Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན

Văn bản gốc(Tây Tạng)

Trang 3 / 22 (50.000 ký tự/trang)
དུ་བྱས་ན་ལས་ཀྱི་སྦྱོར་བ་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་འགྲུབ་ཅིང་ཕན་ཡོན་ཆེ་བར་གནས་པར་འགྱུར་ན། ལས་ཀྱི་སྦྱོར་བ་ཆེར་བྱས་པ་ལྟ་ཅི་སྨོས་ཏེ། དགེ་བའི་རྩ་བ་ཐམས་ཅད་བསགས་པར་

འགྱུར་རོ། །དེ་ལྟ་བས་ན་དེ་དག་གི་ཡོན་ཏན་ནི་དེ་བཞིན་གཤེགས་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བཤད་ཀྱང་མི་རྫོགས་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་མཁྱེན་ཅིང་གཟིགས་པར་ཟད་དོ། །གསང་བ་པའི་བདག་པོས་གསོལ་པ།
བཅོམ་ལྡན་འདས་ལས་ཚེགས་ཆུང་ངུ་ཇི་ལྟ་བུ་ཞིག་བགྱི་ན་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་འགྲུབ་ཅིང་བསོད་ནམས་ཆེན་པོ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཕྱིར་ལེགས་པ་ཉོན་ཅིག་དང་བཤད་པར་བྱའོ། །དགེ་སློང་དང་། དགེ་སློང་མ་དང་།
དགེ་བསྙེན་དང་། དགེ་བསྙེན་མ་གང་ལ་ལ་ཞིག་གིས་བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང་ཡོན་ཏན་ཐོབ་པར་འདོད་པས་གསང་སྔགས་ཀྱི་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱས་ཏེ། དགུ་བཅུ་རྩ་དགུ་ཡི་གེར་བྲིས་ལ་སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་འཁོར་གྲུ་
བཞིར་བྱས་ལ་བའི་ལྕི་བས་བྱུགས་ཏེ། གྲྭ་བཞིར་དྲིའི་ཆུ་ཕོར་བུ་བཀང་བ་རེ་རེ་གཞག །བདུག་སྤོས་ཀྱི་སྣོད་དུ་བ་འཐུལ་བ་ཡང་བཞག་ནས་སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་། དྲིའི་ཆུ་དང་། འབྲས་སྐམ་པོ་རྣམས་བླུགས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གཞག་པ་དང་། ཡང་
ཏིལ་ནག་པོ་དང་། སྲན་མ་མ་ཤ་དང་། འབྲས་རྣམས་བསྲེས་ཏེ་བཙོས་པའི་འབྲས་ཐུག་ཀྲི་སར་ཞེས་བྱ་བ་དང་། ཟས་དཀར་གསུམ་དང་། འདི་རྣམས་བུམ་པའི་ནང་དུ་བླུགས་པ་དང་། ཡང་ཤིང་ཏོག་སྣ་ཚོགས་འབྲས་བུ་དགུ་བཅུ་རྩ་དགུ་དང་། ཁ་ཟས་མིང་གིས་སྨོས་
པ་འདི་རྣམས་དང་། སྤོས་དང་། མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ། གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས་མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་དམིགས་ཏེ་ཕྱག་བྱས་ལ་སེམས་
རྩེ་གཅིག་པས་གསང་སྔགས་འདི་དག་གདོན་པར་བྱའོ། །འདི་ལྟ་སྟེ། ཨོྃ་བི་པུ་ལ། བི་མ་ལེ། པྲ་བ་རེ་ཛི་ན་བ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ་དྷཱ་ཏུ་གར་བྷེ། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡ་ཏ་ཏོ་བ་ཎི་སྭཱ་ཧཱ། སརྦ་དེ་བ་ཎི་བ་ཧ་ཡ་བི་བུདྡྷ་ཨ་དྷིཥྛ་ཎ་སམ་ཡེ་སྭཱ་ཧཱ། བདུག་

སྤོས་འཐུལ་བ་རྒྱུན་མི་འཆད་པར་བྱ་ཞིང་། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་བཏོན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། གསང་བ་པའི་བདག་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། དབང་
ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་རྣམས་དེའི་མོད་ལ་མཆོད་རྟེན་དེ་ལ་མཆོད་པ་དང་། རིམ་གྲོ་བྱེད་དེ་སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་གོང་དུ་ཡང་སངས་རྒྱས་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ།
མཆོད་རྟེན་དེ་ལ་མཆོད་པ་དང་། ཆོས་ཀྱི་སྐུར་བྱིན་གྱིས་རློབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན་ཡོན་ཏན་དེ་དག་དང་། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར་
ཏེ། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ་ཚེ་རིང་ཞིང་ནད་མེད་པ་དང་། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གང་གཞན་ལ་ལ་
ཞིག་གིས་མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང་ལས་ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་
ཞིག་གིས་མཆོད་རྟེན་དེའི་མིང་ཙམ་ཐོས་པ་ཡང་འཆི་བའི་དུས་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར། ཐ་ན་བྱ་དང་། རི་དགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས་དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་
པར་འགྱུར་རོ། །གང་ལ་ལ་ཞིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་པར་འདོད་པ་དེས་སྔ་མ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ས་དང་ལྕི་བས་བྱུགས་ལ་དེའི་སྟེང་དུ་སྤོས་ཀྱི་སྐྱོང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་དྲིའི་ཆུས་བཀང་བའི་སྣོད་རེ་རེ་གཞག་

ལ། སྔར་བསྟན་པའི་གསང་སྔགས་བཞི་པོ་དག་ལས་རྣམ་པ་གཅིག་ཀྱང་དགུ་བཅུ་རྩ་དགུ་བྲིས་ཏེ། རང་གི་ལག་གིས་མཆོད་རྟེན་ཆུང་ངུ་དགུ་བཅུ་རྩ་དགུ་གདབ་ཅིང་གསང་སྔགས་རྣམས་གཅིག་ཀྱང་རེ་རེའི་ནང་དུ་གཞུག་གོ། །དེ་ནས་ཡང་གསང་སྔགས་འདི་དགུ་བཅུ་རྩ་
དགུ་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་འཕང་ལོ་རྣམས་ཀྱི་ནང་དུ་བཅུག་ལ། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། མེ་ཏོག་དང་། བྱུགས་པས་མཆོད་ལ། ལན་བདུན་བདུན་དུ་བསྐོར་ཞིང་གསང་སྔགས་འདི་ཡང་གདོན་པར་བྱའོ། །ནམཿན་བ་
ན་བ་ཏཱི་ནཱཾ། ཏ་ཐཱ་ག་ཏ་གཾ་གཱ་ནཾ་དཱི་བཱ་ལུ་ཀཱ་ནཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྲཱ་ཎཱཾ། ཨོཾ་བོ་རི། ཙ་རི་ཎི་ཙ་རི། མོ་རི་གོ་རི་ཙ་ལ་བཱ་རི་སྭཱ་ཧཱ། ཆོ་ག་འདི་ལྟར་བྱས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱད་པར་ཡང་མ་ཟད་དེ། དེས་ནི་རིན་པོ་ཆེའི་མཆོད་རྟེན་བྱེ་བ་
ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པར་འགྱུར་རོ། །དེའི་གོང་དུ་ཡང་ལྷ་ཐམས་ཅད་ཀྱིས་མཆོད་པའི་སྤྲིན་སྣ་ཚོགས་
བསྡུས་ཏེ། མཆོད་རྟེན་དེ་ལ་ཡོ་བྱད་སྣ་ཚོགས་སྦྱར་ནས། དེ་བཞིན་གཤེགས་པའི་ཕོ་བྲང་དང་། ཡོ་བྱད་སྣ་ཚོགས་སྦྱར་ནས་མཆོད་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྙེད་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་རློབ་པར་མཛད་དོ། །རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་རྒྱ་ཆེན་པོའི་བསོད་ནམས་དང་། ཡོན་ཏན་ཐམས་ཅད་ཐོབ་པར་མཛད་དོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོ་འདི་སྙིང་པོ་མ་ནོར་བར་ཡི་གེར་བྲིས་ལ་རྟག་ཏུ་བཏོན་ཏེ། མཆོད་པའི་ལས་བྱས་ལ་ལུས་ལ་ཐོགས་ན་རིག་པ་དེ་ཉིད་
ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང་། ཤར་གཉེར་བ་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་ལ་སོགས་པ་ཐམས་ཅད་ཀྱང་གནོད་པ་བྱེད་པར་མི་འགྱུར་ཏེ། འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །

གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་ཡང་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་འབྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་པ་དེའི་སྒྲ་ཐོས་སམ། གྲིབ་མས་ཕོག་གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱི་ལས་
ཀྱི་སྒྲིབ་པ་དང་། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་ཁྱེར་བར་མི་འགྱུར། གདོན་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་
ཀྱིས་བསྲུང་བ་དང་། བསྐྱབ་པ་མཛད་ཅིང་སྤྱན་རས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང་། དམ་ཚིག་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལ་བསྟང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་སྔགས་དང་། བྱད་དང་། སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །
དེ་ལྟ་བས་ན་རིག་པ་འདོན་པ་གནས་གང་ན་འདུག་ཀྱང་གསང་སྔགས་འདིའི་ཆོ་ག་དོན་དུ་གཉེར་བར་བྱ་སྟེ། གསང་སྔགས་ཡི་གེར་བྲིས་ལ་ལམ་གྱི་བཞི་མདོའམ། སུམ་མདོ་སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ། དེའི་ནང་དུ་བཅུག་ན་འགྲོ་བ་ཐམས་
ཅད་དང་། བྱ་དང་། སྦྲང་མ་དང་། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོང་བ་དང་། ཐོས་པ་དང་། རེག་པ་དང་། དེ་ལ་ཕོག་པའི་ས་དང་། རྡུལ་དང་། རླུང་དང་། གྲིབ་མས་ཕོག་ན་ཡང་བྱོལ་སོང་དང་། ཡི་དགས་དང་། ངན་སོང་ལོག་པར་ལྟུང་བ་སེམས་ཅན་
དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང་། འཆི་བའི་དུས་བྱས་ནས་བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བས་ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང་ཕྱིར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། དབང་ཕྱུག་ཆེན་

