Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 088_རྒྱུད་འབུམ།_ན

Văn bản gốc(Tây Tạng)

Trang 20 / 22 (50.000 ký tự/trang)
ྱི་སྔགས་མཆོག་ནི། །རིགས་ལྔ་དག་གིས་
གསུངས་པ་དང་། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་པའི། །རྒྱལ་བའི་སྲས་ཀྱིས་གསུངས་པ་དག །ཁྲོ་བོའི་རྒྱལ་པོ་རྫུ་འཕྲུལ་ཆེས། །ཐམས་ཅད་དེ་དག་ཡང་དག་འགུགས། །སྔགས་དང་རྒྱུད་ནི་ཐམས་ཅད་ཀུན། །བསྟན་པ་འདི་ལ་ངེས་པར་འབྲེལ། །གང་
ཞིག་གང་དག་ཆོ་གར་བསྟན། །དེ་ཉིད་འདིར་ནི་ངེས་པར་སྦྱར། །གཤིན་རྗེ་གཤེད་ནི་ཁྲོ་རྒྱལ་གྱི། །ལས་ཀུན་བྱེད་པའི་མཆོག་ཡིན་ནོ། །སྒྲོལ་མ་ཁྲོ་གཉེར་ཅན་ཉིད་དང་། །དེ་བཞིན་གོས་དཀར་མོ་དང་ནི། །དེ་བཞིན་དཀར་ཆེན་རིགས་མ་དང་། །རྡོ་རྗེའི་རིགས་
འབྱུང་མཱ་མ་ཀཱི། གཙུག་ཏོར་འབྱུང་བ་ཐམས་ཅད་དང་། །ལྷ་མོ་སྤྱན་ནི་ཉིད་དག་དང་། །དེ་བཞིན་གཤེགས་ཀུན་རིག་པ་དང་། །མཐུ་ཆེན་ཐོབ་དང་ཀུན་བཟང་དང་། །པདྨ་འཛིན་པའི་མངའ་བདག་དང་། །བདག་ཀྱང་འཇིག་རྟེན་གནོད་སྦྱིན་བདག །བྱང་ཆུབ་སེམས་དཔའ་རྫུ་
འཕྲུལ་ཆེ། །རྒྱལ་སྲས་རྨད་དུ་བྱུང་བ་དང་། །དཔུང་བཟང་འཇིག་རྟེན་རྣམ་པར་གྲགས། །རྡོ་རྗེའི་སྡེ་དང་སྡེ་བཟང་དང་། །བློ་ལྡན་ཆོས་ཀྱིས་འཕགས་པ་དང་། །བདག་གིས་ཀྱང་ནི་བཤད་པའི་སྔགས། །ཟློས་པས་བརྙས་པར་མི་བྱའོ། །སྔོན་དུ་རྟག་ཏུ་མཆོད་
བྱ་ཞིང་། །ལེགས་གསུངས་དེ་དག་བགོམ་མི་བྱ། །ཁྲོ་བོའི་རྒྱལ་པོ་ལེགས་མཆོད་ཅིང་། །དེར་ནི་ཟློས་པས་སྦྱར་མི་བྱ། །དུས་རྣམས་ཀུན་ཏུ་སྔགས་དག་ལ། །དེ་དག་རིག་པ་བཅད་མི་བྱ། །ཇི་བཞིན་ལས་ནི་ཀུན་ལ་ཡང་། །འཇིག་རྟེན་སྔགས་ཀྱི་ལྷ་དག་ནི། །
དཀའ་ཟློག་བདེ་བྱེད་ཚངས་སོགས་དང་། །ལྷ་ཆེན་ལ་ཡང་ལེགས་པར་མཆོད། །ཇི་ལྟར་རྒྱུད་ལ་སྔགས་རྣམས་ནི། །དེ་བཞིན་ཉིད་དུའང་ཀུན་ལ་བྱ། །ཐམས་ཅད་སྔགས་ནི་ཀུན་ལ་ཡང་། །ཐམས་ཅད་ཉིད་དུའང་ཡང་དག་བསྟན། །སྔགས་ཀུན་རབ་ཏུ་འཇུག་པ་

ཡང་། །ཁྲོ་བོ་ལས་ནི་ཡང་དག་འབྱུང་། །སྔགས་འདི་ཁྲོ་བོ་ཆེན་པོ་ནི། །གཤིན་རྗེ་གཤེད་ཅེས་བྱ་མིང་གིས། །བདག་ཉིད་ཆེན་པོ་གཤིན་རྗེ་ཡང་། །མྱུར་དུ་བཀུག་ནས་འཇོམས་པར་བྱེད། །ཉི་མའི་བུ་ནི་གཤིན་རྗེ་དང་། །བརྒྱ་བྱིན་བདག་ཉིད་ཆེན་པོ་ཡང་། །
བཀུག་ནས་དབང་མེད་མི་བཟད་པ། །གདུལ་དཀའ་འདུལ་བྱེད་མངའ་བདག་ཡིན། །སྔགས་འདི་སྔགས་ནི་ཆེན་པོ་སྟེ། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །མ་རུངས་ལས་རྣམས་ཐམས་ཅད་བྱེད། །སྔགས་ཀུན་རབ་ཏུ་སྒྲུབ་པར་བྱེད། །དེ་སྐད་སྨྲས་
ནས་དཔལ་ལྡན་ནི། །ལག་ན་རྡོ་རྗེ་རྫུ་འཕྲུལ་ཆེས། །ཤཱཀྱ་སེང་གེ་མི་ཡི་མཆོག །དཔའ་ཆེན་སངས་རྒྱས་ལ་བཏུད་ནས། །སྔགས་འཁོར་རྟེན་པའི་རྡོ་རྗེ་ཅན། །རྫུ་འཕྲུལ་ཅན་གྱིས་སྔགས་རྣམས་གསུངས། །འབྱུང་པོ་ཀུན་ཚོགས་དགེ་བ་ནི། །སེམས་ཅན་
ཀུན་གྱིས་མཉན་པ་ཡིན། །སྔགས་རྣམས་ཀུན་ཚོགས་ལྟ་བྱེད་པ། །སྔགས་ཀྱི་མཆོག་ནི་བདག་གིས་བཤད། །བློ་དང་ལྡན་པ་འཇམ་པའི་དབྱངས། །བྱང་ཆུབ་སེམས་དཔས་བཤད་པ་ཡིན། །མི་བཟད་གདུལ་དཀའ་འདུལ་བྱེད་པ། །མ་རུངས་ཐམས་ཅད་ཟློག་
པར་བྱེད། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། གནོད་སྦྱིན་མོ་སྒྲུབ་པའི་ཆོ་ག་རབ་འབྱམ་ལས་ལེའུ་སུམ་ཅུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །
སྡུག་བསྔལ་སྤང་ཞིང་བདེ་བྱ་བ། །སྡུག་བསྔལ་སྤང་ཞེས་བསྟན་པ་ནི། །མདོར་བསྡུས་ན་ནི་བཟློག་པ་ཡིན། །དེ་ཉིད་ཐེག་པ་རྣམ་གསུམ་དུ། །ང་ཡི་འདི་ནི་བསྟན་པ་ཡིན། །མི་རྟག་སྡུག་བསྔལ་བདག་མེད་དང་། །འདུས་བྱས་ཐམས་ཅད་སྐད་ཅིག་ཉིད། །གསོབ་
དང་རྟག་ཏུ་ཀུན་སྟོང་པར། །འཁོར་བའི་འཆིང་བ་ངེས་པར་བསྟན། །དེ་ལས་ཆགས་བྲལ་རྣམ་གསུམ་འགྲོ། །སེམས་ཅན་དགེ་ལ་བརྟེན་པ་ཡིན། །བྱང་ཆུབ་སེམས་དང་སངས་རྒྱས་དང་། །རང་རྒྱལ་བྱང་ཆུབ་ལ་བརྟེན་དང་། །འདོད་ཆགས་བྲལ་བ་རྫུ་འཕྲུལ་ཆེ། །

དེ་བཞིན་གཞན་དག་དགྲ་བཅོམ་ཉིད། །ཉན་ཐོས་བྱང་ཆུབ་ལ་བརྟེན་ནས། །རྣམ་གསུམ་ཞི་བ་ཐོབ་པར་བྱེད། །ཆོས་འདི་དག་ནི་མདོར་བསྡུ་ན། །དགེ་དང་མི་དགེ་བསྟན་པ་ཡིན། །རྟག་ཏུ་མི་དགེ་སྤང་བྱ་སྟེ། །དུས་རྣམས་ཀུན་ཏུ་དགེ་བ་སྤྱད། །
འབྱུང་པོ་ཀུན་ལ་མི་འཚེ་བར། །ངས་ནི་ཆོས་ཀྱང་རབ་ཏུ་བསྟན། །འགྲོ་བ་ལྔ་པོའི་ལམ་ཉིད་དུ། །ཆོས་འདི་ཉིད་ནི་འགྱུར་བ་ཡིན། །གང་ཞིག་ཟག་མེད་ཆོས་རྣམས་ནི། །ཡང་དག་མཐའ་ལ་ཡང་དག་བརྟེན། །དང་པོའི་སངས་རྒྱས་སྔ་མ་ཡིས། །འདི་ཉིད་ལམ་
དུ་གསུངས་པ་ཡིན། །ཞི་བ་མྱ་ངན་འདས་འགྲོ་བར། །ངས་ཀྱང་ཐམས་ཅད་བསྟན་པ་ཡིན། །ཆོས་ཀྱི་མཐའ་ལ་བརྟེན་ནས་ནི། །ཡང་དག་མཐའ་ནི་ཐོབ་པ་ཡིན། །ཆོས་རྣམས་ཀུན་གྱི་མཐའ་མེད་པ། །ཡང་དག་མཐའ་ཞེས་བརྗོད་པ་ཡིན། །ཆོས་འདི་དག་ནི་
མདོར་བསྡུས་ནས། །ཉོན་ཅིག་ལྷ་ནི་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཉན་ཐོས་དག་ཀྱང་ཉོན། །ང་ནི་ས་སྟེང་མྱ་ངན་འདའ། །ཁ་བ་ཅན་གྱི་ནང་དག་ཏུ། །སཱ་ལའི་ནགས་ནི་ཡང་དག་འབྱུང་། །གསེར་དང་ལྡན་པའི་ཆུ་བོ་དང་། །
གྱད་རྣམས་ཀྱི་ནི་ཉེ་འཁོར་དུ། །སཱ་ལ་ཟུང་གི་ནགས་ནང་དུ། །ང་ནི་མྱ་ངན་འདའ་བར་འགྱུར། །གྲོང་ཁྱེར་མིང་ནི་སྡིག་པ་ཅན། །ཅོད་པན་བཅིངས་པའི་མཆོད་རྟེན་དང་། །ཆུ་བོའི་འགྲམ་ནི་རྟག་ཉམས་དགའ། །དེར་ནི་ས་སྟེང་མྱ་ངན་འདའ། །བྱང་ཆུབ་སེམས་
དཔའ་ཐམས་ཅད་དང་། །རྫུ་འཕྲུལ་ཆེ་ལྡན་ཉན་ཐོས་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཆེ། །བརྒྱ་བྱིན་ཚངས་བཅས་འདབ་བཟང་དང་། །གཞན་ཡང་འོག་མིན་ལ་སོགས་ལྷ། །དེར་ནི་ཐམས་ཅད་འདུས་པར་ནི། །རབ་ཏུ་འབྱུང་བར་
འགྱུར་བ་ཡིན། །དེར་ནི་གྱད་ཀྱི་ཉེ་འཁོར་དང་། །གང་གཱའི་བྱང་ཕྱོགས་འགྲམ་དག་ནི། །ཆུ་བོ་ཆེན་པོ་དེ་ལས་གཞན། །ཁ་བ་ཅན་རིའི་ལྷོ་ཕྱོགས་ཆར། །སཱ་ལའི་ནགས་ཞེས་བྱ་བ་འབྱུང་། །དེ་ཚེ་ནུབ་ཕྱོགས་བལྟས་པའི་མལ། །དེ་ཡི་གནས་སུ་འབྱུང་བར་འགྱུར། །

དེ་ཚེ་ཆུ་བོ་རབ་དགའ་བ། །བཟང་པོ་གསེར་ལྡན་འགྲམ་དག་ཏུ། །ལྷ་རྣམས་ཀུན་གྱི་ཚོགས་ལ་སོགས། །འདུས་པ་དག་ནི་འབྱུང་བར་འགྱུར། །མི་དང་རྒྱལ་པོའི་མཆོག་རྣམས་དང་། །མི་དང་མི་མ་ཡིན་པ་འབྱུང་། །དེ་ཚེ་མི་དང་འབྱུང་པོ་ཀུན། །དེ་ཚེ་བྱིས་པ་འཕགས་པ་དང་། །
དགའ་སྟོན་ཆེན་པོ་དགའ་ཆེན་ལྟར། །གནས་དེ་ལ་ནི་ཡང་དག་འདུས། །རང་ལུས་ཟང་ཟིང་བཅས་པར་ནི། །བཟང་པོ་ཆེན་པོའི་བཀོད་པའང་བྱས། །ཆོས་ཀྱི་མཐའ་ནི་ཡོངས་སྤངས་ནས། །ཡང་དག་མཐར་ནི་ཡང་དག་ཞུགས། །དེ་ཚེ་སྔོན་གྱི་སྐྱེ་བ་ནི། །སེར་སྐྱའི་གྲོང་ཁྱེར་
གཞི་དག་ཏུ། །ཤཱཀྱའི་རིགས་ཀྱི་གཙོ་བོ་ནི། །ང་ནི་འཁོར་བའི་བཙོན་རར་སྐྱེས། །བདག་གི་སྡུག་བསྔལ་བདག་ཉིད་ཀྱིས། །ཁྱིམ་ལས་ངེས་འབྱུང་ཡོངས་སུ་སྤངས། །དེ་ཚེ་མུ་སྟེགས་མང་པོ་བསྟེན། །བདུད་རྩི་དག་ཀྱང་ཐོབ་མ་གྱུར། །དཀའ་བ་དག་ཀྱང་བདག་གིས་
སྤྱད། །ལུས་ཀྱི་གདུང་བའང་ཡུན་རིང་བ། །ལོ་དྲུག་ཏུ་ནི་བསྟེན་པ་ཡིས། །ལུས་ཀྱང་ཞིག་ཅིང་རྣམ་པར་སྐམས། །ཤེས་དང་ཤེས་བྱ་གསལ་བ་ནི། །ངས་ནི་ཅུང་ཟད་ཐོབ་པ་མེད། །དེ་ནས་ང་ནི་ལངས་ནས་ཀྱང་། །འབྲས་ཆེན་དཀར་བའི་ཟས་ཀྱང་ཟོས། །ལྷ་རྣམས་
ཀྱིས་མཆོད་ལམ་དག་ནི། །དེར་ནི་ས་སྟེང་ང་ཡིས་བགྲོད། །ཆུ་བོ་ནཻ་རཉྫ་ནའི་འགྲམ། །ཤིང་གི་རྒྱལ་པོ་ལེགས་མཛེས་པ། །མེ་ཏོག་རྣམ་པ་དུ་མས་ཁྱབ། །དེ་འགྲམ་ས་ནི་ཉམས་དགའ་བ། །ནགས་ཆེན་འབྲས་བུ་ལྡན་པ་དང་། །རྣམ་པ་སྣ་ཚོགས་ཤིང་དག་འབྱུང་། །ཆུ་
བོ་ཆེན་པོས་ཡོངས་བསྐོར་བའི། །ཤིང་གི་རྩར་ནི་ང་ཡིས་ཕྱིན། །ས་ཡི་ཆ་ནི་མཐོང་ཙམ་གྱིས། །བདག་གི་སེམས་ནི་བརྟན་པ་ཐོབ། །དེ་ལྟའི་ཤིང་ནི་བདག་གིས་མཐོང་། །ཡལ་ག་ལོ་མ་ཉེར་མཛེས་པའི། །ཤིང་ཆེན་གྲིབ་མ་ཆེན་པོ་ནི། །རྩ་བ་མི་མངོན་ཉེར་སྤྱད་འོས། །
ཤིང་རྩ་ཨ་ཤྭཏྠར་འདུག་ནས། །སེམས་ནི་ཤིན་ཏུ་དང་བར་གྱུར། །བསམ་གཏན་དང་ནི་ཏིང་འཛིན་དང་། །དེར་ནི་བརྟན་པའང་མངོན་པར་འཐོབ། །མཚན་མོའི་མཐར་ནི་སྐྱེ་མཐར་བྱེད། །དེར་ནི་སྣང་བ་མེད་པའང་འཐོབ། །བདུད་ཀྱི་བགེགས་ནི་རྣམ་མང་པོ། །རྣམ་

