Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན
Văn bản gốc(Tây Tạng)
Trang 22 / 22 (50.000 ký tự/trang)
ྒྱད་དུ། །དེ་ཚེ་ས་ལ་རྒྱལ་སྲིད་བྱས། །བྲམ་ཟེ་རྣམས་ལ་ནོར་བྱིན་ནས། །ཐེ་ཚོམ་ མེད་པར་དུས་ཀྱང་བྱས། །དེ་ནས་གཞན་ཡང་ས་བདག་ནི། །དེ་ཚེ་རྒྱལ་པོ་བཟང་པོ་བྱུང་། །དེ་ཡང་དམངས་རིགས་སྐྱེ་ནས་ནི། །ཡན་ལག་མ་ཚང་ངན་པ་ཉིད། །ཆོས་མིན་ཕལ་ཆེར་ཚུལ་ཁྲིམས་འཆལ། །འཐབ་པ་ལ་ཡང་རྟག་ཏུ་དད། །བྲམ་ཟེའི་ཚོགས་ དང་རྒྱལ་ཕྲན་དང་། །སྡོམ་བརྩོན་དེ་བཞིན་རབ་བྱུང་བ། །ཀུན་ལ་ཡང་ནི་གནོད་བྱེད་ཅིང་། །རྟག་ཏུ་ཚར་གཅོད་དག་ལའང་དགའ། །དྲག་པོས་འདུལ་བར་བྱེད་པ་དང་། །དེ་བཞིན་རྐུན་མ་རྣམས་ཀྱང་གསོད། །མ་རུངས་ཐམས་ཅད་གནོད་བྱེད་ཅིང་། །ཡ་མཚན་ཅན་གྱི་བརྟུལ་ཞུགས་ སྟེན། །རྣམ་པར་གྲོལ་ལའང་སྦྱིན་མི་བྱེད། །དེ་ཚེ་རྒྱལ་སྲིད་བྱེད་པར་འགྱུར། །ལོ་ནི་བཅུ་དང་བདུན་གྱི་བར། །དེར་ནི་ས་བདག་འཚོ་བར་འགྱུར། །མཛེ་ཡི་ནད་ཀྱིས་སྡུག་བསྔལ་ནས། །དེ་ནས་དུས་བྱས་དུད་འགྲོར་འགྲོ། །དུད་འགྲོ་དག་ལས་ཀླུ་རྒྱལ་དུ། །གདེངས་ཀ་ཆེ་ ལྡན་མགྱོགས་པར་འགྲོ། །མཆོག་ཏུ་འཇིགས་རུངས་ལུས་ལྡན་ཞིང་། །དེ་ཚེ་སྒྲ་ནི་དྲག་པར་སྒྲོགས། །དེ་ལ་ལོར་ནི་མི་འདོད་པ། །ཡུན་རིང་སྡུག་བསྔལ་རྗེས་སུ་མྱོང་། །ས་སྲུང་འཇིག་རྟེན་འཕེལ་བྱེད་པ། །འཇིག་རྟེན་ཀུན་གྱིས་ཤེས་པ་སྟེ། །ལུས་ཅན་ཤར་ཕྱོགས་གནས་པ་ཡིན། ། རྒྱལ་པོ་ཡི་གེ་པ་ཞེས་པའི། །རྒྱུད་རྣམས་རྒྱུད་དུ་སྐྱེས་པ་གཞན། །རྒྱལ་རིགས་དཔའ་བོ་རྣམ་པར་གནོན། །དེ་བཞིན་རྒྱ་མཚོ་གསུམ་གྱི་བདག །བདེ་ཆེན་སྟོབས་ནི་ཆེ་བ་དག །ཤར་གྱི་ཕྱོགས་སུ་འབྱུང་བར་འགྱུར། །སྟོན་པའི་མཆོད་རྟེན་བཟང་པོ་དང་། །གཙུག་ལག་ཁང་ དང་འདུག་གནས་ཁྱིམ། །རྣམ་པ་སྣ་ཚོགས་སྐྱེད་མོས་ཚལ། །རྫིང་དང་ཁྲོན་པ་བཀད་སས་བསྐོར། །དེ་བཞིན་རྟག་ཏུ་བསོད་ནམས་ཁང་། །ས་ནི་མཛེས་པར་བྱེད་པར་འགྱུར། །དེ་ནས་ཐུབ་མཆོག་དམ་པ་དང་། །ཐེག་པ་བླ་ན་མེད་ལ་བརྟེན། །ཤཱཀྱའི་རབ་བྱུང་དེ་ཉིད་ ནི། །རྟག་ཏུ་དེ་ནི་རབ་གནས་བྱེད། །མི་ཁོམ་རྣམས་ནི་སྤོང་བྱེད་ཅིང་། །དལ་བ་ཉིད་ཀྱང་ལེགས་པར་ཐོབ། །ཡི་གེ་ཀ་ཞེས་རྣམ་པར་བསྒྲགས། །འཇིག་མེད་དྲན་དང་ལྡན་པ་ཉིད། །ལོ་ནི་ཉི་ཤུ་གཅིག་བར་དུ། །ས་སྐྱོང་རྒྱལ་སྲིད་བྱས་པར་འགྱུར། །དེ་ནས་གསུད་ནད་ཀྱིས་ བཏབ་སྟེ། །དུས་བྱས་ནས་ནི་ལྷ་གནས་འགྲོ། །བློ་ལྡན་དེ་ནི་མཐར་གྱིས་སུ། །མྱུར་དུ་བྱང་ཆུབ་གཞོལ་བར་འགྱུར། །དེ་ཡི་ལྷག་མའི་རྒྱུད་ལས་ཀྱང་། །གཞན་ལ་རབ་གནས་འཚོ་བྱེད་པ། །དེ་ཡི་འོག་ཏུ་ས་སྐྱོང་བ། །ས་སྲུང་འཚོ་བས་གནས་པ་ཡིན། །བྲམ་ཟེ་བཀྲེན་པའི་ སྐྱེ་བོ་ནི། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །དེ་ཡི་དུས་སུ་ཆོས་མིན་ལྡན། །སྟོན་པའི་བསྟན་པ་ངེས་པར་ཉམས། །སྔགས་ཀྱི་བསྟན་པས་སེམས་ཅན་རྣམས། །དགེ་བའི་དོན་དུ་ངེས་པར་སྦྱོར། །གང་ཞིག་གཞོན་ནུས་བསྟན་པ་ཡི། །སྔགས་ནི་ལོངས་སྤྱོད་འཕེལ་བྱེད་པ། ། རྒྱལ་པོའི་དབང་ཕྱུག་དོན་དུ་ནི། །དེ་ཚེ་དེའི་ཡུལ་ཕྱོགས་སུ་ཡང་། །གྲུབ་པ་མཆོག་ནི་བསྒྲུབ་བྱ་མིན། །ཆོས་ཀྱི་འཁོར་ལོ་ཉམས་དགའ་དང་། །དེ་བཞིན་འོད་མའི་ཚལ་ཆེན་དང་། །གང་དུ་བཅོམ་ལྡན་དེ་ཞི་བར། །ཕུང་པོ་མེད་པར་རབ་ཞུགས་པ། །སྔགས་གཉིས་འདི་དག་བསྒྲུབ་བྱ་ བ། །ལྷ་མོ་སྒྲོལ་མ་ཁྲོ་གཉེར་ཅན། །རྟག་ཏུ་རྒྱ་མཚོའི་འགྲམ་དང་ནི། །སྙིང་པོ་མེད་པའི་འབབ་ཆུ་མཆོག །གང་གཱའི་འགྲམ་ནི་ཐམས་ཅད་དུ། །པདྨ་འབྱུང་བ་བསྒྲུབ་པར་བྱ། །ས་བཅུ་ཐོབ་པའི་བདག་པོ་ནི། །གང་ཡང་བྱང་ཆུབ་སེམས་དེ་ཡང་། །སེམས་ཅན་རྣམས་ནི་ འདུལ་བྱེད་པ། །ཟླ་བ་ཞེས་ནི་རྣམ་པར་བསྒྲགས། །རིག་པའི་རྒྱལ་མོ་རྫུ་འཕྲུལ་ཆེ། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་ཏུ་རྣམ་པར་རྒྱུ། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་མཇེད་ འཇིག་རྟེན་ཁམས་གནས་ནས། །བུད་མེད་མིང་གིས་འཇུག་པར་བྱེད། །ས་བཅུ་ལ་ནི་རབ་གནས་ཐོབ། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་གྲུབ་པ་སྟེ། །སྲུང་དང་སྐྱོབ་དང་ སྦེད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པས། །འདི་ནི་ལྷ་མོ་བསྒྲུབ་པར་བྱ། །བྱང་ཆུབ་ཚོགས་ཀྱི་ཆེད་དུ་ནི། །སྐྱེད་པ་ཉིད་ནས་བརྩམ་པར་བྱ། །སྙིང་རྗེས་བརླན་པས་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་འབྲང་བ། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ ཆུབ་ཚོགས་ནི་བྱ་ཕྱིར་རོ། །རེ་བ་ཐམས་ཅད་དགའ་རྒྱས་ཕྱིར། །ཤར་གྱི་ཕྱོགས་སུ་གནས་པ་ཡིན། །བདག་ཉིད་རྣམ་པ་སྟོང་དང་ནི། །རྣམ་པ་མང་པོར་བྱས་ནས་ཀྱང་། །རྒྱ་མཚོ་བཞི་ཡི་མཐར་ཐུག་པར། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །དེ་ནས་ཤར་གྱི་ཕྱོགས་ སུ་འམ། །ཡང་ན་བཱ་རཱ་ཎ་སཱིར་འགྲུབ། །ལྷ་མོ་དེ་ཡི་ཞིང་དུ་ནི། །ཤར་གྱི་ཕྱོགས་སུ་རབ་ཏུ་བསྟན། །འོད་ཆེན་པོ་ནི་ཛམ་བྷ་ལ། །གནོད་སྦྱིན་རྒྱལ་པོ་ཡང་དག་འགྲུབ། །དེ་ཚེ་ལོངས་སྤྱོད་མ་ལུས་འདོད། །དེ་ཚེ་དུས་ཀྱི་ཐ་མ་ལ། །ལྷ་མོ་སྒྲོལ་མ་གནོད་སྦྱིན་རྒྱལ། །དེ་ནོར་ རྒྱས་པ་འདོད་པས་སྒྲུབ། །དེ་ཚེ་ཁྲོ་བོའི་སྔགས་དག་ནི། །ལྷོ་ཕྱོགས་དག་ཏུ་བསྒྲུབ་པར་བྱ། །ཀླ་ཀློ་རྐུན་མའི་གླིང་དང་ནི། །དེ་བཞིན་རྒྱ་མཚོའི་ནང་དུ་ནི། །སྟོབས་ཆེན་སྒྲོལ་མ་གནོད་སྦྱིན་རྒྱལ། །དེ་བཞིན་དུ་ཡང་འགྲུབ་པར་འགྱུར། །ཧ་རི་ཀེལ་ཀ་ད་རཾ་ཙ། །ཀཱ་མ་རཱུ་པ་གཱ་དཱ་ ཧཱ་ཡ་ཧི། ཕོ་ཉ་མོ་ཚོགས་རྣམ་མང་དང་། །གནོད་སྦྱིན་རྫུ་འཕྲུལ་ཆེན་མོ་འགྲུབ། །འཇམ་པའི་དབྱངས་ཀྱིས་གང་གསུང་སྔགས། །ལོངས་སྤྱོད་ཀྱི་ནི་རྒྱུར་འགྱུར་བ། །དེ་བཞིན་ཡུལ་དེར་གྲུབ་པ་སྟེ། །གཞན་ཡུལ་དེ་བཞིན་མ་ཡིན་ནོ། །ཤར་ཕྱོགས་དང་ནི་ཕྱོགས་ མཚམས་སུ། །རྣམ་པ་སྣ་ཚོགས་སྔགས་ཀྱི་རྒྱུར། །དེ་ཡི་དུས་སུ་བསྟན་པ་ནི། །ལུས་ཅན་རྣམས་ཀྱིས་བསྒྲུབ་པར་བྱ། །དབུས་ཀྱི་ཡུལ་དུ་དེ་བཞིན་སྔགས། །དེ་བཞིན་ས་སྲུང་མང་པོ་ནི། །རྒྱ་ཆེ་ཐམས་ཅད་ཉམ་ཆུང་བའི། །བློ་ཆུང་རྣམས་ཀྱིས་རྟོགས་པར་བྱེད། །རྒྱལ་ པོའི་གཙོ་བོ་མདོར་བསྡུས་ནས། །མིང་ནི་འདི་དག་ངེས་པར་བརྗོད། །དང་པོའི་ཡི་གེ་ཤ་དང་ན། །དང་པོའི་ཡི་གེ་པར་ཡང་བསྟན། །དང་པོའི་ཡི་གེ་བ་དང་ཨེ། །དང་པོའི་ཡི་གེ་ཨར་ཡང་བསྟན། །དང་པོའི་ཡི་གེ་ཧར་བསྟན་ཏེ། །དང་པོའི་ཡི་གེ་པར་ཡང་བསྒྲགས། །དང་པོའི་ཡི་ གེ་ཛ་དང་བ། །དང་ཡིག་དྷ་ནི་ཟླ་བའི་རིགས། །ཡི་གེ་ཧ་ཉིད་རྣམ་བསྒྲགས་དང་། །དེ་བཞིན་ཡང་ནི་དང་པོའི་ཨ། །དང་པོའི་ཡི་གེ་ས་ལ་ཡང་། །བུད་མེད་རིགས་མིན་འཇིག་རྟེན་སྡང་། །དང་པོའི་ཡི་གེ་ཨ་དང་མ། །འཇིག་རྟེན་རྣམས་ལ་མཐུ་དང་ལྡན། །རིམ་གྱིས་རིམ་གྱིས་ རིགས་དག་ནི། །བྲམ་ཟེ་རྗེའུ་རིགས་དག་ཏུ་འཇུག །ཕལ་ཆེར་ཆོས་མིན་ལས་བྱེད་ཅིང་། །རྣམ་སྡང་བུད་མེད་ལ་བརྐམ་ཆགས། །ས་སྲུང་སྐྱོན་ནི་རབ་མང་བར། །དེ་ཚེ་དུས་ཀྱི་ཐ་མ་ལ། །ཡུལ་གྱི་དབུས་སུ་མི་ཡི་བདག །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །དུས་ཀྱི་ཐ་མར་འདི་དག་ ཚེ། །ལོ་ནི་བརྒྱ་དང་ཉི་ཤུ་ཉིད། །དེ་ཡི་ཚེ་ན་མི་རྣམས་ཀྱི། །ཚེ་ནི་རིང་བར་རབ་ཏུ་བསྟན། །དེ་དག་བར་མ་བཟང་པོ་ལས། །ཁྱད་པར་རིང་དང་ཐུང་བ་ཡིན། །རྒྱལ་པོ་རྣམས་ནི་ཚེ་ཐུང་བར། །དེ་ཚེ་དུས་སུ་བསྟན་པ་ནི། །གང་གཱའི་འགྲམ་གྱི་ངོགས་དང་ནི། །གངས་ཅན་གྱི་ནི་རི་ཞོལ་དང་། །དེ་ཚེ་ཀཱ་མ་ རཱུ་ཡུལ་དུ། །དེ་འདྲའི་རྒྱལ་པོ་འབྱུང་བར་འགྱུར། །དང་པོ་བར་མ་ཐ་མ་ཡི། །རིགས་ཀྱི་ལྷག་མ་བརྗོད་བྱ་སྟེ། །དང་པོའི་གཙོ་བོ་ཆེན་པོ་ནི། །རྣ་ཅན་རྒྱལ་པོར་རབ་ཏུ་བསྒྲགས། །ཐ་མ་ཨང་གའི་བདག་པོ་དང་། །དེར་ནི་འབྱོར་བཟད་འབྱོར་པ་དང་། །ལེགས་བྱིན་སྲིད་པ་བྱིན་པ་ནི། །ཀཱ་མ་རཱུ་པའི་ ཡུལ་དུ་བྱུང་། །ཐ་མར་ལེགས་འབྱོར་གཞོན་ནུ་དང་། །ཡི་གེ་བ་དང་ཐ་གཉིས་ནི། །ཡངས་པ་ཅན་དུ་ཡང་དག་བྱུང་། །གང་དུ་ཐུབ་པ་དེ་སྐྱེས་པ། །སེར་སྐྱ་ཞེས་བྱའི་གྲོང་མཆོག་ཏུ། །ཐ་མར་ཟས་གཙང་ཤཱག་རིགས་ཀྱི། །ཉི་མ་བུ་རམ་རིགས་སྐྱེས་པ། །ཐ་མར་ཟས་གཙང་རྣམ་བསྒྲགས་པ། ། ཤཱཀྱ་ཤཱཀྱའི་རྣམ་འཕེལ་བྱེད། །སེམས་ཅན་བརྩོན་འགྲུས་ཆུང་བར་ནི། །འཇིག་རྟེན་སྐྱེས་མཆོག་བསྟན་པ་ཡིན། །གང་ཞིག་རྒྱལ་བས་གསུང་སྔགས་དང་། །དེ་བཞིན་བྲན་པོའི་ཚོགས་ཀུན་དང་། །ཕོ་ཉའི་ཚོགས་ཀུན་དུ་མ་དང་། །རྡོ་རྗེ་པདྨའི་རིགས་དག་ཀྱང་། །རྒྱུད་རྣམས་ཀུན་གྱི་དོན་རིག་པས། ། བསྒྲུབས་ན་འགྲུབ་པར་འགྱུར་བ་ཡིན། །འཇིག་རྟེན་ཀུན་གྱི་སྔགས་དག་ནི། །ཡུལ་གྱི་དབུས་དེར་གྲུབ་པར་འགྱུར། །དབུས་ཡུལ་གནས་པར་ཁྱད་པར་དུ། །རྒྱལ་བས་གསུངས་པ་བསྒྲུབ་པར་བྱ། །རྣམ་པ་སྣ་ཚོགས་རྟགས་དང་ནི། །རྣམ་པ་སྣ་ཚོགས་རྒྱུད་དག་དང་། །རྣམ་པ་སྣ་ཚོགས་ སྦྱོར་བར་ལྡན། །ལུས་ཅན་རྣམ་པ་སྣ་ཚོགས་འགྲུབ། །དབུས་ཀྱི་ཡུལ་དུ་དེ་བཞིན་སྔགས། །ལོངས་སྤྱོད་འཕེལ་བ་བསྒྲུབ་པར་བྱ། །དེ་བཞིན་ལུས་ཅན་བསྲུང་དོན་དང་། །སྐྱོབ་དང་དབང་དང་དགུག་པ་འགྲུབ། །དབུས་ཀྱི་ཡུལ་དུ་མི་ཡི་བདག །འདས་དང་མ་འོངས་རབ་ཏུ་ གསུངས། །རྣམ་པ་སྣ་ཚོགས་རྟགས་དང་ནི། །རྣམ་པ་སྣ་ཚོགས་ཚེ་དང་རིགས། །རྒྱལ་པོ་ཐམས་ཅད་གསུངས་པ་ནི། །མཆོག་དང་ཐ་མ་བར་མ་ཡིན། །དེ་བཞིན་རྣམ་གསུམ་གྲུབ་པ་སྟེ། །དུས་ཀྱང་གསུམ་དུ་སྦྱར་བར་བྱ། །དེ་བཞིན་སྔགས་ཀྱང་རྣམ་གསུམ་དུ། །དེ་བཞིན་ ཐུབ་པ་མཆོག་གིས་གསུངས། །རྒྱལ་པོ་མཐའ་ཡས་གསུངས་པ་ནི། །དབུས་ཀྱི་ཡུལ་དང་ནུབ་ཕྱོགས་དང་། །བྱང་ཕྱོགས་དང་ནི་ཤར་ཕྱོགས་དང་། །དེ་བཞིན་ཕྱོགས་མཚམས་ཐམས་ཅད་དང་། །རྣམ་པ་བཞི་རུ་མཚོན་པ་ཡི། །གླིང་དག་དེ་བཞིན་ཀུན་ཏུ་ཡང་། །ས་བདག་མཐའ་ཡས་རབ་གསུངས་ པ། །མཐའ་ཡས་སྔགས་ནི་སྒྲུབ་པ་དང་། །མཐའ་ཡས་ཡུལ་ལ་གནས་པ་དག །མཐའ་ཡས་སྔགས་ནི་ཡོངས་སུ་འགྲུབ། །ཐུབ་པའི་བསྟན་པ་ནུབ་པ་ན། །ཚར་གཅད་རྗེས་སུ་གཟུང་བར་བྱེད། །དུས་སུ་རྒྱལ་པོ་དག་ལ་སྔགས། །འཇམ་དཔལ་གྱིས་ནི་གསུངས་པ་ཡིན། །རྫུ་འཕྲུལ་རྩེ་དང་ རྣམ་འཕྲུལ་དང་། །འདིར་ནི་དུས་ཀྱི་སྤྱོད་པའང་བསྟན། །སྔགས་ཀྱི་བདག་ཉིད་སེམས་ཅན་གྱི། །འགྲོ་བ་སྐྱེ་གནས་རྒྱལ་པོའི་མིང་། །སྔགས་ནི་སྒྲུབ་པར་འདོད་རྣམས་ལ། །ཡུལ་དང་དུས་ནི་ཡང་དག་བསྟན། །བསྟན་པ་ནུབ་པའི་འོག་ཏུ་ནི། །ཞར་ལ་རྒྱལ་པོ་རྣམས་ཀྱིས་བསྟན། །ཡོན་ ཏན་བདག་ཉིད་ཆེ་སྔགས་རྣམས། །ཐ་མར་འབྲས་བུ་རྟོགས་པར་བྱས། །རྒྱལ་པོ་གཞན་ནི་ཐེག་པ་དང་། །སྔོན་ནི་འགལ་བ་མེད་པར་བསྟན། །དུས་ཀྱི་ཐ་མ་དེ་དུས་སུ། །རབ་ཏུ་གནས་པར་ཐེ་ཚོམ་མེད། །དེ་དག་ཕྱོགས་ལ་གནས་པར་ནི། །རྒྱལ་པོ་ཐམས་ཅད་གསུངས་པ་ཡིན། །དེ་བཞིན་ ཤཱཀྱའི་གསུང་རབ་ལ། །ངེས་པར་རབ་བྱུང་གནས་ནས་ནི། །འཇིག་རྟེན་མིག་གཅིག་གྱུར་པ་ཡི། །ཐུབ་པ་མཆོག་ནི་མེད་པ་ན། །རྟག་ཏུ་སྔགས་སྨྲ་ལ་དད་པས། །བསྟན་པའི་དོན་ནི་བྱེད་པར་འགྱུར། །དེ་དག་གཞོན་ནུ་བཤད་པར་བྱ། །རྩེ་གཅིག་ཡིད་ཀྱིས་མཉན་པར་གྱིས། །སྟོན་པའི་གསུང་ རབ་ས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །དཔེར་ན་མ་ཁོལ་ཞེས་བྱ་དང་། །མེ་ཏོག་ཅེས་བྱར་རྣམ་པར་གྲགས། །ཡི་གེ་མ་ཞེས་གཞོན་ནུ་ཞེས། །དང་པོར་ཐ་མར་ཆོས་ལ་དགའ། །ཀླུས་བོས་ཞེས་བྱ་རྣམ་པར་ གྲགས། །རིན་ཆེན་འབྱུང་ཞེས་བྱ་མིང་དང་། །ཡི་གེ་ག་ཞེས་གཞོན་ནུ་ཞེས། །ཡི་གེ་བ་ཞེས་ཆོས་སེམས་བྱེད། །ཡི་གེ་ཨ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །དང་པོའི་ཡི་གེ་ལ་ཞེས་བསྟན། །རྒྱལ་པོ་སངས་རྒྱས་པ་ཡི་ཕྱོགས། །སྟོན་ པའི་བསྟན་པ་གསལ་བར་བྱེད། །སྡོམ་བརྩོན་ཡི་གེ་ཨ་ཞེས་བསྒྲགས། །བྲམ་ཟེ་ལས་ནི་རབ་ཏུ་བྱུང་། །གྲོང་ཁྱེར་གནས་བཅས་གནས་པ་སྟེ། །དེ་བཞིན་ཚེ་ནི་བརྒྱད་ཅུར་འཚོ། །དང་ཡིག་ཡི་གེ་ཨ་དགེ་སློང་། །ལྷོ་ཡི་ཕྱོགས་སུ་འབྱུང་བར་འགྱུར། །བློ་ལྡན་ཚེ་ནི་དྲུག་ཅུར་འཚོ། །ཀ་ཤི་ཞེས་བྱའི་ གྲོང་དུ་གནས། །ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །གཞན་ཡང་རབ་བྱུང་དམ་པ་ནི། །སིང་ག་ལ་ཡི་གྲོང་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང་། །སིང་ག་ ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང་། །དེ་དུས་འཇིགས་སུ་རུང་བ་ཡི། །དུས་ཀྱི་མཐའ་ལས་འབྱུང་བར་འགྱུར། །ཡི་གེ་ད་དང་ལ་དང་པོར། །སྡོམ་བརྩོན་གང་ཞིག་རབ་གསུངས་དང་། །ཡི་གེ་ར་དང་བ་དང་པོར། །དགེ་སློང་ གང་ཞིག་རབ་བྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །རྒྱལ་པོ་ནག་པོ་ཞེས་བྱ་བར། །ཡི་གེ་ས་ཞེས་སྡོམ་བརྩོན་འབྱུང་། །མཆོད་རྟེན་ཀུན་དགའ་ར་བ་གནས། །རྫིང་དང་ཁྲོན་པའང་ཐམས་ཅད་དུ། །སྟོན་པའི་གཟུགས་བརྙན་དེ་ བཞིན་རྟགས། །གཟིངས་དང་ཟམ་པ་ཉིད་རྣམས་ནི། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །མཚོན་གྱིས་ལུས་ཞིག་མཐོ་རིས་འགྲོ། །དེ་ནས་ཡི་གེ་ས་དང་ཀ། །དང་པོ་དག་ཏུ་བརྗོད་པ་དང་། །དེ་བཞིན་ཡི་གེ་ར་དང་གྷ། །དང་པོ་དག་ཏུ་རབ་བརྗོད་དང་། །དང་པོར་ཡི་གེ་བ་དང་ནི། ། ལེགས་བྱིན་ལེགས་དེ་སྡེ་ཞེས་བསྟན། །སྦྱིན་བྱེད་སྦྱིན་པར་བྱེད་པ་ཉིད། །གཞན་གྱི་གྲུབ་མཐའ་སུན་བྱེད་པ། །ཚོང་པ་སྔོན་དང་སྨན་པ་སྔོན། །གཉི་ག་སྦྱིན་བྱེད་སྣ་ཚོགས་བྱེད། །ཡི་གེ་བ་ཞེས་སྡོམ་བརྩོན་བསྒྲགས། །དེ་ལས་གཞན་པ་དང་ཡི་གེར། །དང་པོར་ཡི་གེ་བ་ གྲགས་དང་། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོར་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང་། །རྣམ་པ་དུ་མ་སྡོམ་བརྩོན་གསུངས། །དེ་ཚེ་མཐའ་ཡས་འབྱུང་བར་འགྱུར། །སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང་། །སྟོན་པའི་ བསྟན་པ་གསལ་བྱེད་པའོ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང་། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་ གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །བྲམ་ཟེ་ཆོས་ཀྱི་ངང་ཚུལ་ཅན། །དེ་ནི་རབ་ཏུ་བརྗོད་པར་བྱ། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །རྒྱལ་པོའི་ལུགས་ལ་ཉེ་བར་ གནས། །དེ་ཚེ་མི་བཟད་དུས་དག་ཏུ། །འཇིག་རྟེན་ཀུན་ལ་འབྱུང་བར་འགྱུར། །ཡི་གེ་བ་ཞེས་བྲམ་ཟེ་མཆོག །ཕྱུག་ཅིང་རིག་བྱེད་ཕ་རོལ་ཕྱིན། །དེ་འདིར་ས་རྣམས་མ་ལུས་པར། །རྩོད་པའི་ཕྱིར་ནི་རབ་ཏུ་རྒྱུ། །མཚོ་གསུམ་ས་ཡི་མཐར་ཐུག་པར། །ཕ་རོལ་མུ་སྟེགས་ རྩོད་ལ་དགའ། །གང་ཕྱིར་དང་པོ་གཙོ་བོའི་ཚིག །སེམས་ཅན་རྣམས་ལ་ཕན་འདོད་པས། །གཞོན་ནུས་ཡོངས་སུ་གསུངས་གྱུར་པ། །ཡི་གེ་དྲུག་པའི་སྔགས་ཀྱང་ཟློས། །ཆོ་ག་རབ་འབྱམ་འདི་དག་ལས། །དེས་ནི་དེ་ཕན་དེ་ལ་བསྟེན། །རྒྱལ་དང་ལེགས་པར་རྒྱལ་བ་དང་། ། གྲགས་ལྡན་དགེ་བ་དེ་ལས་གཞན། །རིགས་ལྡན་ཆོས་དང་ལྡན་པ་དང་། །བརྩོན་ལྡན་ལེགས་པ་ཁྱབ་འཇུག་དང་། །སྦྲང་རྩི་སྦྲང་རྩི་བཟང་པོ་དང་། །དེ་བཞིན་གྲུབ་དང་དྲེགས་བྲལ་དང་། །ར་གྷ་བ་དང་དམངས་རིགས་དང་། །དེ་བཞིན་ཀ་ཤིར་སྐྱེས་པ་གཞན། །གཞོན་ནུ་ འདི་ཡི་བཟླས་པ་ལ། །ཐམས་ཅད་ཀུན་ཡང་འབྱུང་བར་འགྱུར། །དེ་དག་ཀུན་ཀྱང་བཟང་པོ་སྟེ། །བློ་ལྡན་མང་དུ་ཐོས་པ་ཡིན། །དེ་ཀུན་སྔགས་ནི་མངོན་དུ་གྱུར། །རྒྱལ་པོའི་འཚོ་བས་ཡང་དག་གནས། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་དང་པོའི་ཡི་གེ་བི། ། གྲོང་ཁྱེར་མེ་ཏོག་ཅེས་བྱ་བར། །དེ་ནི་ཁྲོ་བོ་གྲུབ་པར་གྱུར། །དབུལ་བས་ཡོངས་སུ་ཟིལ་མནན་པས། །རྒྱལ་པོ་རྣམས་ནི་ཚར་བཅད་བྱས། །ཁྲོ་རྒྱལ་གཤིན་རྗེ་གཤེད་དེ་ཡི། །འཇམ་པའི་དབྱངས་ཀྱིས་འདིར་གསུངས་པ། །སེམས་ཅན་མ་རུངས་རྣམས་དང་ནི། །གདུལ་ དཀའ་འདུལ་བར་བྱེད་པ་དང་། །ཕན་པ་མིན་ལས་བཟློག་དོན་དང་། །ཕན་པ་ཉེ་བར་འཕེལ་ཕྱིར་དང་། །སེམས་ཅན་རྣམས་ནི་རྗེས་གཟུང་དང་། །སེམས་ཅན་སྲོག་འཆད་དགག་ཕྱིར་རོ། །བྲམ་ཟེའི་ཁྱེའུ་རྨོངས་པ་དེ། །དབུལ་བ་ཁྲོ་བ་ཆགས་པ་ཡིས། །རྒྱལ་པོའི་སྲོག་ལ་གནོད་ པའི་ཕྱིར། །ཁྲོ་བོའི་སྔགས་ནི་ཟློས་པར་བྱེད། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་ཡི་གེ་དང་པོ་ཨ། །ཆོས་དོན་དགེ་བ་ལྡན་བདག་ཉིད། །བདེན་པར་སྨྲ་ཞིང་དབང་པོ་ཐུལ། །མངའ་བདག་མང་པོས་བཀུར་ཅེས་པ། །དེ་ཚེ་སྔགས་ནི་ཟློས་པར་འགྱུར། །སྔགས་ ནི་བསྒྲུབ་པར་གྱུར་པ་ལ། །དབང་འགྱུར་ཡིན་གྱིས་གཞན་མ་ཡིན། །འབྱུང་པོ་དབང་དུ་གྱུར་པ་ན། །དེ་ཚེ་ནོར་དང་ལྡན་པར་འགྱུར། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་ཆོས་དོན་སེམས་བྱེད་པ། །དེ་ནས་མཐར་ནི་དང་ཡིག་ཤ། །མ་ལའི་ཡུལ་དུ་དེ་ནི་འབྱུང་། །ས་སྟེང་ སྔགས་ནི་ཟློས་པར་གྲགས། །བསྟན་པ་མཆོག་ལའང་རབ་ཏུ་དད། །རིག་པ་རྗེས་བཟུང་མ་རུངས་དང་། །ཚངས་པའི་སྲིན་པོ་སྲིན་པོ་དང་། །འབྱུང་པོ་ཤིན་ཏུ་མ་རུངས་བཅས། །རྣམ་པ་སྣ་ཚོགས་ཤ་ཟ་དང་། །བསྟན་དང་འགྲོ་བ་སྣ་ཚོགས་ནི། །དེ་དག་མ་ལུས་དེ་དབང་ འགྱུར། །དེ་བཞིན་བྲམ་ཟེའི་མཚན་ལྡན་པ། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོར་བ་བསྟན་པ། །སྟོན་པའི་བསྟན་ལ་དེ་གཙོར་བྱེད། །མཆོད་རྟེན་ཀུན་དགའ་ར་བ་གནས། །སྟོན་པའི་གཟུགས་ བརྙན་ཡིད་འོང་གིས། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་གཙོ་བོ་ནོར་ཆེན་ལྡན། །དང་པོའི་ཡི་གེ་ན་ཞེས་པ། །ལྷོ་ཡི་ཕྱོགས་སུ་ཡང་དག་བསྟན། །བདག་ཉིད་ཆེན་པོ་སྔགས་ཟློས་ལྡན། །ངེས་པར་བྱང་ ཆུབ་གཞོལ་བར་འགྱུར། །དབུས་ཀྱི་ཡུལ་དུ་བསྟན་པ་ནི། །བྲམ་ཟེ་གང་བ་བཟང་ཞེས་པ། །འདུལ་བ་དང་ནི་ཚུལ་བཟང་ཉིད། །གང་བ་བཅོམ་བརླག་དག་ཏུ་གནས། །དང་ཡིག་བྷ་ནི་ནོར་གྱི་སྤྱན། །རྒྱལ་པོ་རྣམས་ནི་སྔགས་མཆོད་བྱེད། །བྲམ་ཟེ་འདི་དག་ བསྟན་པ་ནི། །སྟོན་པའི་བསྟན་པ་མཆོད་བྱེད་པའོ། །ཐོག་མ་བར་མཐར་གཙོ་བོ་སྟེ། །རྣམ་པ་སྣ་ཚོགས་གནས་དང་རིགས། །སྣ་ཚོགས་ཕྱོགས་ཀྱི་བྲམ་ཟེ་རྣམས། །བྲམ་ཟེ་གཞན་གྱིས་མཆོད་པར་བྱེད། །མུ་སྟེགས་སྣ་ཚོགས་རིགས་དང་ནི། །རྣམ་པ་སྣ་ཚོགས་སྤྱོད་ ཡུལ་སྤྱོད། །གནས་ནི་ཀུན་ཏུ་གསུངས་པ་སྟེ། །བྲམ་ཟེའི་ཁྱེའུ་མང་ཐོས་ཡིན། །རང་བྱུང་སངས་རྒྱས་ཆོས་ཀྱི་རྒྱལ། །སེམས་ཅན་ཀུན་གྱི་དོན་སྒྲུབ་པ། །སེམས་ཅན་རྣམས་ནི་མ་ལུས་དང་། །ལྷ་གནས་ཀྱིས་ཀྱང་མཆོད་པའོ། །རྒྱལ་པོ་ཆེན་པོ་བཞི་པོ་ཡང་། །འཇིག་ རྟེན་ཀུན་ལ་གྲགས་པ་སྟེ། །འཕགས་སྐྱེས་པོ་དང་མིག་མི་བཟང་། །ཡུལ་འཁོར་སྲུང་དང་གནོད་སྦྱིན་རྒྱལ། །བརྒྱ་བྱིན་དེ་ནས་ལྷ་རྣམས་ཀྱི། །ངེས་པའི་ཚིག་ནི་རབ་ཏུ་བསྒྲགས། །འཐབ་བྲལ་ལྷ་ཡི་བུ་དང་ནི། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་། །རྒྱལ་པོ་དགའ་ ལྡན་གསུངས་པ་དང་། །འདོད་པའི་ཁམས་ཀྱི་དབང་ཕྱུག་མཆོག །གཅིག་གི་མིང་ནི་བརྒྱ་བྱིན་སོགས། །དེ་བཞིན་འདོད་ཁམས་དབང་ཕྱུག་ཡིན། །དེ་ཡང་རྟག་ཏུ་གཅིག་གནས་ཏེ། །རྫུ་འཕྲུལ་ཆེན་པོ་གཅིག་གི་གཟུགས། །དེ་ཡང་མཐའ་ཡས་དག་ཏུ་བསྟན། །རྣམ་ པ་སྣ་ཚོགས་གཟུགས་འཆང་ལྷ། །དེ་ལས་གོང་དུ་ཐམས་ཅད་མཉམ། །དེ་ཡང་ཐམས་ཅད་རྫུ་འཕྲུལ་ཆེ། །ལྷ་ཡི་གཙོ་བོ་མིང་གཅིག་སྟེ། །འདུ་ཤེས་མེད་པའི་མཐར་ཡང་བསྟན། །དེ་དག་གཙོ་བོ་མེད་པ་སྟེ། །མཉམ་པའི་ཚུལ་དུ་ཡང་དག་གནས། །འོག་ཏུ་མནར་མེད་ མཐར་ཐུག་པར། །དེར་ནི་རྒྱལ་པོ་ཡོད་མ་ཡིན། །འཇམ་དཔལ་དེ་བས་ན། དེ་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་སུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་འདི་གླེགས་བམ་དུ་ཆུད་པར་བྱས་ཏེ། འདྲི་བར་འགྱུར། ཀློག་པར་འགྱུར། ཁ་ཏོན་དུ་བྱེད་པར་འགྱུར་བའམ་གླེགས་བམ་དུ་བྱས་ཏེ་འཆང་བར་འགྱུར། །གུས་པར་བྱས་ཏེ་ཡིད་ལ་བྱེད་པར་འགྱུར། །གོས་རྣམ་པ་སྣ་ཚོགས་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དྲིལ་བུ་དང་། རོལ་མོ་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་དང་། དྲི་དང་། དྲི་ཞིམ་པོ་དག་གིས་མཆོད་པར་བྱེད་པར་འགྱུར། །རི་མོར་བྱེད་པར་འགྱུར། ཡང་དག་པར་འཛིན་པར་བྱེད་པར་འགྱུར། །ཡིད་རྩེ་གཅིག་པའི་སེམས་ཀྱིས་ཆོས་བྱེད་པར་འགྱུར་བ་དེ་ལ་ནི། །ཕན་ཡོན་བཅུ་པོ་འདི་དག་ཏུ་འགྱུར་ཏེ། །བཅུ་གང་ཞེ་ན། དེར་འདི་ ལ་ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་འབྱུང་བར་མི་འགྱུར། །ཆར་འབབ་པ་མི་མཁས་པ་དང་གཟའ་དང་འཆིང་བ་ཆེན་པོའི་འཚེ་བ་འབྱུང་བར་མི་འགྱུར། །མི་མ་ཡིན་པའི་འཇིགས་པའམ། དེར་འདི་ལ་མིའི་འཇིགས་པ་འབྱུང་བར་མི་འགྱུར། །ཕྱིར་རྒོལ་བ་ཐམས་ཅད་ ཀྱི་འཇིགས་པའམ། དེར་འདི་ལ་ནད་ཀྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དུས་མ་ཡིན་པར་འཆི་བའི་འཇིགས་པའམ། དེར་འདི་ལ་དུས་མ་ཡིན་པའི་ཆར་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཆར་ཆེས་པའི་འཇིགས་པའམ། དེར་འདི་ལ་རླུང་ཆེན་པོའི་དཀྱིལ་འཁོར་གྱི་འཇིགས་པ་ འབྱུང་བར་མི་འགྱུར་རོ། །ཤ་ཟ་ཐམས་ཅད་ཀྱི་འཇིགས་པའམ། དེར་འདི་ལ་དགྲའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་གཡོན་ཅན་རྐུན་པོའི་འཇིགས་པའམ། དེར་འདི་ལ་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །གཤིན་རྗེའི་རྒྱལ་པོས་ཁྱེར་བའི་འཇིགས་པའམ། དེར་འདི་ལ་ཆོམ་རྐུན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ལྷ་ཐམས་ཅད་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟའི་འཇིགས་པའམ། དེར་འདི་ལ་གཞན་གྱི་སྔགས་ཀྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །སྦྱར་བའི་དུག་ཐམས་ཅད་ཀྱི་འཇིགས་པའམ། དེར་འདི་ལ་ནད་ཀྱི་འཇིགས་པ་དང་། རིམས་དང་། ཚད་པར་འཁྲུ་བ་དང་། མ་ཞུ་བ་དང་། ཡན་ལག་དང་། ཉིང་ལག་གི་ནད་ཀྱི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། ཕན་ཡོན་བཅུ་པོ་འདི་དག་ཏུ་ཤེས་པར་བྱའོ། །གང་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོ་ག་ཆེན་པོ་རབ་འབྱམ་ཆོས་ཀྱི་མཛོད་འདི་གླེགས་བམ་དུ་བྱས་ཏེ། བཞག་ ལ་འདྲི་བ་དང་། ཀློག་པ་དང་། མཆོད་པ་དང་། འཛིན་པ་དང་ཁ་ཏོན་དུ་བྱེད་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཤིན་ཏུ་བཟུང་ཞིང་ཆོས་ཀྱི་མཛོད་མངོན་དུ་འགྱུར་རོ། །དམ་ཚིག་གི་སྤྱོད་པ་ལ་རྗེས་སུ་མ་ཞུགས་པ་དང་དམ་ཚིག་མི་ཤེས་པ་གཞན་དག་ལ་ནི་རྣམ་པ་ ཐམས་ཅད་དུ་བསྟན་པར་མི་བྱ་སྟེ། གང་གི་ཕྱིར་འདི་ནི་གསང་བ་ཡིན་པའི་ཕྱིར་ཏེ། འདིས་ནི་ཐམས་ཅད་མཚོན་པ་ཡིན་ན་སེམས་ཅན་རྣམས་ཀྱི་དྲན་པ་མེད་པར་མ་བྱེད་ཅིག །འོན་ཀྱང་ཁྱོད་ཀྱིས་ཤེས་པར་འགྱུར་མཆོད་པ་བྱེད་པར་འགྱུར་ཡང་དག་པར་འཛིན་པར་འགྱུར་ཞིང་བསོད་ ནམས་ཆེན་པོ་ཡང་རབ་ཏུ་སྐྱེ་བར་འགྱུར་རོ། །སེམས་ཅན་སྐལ་བ་མེད་པ་རྣམས་ལ་བསྟན་པར་མི་བྱ་སྟེ། གཞན་དུ་ན་དབུལ་བ་དང་། ནད་དང་། མཛེ་དང་། འཚེ་བ་དང་། འགོ་བའི་ནད་ཉིད་བྱེད་པར་འགྱུར་རོ། །དེ་བས་ན་གཞན་དག་ལ་ཡང་བསྟན་པར་མི་བྱའོ། །དམ་ཚིག་དང་ གསང་བ་པ་དང་གསང་བའི་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་ཞུགས་པའི་སེམས་ཅན་རྣམས་དང་དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་བསླབ་པ་རྣམས་དང་ལེགས་པར་རྣམ་པར་བཞག་པའི་དྲན་པ་དང་ལྡན་པ་རྣམས་དང་། ཆོས་ཀྱི་དོན་ལ་མཁས་པ་རྣམས་དང་བསམ་གཏན་ལ་རབ་ཏུ་ཞུགས་ པ་དང་ཆོས་ལ་གནས་པ་དང་བདེན་པར་སྨྲ་བ་དང་སེམས་ཅན་གྱི་སྤྱོད་པ་ལ་རབ་ཏུ་གནས་ཤིང་སྙིང་རྗེའི་སྤྱོད་པ་དང་རབ་ཏུ་ལྡན་པ་རྣམས་ཏེ། སེམས་ཅན་འདི་དག་ལ་བསྟན་པར་བྱའི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། །ཐལ་མོ་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཞེས་བྱ། །འདི་བདག་གིས་ཇི་ལྟར་གཟུང་བར་ བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཤིག །ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་མན་ངག་ལེགས་པར་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་ སེམས་དཔའི་སྤྱོད་པའི་རྗེས་སུ་འཇུག་པ་རྒྱུད་ཐམས་ཅད་ཀྱི་མཛོད་ཅེས་བྱ་བར་ཡང་ཟུང་ཤིག །ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ངེས་པར་བསྟན་པ་ཉམས་པ་མེད་པ་ཞེས་བྱ་བར་ཡང་ཟུང་ཤིག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཤིག །འཕགས་པ་འཇམ་དཔལ་ གྱི་རྩ་བའི་ཆོ་ག་ཞེས་བྱ་བར་ཡང་ཟུང་ཤིག །ཆོས་ཐམས་ཅད་ཀྱི་དོན་རྫོགས་པ་ངེས་པར་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འཇིག་རྟེན་མ་ལུས་ཐམས་ཅད་ལ། །ཆོས་དང་ཆོས་མིན་རྣམ་སྤྱོད་ཅིང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །གང་ཁྱོད་ཀུན་ཏུ་རྣམ་པར་རྒྱུ། ། དེ་བཞིན་ཆོས་ཀྱི་དམ་པ་མཆོག །གསང་བ་གཞན་ནི་མ་མཐོང་ངོ་། །སྔགས་རྒྱུད་དོན་དང་མདོ་རྣམས་དང་། །འགྲོ་བ་ཡུལ་ནི་སྐྱོན་མེད་དང་། །བྱང་ཆུབ་ཆོས་ལ་རབ་གཞོལ་བ། །དཔའ་བོ་གཞན་ནི་མ་མཐོང་ངོ་། །གང་འདི་བླ་མ་གསང་བ་དང་། །དྲང་དོན་མདོ་ཡིས་ཡོངས་ སུ་བརྒྱན། །རྣམ་པ་སྣ་ཚོགས་མདོ་དོན་དང་། །སྔགས་དང་རྒྱུད་ཀྱི་རྗེས་འཇུག་པ། །ཆོ་ག་རབ་འབྱམ་འདི་ལས་གཞན། །མ་བྱུང་གང་ཡང་ཡོད་མ་ཡིན། །རྒྱལ་སྲིད་ཆེན་པོ་ལོངས་སྤྱོད་ཆེ། །ལྷ་གནས་དག་ཏུའང་ཕུན་སུམ་ཚོགས། །དེ་བཞིན་ལྷ་དང་མི་རྣམས་ཀྱི། །གྲགས་ པ་རྒྱས་པའང་ཐོབ་པར་འགྱུར། །མི་ཁོམ་བརྒྱད་ནི་སྤོང་བྱེད་ཅིང་། །དལ་བ་དག་ནི་ཐོབ་པར་བྱེད། །ཐེག་པ་རྣམ་གསུམ་བདག་པོ་དང་། །དེ་ངེས་སངས་རྒྱས་ཉིད་ཐོབ་འགྱུར། །མདོ་འདི་འཛིན་པའི་བསོད་ནམས་དང་། །དེ་བཞིན་དུ་ནི་ཕན་ཡོན་འདི། །འདི་ཡི་ལུས་ལ་མཚོན་ མི་འབྱུང་། །དུག་དང་མེས་ཀྱང་མ་ཡིན་ནོ། །རོ་ལངས་དང་ནི་གདོན་དང་ནི། །དེ་བཞིན་སྲུལ་པོ་མ་མོ་དང་། །སྲིན་པོ་ཤ་ཟས་འཚེ་བྱེད་པའང་། །གང་ཞིག་མདོ་འདི་འདོན་ལ་མིན། །འཆང་བ་དང་ནི་ཀློག་པ་དང་། །ཡང་དང་ཡང་དུ་མཆོད་བྱེད་དང་། །འཇིགས་པ་མེད་པས་ མཆོད་བྱེད་དང་། །རྣམ་པ་སྣ་ཚོགས་མཆོད་བྱེད་དེ། །ཕན་ཡོན་འདི་ནི་རབ་བསྟན་པ། །འཇིག་རྟེན་འདིར་ནི་ཐོབ་འགྱུར་བ། །ནད་པ་རྣམས་ནི་ནད་ལས་གྲོལ། །སྡུག་བསྔལ་ཅན་ནི་བདེ་བར་འགྱུར། །དབུལ་པོས་ནོར་ནི་རྙེད་འགྱུར་ཏེ། །བཅིངས་པ་རྣམས་ནི་འཆིང་ ལས་གྲོལ། །འགྲོ་བ་ལྔ་དང་ལྡན་པ་ཡི། །འཁོར་བའི་སྡུག་བསྔལ་ལྟུང་བ་རྣམས། །བདེ་བ་ཞི་བ་མྱ་ངན་འདས། །མི་གཡོ་གོ་འཕང་འཐོབ་པར་འགྱུར། །རང་རྒྱལ་སངས་རྒྱས་ཉིད་དང་ནི། །ཉན་ཐོས་མཐར་ནི་ཕྱིན་པར་འགྱུར། །མདོ་སྡེ་འདི་ནི་བཀླག་ པ་ཡིས། །སངས་རྒྱས་སྐུ་མདོག་ཐོབ་པར་འགྱུར། །གང་གཱའི་བྱེ་མ་མཉམ་པ་ཡིས། །རྒྱལ་བ་མཆོག་ནི་མཐའ་ཡས་པ། །མཆོད་པས་ཐོབ་པའི་བསོད་ནམས་དང་། །མདོ་འདི་བཏོན་པའི་བསོད་ནམས་མཉམ། །འཇིག་རྟེན་ཇི་སྙེད་གང་སུ་དག །ཞིང་ནི་བྱེ་བ་མཐའ་ ཡས་པ། །དེ་སྲིད་ཕྲ་རབ་རྡུལ་སྙེད་ཀྱི། །སངས་རྒྱས་རྣམས་ལ་རྟག་མཆོད་པ། །རྣམ་པ་སྣ་ཚོགས་བཟའ་བཏུང་དང་། །ན་བ་རྣམས་ཀྱི་གསོ་སྨན་དང་། །རྣམ་པ་སྣ་ཚོགས་གནས་མལ་རྣམས། །རྟག་ཏུ་ཐམས་ཅད་རབ་སྦྱིན་དང་། །རྣམ་པ་སྣ་ཚོགས་གོས་དང་ནི། །ཕྱེ་མ་དག་ ནི་ཀུན་གྱིས་ཀྱང་། །བསོད་ནམས་སྐྱེ་བོས་ཐོབ་གང་ཡིན། །འདི་དག་འཆང་དང་ཀློག་པས་སོ། །གང་ཞིག་རང་སངས་རྒྱས་རྣམས་དང་། །འཇིག་རྟེན་ཉན་ཐོས་རྫུ་འཕྲུལ་ཆེ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་ལ་གནས་དེ་ལས་གཞན། །དེ་རྣམས་ཚད་ནི་དེ་མཉམ་ལ། །དེ་དག་ མཆོད་པའང་དེ་བཞིན་ཏེ། །གང་གི་ལག་པར་གླེགས་བམ་ཆུད། །མི་ཡིས་དེ་མཉམ་བསོད་ནམས་ཐོབ། །འཇིག་རྟེན་ཇི་སྙེད་བསྟན་པ་ཡང་། །འཇིག་རྟེན་ཁམས་ན་གནས་པ་ཡི། །གྲངས་མེད་སེམས་ཅན་མ་ལུས་པ། །ཐམས་ཅད་ནད་ནི་མེད་བྱས་ཏེ། །སྐྱེ་བོ་ གང་ཞིག་ཡང་དང་ཡང་། །བཀུར་སྟིར་བྱས་ནས་དེ་མཆོད་པ། །ཆོས་མཆོག་འདི་ལ་མཆོད་ན་ནི། །བློ་ལྡན་དེ་ཡིས་བསོད་ནམས་འཐོབ། །བསྐལ་པ་བྱེ་བ་མཐའ་ཡས་པར། །རྒྱལ་བ་མཆོག་གིས་རྟག་པར་ཡང་། །འཇིག་རྟེན་མགོན་ཆོས་མཛད་མཆོག་ འདི། །མཆོད་པར་ཡང་ནི་མི་ནུས་སོ། །ཆོས་མཆོག་འདི་ནི་ས་སྟེང་དུ། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །འཇམ་པའི་ཆོ་ག་འདིར་གསུངས་པ། །བཀླགས་པ་དང་ནི་འཆང་བ་ཡིས། །དེས་ནི་འདོད་འཇོའི་བ་འདྲར་འགྱུར། །ལོངས་སྤྱོད་ཆེ་ནོར་ཕུན་ སུམ་ཚོགས། །ཡིད་ནི་སྐྱོ་བ་མེད་བྱས་ནས། །ས་སྟེང་འདི་ནི་རབ་ཏུ་སྒྲུབ། །སྔགས་དང་རྒྱུད་དོན་དྲང་བའི་དོན། །དོན་ཡོད་ཚིག་ནི་རབ་བཤད་པ། །བྱ་བ་དུས་ལ་བརྟེན་ནས་ནི། །ས་སྟེང་རིག་པ་འཛིན་བསྒྲུབ་ན། །རིན་ཆེན་ཕུན་ཚོགས་རབ་གང་བ། །དེ་ཡི་ཕྱོགས་ ཀུན་དག་ཏུ་གསུངས། །འབྲས་བཅས་འགྲོ་བའི་བདག་ཉིད་ཆེ། །སྤྱོད་པ་བཟང་བར་བརྗོད་པ་ཡིན། །གང་ཞིག་ཆོ་ག་མཆོག་འདི་ལས། །རྒྱལ་པོ་སྔགས་གཅིག་འཆང་བྱེད་པ། །རྒྱལ་སྲིད་ཕུན་སུམ་ཚོགས་དོན་བཅས། །ཚེ་རིང་ཕུན་སུམ་ཚོགས་པར་འགྱུར། །རྣམ་ པ་སྣ་ཚོགས་ལོངས་སྤྱོད་ཚོགས། །རྒྱལ་མཆོག་དམ་པས་འཐོབ་པར་འགྱུར། །འགྲོ་དང་གནས་པའི་དུག་དག་དང་། །གཞན་གྱིས་བྱས་པའི་རིག་པ་དང་། །རོ་ལངས་སྔགས་ཀྱིས་སྒྲུབ་པ་དང་། །མཚོན་གྱིས་ཀྱང་ནི་གནོད་མི་འགྱུར། །གཞན་གྱི་གནོད་བྱེད་གཙོར་ བྱེད་པས། །ས་སྟེང་འཇིག་རྟེན་གནོད་མི་བྱེད། །ཆོམ་རྐུན་ནད་ནི་གཞན་དག་དང་། །མེ་ཡི་འཇིགས་པ་དེ་ལ་མེད། །རྒྱལ་པོ་སྐྱེ་བོ་དག་ཀྱང་རུང་། །སུ་ཞིག་དེ་ལ་མཆོད་མི་བྱེད། །གང་ཞིག་མདོ་སྡེ་དཀོན་མཆོག་འདི། །འཆང་དང་ཀློག་པའང་དེ་བཞིན་ནོ། །རྒྱལ་པོ་རྒྱལ་ རིགས་སྤྱི་བོ་ནས། །དབང་བསྐུར་ཡུལ་དུ་ཉེར་གནས་ཚེ། །མདོ་སྡེ་མགོ་ལ་ངེས་བཅིངས་ནས། །ཡང་དང་ཡང་དུ་ཕྱག་འཚལ་ན། །དེ་ལ་རྐུན་པོས་མི་གནོད་ཅིང་། །མཚོན་གྱིས་དེ་ལ་ཕོག་མི་འགྱུར། །གཞོན་ནུའི་གཟུགས་སུ་ཡང་དག་བྱུང་། །རྨ་བྱའི་གདན་ལ་ ལེགས་བཀོད་པ། །གླང་པོའི་མཚོག་མའི་སྟེང་བཞག་ནས། །གཡུལ་དུ་ཡང་དག་ཞུགས་བྱས་ན། །སྐྱེ་བོ་རྣམས་སྡང་དེ་དག་ཀུན། །མཐོང་བ་ཙམ་གྱིས་ལྡོག་པར་བྱེད། །བྱིས་པའི་གཟུགས་ཅན་བཟང་པོ་ནི། །གཞོན་ནུའི་རྒྱན་གྱིས་ཡོངས་སུ་བརྒྱན། །གསེར་ དང་དངུལ་དང་ར་གན་གྱིས། །རྒྱལ་མཚན་ཡུ་བ་བསྒྲེང་བ་ལ། །རྒྱལ་མཚན་བ་དན་བཏགས་ནས་ནི། །ལེགས་དགད་ལེགས་པར་མཉམ་པར་བཞག །གཡུལ་དུ་དགྲས་ནི་ལེགས་གང་བ། །མཚོན་ཆ་སྣ་ཚོགས་ཐོགས་བྱེད་པ། །ཐམས་ཅད་གཡུལ་དུ་འདུས་ པ་ལ། །དེ་ཡི་ཚེ་ན་འཇུག་པར་བྱ། །རྒྱལ་མཚན་སྒྲེང་ལ་གནས་པ་ཡི། །གཞོན་ནུ་ལས་ནི་སྣ་ཚོགས་པ། །རྣམ་པ་དུ་མའི་གཟུགས་དང་ལྡན། །བདག་ཉིད་ཆེན་པོ་འཇམ་པའི་དབྱངས། །ས་བཅུའི་བདག་པོའི་བདག་པོ་ནི། །མཐོང་བ་ཙམ་ གྱིས་འཇིགས་པར་བྱེད། །རྒྱལ་རིགས་རྒྱལ་པོ་ཆེན་པོ་ནི། །འཇིག་རྟེན་ས་སྲུང་ས་གནས་པ། །དད་ལྡན་ཡིད་གཉིས་ཐེ་ཚོམ་ནི། །རྣམ་བྲལ་ཆོས་ལ་མཉེས་གཤིན་པ། །བདེ་བར་གཤེགས་ལ་དད་བསྐྱེད་ནས། །སྙིང་རྗེས་བརླན་པའི་ཡིད་ཀྱིས་ནི། །འདིར་བཤད་ འདི་དག་བྱ་བ་ནི། །གྲུབ་པར་འདོད་པས་རབ་ཏུ་བྱ། །ཆོ་གའི་སྦྱོར་བའི་སྔགས་དང་ནི། །རྒྱུད་དང་ལྡན་པ་ས་སྟེང་དུ། །ཆོས་དབྱིངས་ཚོགས་པའི་རྒྱལ་བ་ཡིས། །གསུང་རབ་འདི་དག་ངེས་པར་བསྟན། །ཆོས་ཀྱི་དབྱིངས་དང་མཉམ་གནས་པའི། །རྒྱལ་ མཆོག་སྔ་མ་གྲངས་མེད་པས། །ས་ཡི་སྟེང་གི་མི་རྣམས་ལའང་། །ཆོས་ཀྱི་མཛོད་ནི་གསུངས་པ་ཡིན། །ལྷ་དང་ལྷ་མིན་སྔོན་གཡུལ་འཐབ། །ཕ་རོལ་འཇིགས་པ་བྱུང་བ་ན། །གང་ཚེ་བརྒྱ་བྱིན་སྔོན་གྱུར་པ། །དཔུང་ནི་ཕམ་བྱས་ཞེ་སྡང་བས། །དེ་ཚེ་གཅིག་ཏུ་སོང་ནས་ ནི། །ས་སྟེང་རྣམ་པར་དུ་བར་གྱུར། །རྒྱལ་མཆོག་འོད་སྲུང་དེ་ལ་ནི། །ཐུབ་པ་མཆོག་ལ་དེ་ཚེ་ཞུས། །ཇི་ལྟར་བྱ་ཞེས་ཚིག་ཏུ་ནི། །བདེ་སོགས་བདག་པོས་རྣམ་པར་སྨྲས། །མི་བཟད་ལྷ་མིན་གྱིས་ཕམ་ནས། །བདག་ཀྱང་འདིར་ནི་ཡང་དག་ལྷགས། །དེ་སྐད་བཅོམ་ ལྡན་གསོལ་ནས་ནི། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །དེ་ཚེ་ཐུབ་མཆོག་ཞབས་གཉིས་ལ། །སྤྱི་བོའི་གཙུག་གིས་རབ་བཏུད་ནས། །མིག་སྟོང་ཀཽ་ཤི་ཀ་ནི། །དེ་ཡི་སྤྱན་སྔར་འདུག་པར་གྱུར། །དེ་སྐད་གསོལ་ནས་ཐུབ་མཆོག་ནི། །བྲམ་ཟེར་གྱུར་པ་འོད་སྲུང་ གིས། །དེ་ཚེ་གསུང་དུ་བཀའ་སྩལ་པ། །ཀ་ལ་པིང་ཀའི་སྒྲ་སྐད་དུ། །རྒྱལ་བ་མཆོག་གིས་སྔོན་གསུངས་པ། །གཞོན་ནུ་སྣ་ཚོགས་ཡང་དག་བྱུང་། །བདག་ཉིད་ཆེན་པོ་འཇམ་དཔལ་ནི། །རྙེད་དཀའ་སྐུ་ནི་འབུམ་གྱུར་པ། །ཡང་དག་མཐའ་ལ་གནས་ ནས་ནི། །ཟབ་མོའི་དོན་གྱི་དོན་སྟོན་བྱེད། །སྤྲོས་མེད་རྣམ་པ་མེད་པ་དང་། །གནས་མེད་པ་ལས་གཟུགས་བྱས་ནས། །ཤིན་ཏུ་དོན་ལྡན་ཆོས་ཀྱང་སྟོན། །ལྷ་ཡི་དབང་ཕྱུག་དེ་ནི་དྲན། །དེ་ནས་དེ་ནི་དེ་དྲན་པས། །བྱང་ཆུབ་སེམས་དཔའ་དྲན་ཙམ་གྱིས། །གཞོན་ནུ་སྣ་ ཚོགས་གཟུགས་ཅན་ནི། །དེར་ནི་དེ་ཡི་མོད་ལ་ལྷགས། །དེར་ནི་བཅོམ་ལྡན་འདས་དང་ནི། །བཅོམ་ལྡན་ལྷ་ཡི་དབང་ཕྱུག་བཅས། །ལྷགས་ནས་བྱང་ཆུབ་སེམས་དཔའ་དེས། །དེ་ཚེ་རྒྱལ་བ་མཆོག་ལ་བཏུད། །རྒྱལ་བ་མཆོག་ཀུན་ཕྱག་འཚལ་ནས། །འོད་ཆེན་འོད་སྲུང་ ལ་ཡང་བཏུད། །དེ་ཚེ་ཐུབ་པས་རྗེས་གནང་ནས། །སྔགས་ཀྱི་ཚིག་ནི་འདི་སྨྲས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱཿ། ཨོྃ་ཧ་ན་ཧ་ན། སརྦ་བྷ་ཡོཏྶཱ་ད་ཡ་ཏྲཱ་ས་ཡ། མོ་ཊ་ཡ། ཚིནྡ། བྷིནྡ། ཛྭ་ལ་ཛྭ་ལ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་སྔགས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་འདི་རི་དང་རྒྱ་མཚོའི་མཐར་ཐུག་པ་དང་བཅས་པ་རྣམ་པ་དྲུག་ཏུ་གཡོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཞིང་མཐའ་ཡས་པ་འཇིག་རྟེན་གྱི་ཁམས་ཀྱི་ཕྱོགས་ཀྱི་མཐར་ ཐུག་པ་ཐམས་ཅད་དང་བཅས་པ་ཡང་རབ་ཏུ་འགུལ་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་སྔགས་ཀྱི་ཚིག་འདི་དག་བྱིན་གྱིས་བརླབས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཇིགས་པ་དང་བྲལ་ནས་བ་སྤུ་ལངས་ཏེ་ངོ་མཚར་རྨད་དུ་བྱུང་བ་ཐོབ་ ནས། མིག་གཉིས་ཕྱེ་སྟེ། སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་ལན་གསུམ་བསྐོར་བ་བྱས་ཤིང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མངོན་དུ་བལྟས་ནས་སྔགས་ཀྱི་ཚིག་དེ་དག་བཟུང་སྟེ། ཡིད་ལ་བྱས་ནས་ཕྱིར་ཡང་ཤིང་རྟ་ལ་ཞོན་ ཏེ། ལྷ་མ་ཡིན་གང་ཡིན་པ་དེ་ལོགས་སུ་ཕྱིན་པར་གྱུར་ཏོ། །དེ་ནས་ལྷ་མ་ཡིན་ཐམས་ཅད་རྒྱ་མཚོ་ཆེན་པོའི་མཐའི་འགྲམ་དུ་གང་རང་གི་གྲོང་ཁྱེར་གང་ཡིན་པ་དེར་མངོན་དུ་ཕྱོགས་ཤིང་སོང་བར་གྱུར་ཏེ། སེམས་ཞུམ་ཞིང་ཉམས་ལ་དཔུང་གི་འཇིགས་པས་ སེམས་དཀྲུགས་ཤིང་གདོང་གི་མདོག་ཉམས་ཤིང་ང་རྒྱལ་དང་དྲེགས་པ་ལ་སོགས་པ་དང་བྲལ་བར་གྱུར་ལ། །མཚོན་ཆ་དང་བྲལ་ཞིང་རི་འབིགས་བྱེད་འབར་བ་བཞིན་དུ་ལྷའི་དབང་ཕྱུག་དེ་མཐོང་ནས་བྱེར་བར་གྱུར་ཏོ། །དེ་ནས་ལྷ་ཡི་དབང་པོ་བརྒྱ་ བྱིན་གྱིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་མ་འཇིགས་ཤིག །མ་འཇིགས་ཤིག །སངས་རྒྱས་ཀྱི་མཐུས་ལྷ་མ་ཡིན་ལས་བདག་ཅག་ངེས་པར་རྒྱལ་བས་རང་གི་གནས་སུ་འགྲོ་བར་བྱའོ། །རང་རང་གི་གནས་ཅི་ལྟ་བ་ བཞིན་དུ་སོང་ནས་ཁྱོད་ཅག་རྩེ་བ་དང་དགའ་བ་ཡོངས་སུ་སྤྱོད་པར་གྱིས་ཤིག །དེ་ནས་ལྷ་དེ་དག་ཐམས་ཅད་ཡིད་ཤིན་ཏུ་དགའ་ནས་ཕྱིར་ཡང་རང་གི་གནས་སུ་ལོག་པར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་བདག་གིས་གཞོན་ནུའི་གཟུགས་ཅན་གྱི་གཟུགས་བརྙན་གྱི་རྣམ་པ་དེ་བྱས་ལ་རྒྱལ་མཚན་གྱི་རྩེ་མོ་ལའང་བཏགས་ན། དེས་ན་གང་གི་ལྷ་མ་ཡིན་གྱི་འཇིགས་པ་མི་འབྱུང་ངོ་། །ཞེས་བསྟན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆེན་པོ་ལ་འོས་ པའི་ནོར་བུ་རིན་པོ་ཆེ་ནང་འོད་དང་ལྡན་ཞིང་གསལ་བའི་ཕྲེང་བ་བླངས་ནས། གཞོན་ནུའི་ཆ་བྱད་ཀྱི་གཟུགས་བརྙན་བྱས་ཏེ། སྟེང་གི་ཁང་བཟང་དུ་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་པའི་དབུས་ན། ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་གི་རྩེ་མོར་རྒྱལ་མཚན་བསྒྲེང་བ་ ལེགས་པར་བཀོད་པ་བྱས་ནས་བཞག་པར་གྱུར་ཏོ། །དེ་ནས་ལྷ་མ་ཡིན་དེ་དག་རབ་ཚིམ་བྱེད་དང་། ཐགས་བཟངས་རིས་ལ་སོགས་པ་དེ་དག་ལྷ་རྣམས་ཀྱི་སྟེང་དུ་མི་འགྲོ་ཞིང་། ལྷ་དེ་དག་ཀྱང་ཟིལ་གྱིས་གནོན་པར་མི་འགྱུར་ལ། རྫུ་འཕྲུལ་ ལས་རྣམ་པར་འཕྲུལ་པའམ། གཡུལ་མངོན་དུ་ཕྱོགས་པར་འགྲོ་བར་མི་ནུས་སོ། །དེ་ལྟར་ལོ་བྱེ་བ་ཁྲི་ཕྲག་དུ་མ་མི་མ་ཡིན་པའི་གྲངས་ཀྱིས་བགྲང་བར་ཡང་ལྷ་མ་ཡིན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་ཕན་ཡོན་དཔག་ཏུ་ མེད་པ་བསྟན་པ་དང་། ཚེ་དང་། ནད་མེད་པ་འཕེལ་བར། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་སྔོན་དུ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཕན་ཡོན་གྱི་ཡོན་ཏན་མཆོག་འདི་དག་རྒྱ་ ཆེ་བ་དང་། མཐའ་ཡས་ཤིང་མུ་མེད་པ་སྔོན་གསུངས་པ་ཡིན་ནོ། །གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་སྤངས་སམ། རྣམ་པར་རྟོག་པར་བྱེད་ན། བསོད་ནམས་མ་ཡིན་པ་དཔག་ཏུ་མེད་པ་འཕེལ་བར་འགྱུར་ཞིང་། དམྱལ་བར་ཡང་སྐྱེ་བར་ འགྱུར་ལ། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྐྱེ་བ་ངན་པར་ཡང་འགྲོ་བར་འགྱུར་རོ། །སྨན་དང་། སྔགས་རྣམས་མེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། །དེ་རྣམས་ཀྱི་བདག་ཉིད་ཆེན་པོ་རྫུ་འཕྲུལ་ ཆེ་བ་དང་། རྣམ་པར་འཕྲུལ་བ་ཡང་མེད་དོ། །ཆོ་ག་རྒྱ་ཆེ་བ་ཡང་མེད་དོ། །འཕགས་པ་མ་ཡིན་པས་བཤད་དོ། །ཞེས་བྱས་ནས་སྤང་བའམ། །ཡང་ན་འགྲོ་ཞིང་འདི་ཉན་པར་མི་ནུས་སོ། །ཞེས་གནས་དེ་ལས་གཞན་དུ་ འགྲོ་ན། དེ་དག་ལ་བསོད་ནམས་མ་ཡིན་པ་ཆེན་པོ་འབྱུང་བར་འགྱུར་རོ། །ཅི་སྟེ་བློ་ཆུང་བ་གང་གིས་ཆོས་འདི་ནི་ཐུབ་པ་མཆོག་དང་། ཐུབ་པའི་སྲས་བློ་དང་ལྡན་པ་མ་ཡིན་ནོ། །ཞེས་རབ་ཏུ་སྤོང་བར་བྱེད་དོ། །མི་དེ་དམྱལ་བར་འགྲོ་འགྱུར་ ཞིང་། །དེ་ཉམས་ནས་ནི་དུད་འགྲོར་འགྲོ། །ཐིག་ནག་དང་ནི་ཡང་སོས་དང་། །སྤུ་གྲི་སོ་དང་མེ་མ་མུར། །རོ་མྱགས་ཆུ་བོ་རབ་མེད་སྐྱེ། །དེ་ནས་ཕྱིར་ཡང་སྤུ་གྲི་སོར། །ལོ་མ་རལ་གྲི་ལྟ་བུའི་ནགས། །ཡང་ན་ཀྱི་ཧུད་ཟེར་དེ་བཞིན། །འཇིག་རྟེན་གྲགས་ པ་སོ་ཐམས་ཐམས། །སྡིག་པའི་ལས་ཀྱི་དམྱལ་བ་རུ། །གང་གིས་ཆོས་ནི་སུན་བྱེད་པ། །དེ་ནི་སྐྱེ་བ་དེ་དག་འགྲོ། །འཇིག་རྟེན་སྨད་པར་རབ་བསྟན་པ། །མི་བཟད་མནར་མེད་པ་ཞེས་བྱ། །མ་དད་སེམས་ཀྱིས་ཆོས་སྤངས་པ། །སྡིག་པའི་ལས་ཅན་གནས་ཡིན་ཏེ། ། གང་ཞིག་ཆོས་ནི་འདི་འཇིགས་པ། །དེ་ལ་སྐྱེ་བོ་དེ་འཚེད་འགྱུར། །ཀུན་གྱི་མཐར་ཐུག་མནར་མེད་པ། །དེ་ཉམས་དེ་བཞིན་དམྱལ་ཆེན་སྐྱེ། །དམྱལ་བའི་ས་མཐའ་མཐའ་ཡས་པར། །རྟག་ཏུ་བློ་མེད་དེ་ནི་འགྲོ། །མདོ་སྡེ་དེ་ནི་རྒྱ་ཆེར་བཅས། ། ཆོས་ཀྱི་ནོར་ཀུན་རབ་སྤངས་ནས། །དེ་ནི་འཇིག་རྟེན་ངན་པར་འགྲོ། །དབང་མེད་རྟག་པར་དབང་དུ་འགྲོ། །གང་ཞིག་མདོ་སྡེའི་ཆོ་ག་འདི། །སྔགས་དང་རྒྱུད་ཀྱིས་ལེགས་པར་བརྒྱན། །གྲུབ་པ་སྣ་ཚོགས་བརྒྱ་རྣམས་འཐོབ། །ཡང་དག་མཐའ་ ནི་སྒྲིབ་པ་མེད། །ཆོས་ཀྱི་དབྱིངས་ཀྱི་སྐུ་ཉིད་ཡིན། །དམིགས་སུ་མེད་པའི་ངོ་བོ་ཉིད། །ཆོ་ག་ཆོ་ག་རྒྱ་ཆེན་བཅས། །ལེའུ་རབ་འབྱམ་འདིས་འདྲེན་བྱེད། །འཇམ་པའི་དབྱངས་ནི་ལེགས་དགོད་པ། །ཕུན་ཚོགས་དཔལ་དང་བློ་གྲོས་མཆོད། ། རྩ་བའི་ཆོ་ག་མི་ཉུང་བ། །རྒྱ་ཆེ་མང་པོར་བསྟན་པ་ཡིན། །རྟག་དང་ཆད་དང་ཐོག་མཐའ་ནི། །གཉི་གའི་མཐའ་དོན་རྣམ་པར་སྤངས། །རིམ་བཅས་རིམ་ནི་ངེས་པར་བསྟན། །སྔགས་ཀྱི་ལུས་ནི་བཏུས་པ་ཡིན། །མེ་དང་རླུང་དང་ནམ་མཁའ་དང་། །སྟོང་ པའི་དེ་ཉིད་ལེགས་གསུངས་པ། །སྤངས་པ་རྟག་ཏུ་འགྲོ་བ་ནི། །འོག་ནས་འོག་ཏུ་དེ་ཚེ་འགྲོ། །བསྐལ་པ་རྣམ་མང་གསུམ་གྱི་གྲངས། །དེ་ཚེ་བསོད་ནམས་ཡོངས་བསགས་ནས། །དེ་ཚེ་བྱང་ཆུབ་ཐོབ་ནས་ནི། །བདག་དང་རྒྱལ་བ་མཆོག་རྣམས་ ཀྱིས། །སྔགས་དང་རྒྱུད་ཀྱི་དོན་གསུངས་པ། །འགྲོ་བ་ཡུལ་ནི་སྡིག་མེད་ལའོ། །རྩ་བའི་ཆོ་ག་དག་བྱེད་དང་། །སྡིག་པ་མེད་ཅིང་བཀྲ་ཤིས་པའི། །ལེའུ་རབ་འབྱམ་རབ་གསུངས་པ། །ངེས་པའི་མདོ་སྡེ་བཟང་པོ་ཡིན། །ས་བདག་ཡོན་ ཏན་བདག་ཉིད་ཆེ། །ཡུལ་དང་དུས་ཀྱི་སྦྱོར་བ་དང་། །རྒྱལ་སྲས་མི་རུ་སྐྱེས་པ་ཡིས། །ས་སྟེང་དམ་པའི་ཆོས་བསྟན་ཅེས། །འཇིག་རྟེན་གཙོ་བོ་ཐུབ་པ་ནི། །རྒྱལ་བ་བདུན་པས་བསྟན་པ་ཡིན། །ཆོ་ག་རྒྱ་ཆེར་གསུངས་པ་ནི། །བློ་དང་ དཔལ་ནི་མངོན་པར་འཕེལ། །རྩ་བ་རབ་འབྱམ་ལེའུ་ཞེས། །སྔགས་དང་རྒྱུད་དང་ལྡན་པ་དེ། །གང་ཞིག་མདོ་མཆོག་གཙོ་བོ་འདི། །རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། ། བསྐལ་པ་ཆེན་པོར་དེ་འཚེད་ཅེས། །རྣམ་པ་དུ་མར་དབྱེ་བར་བསྟན། །ནམ་ཞིག་གང་དུ་འབྱུང་བ་ནི། །མི་ཡི་ལུས་སུ་སྐྱེས་ན་ཡང་། །དབུལ་ཞིང་ནད་མང་གླེན་པ་དང་། །ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་སྨད་པར་འགྲོ་བ་སྟེ། །དེ་ནི་ མཛེ་ཅན་ནད་པར་འགྱུར། །ལྐུགས་ཤིང་འོན་པ་ཡན་ལག་ཉམས། །བློ་ཉམས་ལོང་བ་ཉིད་དང་ནི། །རྩུབ་ཅིང་རྟག་ཏུ་འཇིགས་པའི་གཟུགས། །ས་སྟེང་ཡི་དགས་ལྟ་བུར་སྣང་། །གོས་ངན་སེམས་ནི་ཞན་པ་དང་། །སེན་མོ་དང་ནི་ལུས་ཀྱང་ངན། ། སྲིན་བུ་རྣམས་ཀྱིས་ཟོས་པ་དང་། །ཤུ་བ་གཡན་པར་ཡང་དག་ལྡན། །མདོ་སྡེ་འདི་ནི་རབ་སྤངས་ན། །གང་དང་གང་གིས་འགྲོ་བར་འགྲོ། །དེ་དང་དེར་ནི་སྐྱེ་བ་ན། །བློ་ངན་རྨོངས་པར་སྐྱེ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། མིག་ཕྱེ་ཞིང་མི་འཛུམས་པར་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ན་གནས་པའི་ལྷའི་ བུ་རྣམས་དང་། འབྱུང་པོའི་ཚོགས་དུ་མ་ཆོས་མཉན་པའི་ཕྱིར་འདུས་པར་ཤེས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་འདི་ནི་ངོ་མཚར་ཏེ། མཆོག་ཏུ་ལེགས་པར་གསུངས་པ་ ལགས་ན། དེ་ལ་བཅོམ་ལྡན་འདས་མ་འོངས་པའི་དུས་ན་སེམས་ཅན་མི་རིགས་པའི་ཆགས་པས་ཟིལ་གྱིས་ནོན་པ་སླུ་བར་བྱེད་པ་ང་རྒྱལ་ཅན་མ་དད་པ་གྱ་གྱུ་ཅན་དམུ་རྒོད་ཚུལ་ཁྲིམས་འཆལ་པ་དག་འབྱུང་བར་འགྱུར་ཏེ། དེ་དག་སྔགས་རྣམས་ཀྱི་རྟོག་པའི་ བདག་ཉིད་ཆེན་པོ་རྒྱས་པ་གྲུབ་པ་དང་། དུས་དང་། ཡུལ་དང་། ངེས་པར་སྡོམ་པ་དང་། སྔགས་དང་། སྤྱོད་པ་དང་། །སྦྱིན་སྲེག་དང་། བཟླས་པ་ངེས་པར་སྡོམ་པ་དང་། ཆོ་ག་རབ་འབྱམ་དག་ལ་མ་དད་པར་འགྱུར། ཡིད་ལ་མི་བྱེད་ པར་འགྱུར་ཏེ། སངས་རྒྱས་ཀྱི་བཀའ་མ་ཡིན་ནོ། །ཞེས་བྱས་ནས་སྤོང་བར་འགྱུར་ཏེ། དེ་དག་ཉོན་མོངས་པའི་སེམས་སུ་གྱུར་ནས་དུས་བྱེད་པར་འགྱུར་ཞིང་། སྡུག་བསྔལ་དྲག་ཅིང་ཚ་བའི་ཚོར་བ་མྱོང་ཞིང་དེ་དག་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། ། བཅོམ་ལྡན་འདས་སྡུག་བསྔལ་བའི་སེམས་ཅན་དེ་དག་ལ་ཇི་ལྟར་བསྒྲུབ་པར་བྱ། སངས་རྒྱས་བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྤྱི་བོར་བྱུགས་ནས་བཀའ་སྩལ་པ། ། འཇམ་དཔལ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རབ་ཏུ་ཞུགས་པ་ཁྱོད་ཡང་ལེགས་སོ་ལེགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་དེ་ཁྱོད་ཡང་ལེགས་སོ། །འཇམ་དཔལ་གཞོན་ ནུར་གྱུར་པ་དེའི་ཕྱིར་ལེགས་པར་ཤིན་ཏུ་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དང་། ལྷ་དང་། མི་རྣམས་དང་། འཇིག་རྟེན་ལ་རབ་ཏུ་བརྩེ་བའི་ཕྱིར་ངས་ཁྱོད་ལ་ བཤད་དོ། །སྤྱོད་པ་ཐམས་ཅད་ལ་ཞུགས་པ་དང་། བྱང་ཆུབ་ཀྱི་ལམ་དང་། ཐམས་ཅད་ཤེས་པ་དང་། ཆོས་ཀྱི་དབྱིངས་ལ་འཇུག་པ་དང་། འཕགས་པ་འཇམ་དཔལ་གྱི་སྐུ་ལ་གནས་པར་འདོད་པ་རྣམས་ཀྱིས་རིག་པའི་རྒྱལ་པོ་མཆོག་ཏུ་གསང་ བ། གཞོན་ནུ་ཁྱོད་ཀྱི་རྩ་བའི་ཆོ་གའི་ལེའུ་རབ་འབྱམ་འཆི་བའི་དུས་ཀྱི་ཚེ་ཡང་འདི་དྲན་པར་བྱའོ། །དེ་གང་ཞེ་ན། ན་མ་སྟྲཻ་ཡ་དྷྭ་ཏ་ཐཱ་ག་ཏེ་བྷྱཿ། ཨར་ཧད་བྷྱཿ། སམྱཀྶཾ་བུདྡྷེ་བྷྱཿ། ཨོྃ་ཀུ་མཱ་ར་རཱུ་པི་ཎེ། བི་ཤྭ་སཾ་བྷ་བ། ཨཱ་གཙྪ། ཨཱ་གཙྪ། ལ་ཧུ་ལ་ཧུ། བྷྲཱུྃ་བྷྲཱུྃ། ཛི་ན་ཛིཀ མཉྫུ་ཤྲི་ཡེ། སུ་ཤྲི་ཡེ། ཏཱ་ར་ཡ་མཱྃ། སརྦ་དུཿཁེ་བྷྱཿ། ཕཊ་ཕཊ། ཤ་མ་ཡ་ཤ་མ་ཡ། ཨ་མྲྀ་ཏོདྡྷ་བ། པཱ་པཾ་མེ་ནཱ་ཤ་ཡ་སྭཱ་ཧཱ། འཇམ་དཔལ་འདི་ནི་ཁྱོད་ཀྱི་སྙིང་པོ་དམ་པ་ཡིན་ཏེ། ཞི་བ་ཐམས་ཅད་བྱེད་པ། སྡིག་པ་ ཐམས་ཅད་ཟད་པར་བྱེད་པ། སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་གྲོལ་བར་བྱེད་པ། ཚེ་དང་། ནད་མེད་པ་དང་། དབང་ཕྱུག་དང་། སྐལ་བ་བཟང་པོ་མཆོག་དང་། ངག་གི་དབང་ཕྱུག་སྐྱེད་པར་བྱེད་པ། རིག་པའི་རྒྱལ་པོ་ཐམས་ཅད་གཟེངས་ སྟོད་པར་བྱེད་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་གསུངས་མ་ཐག་ཏུ་ས་ཆེན་པོ་རི་དང་རྒྱ་མཚོ་དང་བཅས་པ། སེམས་ཅན་དང་སྣོད་ཉེ་བའི་མཐར་ཐུག་པ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །འགྲོ་བ་ཐམས་ཅད་དེ་ཡི་དགས་ ཀྱི་འགྲོ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། དམྱལ་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་སྦྱངས་ཤིང་། བདེ་བ་རྣམས་ཀྱང་རབ་ཏུ་ཐོབ་པར་འགྱུར་ལ། འཇམ་དཔལ་རིག་པའི་རྒྱལ་པོ་འདི་ཡང་ཡིད་ལ་བྱེད་ཅིང་། དེའི་ཚེ་དམ་པའི་ཆོས་སྤོང་བའི་སེམས་ཀྱང་མེད་པར་འགྱུར་ན། བདུད་སྡིག་ཏོ་ཅན་གྱིས་ཀྱང་གླགས་རྙེད་པར་མི་འགྱུར་ལ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་འབྱེར་བར་འགྱུར་རོ། །འདི་ལྟར་ཡང་སེམས་བསྐྱེད་པར་བྱ་སྟེ། སངས་རྒྱས་བཅོམ་ ལྡན་འདས་ཀྱི་སངས་རྒྱས་དང་། ཆོས་ནི་བསམ་གྱིས་མི་ཁྱབ་སྟེ། བསམ་པའམ། གཞལ་བའམ། སྤང་བར་ནི་བདག་གིས་ཅི་ཞིག་ནུས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པར་འགྱུར་རོ། །འཕགས་པ་འཇམ་དཔལ་ གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ཕན་ཡོན་དང་ཉེས་དམིགས་ཀྱི་ནུས་པ་རབ་འབྱམ་བསྟན་པའི་ལེའུ་སུམ་ཅུ་རྩ་དྲུག་པ་རྫོགས་སོ།། །།བཅོམ་ལྡན་འདས་ ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། གནས་གཙང་མའི་སྟེང་ན་གནས་པའི་ལྷའི་བུའི་ཚོགས་རྣམས་དང་། སེམས་ཅན་བྱེ་བ་ ཁྲི་ཕྲག་བརྒྱ་སྟོང་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུབ་པ་དང་། རིག་འཛིན་དང་། དྲང་སྲོང་མཆོག་དམ་པ་དུ་མ་དང་། འཇམ་དཔལ་ གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དང་། བྱམས་པ་དང་། མཐུ་ཆེན་ཐོབ་དང་། མཐུ་ཆེན་གནས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་འཁོར་དང་བཅས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ནམ་མཁའི་ངོ་བོ་དང་འདྲ་བར་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམས་ཐུགས་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་རྫོགས་སོ།། །།དཔལ་ལྷ་ བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀས། རྒྱ་གར་གྱི་མཁན་པོ་དགེ་བསྙེན་ཆེན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། སྒྲ་སྒྱུར་གྱི་ལོཙྪ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།