པོ་ལ་སོགས་པའི་ལྷ་རྣམས་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ངས་གསང་སྔགས་ཀྱི་རྒྱལ་པོའི་སྙིང་པོ་འདི་དག་ཁྱེད་རྣམས་ལ་ཡོངས་སུ་གཏད་ཀྱིས་རྟག་ཏུ་རིམ་གྲོར་བྱ་ཞིང་ཡོངས་སུ་གཟུང་བར་བྱ་སྟེ། རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་ཆུག་ལ་གནས་ཐམས་
ཅད་དུ་བསྒྲགས་ཏེ། ནམ་དུ་ཡང་རྒྱུན་མ་བཅད་པར་སེམས་ཅན་ལ་སྟོན་ཅིག །མཐོང་ཞིང་ཐོས་པར་བྱས་ན་མཚམས་མེད་པ་ལྔའི་སྡིག་པ་ཡང་འབྱང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། གསང་བ་པའི་
བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་
ཞབས་ལ་ཕྱག་འཚལ་ནས་ཚིག་མཐུན་པར་སྨྲས་ཏེ། གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་གསང་སྔགས་འདིའི་ཆོ་ག་དང་། མཆོད་རྟེན་བགྱི་བའི་ཆོ་ག་ཇི་སྐད་གསུངས་པ་རྣམས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་
བདག་ཅག་ཀུན་གྱིས་བསྲུང་ཞིང་རིམ་གྲོར་བགྱི། རྟག་པར་གཟུངས་སུ་གཟུང་ཞིང་མི་བསྐྱུད་པར་བགྱི། ཡི་གེར་བྲི་བ་དང་། བཀླག་པ་དང་། མཆོད་པའི་ལས་རྣམས་ཀྱང་བགྱི་སྟེ། མ་འོངས་པའི་དུས་ན་སེམས་ཅན་གང་ལ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཤིང་ཁོང་དུ་ཆུད་ནས་ངན་
སོང་ངན་འགྲོ་སེམས་ཅན་དམྱལ་བ་ལ་སོགས་པ་དང་། སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་གསུངས་པས་ན། བདག་ཅག་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་སྤྱི་བོས་བླངས་པའི་སླད་དུ་གསང་སྔགས་ཀྱི་ཆོ་ག་འདི་དག་རིམ་གྲོར་བགྱི། བཙུན་པར་
བགྱི། གུས་པར་བགྱི། རིན་པོ་ཆེའི་འདུ་ཤེས་གཞག་པར་བགྱི། རྒྱ་ཆེར་འཕེལ་བར་བགྱི། བཅོམ་ལྡན་འདས་ཀྱི་ཞལ་དང་འདྲ་བར་བལྟ་བར་བགྱི། ནམ་དུ་ཡང་ནུབ་པར་མི་འགྱུར་ཞིང་ཅི་ནས་ཀྱང་རྒྱས་པར་བགྱི་བའི་སླད་དུ་ནན་ཏན་བགྱི་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་རྣམས་དམ་ཚིག་ལ་གནས་པས་གསང་སྔགས་ཀྱི་ཆོ་ག་འདི་དག་བསྲུང་བ་དང་། རིམ་གྲོར་བྱ་བ་དང་། ཡོངས་སུ་གཟུང་བར་ཁས་བླངས་པ་ནི་ལེགས་སོ་ལེགས་སོ། །ཤིན་ཏུ་ཡང་ལེགས་སོ། །བཅོམ་ལྡན་འདས་ཀྱིས་
དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་
བདྱཱ་ཀ་ར་སིངྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་ཨ་ཏི་ཤ་དང་དགེ་བཤེས་འབྲོམ་སྟོན་པས་སྔགས་རྣམས་དག་པར་བསྒྱུར་རོ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་དྭཱ་ད་ཤ་བུདྡྷ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲཾ། བོད་སྐད་དུ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་
ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་མ་ཕམ་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གི་བྱང་
ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་
ཕྲག་བརྗོད་དུ་མེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་

ཏོག་གི་འོད་མེ་ཏོག་པདྨ་བཻ་ཌཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་མཆོག་དམ་པས་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་
པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སུ་རྒྱལ་བ་དེའི་མཚན་འཛིན་པ་དེ་བསྐལ་པ་ཆེན་པོ་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་འཁོར་བ་ལས་ལྡོག་གོ། །
དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདྲ་བ་མེད་ཅེས་བྱ་བ་ལུང་བསྟན་ཏེ། དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་ཏོག་གི་འོད་མེ་ཏོག་པདྨ་བཻ་ཌཱུརྱའི་འོད་ཟེར་རིན་པོ་ཆེའི་
གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་མཆོག་དམ་པས་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་
པོ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནུབ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་
གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆུ་ལྷ་གཞོན་ནུ་ཉི་མའི་སྒྲོན་མ་ཟླ་བའི་མེ་ཏོག་པདྨ་གསེར་སྡུག་ནམ་མཁའ་ལྟ་བུའི་སྐུ་ལྡན་རྣམ་པར་སྣང་མཛད་འོད་ཟེར་རབ་བརྒྱན་
ཐོགས་མེད་འཁོར་ལོའི་དཀྱིལ་འཁོར་ཕྱོགས་བཅུར་འོད་ཟེར་རབ་འབྱིན་འཇིག་རྟེན་ཁམས་ཀུན་སྣང་བྱེད་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤར་ཕྱོགས་དེ་ཉིད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

བཀོད་པ་ཐམས་ཅད་དྲི་མེད་འོད་ཅེས་བྱ་བའི་མཚན་ཡང་གཟུང་ངོ་། །ཚིག་འདོན་ཏོ། །ཕྱག་བྱའོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པའི་རྒྱན་ལ་དགོངས་པ་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཡིད་ལ་བྱའོ། །
ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་གྲགས་ལྡན་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །ཤར་
ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འོད་མཛད་ཅེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་རིན་ཆེན་མཆོག་གི་ཏོག་གྲགས་ལྡན་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །ནུབ་བྱང་གི་ཕྱོགས་
མཚམས་ཀྱི་དེ་བཞིན་གཤེགས་པ་འཇིགས་མེད་རྣམ་པར་གཟིགས་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འཇིགས་བྲལ་བག་ཚ་མི་མངའ་སྤུ་ཟིང་མི་བྱེད་ཅེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །
འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་སེང་གེ་བསྒྱིངས་པའི་མིད་པ་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །སྟེང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་གསེར་འོད་གཟི་བརྗིད་འཇིགས་བྲལ་རྒྱལ་པོ་ཞེས་བྱ་བའི་མཚན་ཡང་གཟུང་ངོ་། །ཕྱག་བྱའོ། །བྱམས་
པ་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་གཉིས་པོ་འདི་དག་གི་མཚན་བརྗོད་ལ་ཉི་མ་བཅུར་སྡིག་པ་ཐམས་ཅད་ཀྱི་ཉེས་པ་བཤགས་པར་བྱ། དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་
ཡི་རང་བར་བྱ། སངས་རྒྱས་ཐམས་ཅད་ལ་བསྐུལ་བ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བར་བྱའོ། །འོན་ཀྱང་སྡིག་པ་ཐམས་ཅད་ཟད་པར་འགྱུར་རོ། །ལས་ཀྱི་སྒྲིབ་

པ་ཐམས་ཅད་རྣམ་པར་བྱང་བར་འགྱུར་རོ། །དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དང་། མི་འཇིགས་པ་ཕུན་སུམ་ཚོགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཕུན་སུམ་ཚོགས་པ་དང་།
གཟུངས་ཕུན་སུམ་ཚོགས་པ་ཡང་འཐོབ་བོ། །ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་འཐོབ་བོ། །བསམ་པ་ཇི་ལྟ་བ་བཞིན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པའང་མྱུར་དུ་ཡོངས་སུ་འཛིན་ཏོ། །བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་ཞིང་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །འཁོར་བ་ན་འཁོར་བའི་ཚེ་ནའང་ཀུན་དུ་མཛེས་པ་དང་། དེའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དང་།
རུས་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། རིས་འདྲ་བའི་སྐྱེ་བོའི་འཁོར་ཕུན་སུམ་ཚོགས་པའང་ཡོངས་སུ་འཛིན་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་དང་གང་དུ་སྐྱེས་པ་ཡི། །ཚེ་རབས་ཚེ་རབས་ཐམས་ཅད་དུ། །མཐོང་ན་དགའ་ཞིང་དགའ་བྱེད་དང་། །
འོད་བྱེད་པ་དང་མཐུ་ཆེན་དང་། །འབྱོར་པ་ཆེན་པོར་འགྱུར་བ་ཡིན། །གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་རྣམས་ཀྱང་བརྗོད་པར་བྱའོ། །ཏདྱ་ཐཱ། ཨ་ཁེ་མ་ཁེ་ས་མནྟ་མུ་ཁེ། སཽ་ཏི་ཡུཀྟེ། ནི་རུཀྟེ་པྲ་བྷེ། ས་མ་ཡོ་གེ། ཙིཏྟ་ཙིཏྟ། ཨ་ཁེ་མ་ཁེ། པ་ད་ནེ། བི་བརྟེ། ས་མནྟ་གུ་ཎི།
སཏྱ་ར་མེ། ཡུཀྟེ་པྲ་ཡུཀྟེ། ཧི་ལི་མི་ལི། མ་ས་ལེ། ཨཱ་ན་ལེ། ཙ་མེ། ཨ་ཙི་ཏི། ཙོ་ཙེ། ཨ་ར་ཧེ། བ་ཧུ་ཙྪེ། མཱ་ཡུ་གྲ་ཧེ། ཧེ་མ་བ་ཏི། ཛྱོ་ཏི་བ་ཏི། དྷརྨ་ཙི་ཏེ། ཙཱུཏ་པང་ཀེ་ཨ་བི་ཀྵ་པེ་ར་དྷྲྀ་ཀྵ་མེ། སྐནྡྷ་བི་བྷཀྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་
ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་གསང་སྔགས་ཀྱི་གཞི་འདི་རྣམས་གྲུབ་པར་གྱུར་ཅིག །དེ་ལ་འདི་སྐད་ཅེས་བྱ་སྟེ། གཟུངས་འདི་དག་ནི་བཟུང་བྱས་ན། །ཕྱོགས་བཅུ་དག་ན་གང་བཞུགས་པའི། །བྱེ་བ་དྲུག་ཅུའི་དྲང་སྲོང་རྣམས། །དེ་དག་དེ་ལ་དགོངས་པར་འགྱུར། །