པ་དུ་མ་རབ་ཏུ་སྦྱར། །སྡེ་རྣམས་བཅོམ་ནས་སླར་ལྡོག་ཅིང་། །རང་གི་གནས་སུའང་དེ་དག་སོང་། །སྔགས་དང་རྒྱུད་ནི་འདི་དོན་དུ། །རྣམ་པ་མང་པོའང་གསུངས་པ་ཡིན། །རྣམ་པ་དུ་མའི་སྦྱོར་བ་དང་། །བསམ་གཏན་ཤེས་པའང་བསྟན་པ་ཡིན། །དེར་ནི་ཐེག་པ་
གསུམ་ཡང་སྤྱད། །གཞན་དག་སེམས་ཅན་རྟེན་ལ་འཛུད། །ཉེས་པ་རྣམ་པ་གསུམ་ཉིད་ཀྱི། །གཉེན་པོ་དག་ཀྱང་རབ་ཏུ་བསྟན། །དེ་ནས་ལངས་ནས་ཡང་སོང་ནས། །གྲོང་ཁྱེར་ལྟེང་རྒྱས་ཆུ་བཟང་གིས། །ཁྲུས་བྱས་དེར་གནས་དྲང་སྲོང་རྣམས། །སློབ་མར་བཅས་
པའང་རབ་ཏུ་ཕྱུང་། །སེམས་ཅན་རྣམ་མང་དོན་བྱས་ནས། །དེ་ནས་ང་ནི་ཡང་དག་འདས། །ཀ་ཤིའི་གྲོང་ནི་ཉམས་དགའ་བར། །མཐར་གྱིས་སུ་ནི་ཡང་དག་ཞུགས། །རྫུ་འཕྲུལ་ཆེན་པོ་སྔར་སངས་རྒྱས། །དེ་ཡི་གནས་སུའང་བཞུགས་པ་ཡིན། །ཀ་ཤི་སྐྱེ་བོའི་ཡུལ་དག་ཏུ། །
དེར་ནི་རང་བདག་ཉིད་གནས་འགྱུར། །ཞི་བ་མྱ་ངན་འདས་བྱེད་པའི། །དམ་ཆོས་ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་ལྷ་དང་ལྷ་མིན་བཅས། །འགྲོ་བ་ལྔ་ལ་ཡང་དག་བརྟེན། །འབྱུང་པོ་ཀུན་ལ་བདེ་བའི་ཕྱིར། །དེར་ནི་ཆོས་ཀྱང་རབ་ཏུ་བསྟན། །དེར་ནི་སྔ་མའི་
སངས་རྒྱས་ཀྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་ན་མེད། །དེ་ནི་ང་ཡིས་རབ་ཏུ་བསྟན། །སྲིད་ལས་གྲོལ་ཞིང་བ་དེ་དོན་དང་། །སེམས་ཅན་ཉེས་པ་བཟློག་པའི་ཕྱིར། །བདེ་ཞིང་ཞི་བར་གཞོལ་བའོ། །ཚངས་པའི་འཁོར་ལོ་རབ་ཏུ་བསྐོར། །སྲིད་
པའི་ལམ་ནི་གཞིག་དོན་དང་། །བདེན་བཞིའི་ཏིང་འཛིན་ལས་བྱུང་བའི། །འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཚངས་པའི་གནས་བཞིས་རྣམ་པར་བརྒྱན། །རྟེན་ཅིང་འབྲེལ་བར་འབྱུང་དང་བཅས། །རྣམ་པ་བཅུ་གཉིས་བྱས་པ་ཡིན། །མ་རིག་འགག་པར་ཡང་
དག་ལྡན། །རིག་པ་བསྐྱེད་པའི་རིམ་ལས་བྱུང་། །ཡང་དག་མཐའ་ཡི་ལེགས་མཐར་སྐྱེས། །དེ་ཉིད་མཐར་ནི་བསྟན་པ་ཡིན། །ལུགས་སུ་འབྱུང་དང་བཟློག་པ་དག །ཐ་མར་བདག་ཉིད་རྟོགས་ཆེན་སྐྱེས། །སེམས་ཅན་མང་པོ་ཐར་དོན་དུ། །ཞི་བའི་འཁོར་ལོ་ཡང་དག་

ལྡན། །ཉམས་དགའ་ཀ་ཤིའི་གྲོང་སྤངས་ནས། །དེ་ཚེ་བདག་ནི་མཉན་ཡོད་སོང་། །དེ་ཚེ་མུ་སྟེགས་གདུལ་བྱའི་ཕྱིར། །ཆོ་འཕྲུལ་ཆེན་པོའང་བྱས་པ་ཡིན། །མི་ཡུལ་དག་ཏུ་རྫུ་འཕྲུལ་ནི། །དེ་ཚེ་ཡང་དག་བསྟན་པར་བྱས། །མུ་སྟེགས་མང་པོའི་གནས་དག་ཏུའང་། །
དེ་ཚེའང་རབ་ཏུ་དགའ་བར་བྱས། །ཡུལ་མིང་མེ་ཐབ་ཅེས་བྱ་བར། །ལྷ་ལས་བབས་པ་བཟང་པོ་བྱས། །སུམ་ཅུ་རྩ་གསུམ་དག་ཏུ་ཡང་། །ཆོས་ཉིད་ལ་ནི་བརྒྱ་བྱིན་སྦྱར། །དེ་ནས་འོག་མིན་ལྷ་སོགས་དང་། །ཚངས་སོགས་བརྒྱ་བྱིན་བཅས་པ་དང་། །རྣམ་ཐོས་གནོད་སྦྱིན་དབང་
དང་བཅས། །རྒྱལ་ཆེན་བཞི་ཡི་རིས་དག་དང་། །རྟག་ཏུ་མྱོས་དང་གཞོང་ཐོགས་དང་། །པི་ཝང་གསུམ་པ་ཕྲེང་ཐོགས་དང་། །ལྷ་དང་གནོད་སྦྱིན་ཚོགས་རྣམས་ཀུན། །ས་བླ་ལྷ་དང་བར་སྣང་གནས། །འཕགས་པ་གནོད་སྦྱིན་ཚོགས་བདག་དང་། །ལྷ་དང་
ལྷ་མིན་ཐམས་ཅད་ཀྱང་། །ཆོས་ཀྱི་འབྲས་བུ་ལྡན་པར་བྱས། །མྱ་ངན་འདས་གསུམ་རྗེས་འགྲོ་བྱས། །སེམས་ཅན་བསམ་གྱིས་མི་ཁྱབ་པའང་། །དེ་ཚེ་ལེགས་པ་ཉིད་ལ་བཙུད། །དེ་དག་རྩིས་ཀྱི་གྲངས་མེད་པ། །འཁོར་བའི་མཐའ་བཞིན་དེ་མཐའ་མེད། །སྟོང་
ཆེན་པོ་ཡི་འཇིག་རྟེན་གྱི། །ཁམས་དང་འདྲ་བར་བསམ་མི་ཁྱབ། །རྟག་ཏུ་སེམས་ཅན་མང་པོ་ནི། །བདེན་པའི་དོན་ལ་ཡང་དག་སྦྱར། །དེ་ཚེ་དེར་ནི་ང་འོངས་ནས། །གནས་གཙང་སྟེང་དུ་གནས་ནས་ཀྱང་། །ཐེག་པ་གསུམ་ལ་རྗེས་འཇུག་པའི། །དམ་ཆོས་སྔགས་
ནི་རབ་ཏུ་བསྐོར། །སེམས་ཅན་གདུལ་བྱ་ལ་བརྟེན་ནས། །ང་ཡིས་ཆོ་གའི་རྒྱལ་པོ་འདི། །འཇིག་རྟེན་མང་ལ་རབ་བསྟན་ནས། །འཇམ་པའི་དབྱངས་ལའང་གཏད་པ་ཡིན། །ང་ནི་འཇིག་རྟེན་མྱ་ངན་འདས། །ས་སྟེང་སྟོངས་པར་གྱུར་པ་ན། །དེ་ནས་འཇམ་དཔལ་སེམས་
ཅན་ལ། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་ཏུ་སྲུང་བར་ནི། །འཇམ་པའི་དབྱངས་ནི་འགྱུར་བ་ཡིན། །སྔགས་ནི་རབ་ཏུ་དབྱེ་དོན་དུ། །ཆོ་ག་རྒྱ་ཆེན་བསྟན་པ་ཡིན། །

དེ་ཚེ་དུས་ཀྱི་ཐ་མ་ལ། །མ་རུངས་མི་བཟད་ཆེན་པོ་ཡི། །མི་བདག་གདུག་པ་ཆེན་པོ་ནི། །ཕན་ཚུན་གསོད་པ་དག་ལ་དགའ། །སྡིག་པའི་ལས་ཅན་སྤྱོད་པ་ངན། །དེ་ཚེ་ལོངས་སྤྱོད་ཆུང་བ་དང་། །དེ་ཚེ་དུས་ཀྱི་ཐ་མ་ལ། །འབྱུང་བར་འགྱུར་བར་ཐེ་ཚོམ་
མ་མེད། །སཱ་ལ་ཞེས་བྱའི་ནགས་སུ་ནི། །དེ་དག་མཆོད་དོན་རྩོམ་པར་བྱེད། །ཆུ་བོ་གསེར་ལྡན་འགྲམ་དང་ནི། །ཅོད་པན་འཆིང་བའི་མཆོད་རྟེན་དུ། །ཞི་བའི་དབྱིངས་ལ་བརྟེན་པའི་ཕྱིར། །ང་ནི་མྱ་ངན་འདས་མལ་འཆའ། །ལུས་ནི་སྲེག་པའི་ཤིང་ལ་བཞག །རྫོགས་
ལོངས་སྤྱོད་པ་ལོངས་སྤྱོད་སྤངས། །དེའི་སྔོན་མཛད་པ་ཉིད་དང་ནི། །ང་ཡི་རྨད་བྱུང་སྤྱོད་མཐོང་ནས། །ང་ཡི་གདུལ་བྱའི་སྤྱོད་ཡུལ་དང་། །སངས་རྒྱས་གདུལ་བྱའི་མཛད་པ་དང་། །སྤྱོད་པ་དགེ་བ་སྣ་ཚོགས་དེ། །མི་ཡི་བདག་པོ་ཀུན་དྲན་ནས། །ཐམས་
ཅད་མཆོད་པ་བྱེད་པར་འགྱུར། །ལྷ་དང་ལྷ་མིན་མིར་བཅས་པ། །དེ་ནས་ས་བདག་ཀུན་འདུས་ནས། །དེ་ཚེ་ང་ཡི་དྲུང་དུ་ནི། །དགའ་སྟོན་ཆེན་པོ་མཆོད་པ་ཀུན། །བྱེད་པར་འགྱུར་བར་ཐེ་ཚོམ་མ་མེད། །སྐུ་ནི་ཤིང་ལ་རབ་བཏེག་ནས། །ཟང་ཟིང་ཡོན་ཏན་འབྱུང་བའི་
གནས། །དགེ་བ་དང་ནི་མི་དགེ་དང་། །བསོད་ནམས་བསོད་ནམས་མ་ཡིན་སྤངས། །ཡང་དག་མཐའ་དོན་སྟོང་ཉིད་མཐའ། །ཕུང་པོ་ལྔ་ནི་འབྱུང་བ་ཆེ། །སེམས་ཅན་མང་པོས་དེ་རྗེས་མཐོང་། །བསོད་ནམས་ཆེ་བའི་དོན་དུ་སྦྱར། །རྫུ་འཕྲུལ་ཆེན་པོ་འདོད་
ཆགས་བྲལ། །ཉན་ཐོས་ཆེན་པོ་བདག་ཉིད་ཆེ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །ས་བཅུ་ལ་ནི་ཡང་དག་གནས། །ཡང་དག་མཐའ་ནི་རྟོགས་ནས་ཀྱང་། །ཆོས་ཀྱི་མཐའ་ལ་ཡང་དག་གནས། །སེམས་ཅན་ཀུན་ལ་སྙིང་བརྩེ་བར། །ཀུན་གྱིས་ཡོངས་
སུ་བསྐོར་ནས་གནས། །ལྷ་ཡི་ཚོགས་ནི་ཐམས་ཅད་དང་། །འཕགས་དང་སོ་སོའི་སྐྱེ་བོ་དང་། །འདི་ཀུན་བསོད་ནམས་ཆེན་པོའི་གནས། །མཆོད་རྟེན་ལ་ནི་འདུས་པར་འགྱུར། །མི་རྟག་སྡུག་བསྔལ་དོན་གནས་ནས། །དང་བའི་སེམས་ནི་རབ་ཏུ་ཐོབ། །མཆོད་རྟེན་

