང་། མདོ་སྡེའི་རྒྱལ་པོ་འདི་ཐོས་པ་ནི་དཀའོ། །རིགས་ཀྱི་བུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཁྱིམ་མམ། དགོན་པའི་གནས་གང་ལ་ལར་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པའི་ས་ཕྱོགས་དེ་ནི་དེ་བཞིན་གཤེགས་པས་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི་བ་ཅིའི་སླད་དུ་དེ་སྐད་ཅེས་བགྱི་ལགས། བཀའ་སྩལ་པ། གང་གི་ཕྱིར་འདི་ལྟར་འཇིག་རྟེན་ཐམས་ཅད་ལ་ལྟ་ བར་བྱེད། རྟོག་པར་བྱེད། ཚིམ་པར་བྱེད། ཡོངས་སུ་སྐྱོང་བར་བྱེད། ཡང་དག་པར་དབུགས་འབྱིན་པར་བྱེད་ཅིང་། སྙིང་རྗེའི་སེམས་དང་། བདེ་བའི་སེམས་དང་། བྱམས་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་ལྡན་ལ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ ན་དེའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོག་པ་གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། གང་དག་དེ་བཞིན་གཤེགས་ པ་ལ་མངོན་པར་མཆོད་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་དད་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། གོས་དང་། རྒྱན་གྱི་མཆོད་པ་ཆེན་པོ་དག་གིས་མཆོད་པར་བགྱིད་པ་དང་། རྒྱན་གྱིས་བརྒྱན་ནས་ཡི་གེར་འདྲི་ བ་དང་། ཡི་གེར་འདྲིར་སྩོལ་བ་ལྟ་སྨོས་ཀྱང་ཅི་འཚལ་ལགས། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མཐུ་ཆེ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ ལས་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་ཡོད་དེ། དེ་ནི་ང་བྱང་ཆུབ་སེམས་དཔར་གྱུར་པ་ན་དེ་བཞིན་གཤེགས་པ་རྒྱལ་བའི་དབྱངས་ལས་བླངས་ཏེ། ཐོབ་པའི་མོད་ལ་ཡངས་བཅུ་ཐོབ་པར་གྱུར་ལ། སྲོག་ ཆགས་སྟོང་ཕྲག་དུ་མས་ཀྱང་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་མཐུ་ཆེན་པོ་བསྟན་པར་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱ་ཀ་ལ་པིང་ཀའི་སྒྲ་དང་གདངས་ སྒྲོགས་པས་གཟུངས་འདི་བཀའ་སྩལ་པ། ཏདྱ་ཐཱ། ཛ་ཡ་ཛ་ཡ། ཛ་ཡ་བ་ཧ། ཁ་བ་ཧ། ཛ་ཡ་བ་ཧ། ཧུ་ལུ་ཧུ་ལུ། པདྨ་བེ། ཨ་བ་མ་བ་མེ། ས་ར་ས་ར་ཎེ། དྷི་རི་དྷི་རི། དྷི་རི་དྷི་རི། དེ་བ་ཏཱ་ཨ་ནུ་པཱ་ལཱ་ནི། ཡུདྡྷ་ཨུཏྟཱ་ར་ཎི། པ་ར་ཙཀྲ་ནི་པ་ར་ཎི། པཱུ་ར་ཡ་བྷ་ག་བཱན་སརྦ་ཨཱ་ཤཱ་ན། མ་མ་སརྦ་ཀརྨ་ ཀྵ་པ་ཡ། བུདྡྷ་ཨ་དྷིཥྛཱ་ནེན་སྭཱ་ཧཱ། རིགས་ཀྱི་བུ་འདི་ནི་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་ཡིན་ཏེ། སྡིག་པ་ཐམས་ཅད་ཟད་པར་བྱེད་པ། ནོར་དང་། འབྲུ་རྣམ་པར་འཕེལ་བར་བྱེད་པ། ཕ་རོལ་གྱི་དམག་ཚོགས་ཟློག་པར་བྱེད་པ། མུ་གེའི་གནོད་པ་རབ་ཏུ་ཞི་བར་བྱེད་པ། ཚེ་ནུར་བར་བྱེད་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡབ་ཡུམ་དང་འདྲ་བའི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །རིགས་ཀྱི་བུ་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ལ་ཕྱག་འཚལ་ཞིང་བསམ་པ་ཡོངས་སུ་དག་པས་མཆོད་པར་བྱེད་དེ། ཡི་གེར་འདྲི་བ་དང་། ཡི་ གེར་འདྲིར་འཇུག་པ་དང་། མཆོད་པ་ཆེན་པོས་ཆོས་སྨྲ་བ་དེ་ལ་མཆོད་པ་དེ་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བས་འཆི་བར་མི་འགྱུར་རོ། །ཚེ་འདི་ཉིད་ལ་ཡང་བདེ་བ་མྱོང་བར་འགྱུར་ཏེ། བུས་ཡིད་བདེ་བར་འགྱུར་བ་དང་། ཆུང་མས་ཡིད་བདེ་བར་ འགྱུར་བ་དང་། ཁྱིམ་གྱིས་ཡིད་བདེ་བར་འགྱུར་བ་དང་། རྒྱལ་སྲིད་ཀྱིས་ཡིད་བདེ་བར་འགྱུར་ལ། བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་ རྣམ་གྲངས་འདི་ལ་ཕྱག་འཚལ་ལོ། །ཆོས་སྨྲ་བ་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་རྣམས་དང་། འཆང་བ་རྣམས་དང་། ཀློག་པ་རྣམས་ལ་ཡང་མཆོད་པར་འཚལ་ལོ། །གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བགྱིད་པ་དང་། ཆོས་སྨྲ་བ་དེ་ དག་ལ་ཡང་གོས་དང་། རྒྱན་རྣམས་དང་། གདུགས་དང་། བཞོན་པ་རྣམས་ཀྱིས་མཆོད་པར་བགྱིད་པ་དེ་དག་གིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་དེ་ནི་བདག་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་མཆོད་པའི་མཆོག་ གིས་མཆོད་པ་བགྱིད་པ་ལགས་སོ། །རྒྱལ་སྲིད་ཐམས་ཅད་ལ་ཡང་བདག་གིས་བསྲུང་བར་བགྱིའོ། །བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ། །རྒྱལ་སྲིད་ཐམས་ཅད་ལ་ཡང་མཆོད་པར་འགྱུར་བར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཉན་པ་དེ་དག་གི་ དོན་དུ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་རྗེས་སུ་སྩལ་བར་འཚལ་ལོ། །བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ། །སྙིང་བླས་སུ་ཡང་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྨྲོས་ཤིག །དེ་ནས་བྱང་ཆུབ་ སེམས་དཔའ་ལག་ན་རྡོ་རྗེས་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །ནམཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ནམཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ནམཿསརྦ་མ་ཧཱ་ར་དྷི་ཀེ་བྷྱཿ། ཏདྱ་ཐཱ། ཧུ་ཧུ་ཧེ་ཧེ། མ་ཏི་མ་ཏི། མ་ཧཱ་མ་ཏི། བཛྲ་མ་ཏི། དྲྀ་ཌྷ་བཛྲ་མ་ཏི། ཏ་ཐཱ་ག་ཏ་ཨ་ནུ་ པ་རི་པཱ་ལི་ཏེ། ས་ར་ས་ར། ཨ་ཡོ་མུ་ཁི་བྷྲྀ་ཀུ་ཊི། བྷྲྀ་ཀུ་ཊ་མུ་ཁི། ཀྲི་པེ་ཀྲི་པཱ་མུ་ཁི། སཏྱ་བ་ཙ་ན། མ་ནུ་སྨ་ར། བྷ་ག་བཱན་བཛྲ་པཱ་ཎི། སརྦ་ཀརྨ་ཨཱ་བ་ར་ཎཱ་ནི་ཀྵཱ་པ་ཡ། སརྦ་ཨཱ་ཤ་ཡ་པ་རི་པཱུ་ར་ཡ། དེ་ཧི་མེ་བར་མ། བུདྡྷ་ས་ཏྱེ་ན། བྷོ་དྷི་ས་ཏྭ་ས་ཏྱེ་ན་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་གང་ལ་ལ་བྱང་ཆུབ་ སེམས་དཔའི་ས་བཙལ་འཚལ་བ་དང་། དེ་བཞིན་གཤེགས་པ་བལྟ་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། རྒྱལ་སྲིད་དང་། ལོངས་སྤྱོད་འཚལ་བ་དང་། ཡུལ་གྲུ་འཚལ་བ་དང་། ནོར་འཚལ་བ་དང་། འབྲུ་འཚལ་བ་དེས་ནི་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་ལ་མཆོད་པ་ཆེན་པོས་ མཆོད་པར་བགྱིའོ། །གང་ཡི་གེར་འདྲི་བ་དང་། འཆང་བ་དང་། ཀློག་པ་དེ་ལ་ཡང་སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གོས་དང་། རྒྱན་རྣམས་དང་། གདུགས་དང་། བཞོན་པ་རྣམས་ཀྱིས་མཆོད་པར་བགྱི་སྟེ། བཅོམ་ལྡན་འདས་དེ་ལ་ནི་བདག་ གིས་བསྲུང་བར་བགྱིའོ། །རྒྱལ་སྲིད་ཐམས་ཅད་ལ་ཡང་ཆེས་མཆོད་པར་འགྱུར་བར་བགྱིའོ། །ཇི་ལྟར་འཚལ་བ་བཞིན་དུ་སེམས་དང་། ཡིད་བདེ་བར་བགྱིའོ། །བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །གང་ལ་ལ་བདག་མཐོང་བར་འཚལ་བ་དང་། སྟོབས་ཀྱིས་ འཁོར་ལོས་སྒྱུར་བར་འགྱུར་བ་དང་། ཏིང་ངེ་འཛིན་འཐོབ་པ་དང་། ཐོས་པ་འཛིན་པར་འགྱུར་བ་དང་། ཁམས་རྣམ་པར་སྨིན་པར་འགྱུར་བ་དང་། ལུས་མི་སྣང་བར་འགྱུར་བ་དང་། ནམ་མཁའ་ལས་མཆི་བར་འཚལ་བ་དེས་ནི་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་མཚན་དུ་སྨྱུང་བ་བགྱིས་ལ་ གཟུགས་བགྱིད་དུ་སྩལ་ཏེ། རྡོ་རྗེ་འཆང་གི་གཟུགས་འདམ་བུ་མདའ་རྒྱུའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་བའི་ཚུལ་ཅན་སྐུ་གདུང་དང་ལྡན་པར་བགྱིའོ། །དབུས་སུ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བཞུགས་པར་བགྱིའོ། །གཡས་ལོགས་སུ་ནི་འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ལག་པ་བཞི་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་གདུང་དང་བཅས་པ་གཞག་གོ། །གཡས་གཡོན་དག་ཏུ་ནི་རྒྱལ་པོ་ཆེན་པོ་བཞི་མཆོད་པ་བགྱིད་པ་གཞག་གོ། །སྒྲུབ་པ་པོའི་རིགས་ཀྱི་བུ་དེས་ཀྱང་གཙང་སྦྲ་བགྱི་བ་དང་། དུས་གསུམ་དུ་ཁྲུས་བགྱི་བ་དང་། དུས་ གསུམ་དུ་གོས་བརྗེ་བར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཡང་བྱམས་པའི་སེམས་སུ་བགྱིའོ། །ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ནས་བརྩམས་ཏེ། ཟླ་བ་ཕྱི་མ་ཉ་བ་ཚེས་བཅོ་ལྔའི་བར་དུ་ཟས་སུ་ནས་ཀྱི་འོ་ཐུག་འཚལ་ཞིང་། དུས་གསུམ་དུ་བཟླས་བརྗོད་བགྱིའོ། །བདུག་པ་ནི་ཨ་ག་རུ་ དང་། ཙནྡན་དང་། ཅེ་པོག་དང་། གུ་གུལ་དབུལ་ལོ། །ལན་སུམ་འབུམ་གྱི་བར་དུ་བཟླས་བརྗོད་བགྱི་སྟེ། དེ་ནི་སྔར་བསྙེན་པ་བགྱི་བ་ལགས་སོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། དགོན་པའི་གནས་སུ་སྤོས་དང་། བདུག་པ་དང་། མེ་ཏོག་སྣ་ཚོགས་དང་། བ་དན་ སྣ་ཚོགས་ཀྱིས་ཀྱང་མཆོད་པར་བགྱིའོ། །དཀར་བག་གི་ལྷ་བཤོས་དག་ཀྱང་དབུལ་བར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་ཡི་གེར་འདྲིར་སྩལ་ཅིང་། གོས་དང་། རྒྱན་དང་། ལྷབ་ལྷུབ་དང་། གདུགས་དང་། བཞོན་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་ བགྱིའོ། །དེ་ནས་ཟླ་བ་ཉ་བ་ཚེས་བཅོ་ལྔའི་བར་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་དང་ལྡན་པ་དང་། དུས་གསུམ་དུ་ཁྲུས་བགྱི་བ་དང་། དུས་གསུམ་དུ་གོས་བརྗེ་བར་བགྱི་སྟེ། དཀྱིལ་འཁོར་གྲུ་བཞི་པ་བ་ལང་གི་ལྕི་བས་བསྐུས་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པར་བགྱི་སྟེ། བུམ་པ་གང་བ་བཅུ་དྲུག་དང་། མར་མེ་བཅུ་དྲུག་ཀྱང་གཞག་པར་བགྱིའོ། །གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ཀྱང་ས་ཕྱོགས་དེ་བརྒྱན་པར་བགྱིའོ། །རོ་སྣ་ཚོགས་སྦྱར་བའི་ལྷ་བཤོས་རྒྱ་ཆེན་པོ་ཕབ་ལ་སྤོས་ཆབ་ཀྱིས་ཕྱོགས་དེར་ཆག་ཆག་བཏབ་ནས། ནམ་ སྐུ་གཟུགས་དང་། ས་གཞི་འགུལ་བ་དང་། བདག་ཉིད་ཀྱང་དགའ་བར་གྱུར་པའི་བར་དུ་བཟླས་བརྗོད་བགྱིའོ། །དེ་ནས་དེས་འདི་ནི་གཅིག་ཏུ་ངེས་པར་འགྲུབ་པར་འགྱུར་རོ་སྙམ་དུ་ཤེས་པར་བགྱིའོ། །དེ་ནས་དེའི་འོག་ཏུ་བདག་གིས་རྨི་ལམ་དུ་བསྟན་པར་བགྱི་ཞིང་འབེལ་བའི་ གཏམ་བགྱིའོ། །བསམ་པ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིའོ། །བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་སྟེ། གང་ཆོས་ཀྱི་རྣམ་གྲངས་འདི་ལ་མ་དད་ཅིང་སྤོང་བར་བགྱིད་པ་ནི་མ་གཏོགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཚིག་དེ་སྐད་ཅེས་སྨྲས་པ་ལེགས་སོ་ལེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་ སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱི་ཡུལ་ན་སྤྱོད་པར་མི་འགྱུར་རོ། །འདི་ནི་སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱིས་ཡི་གེར་འདྲི་བའམ། ཡི་གེར་འདྲིར་འཇུག་པའམ། འཆང་བའམ། ཀློག་པར་མི་ནུས་ཏེ། དེ་དག་ལ་བདུད་ཀྱིས་བར་ཆད་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་ བཞི་པོ་འདི་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཀློག་པ་དང་། ཉན་དུ་འཇུག་པའི་བདུད་ཀྱི་ལས་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལེ་ལོ་དང་། མ་དད་པ་དང་། བླ་མ་ལ་སྲི་ཞུ་མེད་པ་དང་། ཆོས་སྨྲ་བའི་སེམས་མི་བརྟན་པ་སྟེ། རིགས་ཀྱི་བུ་དེས་དེ་ལ་འདི་ནི་བདུད་ ཀྱི་ལས་ཡིན་ནོ། །སྙམ་དུ་ཤེས་པར་བྱའོ། །གཞན་ཡང་བདུད་ཀྱི་ལས་བཞི་ཡོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་འདུན་པ་མེད་པ་དང་། ཡིད་ལ་མི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། འཇིག་རྟེན་འདི་ལ་སེམས་པ་སྟེ། འདི་སྙམ་དུ་འཇིག་ རྟེན་འདི་ལ་ཡང་འཇིགས་པ་མེད་དོ། །འཇིག་རྟེན་ཕ་རོལ་ལ་ཡང་འཇིགས་པ་མེད་དོ། །སྡིག་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་དོ། །བདག་ལ་ཚིག་མི་གསལ་བ་ཡང་མེད་དོ། །ཡིད་རྟུལ་བ་ཡང་མེད་དོ། །བདག་ནི་མཛེས་པ་ཡིན་ནོ། །བདག་ནི་དབང་ཕྱུག་ དང་ལྡན་ནོ་སྙམ་དུ་སེམས་ཤིང་། ཁྱིམ་དང་བུ་སྨད་རྣམས་ལ་ཞེན་ཏོ། །དེ་དག་ནི་བསྐལ་པ་དུ་མར་སྡུག་བསྔལ་མྱོང་བར་འགྱུར་ཏེ། བཞི་པོ་དེ་དག་ནི་དེ་དག་གི་མི་དགེ་བའི་བཤེས་གཉེན་ཡིན་པར་བལྟ་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་བཞི་ཡོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། ནོར་ལ་བརྐམ་པ་སྟེ། དེ་དག་བསྐལ་པ་དུ་མར་སྡུག་བསྔལ་མྱོང་བར་འགྱུར་བ་དང་། དེ་དག་མི་དགེ་བའི་བཤེས་གཉེན་དང་དགོད་ཅིང་སྨྲ་བ་དང་། ཆུང་མས་ཡིད་བདེ་བ་དང་། ཆོས་ཉན་པ་དེ་དག་གི་འདུན་པ་ཟློག་པར་བྱེད་པ་སྟེ། འདི་ལྟ་སྟེ། བློན་པོ་དང་། འཁོར་རྣམས་འདུས་པ་དེ་ དག་གི་ཐད་དུ་ལྷགས་ནས་འདི་སྐད་དུ་སྦྱིན་པའི་རྣམ་པར་སྨིན་པ་མེད་དོ། །ཆོས་སྨྲ་བ་འདི་ནི་སྡིག་པ་བྱེད་པ་དབང་ཕྱུག་གི་རྒྱགས་པས་མྱོས་པ་འདོད་པ་ལ་ལོག་པར་གཡེམ་པ། ཕྲ་མ་ལ་དགའ་བ་ཡིན་ཏེ། འདི་ནི་ཁྱོད་ཀྱི་སྲོག་གི་བར་ཆད་བྱེད་པར་འདོད་ལ། ཁྱོད་ནི་ཆོས་ལ་གནས་ པ་སྟེ་ཁྱོད་ཀྱིས་ཆོས་མང་དུ་བྱས་སོ། །ཁྱོད་ནི་མདོ་སྡེ་ཀློག་པ་དང་། འདྲིར་འཇུག་པ་ཡིན་ནོ་ཞེས་འཛེར་ཏེ། དེ་དག་མདོ་སྡེ་འདི་ཡི་གེར་འདྲིར་འཇུག་པར་མི་བྱེད། མཆོད་པར་མི་བྱེད་དེ། དེ་དག་ལ་ནི་ཚེ་འདི་ཉིད་ལ་ཡང་བར་ཆད་མང་པོ་འབྱུང་བར་འགྱུར་ལ་ཕྱི་མ་ལ་ཡང་སེམས་ཅན་དམྱལ་ བར་བཙོ་བར་འགྱུར་ཏེ། དེ་ཡང་རིགས་ཀྱི་བུ་དེས་བདུད་ཀྱི་ལས་ཡིན་པར་རིག་པར་བྱས་ལ་དེའི་དབང་དུ་འགྱུར་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ངས་ལན་གཉིས་ལན་གསུམ་དུ་ཚིག་གིས་བསྒོ་སྟེ། བག་ཡོད་པར་གྱིས་ཤིག ། ཕྱིས་སེམས་ཅན་དམྱལ་བ་དག་ཏུ་བཙོ་བ་ན་འགྱོད་པར་གྱུར་ཏ་རེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ངས་ནི་མདོ་སྡེའི་རྒྱལ་པོ་མང་པོ་བསྟན། །བྱང་ཆུབ་ལ་ནི་སེམས་ཅན་དུ་མ་བཀོད། །སངས་རྒྱས་ཚུལ་ཡང་ང་ཡིས་བསྟན་ པར་གྱུར། །དེ་ཐོས་ནས་ནི་བག་ཀྱང་ཡོད་པར་གྱིས། །ཁྱོད་རྣམས་ཕྱི་དུས་རབ་ཏུ་འཇིག་པའི་ཚེ། །ལོག་པར་ལྟུང་བར་འགྲོ་བར་གྱུར་ཏ་རེ། །མདོ་འདི་ལ་ནི་རྟག་ཏུ་གང་དད་པ། །དེ་ནི་ངེས་པར་ང་ཡི་བུ་ཡང་ཡིན། །མདོ་འདི་ལ་ནི་རྟག་ཏུ་གང་མཆོད་པ། །དེ་ནི་སངས་རྒྱས་ ཞིང་དུའང་སྐྱེ་བར་འགྱུར། །གང་ཕྱོགས་མདོ་སྡེའི་རྒྱལ་པོ་འདི་གནས་པ། །དེར་ནི་འབྱུང་པོ་གནོད་སྦྱིན་སྲིན་པོ་དང་། །ཡི་དགས་གྲུལ་བུམ་ལྟོ་འཕྱེ་ཆེན་པོ་དང་། །གཤེད་བྱེད་བྱད་སྟེམས་རྣམས་ཀྱིས་ཡོངས་མི་ཚུགས། །དེ་ནི་བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །དེ་ ནི་བདེ་བར་བྱང་ཆུབ་འཚང་ཡང་རྒྱ། །དེའི་ཚེ་རྒྱལ་པོ་ཆེན་པོ་བཞིས་ཚིགས་སུ་བཅད་པ་འདི་དག་ཐོས་ནས། ཆོས་ཀྱི་ཤུགས་ཀྱིས་མཆི་མ་བླགས་ཏེ། ལུས་འདར་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཆོས་སྨྲ་བ་དེ་ལ་མཆོད་པར་བགྱིའོ། །ཆོས་ཉན་པ་དེ་དག་ལ་ཡང་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། གཟུངས་འཆང་བ་དང་། ཀློག་པ་དང་། ཀུན་ ཆུབ་པར་བགྱིད་པ་དང་། ཆོས་སྨྲ་བ་དེ་ལ་ཡང་གོས་དང་། རྒྱན་དག་གིས་མཆོད་པ་བགྱིད་པ་དེ་ལ་ཡང་བདག་ཅག་གིས་བསྲུང་བར་བགྱིའོ། །དེའི་ཡུལ་ཡང་ཡོངས་སུ་བསྐྱང་བར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་ཀྱང་སྩལ་བར་བགྱིའོ། །བུ་གཅིག་པ་བཞིན་དུ་ཡོངས་སུ་བསྐྱང་ བར་བགྱིའོ། །གཡུལ་འགྱེད་པ་ཐམས་ཅད་དུ་ཡང་མདུན་དུ་མཆི་བར་བགྱིའོ། །རྒྱལ་སྲིད་ཐམས་ཅད་དུ་ཡང་ཆེས་བཀུར་སྟིར་བགྱིད་པར་འགྱུར་བར་བགྱི་སྟེ། བདག་ཅག་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་གཟོ་བར་བགྱིད་ཀྱི་བཀའ་དྲིན་མི་གཟོ་བར་མི་བགྱིད་ལགས་སོ། ། བཅོམ་ལྡན་འདས་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མཆོད་པར་མི་བགྱིད་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པར་མི་བགྱིད་པ་དེ་ལ་ནི་བདག་ཅག་གིས་སེམས་མི་བདེ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ལ་ལེགས་སོ་ཞེས་བྱ་ བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དག་ཁྱོད་ལེགས་ཀྱིས་རྟག་ཏུ་ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །དེ་ནས་དྲི་ཟའི་བདག་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་སེམས་ཅན་མི་དགེ་བ་སྤྱོད་པ་དང་། དེ་བཞིན་གཤེགས་པ་ལ་མ་དད་ཅིང་གློ་བར་མ་ཆུད་པ་དག་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འཛིན་པར་མི་བགྱིད། ཀློག་པར་མི་བགྱིད། ཡི་གེར་ འདྲིར་སྩོལ་བར་མི་བགྱིད། སྦྱིན་པ་སྦྱིན་པར་མི་བགྱིད། སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང་། འཇིག་རྟེན་འདིའི་བདེ་བ་ལ་ལྟ་བར་བགྱིད་དེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་དང་འདྲ་བའི་མདོ་སྡེའི་རྒྱལ་པོ་ཆེན་པོ་འདི་བཀའ་སྩལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་གཉིས་ཀྱིས་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དེ། གཉིས་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་སྟེ། རིགས་ཀྱི་བུ་ཆོས་དེ་གཉིས་ཀྱིས་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དོ། །རིགས་ཀྱི་བུ་ཆོས་འདི་བཞིས་ནི་བདེ་ འགྲོར་འགྲོ་བར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། བསམ་པ་ཡོངས་སུ་དག་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་ འདི་དག་བཀའ་སྩལ་ཏོ། །རྒྱལ་ཆེན་སྦྱིན་པ་འདི་ནི་རྫུ་འཕྲུལ་ཆེ། །ངན་སོང་ངན་འགྲོ་ཀུན་ལས་རབ་གྲོལ་བྱེད། །རྨོངས་པའི་སེམས་ཅན་རྟག་ཏུ་འདོད་ལ་ཆགས། །ཆགས་པ་སྣ་ཚོགས་བརྒྱ་ཡིས་དེ་དག་མྱོས། །མདོ་སྡེ་འདི་ལ་དད་པར་མི་བྱེད་ཅིང་། །སངས་ རྒྱས་བསྟན་ལ་སྦྱིན་པ་སྦྱིན་མི་བྱེད། །སེམས་ཅན་དེ་འདྲ་བ་དག་ངན་སོང་སར། །སྐྱེས་ནས་ཚོར་བ་དག་ཀྱང་མྱོང་བར་འགྱུར། །སེམས་ཅན་དེ་དག་ལ་ནི་ཕན་པའི་ཕྱིར། །དེ་ལྟར་མདོ་སྡེ་མཐུ་ཆེན་རབ་ཏུ་བསྟན། །མདོ་སྡེ་འདི་ལ་རྟག་ཏུ་དད་པ་གང་། །དེ་ལ་གཤེད་བྱེད་མེད་ཅིང་སྡིག་ བྱེད་མེད། །འབྱུང་པོ་གྲུལ་བུམ་ལྟོ་འཕྱེ་ཆེན་པོ་མེད། །རྒྱལ་པོ་དེ་ལ་སྡིག་པ་བྱེད་པ་མེད། །ལེགས་འདྲི་ཉན་དུ་འཇུག་དང་མཆོད་པ་དང་། །ལེགས་པར་འཛིན་པའི་བསོད་ནམས་གང་ཡིན་པ། །སངས་རྒྱས་ཡེ་ཤེས་ཀྱིས་ནི་བསྔགས་པ་དེ། །སེམས་ཅན་ཀུན་གྱིས་བསྐལ་མང་ བརྗོད་མི་ནུས། །གང་དག་རྟག་ཏུ་སངས་རྒྱས་བྱང་ཆུབ་རྣམས། །རྗེད་ཅིང་མཆོད་པ་བྱེད་པ་དེ་དག་དང་། །ལ་ལ་གཞན་འགས་མདོ་སྡེ་འདི་ཉིད་ལས། །ཡི་གེ་འབྲུ་གཅིག་ཙམ་ཡང་ལེགས་བྲིས་ན། །དེ་ལ་བསོད་ནམས་སྔ་མ་དེ་ཡིས་ནི། །དེ་ཡི་བརྒྱ་སྟོང་ཆར་ཡང་མི་ཕོད་དོ། །དེ་ནས་ བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལ་དད་དེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ ཕྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མངོན་པར་མཆོད་པ་དང་ཆོས་སྨྲ་བ་དེ་དག་དང་། འདྲི་བ་རྣམས་དང་། འཛིན་པ་རྣམས་ལ་མཆོད་པ་ཆེན་པོས་མཆོད་པ་བགྱིད་པ་དེ་དག་ནི་ཚེ་འདི་ཉིད་ལ་ཡོན་ཏན་དང་ཕན་ཡོན་མང་པོ་ཐོབ་པར་འགྱུར་ཏེ། དེའི་ལུས་ ལ་མིག་ནད་དང་། རྣ་ནད་དང་། སྣ་ནད་དང་། ལྕེ་ནད་དང་། རིམས་ནད་དང་། དུག་དང་། མཚོན་དང་། མེས་མི་ཚུགས་ལགས་སོ། །དེ་དག་ལ་ཕ་མས་ཡིད་བདེ་བ་དང་། བུ་དང་ཆུང་མས་ཡིད་བདེ་བ་དང་། ཁྱིམ་གྱིས་ཡིད་བདེ་བ་འབྱུང་བར་འགྱུར་ལགས་སོ། །གཡུལ་འགྱེད་པ་ཐམས་ཅད་ དུ་ཡང་རྒྱལ་བར་འགྱུར་རོ། །འགུམ་པའི་ཚེ་ཡང་དེ་བཞིན་གཤེགས་པ་མི་འཁྲུགས་པས་ཡང་དག་པར་དབུགས་འབྱིན་པར་མཛད་དེ། ཀྱེ་མི་ཁྱོད་ཚུར་ཤོག །འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སོང་ཤིག །སྐྱེས་བུ་ཆེན་པོ་ཁྱོད་ནི་དགེ་བའི་རྩ་བ་འབར་བ་དང་ལྡན་ཏེ། གང་དུ་འདོད་ པའི་གནས་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གསུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་འདི་འཛམ་བུའི་གླིང་དུ་བཞག་པ་ནི་དེ་བཞིན་ གཤེགས་པའི་ཕྲིན་ལས་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་རིག་སྔགས་ཆེན་པོ་འདི་ནི་ལས་ཐམས་ཅད་རྣམ་པར་དག་པར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་སེམས་ཅན་བསོད་ནམས་ཆུང་ངུ་དག་གི་ཡུལ་ན་སྤྱོད་པར་མི་འགྱུར་རོ། ། སེམས་ཅན་བསོད་ནམས་ཆུང་ངུ་དག་གིས་ཐོས་པར་མི་འགྱུར་ལག་དུ་འོང་བར་མི་འགྱུར་རོ། །སངས་རྒྱས་ཀྱི་མཐུས་གང་གི་ལག་ཏུ་འོངས་སམ། དེ་བཞིན་གཤེགས་པས་ཉན་དུ་བཅུག་ན། དེས་ཐོས་པའི་མོད་ཁོ་ན་ལ་བྲི་བར་བྱ། ཡི་གེར་འདྲིར་གཞུག་པར་བྱ། བཀླག་པར་བྱའོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དང་འདྲ་བའི་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཙམ་ཐོས་ན་ཡང་ངན་འགྲོས་འཇིགས་པར་མི་འགྱུར་རོ། །ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཡིག་འབྲུ་གཅིག་ཙམ་མམ། མིང་ཙམ་ཉན་དུ་བཅུག་གམ། ཕྱོགས་སམ། ཡུལ་འགའ་ཞིག་ཏུ་ལུང་ འབོགས་པར་བྱེད་ན། དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བར་བལྟ་བར་བྱའོ། །དེ་ནི་དེ་བཞིན་གཤེགས་པ་དང་འདྲ་བ་ཁོ་ནར་མཆོད་པར་བྱའོ། །དེ་ནི་ཕ་མ་དང་འདྲ་བར་བལྟ་བར་བྱའོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་བཞིན་གཤེགས་པ་བདུན་པོ་རྣམས་ཀྱིས་གསུངས་སོ། ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་ངོ་། །ལྷ་ཐམས་ཅད་ཀྱིས་རྗེས་སུ་བཟུང་ངོ་། །ཡོངས་སུ་བསྐྱངས་སོ། །ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་མ་ལྟ་བུའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་རྟག་ཏུ་རྒྱུན་མི་འཆད་པར་ཐམས་ཅད་རྫོགས་པར། གང་དུ་སྤྱོད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་སུ་ཐམས་ཅད་རྫོགས་པར་གནས་པར་འགྱུར་རོ། །ལྷོ་ཕྱོགས་སུ་ཡང་སྤྱོད་པར་འགྱུར་རོ། །འཛམ་བུའི་གླིང་དུ་ནི་ཅུང་ཟད་ཙམ་གནས་པར་འགྱུར་ཏེ། གནས་ཁ་ཅིག་ཏུ་ནི་སྤྱོད་ཁ་ཅིག་ཏུ་ནི་མི་སྤྱོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ་བ་དང་། བཀླག་པར་བྱ་བ་དང་། མཆོད་པར་བྱ་བ་དང་། ཉན་དུ་གཞུག་པར་བྱ་བའི་ཕྱིར་ཁྱོད་ལ་གཏད་དོ། །དེ་བཞིན་གཤེགས་པ་དང་འདྲ་བའི་ཆོས་ཀྱི་ རྣམ་གྲངས་འདི་ནུབ་པར་གྱུར་ཏ་རེ། འདི་ནི་དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི་བ་དང་། བཀླག་པར་བགྱི་བ་དང་། མཆོད་ པར་བགྱི་བ་དང་། ཉན་དུ་གཞུག་པར་བགྱི་བའི་སླད་དུ་བདག་གིས་གཟུང་ལགས་སོ། །ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པར་བགྱི། རྗེད་པར་བགྱིའོ། །གང་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དེ་དག་ལ་མཆོད་པར་བགྱིད་པ་དེ་ནི་བདག་ལ་ཡང་མཆོད་པར་བགྱིད་པ་ལགས་ཏེ། དེ་ ནི་བདག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི་སྟེ། བདག་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་གཟོ་བར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་ གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་ཕྱག་འཚལ་ལོ། །ཆོས་ཉན་པ་དེ་དག་དང་། ཡི་གེར་འདྲི་བ་རྣམས་དང་། འཛིན་པ་རྣམས་དང་། ཀློག་པ་རྣམས་དང་། ཉན་དུ་འཇུག་པ་རྣམས་ལ་ཡང་མངོན་པར་མཆོད་པར་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་བསོད་ནམས་ཆུང་ངུ་དག་གི་ཡུལ་དུ་ཆོས་ཀྱི་རྣམ་གྲངས་འདི་བྱུང་ངམ། གལ་ཏེ་རྒྱལ་པོ་ཆོས་དང་མི་ལྡན་པའི་ཡུལ་དུ་ཆོས་ཀྱི་རྣམ་གྲངས་འདི་བྱུང་སྟེ། སྤྱོད་པ་ན་ ཆོས་ཀྱི་རྣམ་གྲངས་འདི་ལ་རྒྱལ་པོ་དེ་མཆོད་པར་མི་བགྱིད། དད་པར་མི་བགྱིད་ལ། ཆོས་སྨྲ་བ་དེ་དག་དང་། ཡི་གེར་འདྲི་བ་རྣམས་དང་། འཛིན་པ་རྣམས་དང་། ཀློག་པ་རྣམས་དང་། ཉན་དུ་འཇུག་པ་རྣམས་དང་། ལུང་འབོགས་པ་རྣམས་ལ་ཡང་མཆོད་པར་མི་བགྱིད། བླ་མའི་ འདུ་ཤེས་སྐྱེད་པར་མི་བགྱིད་ན། དེས་ན་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་འགྱུར་ལགས་སོ། །དེའི་ཡུལ་དུ་སྡིག་པའི་ཆོས་མང་པོ་དང་། ཡིད་མི་བདེ་བ་མང་པོ་འབྱུང་བར་འགྱུར་ཏེ། དེས་ན་རྒྱལ་རིགས་རྒྱལ་པོ་དེས་བདག་གི་ཡུལ་དུ་ཆོས་ནུབ་པར་གྱུར་ཏོ་སྙམ་དུ་འཚལ་བར་བགྱི་སྟེ། དེས་ཆོས་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དེ་ནི་དེ་བཞིན་ཏེ། རིགས་ཀྱི་བུ་དཔེར་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ལོ་བརྒྱའམ་ལོ་སྟོང་གི་བར་དུ་བླ་ན་མེད་པའི་མཆོད་པས་མཆོད་པ་བྱེད་ལ། འཛམ་བུའི་གླིང་འདི་རིན་པོ་ཆེས་ཡོངས་སུ་གང་བར་བྱས་ཏེ། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་དང་། བདག་ཉིད་ཡོངས་སུ་གཏོང་བ་གང་ ཡིན་པ་དང་། ཆུང་མ་དང་། བུ་དང་། བུ་མོ་ཡོངས་སུ་གཏོང་བ་གང་ཡིན་པ་དང་། གང་གིས་ཆོས་ཀྱི་རྣམ་གྲངས་འདི་མཆོད་པའམ། ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་པའམ། ཀློག་པའམ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་བ་རྣམས་ཀྱིས་ མཆོད་དེ་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཞོའི་བརྒྱད་ཆ་ཅིག་ཙམ་སྦྱིན་པ་བྱིན་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། དགེ་བའི་རྩ་བ་སྔ་མ་ཤོས་དེ་ནི་བརྒྱའི་ཆར་ཡང་མི་ཕོད་ན། གང་བླ་མའི་འདུ་ཤེས་བསྐྱེད་དེ། ཆོས་ཀྱི་རྣམ་གྲངས་འདི་ལ་གདུགས་དང་། རྒྱལ་མཚན་ དང་། བ་དན་རྣམས་ཀྱིས་མཆོད་པ་བྱེད་ཅིང་། ཆོས་སྨྲ་བ་དེ་དག་ལ་ཡང་གོས་སམ། རྒྱན་ནམ། གདུགས་སམ། བཞོན་པའམ། གྲོང་ངམ། གྲོང་ཁྱེར་རམ། ས་གཞི་བ་ལང་གི་རྨིག་རྗེས་ཙམ་ཡང་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་སྦྱིན་པ་བྱེད་ལ། ལུས་འདི་ ནི་སྙིང་པོ་མེད་པའོ་སྙམ་དུ་ཤེས་ཤིང་རྨི་ལམ་ལྟ་བུའོ། །སྒྱུ་མ་ལྟ་བུའོ། །ཆུའི་ཆུ་བུར་ལྟ་བུའོ་སྙམ་དུ་ཤེས་ཏེ། ལུས་འདི་ལ་ནི་སྙིང་པོ་མེད་དོ། །ཆོས་ཐམས་ཅད་ནི་མི་རྟག་པའོ་སྙམ་དུ་ཤེས་ན། དེ་ནི་དེ་བཞིན་གཤེགས་པས་ལུང་བསྟན་པ་ཁོ་ན་ཡིན་ནོ། །དེ་བཞིན་གཤེགས་ པས་དབུགས་ཕྱུང་བ་ཁོ་ན་ཡིན་ནོ། །དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ཡིན་ནོ། །ཕྱིས་ཀྱང་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ནམ་མཁའ་ལྡིང་གི་དབང་པོ་རྣམས་དང་། མིའམ་ཅིའི་དབང་པོ་རྣམས་ཀྱིས་ཚིག་མཐུན་པར་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ ལྡན་འདས་ལེགས་སོ་ལེགས་སོ། །འདི་ནི་ཆོས་ཀྱི་འཁོར་ལོ་ལན་གཉིས་བསྐོར་བར་གྱུར་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་གཅིག་ཏུ་མཐུན་པར་བགྱིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པར་བགྱིའོ། །ཡུལ་དེ་ཡང་བསྐྱང་བར་བགྱིའོ། །ཆོས་སྨྲ་བ་དེ་ལ་ཡང་མཆོད་ པར་བགྱི། བསྲུང་བར་བགྱི། ལུང་བསྟན་པར་བགྱི། དབུགས་དབྱུང་བར་བགྱིའོ། །གང་ལ་ལ་ཆོས་སྨྲ་བ་དང་། ཡི་གེར་འདྲི་བ་དང་། འཛིན་པ་དང་། ཀློག་པ་དེ་ལ་བླ་མའི་འདུ་ཤེས་སྐྱེད་པ་དང་། ཕའི་འདུ་ཤེས་དང་། བུའི་འདུ་ཤེས་སྐྱེད་པ་དེ་ལ་ནི་བདག་ཅག་གིས་ཀྱང་ ཕའི་འདུ་ཤེས་བསྐྱེད་པར་བགྱིའོ། །གལ་ཏེ་ཆོས་ཀྱི་རྣམ་གྲངས་དེ་མ་རུངས་པར་བགྱིད་ན་ནི་དེའི་ཡུལ་ཐམས་ཅད་དུ་བུ་དང་མཆི