སྐྱེ་བ་དག་ནི་ཀུན་དུ་ཡང་། །དགེ་བའི་བཤེས་གཉེན་རྙེད་པར་འགྱུར། །ཆུང་ཟད་དགེ་བ་གང་ཡིན་པ། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །པདྨའི་སྙིང་པོར་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་མངོན་སུམ་མཐོང་། །གཟུངས་འདི་དག་ནི་འཛིན་བྱེད་པ། །མཁས་པ་
དཔལ་ལྡན་རྫུས་ཏེ་སྐྱེ། །དྲན་དང་བློ་གྲོས་རྟོགས་པ་དང་། །མོས་པ་ཤེས་རབ་རབ་ཏུ་འཕེལ། །ཐོས་པ་ཐམས་ཅད་འཛིན་པར་འགྱུར། །ཐོས་པ་ཐམས་ཅད་འཛིན་མི་ཉམས། །འཇིག་རྟེན་མགོན་པོ་འདི་དག་གི། །མཚན་རྣམས་སུ་ཞིག་རྗོད་བྱེད་པ། །ངན་འགྲོ་ཐམས་ཅད་
སྤངས་ནས་ནི། །བཟང་འགྲོར་མྱུར་དུ་འགྲོ་བར་འགྱུར། །ཏིང་ངེ་འཛིན་དང་གཟུངས་ཀྱི་མཆོག །དེ་དག་དེ་ལ་མངོན་པར་འགྱུར། །བྱང་ཆུབ་རབ་ཏུ་དེ་འཚང་རྒྱ། །ཞིང་ནི་བྱེ་བ་ཕྲག་སྟོང་དག །གསེར་གྱིས་བཀང་སྟེ་སྦྱིན་བྱིན་པས། །གང་ཞིག་དེ་བཞིན་གཤེགས་རྣམས་ཀྱི། །
མཚན་རྣམས་འཛིན་པར་བྱེད་པ་ཡི། །བསོད་ནམས་ཕུང་པོ་དེ་ཆེས་མང་། །རྟག་ཏུ་ཚེ་རབས་དྲན་པར་འགྱུར། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །མི་ཁོམ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་འབྱུང་བ་རབ་མཛེས་རྙེད། །རྫོགས་པའི་སངས་རྒྱས་མཉེས་པར་བྱེད། །དད་པ་
བླ་ན་མེད་པ་འཐོབ། །སངས་རྒྱས་རྣམས་ལ་རབ་དད་ཅིང་། །མཆོད་པ་དམ་པ་བྱེད་པར་འགྱུར། །སངས་རྒྱས་འབྱུང་བ་མཉེས་བྱེད་དེ། །མཐོང་ནས་སྟོན་ལ་རབ་ཏུ་དད། །འཇིག་རྟེན་སྒྲོན་མ་མཐོང་ནས་ནི། །མཆོད་པ་བཟང་པོ་བྱེད་པར་འགྱུར། །མཚན་རྣམས་འདི་དག་འཛིན་
བྱེད་པ། །བསྐལ་པ་བྱེ་བ་གྲངས་མེད་དུ། །འཁོར་བ་རྣམ་པར་སྤངས་ནས་སུ། །བྱང་ཆུབ་མྱུར་དུ་འཚང་ཡང་རྒྱ། །ཉིན་ཞག་བདུན་དུ་ཚང་བར་ནི། །མཚན་རྣམས་འདི་དག་འཛིན་བྱེད་ན། །གང་གིས་འདྲེན་རྣམས་མཐོང་འགྱུར་བའི། །རྒྱ་ཆེན་མིག་ནི་སྦྱངས་པར་འགྱུར། །
འཇིག་རྟེན་མགོན་པོ་དེ་དག་གི །མཚན་རྣམས་མི་གང་འཛིན་བྱེད་པ། །སྐྱེ་བ་གང་དང་གར་སྐྱེ་བར། །དེ་ནི་ཕྱག་བྱའི་འོས་སུ་འགྱུར། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བ་བསམ་ཡས་སུ། །བཀུར་སྟི་མ་ཡིན་ཐོབ་མི་འགྱུར། །འཇིག་རྟེན་དག་ན་གྲགས་

པ་འཐོབ། །མཚན་རྣམས་འདི་དག་འཛིན་བྱེད་པ། །དེ་ལ་བསྐལ་པ་དུ་མར་ནི། །ལྷ་རྣམས་བསྟི་སྟང་བྱེད་པར་འགྱུར། །བྱང་ཆུབ་མྱུར་དུ་འཚང་ཡང་རྒྱ། །མཚན་རྣམས་འདི་དག་འཛིན་བྱེད་པ། །མོས་མེད་ཤེས་རབ་འཆལ་མི་འགྱུར། །གཡོ་དང་སྒྱུ་ནི་
རྣམ་པར་སྤངས། །རྟག་ཏུ་སངས་རྒྱས་རྣམས་ཀྱང་མཐོང་། །མཚན་རྣམས་འདི་དག་འཛིན་བྱེད་པ། །ལྷ་དང་དྲི་ཟ་ཀླུ་དབང་དང་། །མཁའ་ལྡིང་ལྷ་མིན་གསང་བ་པ། །རྟག་ཏུ་དེ་ལ་སྲུང་བར་བྱེད། །གཟུགས་དང་མཚན་ནི་ཕུན་སུམ་ཚོགས། །ནོར་ཆེན་ཁྱིམ་དུ་སྐྱེ་བར་
འགྱུར། །སེམས་ཅན་ཀུན་ལ་སྦྱིན་པར་བྱེད། །དཔའ་ཞིང་གཏོང་ཕོད་སེར་སྣ་མེད། །བསྐལ་པ་བྱེ་བ་བརྒྱ་མང་པོར། །ལྷ་ཡི་ཙནྡན་དམར་པོ་དང་། །ཤིན་ཏུ་དྲི་ཞིམ་སྤོས་ཀུན་གྱི། །སྤོས་ངད་དེ་ཡི་ཁ་ནས་འབྱུང་། །མཚན་རྣམས་འདི་དག་འཛིན་བྱེད་པ། །བསྐལ་པ་བྱེ་བར་
སྒྲ་སྐད་ནི། །ཚངས་པའི་དབྱངས་དང་ལྡན་པར་འགྱུར། །རྟག་ཏུ་ཆོས་རྒྱལ་ཚུལ་དང་ལྡན། །མཚན་རྣམས་འདི་དག་འཛིན་བྱེད་པ། །རིན་ཆེན་སྣ་བདུན་པདྨའི་འདབ། །བྱེ་བ་སྟོང་ཕྲག་མང་ཡོད་ལས། །འབྱོར་ཆེན་དེ་སྐྱེ་ལྷ་གཟུགས་ལྡན། །མཚན་རྣམས་འདི་དག་སུ་
འཛིན་པ། །དེ་ནི་ཕ་མ་སྤུན་སྡུག་དང་། །སྐྱེ་བོ་དག་གི་ཚོགས་རྣམས་དང་། །འབྲལ་བར་འགྱུར་བ་མི་མཐོང་ངོ་། །དྲང་སྲོང་ཆེན་པོ་རྣམས་ཀྱི་མཚན། །བུད་མེད་ཀྱིས་ནི་གཟུང་བྱས་ན། །བུད་མེད་ལུས་ལ་མ་ཆགས་ནས། །སྐྱེས་པ་བློ་གྲོས་ལྡན་པར་འགྱུར། །མི་ཡི་
ལུས་ནི་ཐོབ་གྱུར་ནས། །བླ་མེད་བྱང་ཆུབ་ཐོབ་འགྱུར་ཏེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །འདོད་པ་ཇི་བཞིན་མྱ་ངན་འདའ། །མཚན་རྣམས་འདི་དག་སུ་འཛིན་པ། །དེ་ཡི་ལུས་ལ་མཚོན་དང་ནི། །དུག་དང་མེ་དང་རྒྱལ་པོ་དང་། །གཡོན་ཅན་རྣམས་ཀྱིས་མི་ཚུགས་སོ། །
མཚན་རྣམས་འདི་དག་སུ་འཛིན་པ། །དེ་ཡི་སེམས་ལ་ནམ་ཡང་ནི། །དཔུང་དང་བཞོན་པར་བཅས་པ་ཡི། །བདུད་ཀྱིས་གླགས་རྙེད་མི་འགྱུར་རོ། །འདི་དག་གི་ནི་མཚན་གྱི་རྣམས། །མི་གང་འཛིན་པར་བྱེད་པ་དེ། །ཞིང་ནི་བྱེ་བ་བསམ་ཡས་པར། །ནམ་མཁའ་ལས་ནི་འགྲོ་བར་འགྱུར། །

སངས་རྒྱས་བསྟན་པ་རྣམས་མཆོད་ནས། །འཇིགས་པ་མེད་པར་ཞུ་བ་ཞུ། །དེ་དག་དེ་ཡི་བསམ་མཁྱེན་ནས། །རྒྱལ་བ་དེ་དག་ལུང་སྟོན་འགྱུར། །སངས་རྒྱས་མགོན་པོ་དེ་དག་ལས། །ལུང་བསྟན་པ་ནི་ཐོབ་གྱུར་ནས། །དེ་ནི་ཤིན་ཏུ་ཡི་རངས་ཏེ། །རྒྱལ་བའི་བསྟན་ལ་ཐེ་ཚོམ་མེད། །མཚན་རྣམས་
འདི་དག་འཛིན་བྱེད་པ། །འཇིག་རྟེན་མགོན་པོ་རྣམས་ལས་ནི། །ཟབ་མོའི་ཆོས་ནི་ཐོས་འགྱུར་ཏེ། །ཐོས་ནས་ཐམས་ཅད་འཛིན་པར་འགྱུར། །དེ་ནས་ཕ་རོལ་ཕྱིན་པ་དང་། །མི་འཇིགས་པ་དང་སྟོབས་རྣམས་དང་། །མཚན་དང་དཔེ་བྱད་བཟང་པོ་རྣམས། །མ་ལུས་པར་ནི་རྫོགས་པར་འགྱུར། །
སངས་རྒྱས་དེ་དག་རྣམས་ཀྱི་ནི། །གང་གི་ཞིང་དུ་འདོད་གྱུར་པ། །དེར་ནི་བླ་མེད་ཡང་དག་རྫོགས། །བྱང་ཆུབ་རྟོགས་ནས་འཚང་རྒྱར་འགྱུར། །སྐྱེས་པའམ་ནི་བུད་མེད་གང་། །མཚན་རྣམས་འདི་དག་འཛིན་པ་ཡི། །ཡོན་ཏན་འདི་དང་གཞན་དག་ཀྱང་། །སངས་རྒྱས་བསྐལ་པར་རྒྱུན་དུ་
གསུང་། །བག་ཡོད་ལྡན་པར་གྱུར་ནས་ནི། །ཡོན་ཏན་ཕུན་སུམ་འདི་ཐོས་ནས། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །དེ་དག་མཚན་རྣམས་འཛིན་པར་འགྱུར། །སངས་རྒྱས་འདི་དག་དཔལ་སྙིང་པོ། །སྤྲིན་གྱི་རྒྱལ་པོ་མི་ཡི་མཆོག །འཇིག་རྟེན་མགོན་པོ་འདི་དག་གི། །མཚན་ནི་བསྐལ་པར་
གང་ཉན་དང་། །གང་དག་འདི་རྣམས་མཚན་ཉན་ཅིང་། །ཐོས་ནས་གུས་པར་བྱེད་འགྱུར་བ། །དེ་དང་དེ་དག་ཤེས་རབ་ཆེ། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །དྲང་སྲོང་ཆེན་པོ་དེ་དག་གི། །འདི་འདྲའི་མཚན་དག་ཐོས་གྱུར་ནས། །བག་ཡོད་ལྡན་ཞིང་མཁས་གྱུར་ལ། །ཤེས་རབ་ལྡན་པ་སུ་མི་འཛིན། །
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་

ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སཔྟ་བུདྡྷ་ཀཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་
མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཏི་སེའི་རིའི་རྩེ་མོ་ལྷའི་གནས་ན་དྲང་སྲོང་གི་སྤྱོད་པ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་
འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ་དང་། མཐའ་ཡས་མེ་ཏོག་དང་། ཀུན་ནས་མེ་ཏོག་དང་།
དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིའི་རྩེ་མོའི་ནགས་ཁྲོད་དེ་ཉིད་ན་དགེ་སློང་ཞིག་འབྱུང་པོས་ཟིན་ནས་བརྡོལ་ཞིང་གཅེར་བུ་གོས་མེད་པ་ལག་པ་སྒྲེང་སྟེ་ངུ་ཞིང་འདུག་པ་
གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའི་དཀྱིལ་ན་ཀྱི་ཧུད་ཅེས་སྒྲ་འབྱིན་པ་འདི་དང་། དགེ་སློང་གཅེར་བུ་གོས་མ་མཆིས་ལ་ལག་པ་བསྟོད་པ་ཅིག་ཤོས་འདི་ཡང་སུ་ཞིག་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་
འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་འདི་ནི་ནད་ཀྱིས་བཏབ་པ་ཡིན་ནོ། །ཅིག་ཤོས་འདི་ཡང་ནད་ཀྱིས་བཏབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །ནད་ཐམས་ཅད་རབ་ཏུ་

ཞི་བར་བགྱིད་པ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་རིག་སྔགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་སྤྲུལ་པ་མཛད་དེ། དེ་ནས་ནམ་མཁའ་ལ་དེ་བཞིན་གཤེགས་པ་དྲུག་བྱུང་ངོ་། །བདུན་པ་ནི་བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་
འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། ཨོཾ་ཧ་ལ་ཧ་ལ། ཧི་ལ་ཧི་ལཱ་ཡ། ན་མོ་ཛ་ག་ན་མི་ཙ་ནཱ་ཡ། ན་མོ་ན་མཿསྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་
སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་གང་ལ་ལ་ཞིག་རིག་སྔགས་འདི་འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་ན། དེའི་ལུས་ལ་མཚོན་གྱིས་མི་ཚུགས། ཆུ་དང་མེའི་སྡུག་བསྔལ་བའི་ནད་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དུས་མ་ཡིན་པའི་འཆི་བས་
འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་དུག་ཟོས་ཀྱང་ཟས་བཞིན་དུ་འགྱུར་རོ། །ཟས་དང་སྐོམ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཟོས་ན་ཕ་རོལ་གྱི་གནོད་པ་མི་འབྱུང་ངོ་། །ནད་ཐམས་ཅད་ཀྱིས་བཏབ་པར་མི་འགྱུར་རོ། །རིང་དུ་འཚོ་བར་འགྱུར་རོ། །ཐོས་པ་འཛིན་པར་
འགྱུར་རོ། །དེ་བཞིན་གཤེགས་པ་བདུན་གྱི་གཟུགས་མཐོང་བར་འགྱུར་རོ། །མཚོན་བཏབ་པའི་རྣ་བར་བཟླས་བརྗོད་བྱས་ལ་སྣ་མའི་མར་སྦྱིན་ནོ། །མཛེ་དང་སྐྲངས་ནད་ཀྱིས་བཏབ་པ་རྣམས་ལ་སྣ་མའི་མར་དང་། ཨུཏྤ་ལ་སྔོན་པོ་དང་། ཤུ་ཏི་དང་། ཉེའུ་ཤིང་པ་རྣམས་བསྲེས་
པའི་མར་བྱིན་ན་ནད་ཐམས་ཅད་སོས་པར་འགྱུར་རོ། །ལས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་

ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་པ་ཙ་པ་ཙ་པཱ་ཙ་ཡ་པཱ་ཙ་ཡ། སརྦ་བྷཱུ་ཏཱ་ནཱཾ། ཙྪིནྡྷ་ཡ། ཀཱི་ལ་ཡ། བ་ར་བིདྱཱ་ནཱཾ་སྭཱ་ཧཱ། ནམ་མཁའི་སྙིང་པོ་སེམས་ཅན་ཐམས་
ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། བསྒོམ་ཉེས་པ་དང་། རྨི་ལམ་ངན་པ་ཐམས་ཅད་བཟློག་པ་དང་། དུས་མ་ཡིན་པར་འཆི་བ་དགག་པའི་ཕྱིར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གསུངས་ཤིང་ངས་ཀྱང་ད་ལྟར་བཤད་པའི་སྙིང་པོ་
འདི་ཟུང་ཤིག་ནམ་མཁའི་སྙིང་པོ་གང་ལ་ལ་ཞིག་ངའི་སྙིང་པོ་འདི་ཉིན་ལན་གསུམ་ཡིད་ལ་བྱེད་ན། དེ་ལ་ཕ་རོལ་གྱི་གནོད་པ་འབྱུང་བར་མི་འགྱུར་རོ། །གཉིད་ཀྱིས་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་རོ། །གཤིས་ངན་དུ་འཆི་བར་མི་འགྱུར་རོ། །
འདི་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར་ཞིང་མཉེས་པར་བྱེད་པར་འགྱུར་རོ། །དེ་ནས་འདིའི་ཆོ་ག་གཞན་ནི་ནད་ཐམས་ཅད་ལ་སྐུད་པས་བཅིང་བར་བྱའོ། །འདུས་པ་ལས་གྱུར་པ་ལ་སྣ་མའི་མར་ལ་བཟླས་བརྗོད་བྱས་ཏེ་སྦྱིན་ནོ། །ཆུས་ཕྱོགས་བཅིང་བར་
བྱའོ། །སྐུད་པས་བདག་བསྲུང་ངོ་། །བྱིས་པ་རྣམས་ཀྱི་གདོན་དག་ལ་སྐུད་པ་སྔོན་པོ་གདགས་སོ། །མཚོན་བཏབ་པའི་རྣ་བར་ལན་བདུན་བཟླས་བརྗོད་བྱའོ། །གཞན་དག་ལ་ཡང་རང་གི་བློས་སྦྱར་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་སྟེང་གི་ནམ་མཁའ་
ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་ཀ་ལ་ཀ་ལ། ཀི་ལི་
ཀི་ལི། ཀུ་ལུ་ཀུ་ལུ། ཀུ་ལོ་ཏ་སཱ་དྷ་ནཱ་ནཱཾ། ཀུ་རུ་སརྦ་གྲ་ཧཱ་ཎཱཾ་སྭཱ་ཧཱ། ནམ་མཁའི་སྙིང་པོ་གསང་སྔགས་ཀྱི་གཞི་འདི་དག་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱིས་གསུངས་ཤིང་ངས་ཀྱང་ད་ལྟར་བཤད་

པ་སྟེ། ནམ་མཁའི་སྙིང་པོ་ཁྱོད་ཀྱིས་གསང་སྔགས་ཀྱི་གཞི་འདི་དག་ཟུང་ཤིག །གང་ལ་ལ་ཞིག་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་དེའི་ལུས་ལ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། དབྱིག་དུག་གིས་མི་ཚུགས། རིམས་ནད་ཀྱིས་མི་འདེབས་ཤིང་།
ཆུ་དང་། དུས་མ་ཡིན་པར་འཆི་བ་དང་། གཤིས་ངན་དུ་འཆི་བར་མི་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་ནི་མ་གཏོགས་སོ། དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་ནང་པར་ལངས་ནས་མགོ་བཀྲུས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་
ལན་བརྒྱ་རྩ་བརྒྱད་བརྗོད་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་ལ་སེམས་ཅན་སྡང་བ་གང་དག་རྒྱལ་པོ་རྣམས་ཐོག་མར་སྨྲ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་དེའི་དབང་དུ་འགྱུར་རོ། །འཇིགས་པ་ཐམས་ཅད་ཀྱི་ནང་དུ་ཡིད་ལ་བྱའོ། །འཐབ་པ་དང་། འཐབ་
མེ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་དུ་སྐུད་པ་དཀར་པོ་གདགས་སོ། །མིག་ནད་ལ་ཤིང་འོ་མ་ཅན་ལས་སྐུད་པ་བྱས་ཏེ་རྣ་བ་ལ་གདགས་སོ། །དམག་རེངས་པར་བྱེད་པར་འདོད་པས་ཞོ་དང་། སྦྲང་རྩི་ལ་བཏགས་པའི་འབྲས་ཡོས་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །རཱ་ཛཱ་ནཱཾ་
རཱ་ཛཱ་མཱ་ཏྲམྦཱ་བ་ཤཱི་ཀ་ར་ཏུ་ཀཱ་མེ་ན། འོ་མ་ཅན་གྱི་ཤིང་གི་སྦར་ཤིང་གིས་མེ་བུས་ལ་བསྲེག་བྱ་ཏིལ་དག་ལན་སྟོང་སྦྱིན་སྲེག་བྱའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་དང་། སྡིག་པ་སྦྱང་ཞིང་དཔལ་ཆེན་པོ་དང་། ནོར་གྱི་ཕུང་པོ་ཆེན་པོ་བསྒྲུབ་པར་འདོད་ན་འོ་མ་ཅན་གྱི་ཤིང་
གི་སྦར་ཤིང་གིས་མེ་བུས་ལ་བསྲེག་བྱ་ཏིལ་དག་ལན་སྟོང་སྦྱིན་སྲེག་བྱའོ། །སྡིག་པ་ཇི་སྙེད་པ་ཐམས་ཅད་སྦྱང་བར་འདོད་པ་དང་། རིག་སྔགས་ཐམས་ཅད་འགྲུབ་པར་འདོད་པ་དང་། བདག་བཀྲུ་བར་འདོད་པས་ཤུ་ཏི་དང་། ན་ལ་དང་། ཁྲེ་དང་། ཤི་རི་ཤ་དང་། རྒྱ་སྤོས་དང་། གུར་
གུམ་དང་། གླ་སྒང་དང་། ཨིན་དྲ་བ་རུ་ན་དང་། བྱང་ཆུབ་ཀྱི་ཤིང་དང་། ཨ་མྲའི་མགོ་ཐོགས་དང་། འདི་རྣམས་ཀྱིས་བཀྲུ་བར་བྱ་སྟེ། སངས་རྒྱས་ཀྱི་སྤྱན་སྔར་ཉིན་ཞག་གཅིག་སྨྱུང་བ་བྱ་ཞིང་བུམ་པ་སར་པ་བཞག་སྟེ། ཟླ་བ་ཉ་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་སྙིང་པོས་ལན་སྟོང་