མཐའ་ཡི་ཉེན་ཀོར་དུ། །འབྱུང་པོའི་ཚོགས་ཀྱང་འདུག་པ་ཡིན། །མཆོད་པ་ཆེན་པོ་བྱས་ནས་ནི། །སྨྲེ་སྔགས་འདོན་ཅིང་ངུ་བར་བྱེད། །དབུགས་འབྱིན་སྙིང་རྗེས་བརླན་ནས་ནས་ནི། །མཆི་མའི་ཐིགས་པའང་རབ་ཏུ་འཛག །སྨྲེ་སྔགས་འདི་ལྟར་ཀུན་འདོན་པ། །མི་
རྟག་སྡུག་བསྔལ་སྟོང་པ་ཡི། །སངས་རྒྱས་ཆོས་ནི་སྔར་སྟོན་མཛད། །ད་ལྟར་ས་སྟེང་འདི་ལ་ནི། །དེ་འདིར་ཐུབ་མཆོག་དམ་པ་ནི། །དྲང་སྲོང་མཆོག་གྱུར་བདུན་པ་དང་། །སེམས་ཅན་ཀུན་མཆོག་ཤཱཀྱའི་རྒྱལ། །དེ་མཐོང་བ་ཡི་ཐ་མ་ཡིན། །སྡུག་བསྔལ་མི་
རྟག་སྟོན་པ་ཡི། །བཅོམ་ལྡན་དེ་འདི་གཟིམས་པ་ཡི། །མཐོང་བ་ཡི་ནི་ཐ་མ་འམ། །སྟོང་ཉིད་དོན་དམ་སྟོན་བྱེད་དང་། །ཐོག་མ་ནས་ཞི་དོན་སྟོན་པ། །ལྷ་ཡི་ཚོགས་དག་ཅི་ཡི་ཕྱིར། །ཀྱེ་མ་མངའ་བདག་སད་མི་བྱེད། །རྫུ་འཕྲུལ་ཆེན་པོ་ལྷ་ཡི་བུ། །ཐམས་ཅད་
འདིར་ནི་ལྷགས་པར་འགྱུར། །དཔའ་བོ་ཆེན་པོ་ཆོས་དོན་གཉེར། །རྫུ་འཕྲུལ་ཆེན་པོ་ཉན་ཐོས་དང་། །སེམས་ཅན་ཀུན་ནི་སྡུག་བསྔལ་བའི། །མི་དང་ལྷ་དང་ལྷ་མ་ཡིན། །ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བའི། །དེ་ཡི་དུས་ནི་འདི་དག་ཡིན། །བཅོམ་ལྡན་ཁྱོད་ནི་མྱུར་
དུ་བཞེངས། །སངས་རྒྱས་དུས་ཀྱི་རྗེས་འགྲོ་བ། །རྒྱ་མཚོ་ཆེན་པོའི་དུས་བཞིན་དུ། །ཐུབ་པས་དེ་འདྲར་མི་འདའ་མཛོད། །ཡུན་རིང་དུས་ནས་བརྟེན་མཛད་པའི། །སེམས་ཅན་མང་པོའི་དོན་མཛད་སྩོལ། །ཞི་བ་མྱ་ངན་འདས་ལམ་མམ། །བསམ་གཏན་རྣམ་ཐར་བསྟན་དུ་
གསོལ། །དེ་ལྟར་རྣམ་པ་དུ་མ་ཡི། །སྨྲ་བ་མང་པོའི་ཚིག་བརྗོད་ནས། །རྫུ་འཕྲུལ་ཆེན་པོའི་ལྷ་ཡི་ཚོགས། །དེ་ནས་ཐམས་ཅད་ཅང་མི་སྨྲ། །མཚུངས་མེད་སྨྲེ་སྔགས་བྱས་ནས་ནི། །བདུད་དང་བཅས་པས་རབ་ཏུ་འདུག །ཡུན་རིང་ངུ་ཞིང་སྨྲེ་བྱས་ནས། །འགུལ་
ནས་མཆི་བཅས་སྒྲ་འཛེར་བཅས། །མྱ་ངན་ཡིད་མི་བདེ་དང་བཅས། །ཚངས་སོགས་ལྷ་དང་ལྷ་མིན་བཅས། །མི་དང་མི་ཡི་བདག་པོ་ཀུན། །ས་སྟེང་དེ་ལ་གནས་པར་འགྱུར། །གཞན་ཡང་ཤཱཀྱའི་རིགས་སྐྱེས་པ། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་

བྲལ། །བདག་ཉིད་ཆེན་པོ་སངས་རྒྱས་ནི། །ལྷ་ཡི་ལྷ་ཡི་གཉེན་གྱུར་པ། །དགེ་སློང་མ་འགགས་པ་ཞེས་བྱ། །དེ་གཅུང་མི་ཡི་ནང་ན་དགེ། །ཤིན་ཏུ་ཕྲ་ལ་མཁས་ཤིང་གསལ། །ཆགས་བྲལ་ལུགས་ལ་མཁས་པ་དང་། །དགྲ་བཅོམ་
གཙོ་བོ་རྒྱལ་པོ་ནི། །དུ་མའི་འཁོར་གྱིས་ཡོངས་སུ་བསྐོར། །མྱ་ངན་གྱིས་བསྐྱེད་དབུགས་ཕྱུང་ནས། །ཤིན་ཏུ་ཡུན་རིང་ཚིག་ཀྱང་སྨྲས། །སྙིང་རྗེ་ཡིད་མི་བདེས་དྲངས་པས། །རྒྱལ་པོ་དང་བཅས་གྱད་རྣམས་ལ། །གྲོགས་པོ་རེ་ཞིག་ཤིང་ལ་ནི། །མེ་ནི་འཇུག་པར་
མ་བྱེད་ཅིག །ཇི་སྲིད་བཅོམ་ལྡན་སྲས་པོ་ནི། །མཆོག་གྱུར་ཆོས་ཉིད་ལས་བྱུང་བ། །དེ་ནི་ཉན་ཐོས་རྫུ་འཕྲུལ་ཆེ། །འོད་སྲུང་ཆེན་པོ་ཞེས་བྱ་བ། །ཐུབ་པ་ཆེན་པོ་བློ་ཡི་མཆོག །བྲམ་ཟེའི་རིགས་སྐྱེས་ཟང་ཟིང་མེད། །མ་ག་དྷཱ་ཡི་མི་ནང་སྐྱེས། །རི་བོ་དེར་ནི་མཉམ་
པར་བཞག །གྲོང་ཁྱེར་རྒྱལ་པོའི་ཁབ་མཆོག་ཏུ། །པི་བ་ལ་ཡི་ཁྱིམ་དུ་གནས། །དེ་ནི་མྱུར་དུ་འདིར་འོང་བར། །བྱེད་ཀྱི་གཞན་དུ་མ་ཡིན་ནོ། །ལྷ་ནི་གང་ཞིག་དེར་དང་བ། །སྐུ་ལ་མེ་འབར་ངེས་བཟློག་པས། །དེ་བར་སྐུ་ལ་མེ་གཏོང་བ། །ངལ་བ་དོན་མེད་མ་བྱེད་
ཅིག །ཇི་སྲིད་རྫུ་འཕྲུལ་ཆེ་བའི་མཆོག །ཉན་ཐོས་ཐུབ་པ་ཐུགས་དགྱེས་དེས། །འཇིག་རྟེན་གསུམ་མཆོད་སངས་རྒྱས་དང་། །སྟོན་པ་འཇིག་རྟེན་གྱིས་མཆོད་ལ། །ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། །བླ་མ་གཡས་སུ་བསྐོར་བྱས་པ། །དེ་ཚེ་སྐུ་འདི་སྦར་དོན་
དུ། །དེར་ནི་ཀུན་གྱིས་རབ་བྱོས་ཤིག །གང་ཚེ་སྔར་ནི་སྦར་གྱུར་ན། །ཀུན་ཏུ་འབར་བའང་དོན་མེད་འགྱུར། །ཐམས་ཅད་དོན་མེད་མ་བྱེད་ཅིག །འདིར་ནི་ངལ་བ་ཁོ་ན་འབྱུང་། །བློ་དང་ལྡན་པ་མ་འགགས་པས། །ཀུན་ལ་དེ་སྐད་སྨྲས་ནས་ནི། །མི་དང་མི་ཡི་
བདག་པོ་དང་། །གྱད་རྣམས་ཀུན་ཀྱང་འདུག་པར་གྱུར། །མི་ཡི་རིགས་སུ་ང་སྐྱེས་ཤིང་། །མི་རྣམས་ཀྱིས་ཀྱང་རབ་ཏུ་སྐྱེད། །ལོངས་སྤྱོད་རྣམ་མང་གཞན་དང་ནི། །བཟོ་དང་སྒྱུ་རྩལ་དགེ་བའང་བསྐྱེད། །ས་སྟེང་ཤིང་གི་རྩ་དག་ཏུ། །མི་ཡི་གཟུགས་ཀྱིས་བྱང་

ཆུབ་ཐོབ། །སངས་རྒྱས་ཀུན་གྱི་མཛད་པ་ནི། །མི་རྣམས་ལ་ནི་ཆོས་ཀྱང་བསྟན། །དེ་ཉིད་ཕྱིར་ན་མི་རྣམས་ཀྱིས། །སྐུ་སྦྱང་དོན་ཕྱིར་མེ་ཡང་སྦར། །ང་མིང་འབྱུང་པོ་ཀུན་གྱི་ནི། །མཆོག་ཉིད་དུ་ནི་གྱུར་པ་ཡིན། །མི་ཡི་འཇིག་རྟེན་ཞི་བ་དང་། །ང་ནི་མྱ་ངན་
འདས་པར་བརྟགས། །གང་དག་སངས་རྒྱས་ཐམས་ཅད་ནི། །འདས་དང་མ་འོངས་ད་ལྟར་གྱི། །ཐམས་ཅད་མི་ཡི་འཇིག་རྟེན་དུ། །མི་ཡི་ལུས་སུ་ཡང་དག་འབྱུང་། །སྐྱེ་དང་བྱང་ཆུབ་དེ་བཞིན་དུ། །དམ་ཆོས་འཁོར་ལོ་དགེ་བ་སྤྱོད། །ཞི་བ་ཡང་དག་ཀུན་གཤེགས་པར། །
དེ་བཞིན་རང་རྒྱལ་དགྲ་བཅོམ་པ། །མི་ཡི་ལུས་ལ་བརྟེན་ནས་ནི། །བླ་མེད་ཞི་བར་གཤེགས་པ་ཡིན། །བསྐལ་པ་བསམ་གྱིས་མི་ཁྱབ་པར། །དེ་དག་ལ་ནི་ངས་ཕན་བྱས། །ང་ནི་ཕྱི་མར་ཞི་བ་དང་། །བསིལ་བར་གྱུར་ཅིང་འགོག་པར་གྱུར། །ས་སྟེང་སྟོངས་པར་གྱུར་པ་
ན། །དེར་ནི་སྐུ་གདུང་རབ་བཞག་པ། །མི་རྣམས་ལ་ནི་ཕན་དོན་དུ། །མཆོད་པ་རྗེས་སུ་གཟུང་འདོད་པས། །འཇིག་རྟེན་ལྷ་དང་ལྷ་མིན་བཅས། །མི་དང་གནོད་སྦྱིན་མཁའ་ལྡིང་བདག །སྲིན་པོ་ཡི་དགས་གྲུལ་བུམ་དང་། །རྫུ་འཕྲུལ་ཆེན་པོའི་ཤ་ཟ་རྣམས། །
འབྱུང་པོ་དག་ནི་ཐམས་ཅད་དང་། །གཟར་བཅས་མ་མོ་རྣམས་དང་ནི། །དེ་བཞིན་འཇིག་རྟེན་ཐམས་ཅད་ནི། །གྲངས་མེད་བསམ་གྱིས་མི་ཁྱབ་ཁམས། །སྲོག་ཆགས་ཐམས་ཅད་ཉིད་དག་ནི། །མཆོད་པའི་དོན་ཕྱིར་སྐུ་གདུང་དག །ས་སྟེང་སྟོངས་པར་གྱུར་པ་ན། །
དེ་ཡི་ཚེ་ན་ཡང་དག་བཞག །ཁ་ཅིག་ས་སྟེང་མི་དག་དང་། །ལྷ་ཡི་རྒྱལ་པོ་དེ་བཞིན་གཞན། །ལྷ་མིན་དབང་པོ་རྫུ་འཕྲུལ་ཆེ། །ས་འོག་གནས་པ་གཞན་དག་དང་། །དེ་བཞིན་ཀླུ་རྒྱལ་ལྷ་མིན་དག །སྐུ་གདུང་སོ་སོ་སོ་སོར་ནི། །ཡོན་ཏན་ལྡན་པ་རྫུ་འཕྲུལ་ཆེས། །ཕྱོགས་
ནས་ཐམས་ཅད་བདག་གིར་བྱས། །རང་གི་གནས་སུ་ཁྱེར་ནས་ནི། །དེ་ཚེ་མཆོད་པ་བྱེད་འགྱུར་ཞིང་། །རྫུ་འཕྲུལ་ཆེན་པོ་སངས་རྒྱས་སུ། །ཐམས་ཅད་ཐེ་ཚོམ་མེད་པར་འགྱུར། །མཆོག་དང་ཐ་མ་བར་གནས་པའི། །སེམས་ནི་དད་པ་རྣམ་གསུམ་གྱིས། །འཇིག་རྟེན་རྣམ་

གསུམ་འགྱུར་བ་ནི། །སངས་རྒྱས་བསེ་རུ་དགྲ་བཅོམ་ཐོབ། །ཐེག་པ་རྣམ་གསུམ་འཇིག་རྟེན་གསུམ། །རྣམ་གསུམ་ཡང་དག་བསྟན་པ་ཡིན། །ཐེག་ཆེན་ལ་འཇུག་ལམ་གྱིས་ནི། །དེ་ལ་བརྟེན་ནས་ངེས་པར་འབྱུང་། །རང་རྒྱལ་བྱང་ཆུབ་ལ་བརྟེན་པ། །དེ་
བཞིན་འཇིག་རྟེན་འགྱུར་བ་ཡིན། །དེ་ལས་གཞན་པ་ཉན་ཐོས་ཀྱང་། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །དེ་བཞིན་འཇིག་རྟེན་འགྱུར་བ་ཡིན། །རྣམ་གསུམ་རིགས་ཀྱིས་རྣམ་པར་བརྒྱན། །ས་བདག་ལོངས་སྤྱོད་ཆེན་པོ་དང་། །བདེ་ཆེན་དོན་དུ་འཁོར་ལོས་སྒྱུར། །
ལྷ་དང་མི་ཡི་ཕུན་སུམ་ཚོགས། །ཡུན་རིང་དེ་ཚེ་རྗེས་མྱོང་ནས། །མཐར་ནི་འཆི་བ་ལ་བརྟེན་ནས། །དེ་དག་ཞི་བ་རྣམ་གསུམ་འགྲོ། །དང་པོར་སྔར་ནི་སངས་རྒྱས་དང་། །ད་ལྟར་མ་འོངས་པ་དག་ཀྱང་། །ཐམས་ཅད་ལ་ནི་འདི་ཉིད་དེ། །འདི་ནི་ཡང་དག་ཇི་བཞིན་བསྟན། །མྱ་
ངན་འདས་པའི་ས་དེ་ལ། །ལྷ་རྣམས་ཐམས་ཅད་འདུག་ནས་ནི། །ཡིད་བྱུང་སེམས་ནི་སྐྱོ་ནས་ཀྱང་། །སྐད་འཛེར་བཅས་པས་སྨྲ་བ་ནི། །དེ་ཚེ་ཐམས་ཅད་འདི་སྐད་སྨྲ། །ཀྱེ་མའོ་ཀྱི་ཧུད་མི་རྟག་པ། །འཇིག་རྟེན་སངས་རྒྱས་རྫུ་འཕྲུལ་ཆེ། །དེ་འདིར་ཡོངས་སུ་མྱ་ངན་འདས། །
ལྷ་ཡི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་དག་ཀུན་གྱིས་དེ་སྨྲས་ནས། །སྙིང་ནི་མྱ་ངན་བཅས་གྱུར་ནས། །དེ་ནས་ཅང་མི་སྨྲ་བར་གནས། །མ་ག་དྷཱ་ཡི་སྐྱེ་བོ་མཆོག །ཀུ་ཤའི་མཆོག་གི་གྲོང་གནས་པ། །དེ་དང་ཉེ་བའི་རི་བོ་ནི། །ཕག་རྒོད་ཅེས་བྱའི་མིང་དུ་གྲགས། །དགེ་སློང་བསམ་
གཏན་དེར་བྱེད་པ། །པི་པ་ལི་ཡི་ཕུག་ཞུགས་པ། །འདི་ནི་ཉན་ཐོས་ང་ཡི་བུ། །ཐུགས་སྐྱེས་ཆོས་ལས་བྱུང་བ་གང་། །དེ་ནི་འོད་སྲུང་ཆེན་པོ་ཡིན། །དེ་ཚེ་ཕུག་མཆོག་ལ་འདུག་ནས། །དེ་ནས་བསོད་སྙོམས་ལ་སྤྱད་དེ། །འདུག་ནས་རང་ཉིད་སེམས་པར་བྱེད། །དུས་རིང་
བདག་གིས་སངས་རྒྱས་ལ། །བདག་གིས་ཀྱང་ནི་དེ་ཕྱག་བྱས། །རང་བྱུང་གྱུར་པ་མི་ཡི་མཆོག །བདག་གིས་ད་ལྟར་དེ་བལྟ་བྱ། །ཤཱཀྱའི་རིགས་སྐྱེས་ཐུབ་པ་མཆོག །བཅོམ་ལྡན་དེ་ནི་ག་ལ་བཞུགས། །བྲམ་ཟེའི་རྒྱལ་པོ་འོད་སྲུང་ཆེ། །དེར་ནི་ཡང་དག་དགོངས་པར་གྱུར། །

ཐུབ་པའི་ཐུབ་པ་ཁོ་ན་ནི། །སེམས་ཀྱིས་དེ་ལྟར་བསམ་པར་གྱུར། །ལྷ་ཡི་མིག་གིས་འཇིག་རྟེན་ལ། །འཇིག་རྟེན་མ་ལུས་ལྟ་བར་བྱེད། །འོག་མིན་དེ་བཞིན་འཇིག་རྟེན་མཐའ། །སྲིད་རྩེའི་འཇིག་རྟེན་ཁམས་ཀྱི་བར། །འཇིག་རྟེན་མ་ལུས་ཐམས་ཅད་དང་། །སྟོང་ཆེན་
སྲེད་པ་ལས་བྱུང་བ། །ཉན་ཐོས་སྤྱོད་ཡུལ་ཇི་ཙམ་པར། །ལྷ་ཡི་མིག་གིས་བལྟ་བྱས་ན། །མྱ་ངན་འདས་གཟིམས་ཞི་བ་དང་། །བསིལ་བར་གྱུར་ཅིང་ནད་མེད་པ། །རྫུ་འཕྲུལ་ཆེན་པོ་ལྷ་ཚོགས་ཀྱིས། །ཀུན་ནས་ཡོངས་སུ་བསྐོར་བ་དང་། །མི་དང་མི་ཡི་བདག་པོ་དང་། །
ལྷ་མིན་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོའི་ཚོགས་ནི་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །གྲགས་ཆེན་ཉན་ཐོས་ཆེན་པོ་ཡང་། །ཤེས་རབ་གཙོར་ནི་གྱུར་པ་དང་། །འདོད་ཆགས་བཅས་དང་འདོད་ཆགས་བྲལ། །ལྷ་དང་བཅས་པའི་མི་རྣམས་ཀྱིས། །
དཔའ་བོ་ཤིང་ལ་བཏེག་པ་ནི། །སངས་རྒྱས་ཉི་མའི་རིགས་ལས་བྱུང་། །དེ་བཞིན་ལྷ་ཡི་ལྷར་གྱུར་གཙོ། །ཐུབ་པ་དམ་པའི་མངའ་བདག་ནི། །ས་བདག་གླིང་ལ་གནས་རྣམས་ཀྱིས། །ཀུན་ནས་ཡོངས་སུ་བསྐོར་གྱུར་ནས། །མི་ཡི་དབང་མཆོག་གྱད་དག་གིས། །ལག་ན་
རྩྭ་སྒྲོན་ཡང་དག་ཐོགས། །དེ་དག་མེ་སྦར་མི་ནུས་པར། །ལྷ་རྣམས་ཀྱིས་ནི་བཟློག་འགྱུར་ཞེས། །དགེ་སློང་མ་འགགས་པ་ཡང་ནི། །བརྟུལ་ཞུགས་ཅན་གྱིས་དེ་སྐད་སྨྲས། །འཆི་མས་བརྣངས་ཤིང་སྨྲེ་སྔགས་འདོན། །ས་རྣམས་སྒྲ་ནི་ཆེན་པོས་གང་། །ཧ་ཧ་ཞེས་བྱའི་སྒྲ་
ཉིད་དང་། །རྔ་བོ་ཆེ་ཡི་སྒྲ་ཡང་ཐོས། །ལྷ་དང་དྲང་སྲོང་ཚོགས་ཀྱིས་ཁྱབ། །ལྷ་ཡི་བུ་མོའི་ཚོགས་ཀྱིས་བསྟོད། །གྲུབ་པ་རིག་འཛིན་ཀླུ་དང་ནི། །མི་འམ་ཅི་ཀླུ་རྒྱ་ཆེ་བ། །སྙན་པའི་སྒྲ་ནི་སྒྲོགས་པར་བྱེད། །བྱ་ཡི་སྐད་ནི་དགེ་བ་དང་། །ཡིད་འོང་སྣ་ཚོགས་རོལ་མོ་དང་། །
ལྷ་དང་མི་ཡིས་རྗེད་པ་དང་། །ལྷ་ཡི་བུ་མོའི་ཚོགས་ཀྱིས་གང་། །གྲུབ་པ་རིག་འཛིན་དག་དང་ལྡན། །དེ་ཚེ་སཱ་ལའི་ནགས་དག་ཏུ། །རྣལ་འབྱོར་དག་གིས་ཀུན་ཏུ་ཁྱབ། །ཐུབ་མཆོག་གཟིམས་མལ་དམ་པ་ནི། །ཀུན་ནས་ཡོངས་སུ་བསྐོར་བར་མཐོང་། །རྫུ་འཕྲུལ་ཆེན་

པོ་མྱ་ངན་བྲལ། །དེ་ནས་དབུགས་འབྱིན་མྱ་ངན་བཅས། །དེ་ཚེ་བྲམ་ཟེ་འོད་སྲུང་ནི། །མཆི་མའི་ཐིགས་པའང་རབ་ཏུ་འདོན། །ང་ཡི་ཉན་ཐོས་མཆོག་གྱུར་པ། །དེ་ཚེ་ས་ཡི་སྟེང་དུ་འགྱེལ། །ཚིག་ཀྱང་མྱུར་དུ་བརྗོད་པ་ནི། །ཀྱེ་མའོ་དཀའ་བ་རབ་ཏུ་བྱུང་། །གང་
དུ་སངས་རྒྱས་ཞེས་བྱ་བ། །ཟག་མེད་མྱ་ངན་འདས་གྱུར་ཏམ། །མི་རྟག་སྡུག་བསྔལ་སྟོང་པ་ཞེས། །དེ་ཉིད་ཀྱིས་ནི་འདིར་གསུངས་པ། །སྐྱེ་བ་གཞན་གྱི་རྗེས་འགྲོ་བ། །བདག་གིས་སྟོན་པའི་སྐུ་མི་མཐོང་། །དེ་ནས་ལངས་ནས་མྱུར་དུ་ནི། །མ་ག་དྷཱ་ཡི་རྒྱལ་པོར་སོང་། །
སྡུག་བསྔལ་ཉམ་ཐག་མ་སྐྱེས་དགྲ། །ཕ་ཡི་མྱ་ངན་གྱིས་ནོན་པའི། །དེ་ཚེ་དེ་ཡི་ཕུག་འོངས་ནས། །མི་ཡི་བདག་པོ་དེ་ལ་སྨྲས། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །རྒྱལ་པོ་ཆེན་པོ་མྱ་ངན་འདས། །བཞོན་པ་མྱུར་དུ་སྦྱོར་མཛོད་དང་། །ང་ནི་སྟོན་པའི་དྲུང་འགྲོ་
བ། །སཱ་ལར་གཟིམས་མལ་བཞུགས་པ་ནི། །ནད་མེད་སེམས་དང་རྣམ་པར་བྲལ། །བསྟན་པ་ཐམས་ཅད་ལས་འདས་ཤིང་། །སྐུ་ཡི་དམ་པ་ལོངས་སྤྱོད་རྫོགས། །མ་རུངས་དེ་ཚིག་ཐོས་ནས་ནི། །རྒྱལ་པོ་དེ་ཡང་སྡུག་བསྔལ་ཞིང་། །ཉམ་ཐག་སྨྲེ་བར་གྱུར་པ་ཡི། །དེ་ཚེ་
ཚིག་ནི་རྒྱལ་པོ་འདོན། །སྟོན་པ་དང་ནི་ཕ་དག་དང་། །གཉི་ག་ལས་ཀྱང་བདག་ཉམས་གྱུར། །གཉེན་རྣམས་ཀུན་གྱིས་སྤངས་པ་སྟེ། །དེ་ཚེ་སྐྱེ་བོ་ཡིད་ཆེས་མེད། །དམྱལ་བ་མི་བཟད་ལྟུང་འགྱུར་ན། །བདག་ནི་སུ་ཡི་སྐྱབས་ལ་བརྟེན། །ཉན་ཐོས་སྟོན་པའི་མཆོག་གྱུར་
པ། །དཔའ་བོ་ཆེན་པོ་སྐྱབས་མཛོད་ཅིག །ཉན་ཐོས་ཆེན་པོ་གཟི་བརྗིད་ཆེ། །བདག་གི་འཚོ་བ་འདི་ན་མེད། །མ་ག་དྷཱ་ཡི་མི་ཡི་བདག །དེ་ནས་དེ་སྐད་སྨྲས་པ་དང་། །ཉན་ཐོས་མཆོག་གི་རྐང་གཉིས་ལ། །དེ་ཡི་མོད་ལ་སྤྱི་བོས་གཏུགས། །དེར་ནི་སེམས་མེད་བརྒྱལ་
གྱུར་པ། །དེ་ཡི་ཚེ་ན་གཞོན་ནུ་ནི། །རྫུ་འཕྲུལ་ཆེན་པོ་འཇམ་པའི་དབྱངས། །དབུགས་འབྱིན་པ་ནི་བྱེད་པར་འགྱུར། །སེམས་ཅན་རྗེས་སུ་གཟུང་འདོད་པས། །འཇིག་རྟེན་ཀུན་ཏུ་རྒྱུ་བར་གྱིས། །གང་ཚེ་སཱ་ལའི་ནགས་སུ་ནི། །ང་ལུས་ཤིང་གི་སྟེང་བཞག་པ། །བྱང་ཆུབ་