རྩ་བརྒྱད་བསྔགས་ལ་ཁྲུས་བྱའོ། །དུག་མི་གདུག་པར་བྱེད་པར་འདོད་པས་སངས་རྒྱས་ཀྱི་སྤྱན་སྔར་སེང་ལྡེང་གི་ཐུར་མ་བའི་ལྕི་བར་སྨྱུགས་པ་བརྒྱ་རྩ་བརྒྱད་མིང་ནས་སྨོས་ཏེ་སྦྱིན་སྲེག་བྱས་ན་དུག་མི་གདུག་པར་འགྱུར་རོ། །གདོན་དང་། སྲུང་བ་དང་། འབྱུང་པོ་ལ་
སོགས་པའི་ལས་ཐམས་ཅད་ལ་ཡང་སྦྱར་བར་བྱས་ན་བདེ་བར་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལོག་པར་དད་སེལ་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་།
འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿཀྲ་ཀུ་ཙྪན་ཡ། ཏ་ཐ་ག་ཏ་ཡ། ཨ་ར་ཧ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཨོཾ་ཀ་ཊ་ཀ་ཊ། ཀ་ཋ་ཀ་ཋ། ཀི་ཊི་ཀི་ཊི། ཀི་ཋི་ཀི་ཋི། ཀི་ཊཱ་པ་
ཡ་ན་མཿསྭཱ་ཧཱ། ནམ་མཁའི་སྙིང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོག་པར་དད་སེལ་ཅེས་བྱ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་གསུངས་ཤིང་རྗེས་སུ་ཡི་རང་བའི་སྙིང་པོ་འདི་ཁྱོད་ཀྱིས་ཟུང་ཤིག །བླངས་ཤིང་བཟུང་སྟེ་ཀུན་ཆུབ་པར་
བྱས་ན་ཕྱི་མའི་ཚེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་དེའི་ཚེ་དཀོན་མཆོག་གསུམ་ལ་དད་པ་རྙེད་ནས་ཁྲུས་བྱས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དག་གིས་མཆོད་པ་བྱས་ནས་གསང་སྔགས་འདི་ལན་བརྒྱ་རྩ་
བརྒྱད་བརྗོད་འབྱོར་པར་འགྱུར་ཏེ། ཚེ་རབས་བདུན་དུ་ཚེ་རབས་དྲན་པར་འགྱུར་རོ། །ལྷ་རྣམས་ཀྱི་ནང་དུ་ལྷའི་ཆེ་བ་ཉིད་ཐོབ་པར་འགྱུར་རོ། །ཡང་ན་མི་རྣམས་ཀྱི་ནང་དུ་འཁོར་ལོས་སྒྱུར་བར་འགྱུར་རོ། །ཡང་ན་ཆོ་ག་བཞིན་དུ་བསྒྲུབས་ན་དེ་མིར་སྐྱེ་བ་ཐ་མ་ཐོབ་པར་འགྱུར་ཏེ། འདི་
ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཚེ་འདི་ལ་ཡང་རྟག་ཏུ་བརྗོད་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །ཟས་དང་སྐོམ་གྱི་རྣམ་པ་ལ་ལན་བདུན་སྔགས་ཏེ་ཟོས་འཐུང་ན་ནད་ཐམས་ཅད་ལས་ཐར་བར་འགྱུར་

རོ། །ཇི་སྟེ་སྐོམ་ཞུ་བར་འདོད་ན་བཟའ་ཐམས་ཅད་ལ་ལན་སྟོང་རྩ་བརྒྱད་ཀྱིས་བཀྲུ་བར་བྱའོ། །ལྷོག་རྒལ་བཅད་ན་ཟངས་ཁབ་ཀྱིས་བྱའོ། །འཐབ་པ་དང་། རྩོད་པ་དང་། བཅིངས་པ་ཐམས་ཅད་ལས་ཐར་བར་བྱ་ན་ལན་བདུན་བཟླས་བརྗོད་བྱེད་ན་རྟག་ཏུ་ནོར་ཡང་འཕེལ་བར་
འགྱུར། བགེགས་དང་ལོག་འདྲེན་ཐམས་ཅད་ལས་ཀྱང་ཐར་བར་འགྱུར་རོ། །ཅི་སྟེ་དེ་བཞིན་གཤེགས་པ་མཐོང་བར་འདོད་ན་དེས་ཕྱོགས་གཙང་མར་འཇིག་རྟེན་གྱི་འཁོར་སར་དཀྱིལ་འཁོར་བསྐུས་ལ་ཨ་ག་རུས་བདུགས་ཏེ། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དེའི་དྲུང་དུ་སྔས་
ཤར་ཕྱོགས་སུ་བསྟན་ཏེ་ཉལ་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ཡིད་ལ་ཅི་སྣོས་པ་དེ་ཐམས་ཅད་སྟོན་ཏོ། །ཚེའམ་སྟོབས་སམ། ཕམ་རྒྱལ་ཐམས་ཅད་ཀྱང་སྟོན་ཏོ། །དེ་ནས་དེ་བཞིན་གཤེགས་པ་གསེར་ཐུབ་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་
ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར། གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སཾ་
མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ས་ར་ས་ར། ས་ར་ས་ར། སི་རི་སི་རི། སི་རི་སི་རི། སི་རཱ་ཡ། དྷ་མ་དྷ་མ། དྷ་མ་དྷ་མ། དྷུ་མ་དྷུ་མ། དྷུ་མ་དྷུ་མཱ་ཡ་ན་མོ་ན་མཿཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སཾ་མྱཀྶཾ་བུདྡྷ་ཡ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་གསེར་ཐུབ་ཀྱིས་བྱང་ཆུབ་
སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་གང་ལ་ལ་ཞིག་སྙིང་པོ་འདི་འཛིན་ཅིང་རྟག་ཏུ་བཟླས་བརྗོད་བྱེད་པ་དེ་ལ་མཚོན་གྱིས་འཇིགས་པ་མི་འབྱུང་། མེ་དང་། ཆུ་དང་། ལྕེ་འབབ་པས་འཆི་བའི་དུས་བྱེད་པར་མི་འགྱུར། དུག་ཐམས་ཅད་
ཀྱང་ཟས་དང་འདྲ་བར་ཐུབ་པར་འགྱུར། དུས་མ་ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མི་འགྱུར། གཤིས་ངན་དུ་འཆི་བར་མི་འགྱུར། ཚེ་རིང་བར་འགྱུར། ལོངས་སྤྱོད་ཆེ་བར་འགྱུར། རྟག་ཏུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། དེ་བཞིན་གཤེགས་པས་བྱིན་

གྱིས་བརླབ་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཇི་སྟེ་ཕ་རོལ་ནད་ལས་ཐར་བར་བྱེད་པར་འདོད་ན་ཅི་ནུས་སུ་གཏོར་མ་གཏོང་ཞིང་པོག་གམ། ཨ་ག་རུའི་བདུག་པས་བདུགས་ལ་བཟའ་ཐམས་ཅད་
ལ་ཁྲུས་བྱའོ། །མཛེ་དང་། སྐྲངས་ནད་དང་། མཆིན་སྐྲན་ལ་ཤུ་དག་འཇམ་པོ་བཏགས་ལ་སྦྲང་རྩི་དང་བསྲེས་ཏེ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་བསྔགས་ལ་བསྐུས་ན་མཛེ་ནད་ཐམས་ཅད་སོས་པར་འགྱུར་རོ། །ཞག་བཞི་པ་ལ་སངས་རྒྱས་
བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྣ་མའི་མེ་ཏོག་གི་ཕྲེང་བ་ལ་ལན་སྟོང་རྩ་བརྒྱད་བསྔགས་ཏེ་མིའི་མགོ་ལ་བཅིང་ན་ཞག་བཞི་པའི་རིམས་སོས་པར་འགྱུར་རོ། །མཚོན་བཏབ་པའི་རྣ་བར་བཟླས་བརྗོད་བྱས་ན། བརྗེད་བྱེད་ལས་ཐར་བར་འགྱུར་རོ། །ལུས་སྲུལ་པོས་ཟིན་པ་རྣམས་ལ་སངས་རྒྱས་
ལ་ཕུལ་བའི་མེ་ཏོག་གིས་བདུག་གོ། །དེ་ལ་སོགས་པའི་ལས་རྣམས་བྱེད་དེ། ལས་ཐམས་ཅད་པ་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་འོད་སྲུང་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་
དང་། འབྱུང་པོ་ཐམས་ཅད་བཟློག་པའི་ཕྱིར་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་ཧ་ར་ཧ་ར། ཧ་ར་ཧ་ར། ཧ་ཧ་ཧ། ན་མཿཀཱ་ཤྱ་པཱ་ཡ། ཏ་ཐ་ག་ཏ་ཡ། ཨ་ར་ཧ་ཏེ། སཾ་མྱཀྶཾ་བུདྡྷཱ་ཡ། སིད་དྷྱནྟུ་མནྟྲ་པ་
ད་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་འོད་སྲུང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་སྙིང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་དག་གིས་གསུངས་
པ་སྟེ། ནམ་མཁའི་སྙིང་པོ་ཁྱོད་ཀྱིས་ཀྱང་སྙིང་པོ་འདི་ཟུང་ཤིག་ཀུན་ཆུབ་པར་གྱིས་ཤིག །གང་ལ་ལ་ཞིག་འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཉིན་མོའམ། མཚན་མོ་ལན་གསུམ་གསུམ་བཟླས་བརྗོད་བྱས་ན་མདོར་ན་རྨི་ལམ་ནའང་དེ་བཞིན་གཤེགས་པ་མཐོང་

བར་འགྱུར་རོ། །དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་འགྱུར་ཏེ། སྔོན་གྱི་ལས་ནི་མ་གཏོགས་སོ། །ལས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །མཛེ་དང་། ཤ་གར་ལ་སོགས་པ་ལ་སངས་རྒྱས་ལ་ཕུལ་བའི་མེ་ཏོག་ལ་སངས་རྒྱས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་
བསྔགས་ཏེ། བཀླགས་ཤིང་བཀྲུས་ན་སོས་པར་འགྱུར་རོ། །ཀླད་པ་ན་བ་ལ་སངས་རྒྱས་ལ་ཕུལ་བའི་མེ་ཏོག་སངས་རྒྱས་ཀྱི་སྤྱན་སྔར་བཞག་སྟེ། སངས་རྒྱས་ཀྱི་སྤྱན་སྔར་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱའོ། །ཐམས་ཅད་དུ་ཡང་སྦྱར་བར་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྟེང་གི་ནམ་མཁའ་ལ་བཞུགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཕྱིར་རིག་སྔགས་འདི་དག་བཀའ་སྩལ་ཏོ། །ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། གྷུ་མེ་གྷུ་མེ། མ་ཧཱ་གྷུ་མེ། ཏ་ལེ་ཏ་ལེ། མ་ཧཱ་ཏ་ལེ།
ཙ་ལེ་ཙ་ལེ། མ་ཧཱ་ཙ་ལེ། དྷུ་རེ་དྷུ་རེ། མ་ཧཱ་དྷུ་རེ། ཏི་རི་ཏི་རི། མ་ཧཱ་ཏི་རི། ཀི་ལི་ཀི་ལི། མ་ཧཱ་ཀི་ལི། ཙུ་རུ་ཙུ་རུ། མ་ཧཱ་ཙུ་རུ། མི་ལི་མི་ལི། མ་ཧཱ་མི་ལི། ཏི་ལི་ཏི་ལི། མ་ཧཱ་ཏི་ལི། དྷུ་མེ་དྷུ་མེ། མ་ཧཱ་དྷུ་མེ། ཙ་ལེ་ཙ་ལེ། མ་ཧཱ་ཙ་ལེ། ཁི་རི་ཁི་རི། མ་ཧཱ་ཁི་རི། ཙི་ལི་ཙི་ལི། མ་ཧཱ་ཙི་
ལི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་ཀླད་པའི་ནད་བསལ་ན་མཚོན་དང་ལག་མཐིལ་གྱིས་བྱའོ། །སྤྲིན་བཟློག་ན་ཤིང་ཀ་ར་བཱི་རའི་
ལྕུག་མས་བྱའོ། །དུག་སྦྱོང་ན་ཆུས་བྱའོ། །ལས་གཞན་རྣམས་ཀྱང་བྱའོ། །ཁྲུས་ཀྱི་ཆོ་གས་སྦྱར་བར་བྱའོ། །ཆོ་ག་ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་
སྙིང་པོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