སེམས་དཔའི་ཚོགས་བསྐོར་ནས། །དེ་ཚེ་ཁྱོད་ནི་འདུག་པར་འགྱུར། །གང་ཕྱིར་ང་ལུས་མཆོད་པའི་ཕྱིར། །ས་སྟེང་འདིར་ནི་ཁྱོད་ཀྱིས་བྱས། །འཇིག་རྟེན་ཀུན་ཏུ་བལྟས་ནས་ནི། །སུ་ཞིག་སྡུག་བསྔལ་གང་ལས་དྲང་། །གཞོན་ནུ་ཟབ་པའི་བློ་ལྡན་པ། །དེ་ལྟར་ས་ལ་
འགྱེལ་བར་གྱུར། །འཇམ་དཔལ་གྱིས་ནི་དེ་ཡི་ཚེ། །ས་བདག་དེ་ནི་སྡུག་བསྔལ་བ། །དེར་གནས་པ་ལ་ཁྱོད་ཀྱིས་ནི། །ཁྱོད་ཉིད་ཀྱིས་ནི་དེ་འདུལ་འགྱུར། །བྱང་ཆུབ་སེམས་དཔས་རྟོགས་འགྱུར་གྱིས། །ལྷ་དང་དྲང་སྲོང་རྣམས་དང་ནི། །ཉན་ཐོས་རང་རྒྱལ་གཞན་
དག་དང་། །རྫུ་འཕྲུལ་ཆེན་པོས་མི་ནུས་སོ། །འཇམ་པའི་དབྱངས་ཀྱིས་མི་བདག་ནི། །རྨི་ལམ་གནས་པ་བཞིན་དུ་མཐོང་། །ཁྱོད་ཀྱི་རྫུ་འཕྲུལ་བྱིན་རླབས་ཀྱིས། །རྒྱལ་པོ་མྱ་ངན་གྱིས་བརྒྱལ་དེས། །དེ་ཚེ་དེ་ནི་རྨི་ལམ་དུ། །མངོན་སུམ་བྱིས་པ་ལྟ་བུར་མཐོང་། །རྫུ་འཕྲུལ་
ཆེན་པོ་འཇམ་པའི་དབྱངས། །གཞོན་ནུ་བདག་ཉིད་སྣ་ཚོགས་པ། །དེ་བཞིན་ཆོས་ནི་རྣམ་པར་འཕྲུལ། །བྱང་ཆུབ་སེམས་དཔའ་བྱིས་པའི་གཟུགས། །སྣ་ཚོགས་རྫུ་འཕྲུལ་བསམ་མི་ཁྱབ། །འཇམ་དཔལ་གྱིས་བསྟན་སེམས་དང་བྱས། །རྒྱལ་པོ་མནར་མེད་འགྲོ་བ་ལས། །
མྱུར་དུ་དེ་ལས་ལྡང་བར་འགྱུར། །རྣམ་པ་སྣ་ཚོགས་ལས་དང་ནི། །ངན་སོང་མཐོ་རིས་བཟང་པོ་དང་། །འགྲོ་བ་བདག་ཉིད་ཆེ་ཡོན་ཏན། །ཉན་ཐོས་ཐམས་ཅད་རྣམ་སྤངས་པ། །དེ་ནས་རྒྱ་ཆེར་བྱས་པ་ནི། །མདོ་སྡེ་འགྱོད་པ་སེལ་བ་སྟེ། །རྒྱལ་པོ་མ་སྐྱེས་དགྲ་ཡི་ནི། །ཤིན་ཏུ་
རྒྱ་ཆེར་གསལ་བའོ། །རྒྱ་ཆེ་དོན་གྱིས་བརྒྱན་པ་ཡི། །མདོར་བསྡུས་ནས་ནི་འདི་གསུངས་སོ། །དང་པོ་བར་མ་ཐ་མ་ཡི། །སངས་རྒྱས་ཀུན་གྱི་གསུང་དག་ནི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཆོ་ག་རྒྱ་ཆེར་གསུངས་པ་ཡིན། །དེ་ནས་འཇམ་དཔལ་དུས་ཀུན་ཏུ། །གཞོན་ནུ་ཁྱོད་
ནི་དེ་ཡི་ཚེ། །སྡིག་པའི་ལས་ལ་རྗེས་འཇུག་པའི། །ས་བདག་རྣམས་ནི་འདུལ་བར་འགྱུར། །ཁྱོད་ནི་རྫུ་འཕྲུལ་བསམ་མི་ཁྱབ། །གདུལ་བྱ་དག་ཀྱང་བསམ་མི་ཁྱབ། །འབྱུང་པོའི་ཚོགས་རྣམས་མ་ལུས་པ། །ཁྱོད་ནི་འདུལ་བྱེད་ཉིད་དུ་འགྱུར། །སངས་རྒྱས་དཔའ་བོས་དེ་གསུངས་

ནས། །འོད་ཆེན་ལྡན་པ་འཇམ་དབྱངས་ལ། །གནས་གཙང་སྟེང་བཞུགས་དེ་ཚེ་གཟིགས། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །སྨྲ་བའི་མཆོག་གིས་དེ་ལ་གསུངས། །བསྐལ་པ་མང་པོ་འདས་པ་ན། །ཁྱོད་ནི་རྫོགས་སངས་རྒྱས་པར་འགྱུར། །གྲངས་
ཀྱིས་མཉམ་མེད་བསམ་མི་ཁྱབ། །མི་ཡིས་གྲངས་དང་མཉམ་མེད་པར། །འཇམ་པའི་རྒྱལ་མཚན་ཞེས་བྱ་བ། །སངས་རྒྱས་འཇིག་རྟེན་འབྱུང་བར་འགྱུར། །རྟག་ཏུ་ཡང་ནི་མཐར་གྱིས་ཀྱང་། །སངས་རྒྱས་མཛད་པ་དེ་ཚེ་བྱེད། །སེམས་ཅན་མང་པོ་རྣམ་བཀྲོལ་ནས། །མྱ་
ངན་འདས་པ་ཉིད་དུ་འགྱུར། །གཞོན་ནུའི་གཟུགས་ཅན་རྫུ་འཕྲུལ་ཆེ། །གཞོན་ནུ་ལ་ནི་དེ་གསུངས་ནས། །བརྩེ་བས་བརླན་པའི་སེམས་ཀྱིས་ནི། །ཡུན་རིང་དབུགས་ཕྱུང་རྣམ་པར་སྐྱོ། །ཡུན་རིང་རྫོགས་སངས་རྒྱས་བལྟས་ནས། །མཆི་མའི་ཐིགས་པའང་རྣམ་འཛག་ཅིང་། །
ཐལ་མོ་སྦྱར་དང་བཅས་ནས་ནི། །དེ་ནས་ཀྱང་ནི་འདུག་པར་གྱུར། །དེ་ནས་དེ་ནི་ས་གནས་པ། །མི་ཡི་དམ་པ་མ་སྐྱེས་དགྲས། །རྨད་བྱུང་འོད་སྲུང་ཆེན་པོ་ནི། །བྲམ་ཟེ་ལ་ནི་མགོས་བཏུད་ནས། །དྲན་པ་རྙེད་ཅིང་སེམས་སད་ནས། །རྐང་གཉིས་སྐྱིལ་ཀྲུང་བཅས་ནས་
འདུག །དེ་ནས་ཡུན་རིང་དབུགས་ཕྱུང་ལ། །དོན་ནི་རྒྱ་ཆེར་ངེས་བསྟན་བྱས། །དབང་ཕྱུག་ཆེན་པོ་མ་སྐྱེས་དགྲ། །རྒྱལ་པོའི་བུ་ནི་འདུག་པར་གྱུར། །དེ་ནས་འོད་སྲུང་ཆེས་སྨྲས་པ། །ང་ནི་སྤུར་སྦྱོང་གནས་སུ་འགྲོ། །མི་རྣམས་ལ་ནི་ཕན་ཕྱིར་དང་། །མཆོད་རྟེན་གཟུགས་
གནས་མཆོད་དོན་དུའོ། །ཉན་ཐོས་མཆོག་ནི་གནས་དེ་རུ། །རྫུ་འཕྲུལ་ཉིད་ཀྱིས་ཉེ་བར་ལྷགས། །དེ་དང་འབྲེལ་བར་སེམས་སྐྱེ་བ། །བདག་གི་རྫུ་འཕྲུལ་རིགས་པ་མིན། །མཆོད་རྟེན་ཆེན་པོ་མཐོང་བར་ནི། །རྐང་གཉིས་བདག་ནི་འགྲོ་བར་འཚལ། །དེ་ནས་ལམ་གྱི་བར་
འདུག་ནས། །འཁོར་བའི་སྟེགས་ནི་རབ་ཏུ་བསྟན། །ཇི་ཙམ་དེ་ནས་འོངས་གྱུར་པ། །དགེ་འདུན་ཀུན་དགའ་རར་གནས་པའི། །དགེ་སློང་རྒན་ཞུགས་གསར་བུ་ནི། །སྡིག་པ་ཉིད་ཀྱིས་རྣམ་རྨོངས་པས། །མཐོང་ནས་རྒན་ཞུགས་རྣམས་འཁྲུགས་ཏེ། །གང་ཕྱིར་དེ་དང་ཉེ་བར་

འོངས། །གྲགས་པ་ཆེ་ཞིང་སྐལ་བ་ཆེ། །སེམས་ཅན་དག་པ་རིམས་ནད་མེད། །བྲམ་ཟེ་དེ་ཡི་དྲུང་ལྷགས་ནས། །དེ་ཚེ་རྐང་གཉིས་ཕྱག་བྱས་ནས། །དེ་ལ་སྨྲས་པ་སྐལ་བ་ཆེ། །ལེགས་འོངས་ཁྱོད་ནི་ཅི་ཕྱིར་བྱོན། །མྱུར་དུ་ཁྱོད་ནི་གང་དུ་འགྲོ། །ཡིད་བྱུང་ཅི་ཕྱིར་རབ་ཏུ་འདུག །
དེ་སྨྲས་ཁྲོ་ལྡན་བྱིས་པ་ལ། །ཚེ་ལྡན་ཁྱོད་ཀྱིས་མ་ཐོས་སམ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །འཇིག་རྟེན་ཀུན་གྱི་སྟོན་པ་ནི། །སངས་རྒྱས་བདག་གི་ཕ་ཞེས་སྨྲ། །མར་མེ་འབར་བཞིན་མྱ་ངན་འདས། །དཔའ་བོ་ཆེན་པོ་ནུབ་པར་གྱུར། །ས་ཡི་སྟེང་ནི་སྟོངས་པར་གྱུར། །
དེ་བཞིན་འཇིག་རྟེན་མ་ལུས་སྟོངས། །བདག་གི་ཕྱོགས་རྣམས་ཀུན་སྟོངས་གྱུར། །བྱིས་དེ་ཕྱིན་ཅི་ལོག་སེམས་ཀྱིས། །དེར་ནི་རྒན་ཞུགས་རབ་དགའ་ནས། །རབ་རྒོད་ཚིག་ཏུ་སྨྲས་པ་ནི། །རབ་ཏུ་རིང་དེ་འདས་གྱུར་ཏམ། །ཕྱག་རིང་ལུས་ནི་ཆེ་བ་དང་། །མགོ་ནི་གདུགས་
ཀྱི་རྣམ་པ་འདྲ། །བདག་ཅག་རྣམས་ཀྱི་གཙོ་བོ་མཆོག །བསླབ་དང་བསླབ་མིན་རྗེས་སུ་སྟོན། །ད་ལྟར་དེ་ནི་མྱ་ངན་འདས། །ཅི་འདོད་བཞིན་དུ་བདག་ཅག་སྤྱོད། །རྒན་ཞུགས་ཀྱིས་ནི་དེ་སྨྲས་ནས། །རྫུ་འཕྲུལ་ཆེན་པོ་རབ་འཁྲུགས་ནས། །གདོང་ལ་ཁྲོ་གཉེར་བྱས་
ནས་ནི། །ཡི་གེ་ཧཱུྃ་ནི་རབ་ཏུ་སྦྱར། །སྡོམ་བརྩོན་བག་ཆགས་བསླང་ནས་ནི། །བྲམ་ཟེ་དེ་མོད་རབ་འཁྲུགས་ནས། །རྐང་པའི་མཐེ་བོས་དེ་མ་ཐག །ས་ཡི་སྟེང་དུ་རབ་བསྣུན་པས། །ས་རྣམས་དང་ནི་རི་རབ་ཀྱང་། །རབ་ཏུ་འགུལ་བར་གྱུར་པ་དང་། །རྒྱ་མཚོ་རྣམས་
དང་ཤིང་རྣམས་དང་། །རི་རབ་ཀུན་ཀྱང་འཁྲུགས་པར་གྱུར། །ཀླུ་རྒྱལ་དང་ནི་ལྷ་རྣམས་དང་། །རི་སུལ་ཕུག་ཀྱང་རྣམ་པར་འགྱེལ། །ཟླ་བ་དང་ནི་ཉི་མ་དང་། །ས་སྟེང་དེ་ཚེ་སྣང་བ་ཉམས། །རླུང་ཡང་རྒྱུ་བ་མེད་པར་གནས། །སྐར་མདའ་དག་ཀྱང་ས་ལ་ལྟུང་། །དེ་ནས་
དེ་ནི་སྔགས་ཞེས་བརྗོད། །ཉན་ཐོས་རྣམས་ཀྱི་རིགས་ལས་བྱུང་། །ཡི་གེ་ཧཱུྃ་དེ་ཡི་གེ་གཅིག །ལས་རྣམས་མ་ལུས་བྱེད་ཅིང་དགེ། །སྔགས་ཀྱི་རྒྱལ་པོ་བཟླས་ཙམ་གྱིས། །འདི་ནི་བཟླས་པ་ཙམ་གྱིས་བྱེད། །འགྲོ་དང་གནས་པའི་དུག་དང་ནི། །དེ་བཞིན་དགྲ་ཀུན་རེངས་པར་བྱེད། །

སེམས་ཅན་གདུག་པ་ཐམས་ཅད་ལ། །བཟླས་པ་ཙམ་གྱིས་རེངས་པར་བྱེད། །རྣམ་པ་སྣ་ཚོགས་ལས་བྱེད་ཅིང་། །ཁྱད་པར་དུ་ཡང་གཞན་ཉིད་བྱེད། །རྒན་ཞུགས་ཚིག་ཀྱལ་རབ་སྨྲས་པ། །དེར་ནི་མི་སྨྲར་མཐུར་བལྟས་འདུག །དེ་ཡི་རྫུ་འཕྲུལ་ལ་དད་ནས། །
དེ་ཡི་མོད་ལ་རྣམ་པར་བཏུལ། །དེ་ཚེ་ཉན་ཐོས་མཆོག་གི་ནི། །གདུང་སྦྱོང་ཤིང་གི་དྲུང་དུ་ཁྱེར། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །དགེ་སློང་དེ་ནི་རྐང་གིས་སོང་། །དེར་སོང་དེས་ནི་ཐུབ་པའི་སྐུ། །ཤིང་ལ་ཡོད་པར་རབ་ཏུ་མཐོང་། །ལྷ་ཡི་ཚོགས་ནི་དུ་མས་ཀྱང་། །མཆོད་
པ་ཆེན་པོ་བྱེད་པ་དང་། །གཽ་ཏ་མ་ནི་ཐུབ་པ་ཡི། །སྐུ་ནི་ཤིང་གི་སྟེང་བཞག་མཐོང་། །འོད་སྲུང་ཆེན་པོ་རྨད་བྱུང་བ། །སྐལ་བ་ཆེན་པོ་དེ་མཐོང་ནས། །རྫུ་འཕྲུལ་ཆེན་པོས་དགེ་སློང་རྣམས། །ཐམས་ཅད་སྨྲེ་སྔགས་འདོན་པར་བྱེད། །ལྷ་དང་འབྱུང་པོའི་ཚོགས་ཀུན་ནི། །
ཧ་ཧའི་རྣམ་པ་རབ་འདོན་ཅིང་། །དེ་ལྟར་མྱ་ངན་སྐྱེས་པ་ཡི། །ཉམ་ཐག་སྒྲ་ནི་ཤིན་ཏུ་ཆེ། །རྫུ་འཕྲུལ་ཆེན་པོ་ལྷ་དང་ཀླུ། །དེ་ནས་ཀུན་གྱིས་རབ་བསུ་ནས། །རྐང་གཉིས་མཆོག་ལ་ཕྱག་བྱོས་ཞེས། །སྐལ་བ་ཆེ་ལའང་རབ་ཏུ་སྨྲས། །ལྷ་ཚོགས་མི་དང་བཅས་པ་དང་། །འབྱུང་
པོ་ཀུན་གྱི་ཚོགས་དག་དང་། །མི་བདག་དྲང་སྲོང་གནོད་སྦྱིན་དག །ཁྱོད་ལ་སྡོད་ཅིང་གཞོལ་བ་ཡིན། །ཤིང་ལ་མེ་གཏོང་འབད་གྱུར་ཀྱང་། །སྐུ་སྦྱོང་ཤིང་ནི་སྦར་མི་ནུས། །དེ་ནས་དེ་ནི་སྐྱོན་བྲལ་བ། །རྫུ་འཕྲུལ་ཆེན་པོ་སྐལ་བ་ཆེས། །གདུང་སྦྱོང་ཤིང་གི་སྨད་ཆ་ལ། །རྫུ་འཕྲུལ་
ཆེན་པོ་དེས་ཕྱག་བྱས། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །བསྐོར་བ་དག་ཀྱང་མང་དུ་བྱས། །དེ་ཚེ་ལྕགས་ཀྱི་སྒྲོམ་དྲལ་ནས། །ཞབས་གཉིས་དག་ཀྱང་རྣམ་བརྐྱང་ལ། །ཡང་དང་ཡང་དུ་ཞབས་བྱུགས་ནས། །ཞབས་གཉིས་སྤྱི་བོས་ཕྱག་བྱས་ནས། །ཐུབ་མཆོག་མཆོག་
གི་ཞབས་གཉིས་ལ། །ལན་མང་དག་ཏུ་རྣམ་པར་བལྟས། །དེས་ནི་ཞབས་གཉིས་ཡང་ཞུགས་ཏེ། །ལྕགས་ཀྱི་སྒྲོམ་ལ་ཡང་དག་གནས། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །དེ་ནི་དེ་ནས་ལངས་འདུག་པ། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །དགྲ་བཅོམ་རྣམས་ཀྱིས་

ཡོངས་སུ་བསྐོར། །མ་ག་དྷཱ་གཙོ་རྒྱལ་པོ་ཡང་། །སྐུ་སྦྱོང་ཤིང་གི་ཐད་འོངས་པ། །གླང་པོ་ཤིང་རྟ་བཞོན་རྟ་དང་། །མཐར་གྱིས་དེ་ནས་ཐེག་པ་ཡིས། །དེ་ནས་དཔུང་ཆེན་ས་ཡི་བདག །ཀུན་ཀྱང་སྟོབས་དང་བཞོན་པར་བཅས། །དེ་ཚེ་ཐུབ་པ་ཤཱཀ་ཐུབ་ལ། །དེ་ནི་ཕྱག་འཚལ་དོན་དུ་ལྷགས། །
ས་སྟེང་ཞི་བའི་གཟིམས་མལ་དུ། །བས་མཐའ་དགོན་པར་མྱ་ངན་འདས། །ཆུ་བོ་གསེར་ལྡན་འགྲམ་དང་ནི། །ཅོད་པན་བཅིངས་པའི་མཆོད་རྟེན་དུ། །ཞི་བའི་དབྱིངས་ལ་ཡང་དག་ཞུགས། །ཡང་དག་མཐའ་ལ་ཡོངས་སུ་བརྟེན། །མ་ག་དྷཱ་ཡི་རྒྱལ་པོ་དེར། །དཔུང་ཆེན་ལྡན་
པས་ཡང་དག་ལྷགས། །རྣམ་པ་སྣ་ཚོགས་སྤྱོད་པ་ཡིས། །དེ་ཡང་ང་ལ་སྟོད་པར་བྱེད། །ཕན་ཡོན་ཆེ་ཞིང་སྟོབས་དང་ལྡན། །ངོ་མཚར་ས་ཡི་རྒྱན་གྱུར་པ། །ཐུབ་པའི་སྐུ་སྦྱངས་ལས་བྱུང་བའི། །དེར་ནི་སྐུ་གདུང་མཆོད་རྟེན་བྱས། །དགེ་སློང་ཀུན་དགའ་བོ་ཞེས་བྱ། །སློབ་པ་
ང་ཡི་བསྙེན་བཀུར་བ། །མི་ཡི་དམ་པ་མཉེས་གཤིན་པ། །ང་ལ་རྟག་ཏུ་ཡོངས་སུ་དད། །ཡིད་ནི་ཞུམ་ཞིང་མྱ་ངན་གདུངས། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །དེ་ནས་འོད་སྲུང་ཐད་སོང་ནས། །རྐང་པ་གཉིས་ལ་རབ་བཏུད་ནས། །སྡུག་བསྔལ་ཉམ་ཐག་འདར་བ་ཡིས། །འདི་སྐད་སྒྲ་ནི་
འཛེར་བས་སྨྲས། །དེང་འདིར་ང་ཡི་སྟོན་པ་འདས། །ད་ལྟར་བདག་ནི་མགོན་མེད་གྱུར། །ང་ཡི་རྟེན་དང་གནས་དང་སྐྱབས། །ཁྱོད་ཉིད་དུ་ནི་རབ་ཏུ་བསྟན། །ཐུབ་པའི་ཟླ་བ་དེ་ཉིད་ཀྱིས། །ཉེ་གནས་ཁྱོད་ཀྱི་ར་ལུང་ཡང་བསྟན། །ཉོན་མོངས་ཀུན་ནི་རྣམ་སྤངས་པ། །ཁྱོད་ཀྱི་ཉེ་གནས་
དགྲ་བཅོམ་པ། །ཐུན་གྱི་ཕྱི་མ་མཚན་མཐའ་ལ། །རྒྱལ་བ་དེས་ནི་བསྟན་པ་ཡིན། །ང་ཉིད་མྱ་ངན་འདས་པ་ན། །རྟག་ཏུ་ཁྱོད་ནི་ཡོད་པར་འགྱུར། །སངས་རྒྱས་མཛད་པའི་དོན་དུ་ནི། །ཕན་པར་འདོད་པས་ཁྱོད་བྱེད་འགྱུར། །སྡུག་བསྔལ་ཅན་བདག་སྤངས་ནས་ཀྱང་། །ཐུབ་པ་
ཆེན་པོ་ཞི་བར་གཤེགས། །བློ་ལྡན་མ་འགགས་པ་ཞེས་པས། །སྡོམ་ཆེན་དེ་ནི་དབུགས་འབྱིན་བྱེད། །ཁྱོད་ནི་མྱ་ངན་དུ་མ་བྱེད། །མྱ་ངན་དག་ཀྱང་མ་བྱེད་ཅིག །གནས་ནི་གང་དུའང་འགྲོ་མ་བྱེད། །འདི་ཉིད་དུ་ནི་གནས་པར་གྱིས། །འཇིག་རྟེན་མིག་ནི་འདས་གྱུར་ནས། །འདི་ཉིད་

སྟོན་པར་འགྱུར་བ་ཡིན། །འདིར་ནི་སྟོན་པས་ལུང་བསྟན་ནས། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ང་ཡང་བཅོམ་ལྡན་ལྷན་ཅིག་ཏུ། །འོད་སྲུང་རྗེས་སུ་འགྲོ་བར་བྱ། །སྟོན་པ་གཉིས་པོ་དག་གི་ཡང་། །ས་ཡི་སྟེང་ན་གཟུགས་བརྙན་ཡིན། །རྫུ་འཕྲུལ་ཆེན་
པོའི་ཉན་ཐོས་ནི། །འོད་སྲུང་ཆེན་པོ་གཙོ་བོ་ནི། །འཚོ་ཞིང་ཡོངས་སུ་གཞེས་པས་ན། །ཁྱོད་ནི་མྱ་ངན་མ་བྱེད་ཅིག །རྫུ་འཕྲུལ་ཆེན་པོ་སྙིང་རྗེས་ནོན། །རྣལ་འབྱོར་ཆེན་པོ་འདོད་ཆགས་བྲལ། །རྫུ་འཕྲུལ་ཆེན་པོ་ཐུབ་པའི་སྲས། །ཐམས་ཅད་དེ་བཞིན་སྨྲེ་བར་བྱེད། །གྱད་དང་
རྒྱལ་པོ་དག་གིས་ནི། །པུར་སྦྱོང་ཤིང་ལ་མེ་བཏང་བས། །འཁོར་ཡུག་ཀུན་ནས་མེ་འབར་ནས། །པུར་སྦྱོང་ཤིང་དེ་ཐལ་བར་གྱུར། །དེ་མཐོང་ལྷ་ཡི་ཚོགས་དག་དང་། །གདེངས་ཅན་བྲང་འགྲོ་རྣམས་ཀྱིས་ནི། །པུར་སྦྱོང་ཤིང་གནས་ཞི་བའི་ཕྱིར། །ཙནྡན་ཆུ་ཡི་རྒྱུན་དག་
གི། །ཆར་ཆེན་རབ་ཏུ་གཏོང་ཞིང་གནས། །དེ་ནས་དེ་ཡི་མོད་ལ་ཡང་། །ས་སྟེང་དུ་ཡང་དེ་བཞིན་དུ། །མེ་ཏོག་ཚོགས་ཀྱི་ཆར་ཡང་བཏང་། །རྒྱལ་བའི་རིང་བསྲེལ་མཆོད་པའི་ཕྱིར། །དེ་ཡི་མོད་ལ་ཀུན་དེར་ལྷགས། །ཐམས་ཅད་ཕན་ཚུན་འཐབ་པའི་ཕྱིར། །དེ་ཡི་
མོད་ལ་བྱ་བ་རྩོམ། །ཚངས་སོགས་བརྒྱ་བྱིན་འཐབ་བྲལ་དང་། །ལྷ་ཚོགས་ཀུན་ཀྱང་དེ་བཞིན་ནོ། །ཉན་ཐོས་ཆེན་པོ་འདོད་ཆགས་བྲལ། །རྫུ་འཕྲུལ་ཆེན་པོས་ཟློག་པར་བྱས། །སྐུ་གདུང་རྒྱལ་བའི་རིང་བསྲེལ་ནི། །འོད་སྲུང་ཆེན་པོས་རྣམ་བགོས་པ། །མཆོད་པའི་དོན་དུ་
ཐམས་ཅད་ལ། །ཅུང་ཟད་ཅུང་ཟད་ངེས་པར་བྱིན། །ཐེག་པ་གསུམ་ལས་མི་ལྡོག་དང་། །ཞི་བ་མཐར་ཕྱིན་བྱ་ཕྱིར་རོ། །རྣལ་འབྱོར་དེ་ཚེ་འོད་སྲུང་ཆེ། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །རྒན་ཞུགས་ཀྱིས་ནི་སྨྲས་པའི་ཚིག །དེ་ནི་ཡོངས་སུ་སེམས་པར་བྱེད། །འདིར་
ནི་གསུང་རབ་མ་ལུས་པ། །ཡན་ལག་བཅུ་གཉིས་བདེ་འབྱུང་གནས། །མདོ་དང་འདུལ་བ་མངོན་པའི་ཆོས། །ནམ་མཁའི་དུད་བཞིན་མ་གྱུར་ཏམ། །དཔའ་བོ་ཆེན་པོ་ནུབ་གྱུར་ནས། །བསྟན་པ་འཇིག་པར་འགྱུར་བས་ན། །སངས་རྒྱས་གསུང་བའི་བཀའ་འདི་ནི། །