༄༅༅། རྒྱ་གར་སྐད་དུ། ཨཱརྱ་སརྦ་བུདྡྷཱངྒ་བ་ཏཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་
པ་དུས་གཅིག་ན། བཅོམ་ལྡན་འདས་གང་གཱའི་ཀླུང་ཆེན་པོའི་འགྲམ་ན་འཇིག་རྟེན་སྐྱོང་བ་བཞི་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་སྐྱེས་པ་
དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ལ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འབྱུང་ངོ་། །བཞི་གང་ཞེ་ན། འདི་ལྟ་སྟེ། རྒ་བ་དང་། ན་བ་དང་། རྒུད་པ་དང་། འཆི་བའོ། །དེ་ལ་ཡང་འཇིགས་པ་ཆེན་པོ་གཅིག་སྟེ། འདི་ལྟར་འཆི་བདག་གི་འཇིགས་པ་
ཆེན་པོ་སྟེ། བརྩམ་པ་མེད་པ། གཉེན་པོ་མེད་པ། རྟག་ཏུ་ཕྱི་བཞིན་འབྲང་བའོ། །རྒྱལ་པོ་ཆེན་པོ་དག་དེ་ལ་འཇིགས་པ་ཆེན་པོ་གཅིག་པོ་དེའི་གཉེན་པོ་ངས་འདིར་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་སྲོག་རབ་ཏུ་སྩལ་བས། སྐྱེ་དགུ་རྗེས་སུ་བཟུང་བ་འདི་ནི་དེང་བདག་ཅག་གི་རྙེད་པ་ལེགས་པར་རྙེད་དོ། །དེ་ནས་བཅོམ་ལྡན་འདས་ཤར་ཕྱོགས་སུ་ཐུགས་མངོན་དུ་ཕྱོགས་ཏེ་བཞུགས་ནས། སེ་གོལ་གྱི་སྒྲས་དེ་བཞིན་གཤེགས་པ་
ཐམས་ཅད་ལ་བསྐུལ་ཏེ། འདི་སྐད་ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་སུ་དག་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་བདག་གི་
གྲོགས་མཛོད་ཅིག །དེས་ན་བདག་ཅག་འདིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ནས་སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པར་འཆི་བ་རབ་ཏུ་བཟློག་པར་བགྱིའོ། །སྔོན་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་ཡང་བསྐོར་བར་བགྱིའོ་ཞེས་གསུངས་

སོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་གི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་ཏེ། འདི་སྐད་ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་སུ་དག་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་དོན་དུ་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་བདག་གི་གྲོགས་མཛོད་ཅིག་ཅེས་གསུང་ངོ་། །དེ་བཞིན་དུ་ཕྱོགས་མཚམས་རྣམས་སུ་ཡང་འདི་སྐད་ཅེས་གང་གི་ཕྱིར་འདི་དག་ཚེ་དང་། སྟོབས་དང་། ཁ་དོག་དང་ལྡན་པ་
ཡོངས་སུ་འགྲུབ་ཅིང་དུས་མ་ཡིན་པར་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་བར་སངས་རྒྱས་ཐམས་ཅད་བདག་གི་གྲོགས་མཛོད་ཅིག་ཅེས་གསུང་ངོ་། །དེ་ནས་ཕྱོགས་བཅུའི་སའི་ཁམས་ཇི་སྙེད་སངས་རྒྱས་ཀྱི་སྤྱན་ལ་སྣང་བར་གྱུར་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཏིལ་གྱི་གང་བུ་བཞིན་དུ་གང་སྟེ། དེ་དག་གིས་དེ་བཞིན་གཤེགས་པའི་གྲོགས་མཛད་པར་ཞལ་གྱིས་བཞེས་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་འདི་སྐད་ཅེས་གསུང་ངོ་། །ཏདྱ་ཐཱ། ཙ་ལཱ་ཙ་ལཱ་ཙ་ལེ། བི་ན་ཏི། སྭ་སྟི་ཀེ། ཙཀྲ་ཨངྒ་ཏི།
པྲ་ཤ་མནྟུ། སརྦ་རོ་ག་ཨ་ན་ཏྲེ། ཀུ་ན་ཊེ་མ་ཧཱ་ཀུ་ན་ཊེ། ཙ་རེ་ཙ་རེ་རེ། ཧེ་མ་གི་རི། ཧེ་མ་གཽ་རི། ཧེ་མ་ནི་ཤུནྟི། ཧེ་མ་སི་སི། ཀཽ་ར་བེ་ཀཽ་ར་བ་བེ། ཧེ་ཀུ་ར་རེ། ཀུ་ར་རེ། ཀུ་མ་ཏི། བི་ཥ་ས་མ་ཎེ། ཤི་ཥུ་བི། ཙ་ལེ་ཙ་ལེ། བི་ཙ་ལེ། མཱ་བི་ལམྦ་ཧུ་མུ་ཧུ་མུ་སྭཱ་ཧཱ།
གསང་བ་པའི་བདག་པོ་ཇི་སྙེད་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་ཉེ་བར་འདུག་ནས་དེ་དག་གིས་སྨྲས་པ། ཧཱུྃ་ཧཱུྃ་སི་སི་སྭཱ་ཧཱ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་
ཆེན་པོ་རྣམ་ཐོས་ཀྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྲུང་བར་བགྱིའོ། །དུས་མ་ལགས་པར་འགུམ་པ་ལས་བཟློག་པར་བགྱིའོ། །ཏདྱ་ཐཱ། ཤྭེ་ཏེ་ཤྭེ་ཏེ། ལེ་ལི་ལི། འཕགས་སྐྱེས་

པོས་ཀྱང་སྨྲས་པ། མཱ་ཏངྒེ་མཱ་ཏངྒེ། མཱ་ཏངྒི་ནི། ཤཱུ་མཱ་ཤཱ་མུ། ཡུལ་འཁོར་སྲུང་གིས་ཀྱང་སྨྲས་པ། ཙ་རེ་ཙ་རེ་རེ་སྭཱ་ཧཱ། མིག་མི་བཟང་གིས་ཀྱང་སྨྲས་པ། བ་ལམྤི་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་
དག་གང་ལ་ལ་ཞིག་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་རིག་སྔགས་འདི་ཉིན་རེ་ལ་ལན་རེ་འདོན་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །
འདིས་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་ཕན་བཏགས་པར་འགྱུར་རོ། །གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་གཅིག་བཞིན་དུ་ཚིག་ཏུ་འདོན་པ་དང་། གང་ཡང་འདི་ཀློག་པ་དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མེད་དོ། །དེའི་ལུས་ལ་ནད་ངན་པ་འབྱུང་བར་
མི་འགྱུར་རོ། །ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །མེས་མ་ཡིན། མཚོན་གྱིས་མ་ཡིན། དུག་གིས་མ་ཡིན། ལྕེ་འབབ་པས་མ་ཡིན་ནོ། །གང་ན་རྒྱལ་བའི་བུ་དག་རིག་སྔགས་འདོན་པའི་ས་ཕྱོགས་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་
ཀྱིས་དགོངས་པར་རིག་པར་བྱའོ། །ཡི་གེར་འདྲིའམ། །ཡི་གེར་འདྲིར་འཇུག་པ་དེས་སངས་རྒྱས་བཅོམ་ལྡན་འདས་ལ་རིམ་གྲོར་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ལ་རིམ་གྲོ་བྱེད་པ་ནི་སངས་རྒྱས་ལ་རིམ་གྲོ་བྱེད་པ་
ཡིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་གསུང་བའི་ཕྱིར་རོ། །སུ་ཞིག་གིས་འདི་བྲིས་ནས་ཡན་ལག་ལ་བཏགས་ན་དེའི་ཡན་ལག་ཐམས་ཅད་བསྲུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་ཆེན་པོ་བཞི་དང་། ཐམས་ཅད་དང་
ལྡན་པའི་འཁོར་དེ་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས་

རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།
༄༅། །རྒྱ་གར་སྐད་དུ། ཨཱརྱ་བུདྡྷ་ཧྲྀ་ད་ཡཾ་ནཱ་མ་དྷཱ་ར་ཎཱི་དྷ་རྨ་བི་པརྱཱ་ཡ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་
གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཀྱི་དབྱེ། དགོན་པ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས། ཡེ་ཤེས་ཀྱི་རྣམ་པར་དཔྱད་པ། སྔོན་གྱི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ཀྱིས་
མངོན་པར་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གནས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སྤྱོད་པ་ཀུན་ནས་འོད་ཀྱི་ཁང་བཟངས་ཀྱི་དབུས་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་
འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་ལུང་བསྟན་པ། ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས། ཐམས་ཅད་ཀྱང་གཟུངས་དང་ཏིང་ངེ་འཛིན་སྣ་ཚོགས་ཐོབ་པ་ཤ་སྟག་གིས་ཡོངས་སུ་
བསྐོར་ཅིང་མདུན་གྱིས་བལྟས་ནས་ཐབས་ཅིག་ཏུ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་འཁོར་རྒྱ་ཆེན་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་
ཐུགས་བརྩེ་བ་དང་། ལྷ་དང་མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་

གྲངས་ཡོད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་
ཏུ་སྟོན་ཏམ། དད་དམ། ལྷག་པའི་བསམས་པས་མོས་པར་བྱེད་ན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཆོས་ཐམས་ཅད་འཛིན་པ་དང་མི་འབྲལ་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་
འགྱུར། དེ་བཞིན་གཤེགས་པ་ལ་ལྟ་བ་དང་། བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར། ཆོས་ཉན་པ་དང་མི་འབྲལ་བར་འགྱུར། དགེ་འདུན་ལ་རིམ་གྲོ་བྱེད་པ་དང་མི་འབྲལ་བར་འགྱུར། བསྐལ་པ་སྟོང་དུ་འཁོར་བའི་སྲིད་པའི་རྒྱ་མཚོ་ཕྱིར་བསྙིལ་བར་འགྱུར།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་རབས་དྲན་པར་འགྱུར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་ལ་འབྱུང་པོའི་ཚོགས་ཐམས་ཅད་བསྲུང་བར་
འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དགའ་བར་འགྱུར། དེའི་ལུས་ལ་ནད་ཀྱིས་མི་ཚུགས་པར་འགྱུར། ཕ་རོལ་གྱི་གནོད་
པས་འཆི་བའི་དུས་བྱེད་པར་མི་འགྱུར། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བས་འཆི་བའི་དུས་བྱེད་པར་མི་འགྱུར། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་སྐབས་རྙེད་པར་མི་འགྱུར་ཏེ། གང་
དུ་ཡིད་ལ་བྱས་པ་དེར་བདུད་ཀྱི་རིས་ཀྱི་ལྷ་དེ་དག་ཐམས་ཅད་སྐྲག་ཅིང་དངངས་ལ་དངངས་པར་འགྱུར་ཞིང་ཕྱོགས་བཅུར་འབྲོས་པར་འགྱུར་རོ། །དེ་ལ་འདི་དག་ནི་སངས་རྒྱས་ཀྱི་ཚིག་གོ། །སངས་རྒྱས་ཀྱི་ཚིག་ཆེན་པོའོ། །སངས་རྒྱས་ཀྱིས་གནང་བའི་ཚིག་ཆེན་པོའོ། །སངས་

རྒྱས་ཐམས་ཅད་ཀྱི་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་ཡིན་ནོ། །ཏདྱ་ཐཱ། བུདྡྷེ་སུ་བུདྡྷེ། མ་ཧཱ་བུདྡྷེ། ཨི་ཧ་བུདྡྷེ། ཏ་ཏྲ་བུདྡྷེ། བུདྡྷེ་བུདྡྷེ། བུདྡྷེ། བུདྡྷེ་མ་ཏི་བུདྡྷེ། སརྦ་བུདྡྷ། ཨ་ནུ་མ་ཏེ། སརྦ་བུདྡྷེ། ཨ་ནུ་ཛྙཱ་ན་ཏེ། བུདྡྷ། བུདྡྷ།
བུདྡྷ། བུདྡྷ། བུདྡྷ། བུདྡྷ། བུདྡྷ། བུདྡྷ། བུདྡྷ། བུདྡྷ། སངས་རྒྱས་ཀྱི་ཡུལ་མཐའ་ཡས་ཏེ། ཆོས་བསྟན་པ་ཡང་མཐའ་ཡས་མོད་ཀྱི། གཅིག་ཏུ་ཡིད་ལ་བྱ་བ་ནི་མདོར་ན་ཆོས་སྒོམ་པའོ། །གཟུངས་འདི་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་ཕྱིར་
སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ། །ཏདྱ་ཐཱ། ཤུདྡྷེ། སུ་ཤུདྡྷེ། སུ་ཤུདྡྷེ། ཤོདྡྷ་ནི། སཾ་ཤོདྡྷ་ནི། སཾ་ཤོདྡྷ་ནི། ནིརྨ་ལེ་མ་ལ་ཨ་པ་ག་ཏེ། ག་ཏེ་ས་མཱ་ཏི་ཀྲནྟི། ཀྲ་མེ་ས་ས་མ་ས་རེ། ས་རཱ་ས་ར་པ་རེ་ཨ་ཤོ་ཀེ །བི་
ཤོ་ཀ །ཤོ་ཀ་ཤ་མ་ནི། ཤཱནྟེ། ཨུ་པ་ཤཱནྟེ། པྲ་ཤཱནྟེ། ཨ་བ་བྷཱ་སེ། སརྦ་པུ་ཎྱེ་པ་རི་མིཎྜི་ཏེ། སརྦ་དྷརྨ་པྲ་ཏི་མཎྜི་ཏེ། ཧ་ར་ཧ་ར། མ་ལ་ཧ་ར། ཙ་ར་ཙ་ར། སཾ་ཙ་ར། ཙ་ལ་ཙ་ལ། སཾ་ཙ་ལ། ཏ་ལ་ཏ་ལ་མ་ཏ་ལ། ས་མ་ཏ་ལ། རི་ཎེ་རི་ཎེ། སུ་རི་ཎེ། ས་
མ་རི་ཎེ། རི་ཎ་མ་ཏི་ལོ་ཀ་དྷ་རེ། ལོ་ཀ་དྷ་རི་ཎེ། དྷ་ར་དྷ་ར། ཌ་ར་ཌ་ར། རོ་དྷ་རོ་དྷ། མ་ཧ་བི་ཛ་ཡ། བཱ་ཧི་ནི། ཧ་ན་ཧ་ན། སརྦ་བུདྡྷེ། ཧྲི་ཕྲེ་ཤི་ཏྲ་སི། སརྦ་ཛྙཱ་པ་ཐེ། སརྦ་ཛྙཱ་པ་ར་མི་ཏེ། མ་ཧ་པྲ་ཏི་བྷཱ་ན། སཾ་པནྣེ། ས་མནྟ། ཨ་ལོ་ཀེ་བུདྡྷེ། བི་ཥ་ཡེ།
བུདྡྷ། པྲ་ཏི་མཎྜི་ཏེ། བྷ་ག་བ་ཏེ། ས་ར་ས་ར། པྲ་ས་ར་པྲ་ས་ར། བི་ས་ར་བི་ས་ར། པྲ་ས་ར་སརྦ་ཤོ་ཀ་ཨ་པ་ག་ཏེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྙིང་པོའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་མ་ཐག་ཏུ་རི་དང་གནས་སུ་བཅས་པ་དང་། ཚལ་
རྣམ་པ་དྲུག་ཏུ་གཡོས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱིས་ཡང་གཡོས། རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས་སོ། །རྒྱ་མཚོ་ཆེན་པོ་ཡང་འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། །རིའི་རྒྱལ་པོ་རི་རབ་ཀྱང་ལྡེག་ཅིང་

འགུལ་ཏོ། །བདུད་ཀྱི་གནས་ཐམས་ཅད་ཀྱང་སྐྲག་ནས། བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། བདུད་སྡིག་ཅན་རྣམས་ཤིན་ཏུ་སྡུག་བསྔལ་ཞིང་ཡིད་མི་བདེ་བར་གྱུར་ནས་ཉམ་ཐག་གོ། །སེམས་ཅན་གང་དག་ས་ཆེན་པོ་གཡོས་པར་མཐོང་བ་དེ་དག་གིས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་ཆེད་དུ་བརྗོད་དོ། །ལྷ་གང་དག་སངས་རྒྱས་ལ་
མངོན་པར་དད་པ་དེ་དག་གིས་ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར་ནས། གང་དག་སངས་རྒྱས་ལ་སྐྱབས་སུ་དོང་བ་དེ་དག་ཐམས་ཅད་རབ་ཏུ་དགའ་བ་སྐྱེས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཤཱཀྱ་སེང་གེ་
ཡང་དག་རྫོགས་པ་ཡི། །སངས་རྒྱས་སྐྱོབ་པས་སྐད་ཅིག་ཡུད་གང་ལ། །སངས་རྒྱས་ཐམས་ཅད་ཀྱི་ནི་སྙིང་པོ་ཡི། །གཟུངས་འདི་དག་ནི་རབ་ཏུ་བཤད་པ་ཡི། །སྐད་ཅིག་ཡུད་དེར་ས་ཡང་རྣམ་དྲུག་གཡོས། །རྒྱ་མཚོ་འཁྲུགས་ཤིང་བདུད་ཀྱི་གནས་ཀུན་ཀྱང་། །
རབ་ཏུ་གཡོས་ནས་བདུད་ཀྱི་རིས་རྣམས་ཀྱི། །ལྷ་དག་རབ་ཏུ་དངངས་ཤིང་འཁྲུགས་པར་འགྱུར། །བདུད་ཡིད་མི་བདེ་སྡུག་བསྔལ་མྱ་ངན་ནོན། །དེ་ཚེ་ལྷ་རྣམས་ངོ་མཚར་རབ་ཐོས་ནས། འཇིག་རྟེན་མགོན་ལ་མཆོད་པ་བྱ་བའི་ཕྱིར། །ནམ་མཁར་གནས་ནས་མེ་ཏོག་མན་
དཱ་འཐོར། །གང་དག་སངས་རྒྱས་མངོན་དང་གཞན་རྣམས་ཀྱི། །སེ་མོ་དོ་དང་དོ་ཤལ་སྤོས་རྣམས་དང་། ཕྱེ་མ་དག་དང་བྱུག་པ་གོས་རྣམས་དང་། །རྒྱན་དང་དཔུང་རྒྱན་དག་ཀྱང་རབ་ཏུ་འབུལ། །བརྒྱད་པོ་འདི་དག་ནི་དེའི་ཡོན་ཏན་གྱི་ཕན་ཡོན་གྱི་རྒྱན་དུ་འགྱུར་བའོ། །
བརྒྱད་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱན་དང་། ཐོས་པ་ཐམས་ཅད་ཡོངས་སུ་ཚོལ་བས་མི་ངོམས་པའི་རྒྱན་དང་། ཆོས་ཟབ་མོ་རྣམ་པར་ངེས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱན་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་

མཆོག་མ་ཡིན་པར་ཤེས་པའི་རྒྱན་དང་། ཇི་ལྟར་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་ལ་ཚུལ་བཞིན་སོ་སོར་རྟོག་ཅིང་དཔྱོད་པའི་རྒྱན་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་མི་དམིགས་པའི་རྒྱན་དང་། རྒྱན་དེ་ཡང་
སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཐབས་ལ་མཁས་པའི་རྒྱན་དང་། གཟུངས་ཐོབ་པའི་རྒྱན་ཏེ། བརྒྱད་པོ་དེ་དག་ནི་དེའི་ཡོན་ཏན་གྱི་ཕན་ཡོན་གྱི་རྒྱན་དུ་འགྱུར་རོ། །གཟུངས་འདི་རྟག་པར་རྒྱུན་དུ་ཡིད་ལ་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །
གཟུངས་ཀྱི་གཞི་འདི་དག་རྣམས་ཡིད་ལ་བྱས་ན་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །པདྨ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། །ནད་ཐམས་ཅད་དང་། ན་བ་ཐམས་ཅད་ལ་ལག་པས་བྱབ་པར་བྱའོ། །བཟླས་བརྗོད་ཀྱང་དཔག་ཏུ་
མེད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་
འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་
ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་བུདྡྷ་ཧྲྀ་ད་ཡཾ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་
གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོའི་འགྲམ་གྱི་སྐྱེད་མོས་ཚལ་ན་སངས་རྒྱས་ཀྱི་སྤྱོད་ཡུལ་གྱི་ཤིང་ལྗོན་པ་ཀུན་ནས་སེང་གེའི་ཁྲི་ལ་བཞུགས་ཏེ།