མ་ལུས་བདག་གིས་བསྡུ་བར་བྱ། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །མ་ལུས་ལྷན་ཅིག་བགྲོ་བར་བྱ། །མ་ག་དྷཱ་ཡི་གྲོང་མཆོག་ཏུ། །གྲོང་ཁྱེར་བཟང་པོ་རྒྱལ་པོའི་ཁབ། །ཀུ་ཤའི་གྲོང་ཁྱེར་ཉམས་དགའ་དང་། །རི་ནི་རྡོ་འཇོག་མཐོ་བ་དང་། །ཡུལ་བཟང་ཡངས་པ་ཅན་དང་ནི། །མཆོད་
རྟེན་གནས་ནི་ལེགས་མཛེས་པ། །དེ་བཞིན་རྣམ་པ་དུ་མའི་གནས། །བསྟན་པ་བསྡུ་བའི་ཆེད་དག་ཏུ། །འདུས་ནས་སྨྲ་བ་ཀུན་སྨྲ་བ། །རྫུ་འཕྲུལ་ཆེན་པོ་བྱེད་པར་འགྱུར། །ང་ཡང་འདིར་ནི་ནུབ་པ་དང་། །དེ་ཚེ་དུས་ཀྱི་ཐ་མ་ལ། །ཕན་ཚུན་གསོད་པར་དགའ་བ་ཡི། །ས་བདག་རྣམས་
ནི་འབྱུང་བར་འགྱུར། །ལས་ཀྱི་མཐའ་མང་དགེ་སློང་རྣམས། །སེམས་ཅན་རྣམས་ནི་ཆགས་པས་རྨོངས། །དེ་བཞིན་དགེ་བསྙེན་དགེ་བསྙེན་མ། །དུས་ཀྱི་མཐའ་ལ་མ་ཞིར་འགྱུར། །ཕན་ཚུན་སྐྱོན་ནི་འཚོལ་བྱེད་ཅིང་། །ཕན་ཚུན་གསོད་ལ་མངོན་པར་ཞེན། །རྨ་ལྡན་སྐྱོན་ནི་མ་རུངས་ལྟར། །
སྐྱོན་ལ་རྟག་ཏུ་རྟོག་པར་བྱེད། །ཐུབ་པ་དེ་དུས་ནུབ་པ་ན། །དགེ་སློང་རྣམས་ནི་མ་བསྡམས་འགྱུར། །དེ་ཚེ་ས་སྟེང་བསྟན་པ་ནི། །བསྲུང་བའི་དོན་དུ་བཞག་གྱུར་པ། །ཆགས་བྲལ་ཟག་མེད་འཇིག་རྟེན་དུ། །རྫུ་འཕྲུལ་ཆེན་པོ་རྣམ་པ་བརྒྱད། །དེ་ཚེ་དགྲ་བཅོམ་ཐུ་བོ་ཡང་། །སྒྲ་གཅན་
འཛིན་སོགས་རབ་ཏུ་བསྒྲགས། །དེ་ཚེ་དུས་ཀྱི་ཐ་མ་ལ། །དེ་དག་ཀྱང་ནི་སྣང་བ་མེད། །སྔགས་པ་གྲུབ་པའི་དུས་སུ་ནི། །དེ་དག་མཐོང་བ་དོན་ཡོད་འགྱུར། །རྫུ་འཕྲུལ་ལྡན་ཞིང་རྫུ་འཕྲུལ་ཆེ། །ངས་ཀྱང་ཐམས་ཅད་བཞག་པ་ཡིན། །གྲགས་པ་ཆེན་པོ་ཆད་པའི་ལས། །དེ་དག་
ལ་ནི་ངས་བསྟན་པ། །དེ་དག་བཀའ་ལས་འདས་པ་འམ། །ཅུང་ཟད་བསླབ་ལས་རྣམ་འདས་ནའོ། །ཇི་སྲིད་དམ་ཆོས་ཡང་དག་མཐའ། །ཟང་ཟིང་མེད་པར་གནས་པར་གྱིས། །ང་ཡི་གསུང་གི་བསོད་ནམས་འདི། །ཇི་སྲིད་བསྟན་པ་སྟོབས་དང་ལྡན། །དེས་ན་བདག་ཉིད་ཞིར་
འགྱུར་ཞིང་། །ཟག་མེད་མྱ་ངན་འདའ་བར་འགྱུར། །དེ་ཚེ་ཐུབ་པའི་བསྟན་པ་ནི། །ཡོངས་སུ་ནུབ་པར་འགྱུར་བ་ན། །དགེ་སློང་རྣམས་དང་དགེ་ཚུལ་རྣམས། །དགེ་སློང་མ་རྣམས་སེར་སྣར་བཅས། །རྟག་ཏུ་ངན་སྤྱོད་གཡོ་སྒྱུ་ཅན། །དེ་ཚེ་ཡོངས་སུ་མ་དག་པའོ། །ང་ཡི་བསྟན་

ལ་མི་གནས་ཤིང་། །ཁྱིམ་དང་ཆུང་མ་ཚོལ་བར་བྱེད། །དེ་ཡི་ཚེ་ན་དགེ་བསྙེན་རྣམས། །གཞན་གྱི་བུད་མེད་ལ་རྟག་དང་། །ལྷག་མ་རྣམ་པ་བཞི་པོ་ཉིད། །དེ་ཚེ་རྟགས་དང་མིང་ཙམ་ཡོད། །འཁོན་འཛིན་ཐམས་ཅད་གོམས་བྱེད་ཅིང་། །གཅིག་ལ་གཅིག་ནི་རྣམ་
འཚེ་བྱེད། །ཕལ་ཆེར་མུ་སྟེགས་ཀྱིས་ནོན་ཅིང་། །ལྷ་རྣམས་ཀུན་ཀྱང་གནོད་པར་འགྱུར། །དེ་ཚེ་བྲམ་ཟེའི་རིགས་ལ་ནི། །སྐྱེ་བོ་རྣམས་ནི་དགའ་བར་འགྱུར། །དེ་བཞིན་ལོག་སྤྱོད་རྨོངས་པ་དང་། །མི་རྣམས་སྲོག་ཆགས་འཚེ་བར་དགའ། །ང་ནི་ཡོངས་སུ་མྱ་ངན་འདས། །
རྩོད་དུས་འདི་ལ་ལུང་བསྟན་ཡིན། །མི་ནི་རྣམ་མང་གཞན་དག་ཀྱང་། །རྟག་ཏུ་གཞན་གྱི་བུད་མེད་དགའ། །མི་དགེ་ཀུན་ལ་དགའ་བ་དང་། །དགེ་བའི་དོན་ནི་རྣམ་སྤངས་པ། །ང་ནི་ས་སྟེང་ཞིར་གཤེགས་ནས། །སེམས་ཅན་མང་པོ་འབྱུང་བར་འགྱུར། །ང་ཡི་སྐུ་ནི་མཆོད་པའི་
ཕྱིར། །གཟི་བརྗིད་ཆེན་པོ་ལྷ་ཚོགས་དང་། །བདག་ཉིད་ཆེན་པོ་མི་རྣམས་དང་། །དེ་བཞིན་གནོད་སྦྱིན་འབྱུང་པོའི་ཚོགས། །ལྷ་མིན་དང་ནི་དྲི་ཟ་དང་། །རྫུ་འཕྲུལ་ཆེན་པོ་མི་འམ་ཅི། །དེ་ནས་མཁའ་ལྡིང་ཀླུ་དང་ནི། །དེ་བཞིན་སྲིན་པོ་དྲང་སྲོང་རྣམས། །རྣལ་འབྱོར་པ་དང་གྲུབ་
པ་དང་། །གཟི་བརྗིད་ཆེན་པོ་གཟའ་རྣམས་དང་། །རྣམ་པ་སྣ་ཚོགས་སྐྱེ་གནས་དང་། །རྣམ་པ་སྣ་ཚོགས་སེམས་ཅན་རྣམས། །སྲིད་པའི་འཆིང་བས་བཅིངས་པ་དང་། །བློ་ལྡན་འཆིང་བ་བཅད་པ་དང་། །སྐུ་གདུང་ནད་བྲལ་འདི་ལ་ནི། །དེ་ཚེ་མཆོད་པ་བྱེད་པར་འགྱུར། །ཆུ་བོ་
གསེར་ལྡན་འགྲམ་དང་ནི། །སཱ་ལ་ཟུང་གི་ཚལ་དང་ནི། །ཅོད་པན་བཅིངས་པའི་མཆོད་རྟེན་དང་། །གྱད་རྣམས་ཀྱི་ནི་ཉེན་འཁོར་དུ། །ང་ནི་དེར་ཡང་མྱ་ངན་འདའ། །འཇིག་མེད་ཞི་བར་ཡོངས་སུ་འགྲོ། །ང་ཡི་སྐུ་གདུང་དེ་བླངས་ནས། །དེ་བཞིན་གཞན་གྱིས་འཕྲོག་པར་བྱེད། །
ལྷ་དང་ལྷ་མ་ཡིན་རྣམས་དང་། །དེ་ཚེ་འབྱུང་པོའི་ཚོགས་ཀུན་གྱིས། །སོ་སོར་ཆ་ནི་རྣམ་ཕྱེ་ནས། །རྣམ་པར་གཞག་པ་བྱས་པར་གྱུར། །མི་ཡི་རྒྱལ་པོ་དཔུང་ཆེན་ལྡན། །མ་ག་དྷཱ་ཡི་མ་སྐྱེས་དགྲ། །རྫུ་འཕྲུལ་ཆེ་ལྡན་ཉན་ཐོས་ནི། །ཀུན་ལའང་གསོལ་བ་རབ་འདེབས་པ། །བསོད་

ནམས་བདག་གིས་མ་བྱས་པས། །བདག་གི་ཕ་ཡང་ཤི་བར་གྱུར། །བདག་ནི་སྡུག་བསྔལ་ལྟུང་གྱུར་པས། །བདག་ཉིད་ཆེན་པོས་དྲང་དུ་གསོལ། །དེ་ནས་བློ་ལྡན་ཉན་ཐོས་མཆོག །སངས་རྒྱས་ཐུགས་ལས་སྐྱེས་པའི་སྲས། །འོད་སྲུང་ཆེན་པོ་ཞེས་གྲགས་པ། །སྐྱེ་དགུ་རྣམས་
ལ་ཕན་བྱེད་པས། །མ་སྐྱེས་དགྲ་ནི་ངོ་ཚ་ལྡན། །སེམས་ཞུམ་གྱུར་ཏེ་མཐོང་ནས་ནི། །རྫུ་འཕྲུལ་ཉིད་ལ་རབ་གནས་ནས། །དེ་ཡི་དུས་སུ་ཡང་དག་དགོངས། །རྒྱལ་བའི་རིང་བསྲེལ་སྐུ་གདུང་ནི། །ཆ་གཅིག་ཁྱོད་ཀྱིས་བླང་བར་གྱིས། །རྒྱལ་པོ་གཞན་ནི་སྟོབས་ལྡན་
གྱིས། །གཞན་དག་རབ་ཏུ་ཁྱེར་བར་གྱུར། །ཕན་ཚུན་བབ་ཅོལ་འཁྲུགས་ནས་ནི། །གཅིག་ལ་གཅིག་ནི་འཁོན་བྱས་ནས། །དེ་ཚེ་ནམ་མཁར་སྐུ་གདུང་ཁྱེར། །རང་གི་གནས་སུའང་བཞག་པར་འགྱུར། །དེ་ཚེ་ཐུབ་པའི་ཉན་ཐོས་མཆོག །དགེ་སློང་འོད་སྲུང་ཆེན་པོ་དེ། །ཀྱེ་
མའོ་ཀྱི་ཧུད་སེམས་པ་ནི། །ས་སྟེང་འདིར་ནི་རབ་སྟོངས་པ། །སངས་རྒྱས་དང་ནི་རང་རྒྱལ་དང་། །རྫུ་འཕྲུལ་ཆེན་པོའི་ཉན་ཐོས་ཀྱིས། །སེམས་ཅན་འཇིགས་པར་སྣང་བ་སྟེ། །སྲིད་པའི་བཙོན་རར་སྤྱོད་པ་ཡིན། །རྣམ་པ་སྣ་ཚོགས་སྡུག་བསྔལ་དྲག །ཡུན་རིང་རྗེས་སུ་མྱོང་བར་འགྱུར། །
འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །རིང་བསྲེལ་ཡང་དག་མཆོད་བྱས་ནས། །དེ་དག་ལྷ་ཡི་འཇིག་རྟེན་དུ། །ཡུན་མི་ཐུང་བར་བདེ་བ་མྱོང་། །རྒྱལ་སྲིད་དེ་ནས་ལོངས་སྤྱོད་དང་། །རྙེད་པར་དཀའ་བའི་སྔགས་རྣམས་ནི། །འགྲོ་བ་སྣ་ཚོགས་སྤྱོད་པ་ཡིས། །རྣམ་པ་སྣ་ཚོགས་ཐོབ་པར་འགྱུར། །
ཕུན་ཚོགས་འདོད་པ་འཇིག་རྟེན་མཆོག །རྣམ་ཐར་གསུམ་གྱིས་རྣམ་པར་བརྒྱན། །སྐུ་གདུང་རྣམས་ནི་མཆོད་བྱས་ན། །གྲུབ་པ་མཆོག་ནི་ཐོབ་པར་འགྱུར། །འཇིག་རྟེན་རྣམས་གྲགས་བྲམ་ཟེ་ཞེས། །ཐུབ་པ་མཆོག་ནི་ཉན་ཐོས་གཙོ། །འོད་སྲུང་ཞེས་ནི་བྱ་བ་ཡིས། །འདི་ལྟར་དེ་ནི་
བསམས་ནས་ནི། །དེ་ཚེ་ས་ལས་མ་ཕྱེ་བར། །དེ་ཡི་སྐུ་གདུང་བླངས་ནས་ནི། །མ་ག་དྷཱ་བདག་མ་སྐྱེས་དགྲས། །འབད་ནས་ཅུང་ཟད་ཡོངས་སུ་བྱིན། །དེ་བཞིན་རྒྱལ་པོ་ཀུན་ལ་ཡང་། །འོད་ཆེན་པོ་ནི་མ་མཐོང་ཡང་། །ཉན་ཐོས་བདག་ཉིད་ཆེན་པོ་དེས། །ཀུན་ལའང་ཐམས་ཅད་རབ་

ཏུ་བྱིན། །ཀུན་ལའང་མི་རྟག་འདུ་ཤེས་ཀྱིས། །དེ་ན་ཡང་ནི་གནས་པར་གྱུར། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་མྱ་ངན་བྱེད། །ཤཱཀྱའི་སྐྱེས་མཆོག་བསྟན་པ་ནི། །འཇིག་རྟེན་དམ་ཆོས་ནུབ་པ་ན། །བསྐལ་པ་རྣམ་པ་མང་པོར་ནི། །
ཡུན་རིང་སེམས་ཅན་དུད་པར་འགྱུར། །འདི་དག་དུད་བཞིན་མི་འགྱུར་བར། །འདི་དག་གསུང་ནི་བསྡུ་བར་བྱ། །དཔའ་བོ་དེ་ལས་ལངས་ནས་ནི། །སེམས་ཀྱི་སྟོབས་ནི་ཉམས་པ་མེད། །རྒྱལ་པོ་མ་སྐྱེས་དགྲར་གྱུར་པའི། །མི་ཡི་དབང་པོས་མགྲོན་དུ་བོས། །སྟོན་པའི་
བསྟན་པ་བྱ་བའི་ཕྱིར། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདིར། །འབད་པས་སྐུ་གདུང་མྱུར་དུ་ནི། །གསེར་གྱི་སྣོད་ཀྱི་ནང་དུ་བཅུག །དེ་དག་སྔོན་དུ་ཡང་དག་བཏང་། །དེ་ཚེ་རྒྱལ་པོའི་ཁབ་མྱུར་འགྲོ། །འོད་མའི་ཚལ་དུ་ཕྱིན་ནས་ནི། །སྐུ་གདུང་དག་ནི་ཡང་དག་བཞག །འཇིག་
རྟེན་མགོན་པོ་སྐྱོབ་པ་ཡི། །མཆོད་རྟེན་རྨད་བྱུང་ཆེན་པོ་བྱས། །མཆོད་རྟེན་དེ་ནི་མཆོད་བྱེད་པ། །རྣམ་པ་སྣ་ཚོགས་རྒྱན་དང་ནི། །ཕྲེང་བ་གོས་དང་གདུགས་དང་ནི། །དར་ལ་རོལ་མོ་བྱུག་པ་དང་། །རྣམ་པ་སྣ་ཚོགས་དུ་མ་དང་། །མར་མེ་མེ་ཏོག་ཕྲེང་བ་ཡིས། །ཕྱག་
འཚལ་རྗེས་སོང་སེམས་ཀྱིས་ནི། །རྒྱལ་པོ་རབ་ཏུ་མཆོད་པ་བྱེད། །མཆོད་རྟེན་དེ་ལ་མགོས་བཏུད་ནས། །དེ་ཡི་ཚེ་ན་སྨོན་ལམ་བཏབ། །འཇིག་རྟེན་མཆོག་ལ་མཆོད་པ་ཡིས། །བདག་གི་དགེ་བ་མང་པོ་གང་། །དེ་བཞིན་གཤེགས་ལ་མཆོད་པ་འདིས། །བསམ་གྱིས་མི་ཁྱབ་
མཆོག་ཐོབ་ཤོག །དེ་ནས་རྒྱལ་པོ་ལངས་ནས་ནི། །འོད་སྲུང་ཆེ་ལ་རབ་ཏུ་སྨྲས། །མིག་ནི་མཆི་མས་ཀུན་ཁྱབ་ནས། །མིག་གི་མཆི་མ་ཕྱིས་ནས་ནི། །སྙིང་ནི་བརྩེ་བས་རབ་བརླན་ནས། །དེ་ཚེ་ཕ་ནི་ཡང་དག་དྲན། །ཤེས་རབ་ཆེན་པོ་འཕགས་པ་ཁྱོད། །ཁྱོད་ནི་བདག་
གི་དབང་འགྱུར་མཛོད། །བདག་གི་སྡིག་པ་གང་བྱས་པ། །ངེས་པར་མནར་མེད་རབ་ཏུ་གཞོལ། །སྟོན་པའི་བཀའ་ཡི་ལམ་གནས་པ། །དེ་འདྲའི་ཆོས་ཀྱི་རྒྱལ་པོ་ཡི། །ཕ་ཡི་སྲོག་ལ་གནོད་བཅས་པའི། །མྱ་ངན་བསལ་བར་མི་ནུས་པས། །འཕགས་པ་དགེ་བའི་བཤེས་གཉེན་