ལྷའི་འཁོར་གྱིས་ཀུན་ནས་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང་ཕྱུག་ཆེན་པོ་དཀའ་ཐུབ་བཟང་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེའི་ཕྱིར་ལེགས་
པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དེ་བཞིན་གཤེགས་པ་ཕྱི་མའི་དུས་ན། འཁོར་བཞི་བསྡུ་བ་དང་། རྗེས་སུ་གཟུང་བ་དང་། ཀུན་ཏུ་རྗེས་སུ་གཟུང་བ་དང་། ཁྱད་པར་དུ་འགྲོ་བར་བྱ་བ་དང་། དོན་ཐམས་ཅད་དང་། ཆོས་ཐམས་ཅད་
དང་ལྡན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་རྣམ་པ་ཐམས་ཅད་དུ་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སྟོན་ཏོ། །འཆང་ངོ་། །
དེ་ཁྱེད་ཀྱི་ཟུང་ལ་ད་ལྟར་དང་ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་འཁོར་རྣམ་པ་བཞི་རྣམས་ལ་སྟོན་ཅིག །ཤོད་ཅིག །ཡལ་བར་མི་དོར་བར་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ། །ཇི་ཙམ་དུ་ཕོངས་
པར་གྱུར་པ་རྣམས་དང་། སྒྲིབ་པ་དང་ལྡན་པ་རྣམས་ལ་དེ་བཞིན་གཤེགས་པའི་གསུང་བསྐྱང་ཞིང་ངེས་པར་བསྟན་པར་བྱ། བསྒྲག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་བགྱི་སྟེ། དེ་བཞིན་གཤེགས་པས་ཇི་སྐད་བཀའ་སྩལ་པ་དེ་
བཞིན་དུ་འཚལ་ལོ། །དེ་བཞིན་གཤེགས་པའི་བཀའ་བཞིན་འདི་ནན་ཏན་གྱིས་ཡོངས་སུ་རྫོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། ཏདྱ་ཐཱ། ཨ་མ་ལེ།
ནིརྨ་ལེ། སརྦ་ཨཱ་ཀཱ་ར་ཨརྠ་པ་རི་བྲཱཔྟེ། ཨ་ས་མནྟ་སརྦ་ཀུ་ན་ཨཱ་ཀཱ་རེ་ཏྲྱ་དྷྭ། ཨ་སཾ་ག་ཨ་ནཱ་བྲྀ་ཏེ། ས་མནྟ་ད་ཤ་དི་ཤ །པ་རི་པཱུརྞ་ཛྙཱ་ནེ། སརྦ་ཨ་སཾ་ག་དརྴ་ན་བྲཱཔྟེ། སརྦ་དྷརྨ་མ་བི་ཤ་ཏ་པ་རི་པཱུརྞེ། སརྦ་ཨཱ་ཀཱ་ར། ཨ་སཾ་ག་ས་མ་ནྭི་ཏེ། ས་མནྟ་ཨ་པྲ་

ཏི་ཧ་ཏ་ཛེ་ཏྲྱ་དྷྭ་ད་ཤ་སུ། དི་ཀྵུ་པ་རི་བྲཱཔྟ་ཨརྠེ། ཤཱནྟ། པྲ་ཤཱནྟ། ཨུ་པ་ཤཱནྟ། ས་མ་ཤཱནྟ། བི་མོ་ཀྵ་ཨ་ནུ་བྲཱཔྟེ། སུ་པྲ་ཏི་བུདྡྷ་དྷརྨ་དྷཱ་ཏུ། ཨ་ཏྱནྟ་སུ་ནི་སྲི་ཏེ། སརྦ་ཨཱ་ཀཱ་ར་ནི་ས་ས་རཱ་ཎ། ཨ་ན་བ་ཤེ་ཥ་པཱ་རངྒ་ཏེ། བི་པྲ་མུཀྟ། ཨ་སཾ་ཡོ་ག །
བི་པྲ་ཡོ་གསྠི་ཏེ་དྷརྨ་ཏེ། ག་ག་ན་ས་མ། པྲ་ཀྲྀ་ཏི་པ་རི་ཤུདྡྷ། ནིརྨ་ལེ། ཨ་ས་མནྟ། ཏྲྱདྷྭ་ཨ་ནུ་ག་ཏ། སུ་བྲཱཔྟེ་པཱུ་རྦནྟ། ཨ་པ་རནྟ། མ་དྷྱ་ཏྲྱ་དྷྭ་ས་མནྟ་ཨ་ནུ་བྲཱཔྟེ། ཨ་ན་བ་ཤེ་ཥ། པ་རི་ཛྙཱ་པྲ་ཧ་ན། བྷ་བ་ན། ས་ཀྵཱད་ཀྲི་ཡ་པ་ར་མ་པ་རངྒ་ཏེ། ཡ་
ཐཱ་བཱ་དི་ཏ་ཐཱ་ཀཱ་རི། སརྦ་ཨཱ་ཀཱ་ར་སམ་པནྣེ། སརྦ་ཨཱ་ཀཱ་ར་མ་ཧཱ། མཻ་ཏྲི་མ་ཧཱ་ཀ་རུ་ཎཱ། སརྦ་ཨཱ་ཀཱ་རཱ་ས་མ་ས་གྲ་ཧ་ཨ་ནུ་བྲཱཔྟེ། ལྷའི་བུ་དག་འདི་ནི་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་
པའི་འཁོར་བཞི་པོ་ལས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ལུས་ལ་ཐོགས་སམ། ལེགས་པར་ཁ་ཏོན་དུ་བྱས་ཏེ་འཛིན་པ་དེས་དམན་པའི་སེམས་སུ་མི་བྱ་སྟེ། དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་དེ་དག་གི་སྤྱི་གཙུག་གི་སྟེང་གི་མཚམས་སུ་
གནས་པར་འགྱུར་རོ། །ཁ་ཅིག་ནི་ངེས་པར་སངས་རྒྱས་མཐོང་བར་འགྱུར་རོ། །ཁ་ཅིག་ནི་ཐོས་པར་འགྱུར། ཁ་ཅིག་ནི་ཆོས་སྟོན་པར་འགྱུར། ཁ་ཅིག་ནི་གཟུངས་མི་བརྗེད་པར་འགྱུར། སློབ་པ་ལམ་ལ་གནས་པ་རྣམས་ནི་ལམ་གྱི་རྒྱུན་མི་
འཆད་ཅིང་ཆོས་སྟོན་པ་རྒྱུན་མི་འཆད་པར་འགྱུར། ཀུན་ཏུ་འཛིན་པ་མི་བརྗེད་པར་ཡང་འགྱུར། སྐྱེ་བ་གཅིག་གིས་ཐོགས་པ་གྲུབ་པར་འགྱུར། དེ་དག་དང་ལྡན་ན་ཐོས་པ་རྒྱ་མཚོ་ཐམས་ཅད་ཀྱི་གཟུངས་ཐོབ་པར་འགྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་
འགྱུར་བ་ནས་སངས་རྒྱས་ཀྱི་རྣམ་པར་ཐར་པ་སྒྲིབ་པ་མེད་པ་དང་། ཡོངས་སུ་རྫོགས་པའི་བར་དུ་རྗེས་སུ་ཐོབ་པར་འགྱུར་རོ། །ཁྱེད་ཀྱིས་ཚེ་འདི་ལ་ངའི་བསྟན་པའི་དགོངས་པ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར་

བསྟན་པར་བྱ་ཞིང་བསྒྲག་པར་བྱའོ། །ཡལ་བར་མི་འདོར། ཕྱི་བཤོལ་མི་བྱ། བརྗེད་པར་མི་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་སྙིང་པོ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་
གྲངས་འདི་སླད་མའི་དུས་ན་འཁོར་བཞི་རྣམས་ལ་ཕྱི་བཤོལ་མ་མཆིས་པ་དང་། མི་བསྐྱུད་པར་བསྟན་པར་བགྱི། བཤད་པར་བགྱིའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར་བསྟན་པར་བགྱི་ཞིང་བསྒྲག་པར་བགྱིའོ། །དེ་ན་དེ་བཞིན་
གཤེགས་པའི་བཀའ་ལུང་དང་མཐུན་པར་འགྱུར། བདག་ཅག་གིས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་དོན་ཆེན་པོ་དང་ཕན་པའི་དངོས་པོ་ཆེན་པོར་འགྱུར་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་གྱིས་ཤིག །འདི་ནི་ཁྱེད་ལ་རྗེས་སུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དབང་ཕྱུག་ཆེན་པོ་དཀའ་ཐུབ་བཟང་པོ་ལ་སོགས་པ་གནས་གཙང་མའི་རིས་
གྱི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།
དཱ་ན་ཤཱི་ལ་དང་། ཞུ་ཆེན་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་པུཥྤ་ཀཱུ་ཊ་ནཱ་མ་དྷཱ་ར་ཎཱི།
བོད་སྐད་དུ། འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པ་ན། ཀླུའི་རྒྱལ་པོ་མ་དྲོས་

པའི་ཁང་པ་ན། དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ནས་འདུས་པ། བྱང་ཆུབ་སེམས་དཔའ་སྟོང་དུ་ཚང་བ་ཐམས་ཅད་ཀྱང་གཟུངས་ཐོབ་པ།
ཏིང་ངེ་འཛིན་ཐོབ་པ། སྐྱེ་བ་གཅིག་གིས་ཐོགས་པ། ས་བཅུ་ལ་རབ་ཏུ་གནས་པ། དེ་མ་ཐག་ཏུ་རྒྱལ་ཚབ་ཏུ་དབང་བསྐུར་བས་དབང་བསྐུར་བ། གོ་ཆ་ཆེན་པོ་བགོས་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་ཐེ་ཙོམ་མེད་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། །དེའི་
ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་
གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ན་
དེའི་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་
དེ་བཞིན་གཤེགས་པ་ལ་མཆོད་པ་བགྱི་ན་དེའི་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར་ཞེས་སེང་གེ་རྣམ་པར་རྩེ་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དཔག་ཏུ་མེད་པ། ཏིང་ངེ་འཛིན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་
པ། རྣམ་པར་གྲོལ་བ་དཔག་ཏུ་མེད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པ་སྟེ། སེང་གེ་རྣམ་པར་རྩེ་བ་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་

པའི་རྣམ་པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་ཤེས་པར་བྱའོ། །སེང་གེ་རྣམ་པར་རྩེ་བ་གང་ལ་ལ་དག་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། མཆོད་པ་བྱེད་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཉན་ཐོས་
ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། །ཐེག་པ་ཆེན་པོའམ། ཐེག་པ་གསུམ་ལས་ཐེག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སེང་གེ་རྣམ་པར་རྩེ་ཡང་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
མཐོང་ནས་སེམས་དང་བར་གྱུར་ལ། དད་པའི་སེམས་ཀྱིས་རྙེད་པ་དང་། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་ཤིང་། རི་མོར་བྱས་ཏེ་མཆོད་ཅིང་རྗེད་ལ། རིམ་
གྲོར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གྱི་མཆོད་རྟེན་ལ་མཆོད་པ་བྱས་པའི་རྣམ་པར་སྨིན་པ་ནི་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ། །སེང་གེ་རྣམ་པར་རྩེ་བ་བྱང་ཆུབ་སེམས་
དཔའ་ཁྱིམ་པ་གང་ཞིག་གིས་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་འབུལ་བར་ཕུལ་བ་བས་བྱང་ཆུབ་སེམས་དཔའ་གང་རབ་ཏུ་བྱུང་ནས་ཀཱཪྵཱ་པ་ཎ་གཅིག་ཙམ་
དབུལ་བར་ཕུལ་ལ། ཕུལ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དགེ་བའི་རྩ་བ་སྔ་མ་དེས་དགེ་བའི་རྩ་བ་ཕྱི་མའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་།
བསྐྲུན་པ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །སེང་གེ་རྣམ་པར་རྩེ་བ་ག