གྱིས། །བདག་ལ་ཆོས་དོན་བསྟན་པར་རིགས། །དེ་སྐད་སྨྲས་ནས་བདག་ཉིད་ཆེ། །རྒྱལ་བའི་ཉན་ཐོས་མཆོག་གྱུར་པ། །བློ་ལྡན་འོད་སྲུང་ཞེས་བྱ་བས། །འདི་དག་ཚིག་ནི་རབ་ཏུ་སྨྲས། །རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །ཁྱོད་ཀྱི་དགེ་བ་མང་དུ་བྱས། །སྐྱེ་བ་བརྒྱ་ཕྲག་དུ་མར་ཡང་། །
ཁྱོད་ལ་གོམས་པ་རབ་ཏུ་ཡོད། །སངས་རྒྱས་འབྱུང་བ་མེད་པ་ན། །རང་རྒྱལ་གཅིག་ནི་ཡང་དག་བྱུང་། །གྲོང་ཁྱེར་བཱ་རཱ་ཎ་སཱི་རུ། །དེ་ཚེ་ཚོང་དཔོན་བུ་ཞིག་བྱུང་། །མི་ཤེས་བྱིས་པ་གཡོ་བ་ཡིས། །དེ་ཚེ་ཤིང་རྟ་ཞོན་ནས་བྱུང་། །བཅོམ་ལྡན་དེ་ཉིད་དེ་རུ་ནི། །རང་རྒྱལ་ཡོངས་སུ་བྱུང་བ་
ནི། །འཇིག་རྟེན་རྗེས་སུ་གཟུང་འདོད་པས། །དེར་ནི་སློང་མོའི་དོན་དུ་རྒྱུ། །བྱིས་པ་དེས་ནི་དེ་མཐོང་ནས། །སེམས་ནི་ཡང་དག་དང་གྱུར་ནས། །རྐང་གཉིས་ལ་གཏུགས་དྲིས་པ་ནི། །དགེ་སློང་ཁྱོད་ནི་ཅི་ཞིག་བྱེད། །བསེ་རུ་ལྟ་བུར་སྐྱེ་བ་མེད། །བཅོམ་ལྡན་དེ་ནི་མི་སྨྲར་འདུག །
དེ་ཚེ་བྱིས་པ་དེ་ཡི་ནི། །གོས་ལ་བཟུང་ནས་ཡང་དག་གནས། །འདེང་ངོ་འདེང་ངོ་ཁྱིམ་བཟང་འདིར། །རྒྱལ་མཚན་གྱིས་ནི་རབ་མཚན་པའོ། །འདི་ནི་བདག་གི་ཁྱིམ་ཡིན་ཏེ། །ཞབས་བཀྲུས་ནས་ནི་བཤོས་གསོལ་ཏེ། །ཇི་ལྟར་དུས་བཞིན་མྱུར་གསོལ་ནས། །ཅི་འདོད་པར་ནི་རྩེ་བར་བགྱིའོ། །
དེ་ནས་ཉེས་དང་བྲལ་བ་དེ། །ཉེས་གསུམ་མཐར་བྱེད་འཇོམས་པ་པོ། །གཞན་དག་རྗེས་གཟུང་དེ་དག་གཙོར། །མཐར་གྱིས་ཀྱང་ནི་རབ་འགྲོ་ཞིང་། །སོང་ནས་སྒོ་ཡི་རྩ་བ་ལ། །འོད་ཆེན་དེར་ནི་འདུག་པར་གྱུར། །དེ་ནས་བྱིས་པ་ནང་ཞུགས་ནས། །མ་ལ་ཡང་ནི་འདི་
སྐད་སྨྲས། །མ་ནི་བདག་ལ་འབྲས་ཆན་སྩོལ། །བཟའ་བ་རྣམ་མང་དག་ཀྱང་སྩོལ། །ཡུན་རིང་ས་རྡུལ་ལ་རྩེ་བའི། །བདག་གི་གྲོགས་པོ་འདིར་འོངས་གྱུར། །ཡུན་རིང་བདག་ནི་དགར་འགྱུར་བ། །སྒོར་ནི་འོངས་ནས་འདུག་པ་ཡིན། །དེ་ཚེ་དེ་ནི་རབ་རིངས་པར། །དེ་ཡི་མོད་ལ་སྒོར་
ཡང་བྱུང་། །རྫུ་འཕྲུལ་ཆེན་པོ་ཞི་བའི་གཟུགས། །བདག་ཉིད་ཆེན་པོ་དེ་ཡང་མཐོང་། །དེ་ཚེ་དེ་ནི་མྱུར་འོངས་ནས། །སྣོད་ནི་བཟང་པོ་བླངས་ནས་ཀྱང་། །ལག་པ་ལེགས་པར་རབ་བཀྲུས་ནས། །མེ་ཏོག་སྤོས་སོགས་སྔོན་འགྲོ་བས། །འབྲས་ཆན་གཙང་མ་བླངས་ནས་ནི། །དུ་མའི་

རོ་ཡིས་རྣམ་བརྒྱན་པའི། །རྣམ་པ་སྣ་ཚོགས་བཟའ་བ་དང་། །དངུལ་གྱི་སྣོད་དུ་རབ་ཏུ་བཅུག །དེ་ཚེ་མྱུར་དུ་ཕྱིར་བྱུང་སྟེ། །དེ་ཡི་ལྷུང་བཟེད་ལ་བླུགས་ནས། །ཁྱོར་བཅས་ཆོས་ལ་དད་པ་ཡིས། །དེ་ཡི་རྐང་པ་གཉིས་ལ་གཏུགས། །དེ་ཡིས་བསོད་
སྙོམས་བླངས་ནས་ནི། །ནམ་མཁའ་ལ་ནི་མངོན་པར་སོང་། །དེ་ནས་དེ་ནི་རབ་འབར་ཞིང་། །མར་མེའི་ཕྲེང་བ་བཞིན་དུ་སྣང་། །བསེ་རུ་ལྟར་སྤྱོད་གང་ཡིན་པ། །དེ་དག་ངག་གིས་ཆོས་སྟོན་མིན། །རྫུ་འཕྲུལ་འོད་ཀྱིས་སེམས་ཅན་ལ། །བདག་ཉིད་ཆེན་པོ་སྟོན་པར་བྱེད། །
དེ་ཡང་ལྷག་པར་སྙིང་རྗེ་ཅན། །སེམས་ཅན་འགྲོ་བ་སེར་སྣར་ལྡན། །ཕ་རོལ་དོན་དུ་སེམས་ཅན་ལ། །དེ་ནས་རྫུ་འཕྲུལ་སྟོན་པར་བྱེད། །དེ་ཡི་རྣམ་སྨིན་ལས་ཀྱིས་ནི། །མ་དང་ལྷན་ཅིག་བྱིས་པ་ཡང་། །སྟོང་ཕྲག་ལྔ་ཡི་སྐྱེ་བར་ནི། །ལྷ་ཉིད་ཀྱང་ནི་བྱས་པར་གྱུར། །ལྷ་རྣམས་
ཀྱི་ནི་ལྷ་རྒྱལ་དེར། །མ་དེ་ཉིད་ནི་ཡང་དག་གྱུར། །འཁོར་ལོས་སྒྱུར་ཉིད་མི་རྣམས་ཀྱི། །མི་ཡི་བདག་པོར་དེ་ཚེ་གྱུར། །ཡུན་རིང་བདེ་བ་རྗེས་མྱོང་ནས། །གཟུགས་ཅན་སྙིང་པོའི་བུར་འདི་གྱུར། །གང་གི་བཅོམ་ལྡན་དེ་སྨྲས་དང་། །གོས་ཀྱི་ཐ་མ་ལ་བཟུང་དང་། །ཚིག་ངན་
སྨྲ་བ་སྨྲས་པ་ནི། །དགེ་སློང་སྨྲ་བས་སྨྲས་པ་དང་། །ས་རྡུལ་བདག་དང་རྩེ་བ་ཞེས། །དེ་ཚེ་སྔོན་ནི་ཁྱོད་ཅེས་སྨྲས། གི་ལས་ནི་དེ་ཡིས་ནི། །མི་འདོད་པ་དང་ཚ་བ་ཡི། །དྲག་ཅིང་རབ་ཚའི་སྡུག་བསྔལ་བ། །ཡུན་རིང་མང་པོ་རྗེས་མྱོང་བ། །མི་འདོད་སྡུག་བསྔལ་བཟོད་
དཀའ་བ། །མི་བཟད་དམྱལ་བར་ལྟུང་བར་འགྱུར། །ལས་ཀྱི་ཞགས་པས་བཅིངས་ནས་ནི། །སེམས་ཅན་ངན་འགྲོར་འགྲོ་བར་འགྱུར། །རྒོད་པས་ལས་ནི་བྱེད་པ་ཡིས། །དུ་བས་རྗེས་སུ་མྱོང་བར་འགྱུར། །དེ་བཞིན་བྱིས་པའི་རང་བཞིན་གྱིས། །ཉན་ཐོས་རྒྱལ་བ་སྐྱོབ་པ་
ལ། །ཚིག་ནི་མ་རུངས་རྒྱ་ཆེ་བ། །དེ་ཡི་ལས་ནི་འདི་འདྲ་འོ། །དམྱལ་བ་ལས་ནི་ཐར་ནས་ཀྱང་། །མི་ཉིད་དུ་ནི་འདིར་ཡང་འོངས། །རྣམ་སྨིན་སྐྱེས་པ་མི་ཡི་བདག །དམྱལ་བ་ཡང་ནི་དྲན་པར་གྱུར། །དེ་ཡི་ཁྲོ་བ་བདོ་བ་ཡིས། །ཁྱོད་ཀྱིས་ཕ་ཡི་སྲོག་ཀྱང་བཅད། །

རང་རྒྱལ་དག་གི་སྤྱོད་པ་ཡང་། །སྔོན་གྱི་བག་ཆགས་ཀྱིས་དྲན་པས། །སངས་རྒྱས་མངོན་སུམ་མཐོང་ནས་ནི། །སྐྱེ་དགུ་དག་ཀྱང་དེ་བཞིན་བྱས། །དེ་ཉིད་རྒྱུ་ནི་དྲན་བྱས་པས། །འདིར་ནི་རྒྱལ་ཐབས་ཉིད་ཀྱང་བྱས། །དེ་ལྟར་འོད་མའི་ཚལ་དུ་ནི། །ཕན་ཚུན་དེ་དག་
ས་སྟེང་སྨྲ། །ང་ཡི་སློབ་མ་མཆོག་འདི་དང་། །གཉིས་པ་མི་ཡི་བདག་པོ་ཡིས། །མཆོད་རྟེན་ལན་བརྒྱར་ཕྱག་འཚལ་ནས། །དེ་ཚེ་རང་གི་ཁྱིམ་དུ་སོང་། །དེ་ནས་སློབ་མའི་མཆོག་གྱུར་པ། །པི་པལ་ཕུག་ན་གནས་པ་དེ། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །ཐུབ་
པ་མ་ལུས་འདུས་ནས་ནི། །གསུང་རབ་ཡན་ལག་བཅུ་གཉིས་དང་། །འདུལ་བ་མ་ལུས་སྡུད་པར་བྱེད། །གང་ཞིག་ཆོས་ནི་ངས་བསྟན་དང་། །དེ་བཞིན་སྔོན་གྱི་རྒྱལ་བ་མཆོག །དེ་ནས་སློབ་མའི་མཆོག་དེས་ཀྱང་། །རྣམ་པ་གསུམ་དུ་ཡང་དག་བསྟན། །འདུལ་བ་དང་
ནི་མངོན་པ་དང་། །མདོ་སྡེའི་དབྱེ་བས་གཞུང་དུ་བྱས། །སེམས་ཅན་འཆིང་བ་གསུམ་ལས་བཀྲོལ། །ཉེས་པ་གསུམ་ཡང་སྐེམ་པར་བྱེད། །དཔའ་བོ་སྡུག་བསྔལ་གསུམ་ལས་འགྲོལ། །རྟག་ཏུ་ཐེག་པ་གསུམ་ལ་དགོད། །སངས་རྒྱས་རྣམས་ཀྱིས་བསྟན་པའི་དོན། །
བློ་ཡི་མཆོག་ནི་བྱེད་པར་འགྱུར། །རྒྱལ་ཆེན་མ་སྐྱེས་དགྲ་ཞེས་པའི། །མ་ག་དྷཱ་པ་མི་ཡི་བདག །ཨང་ག་མ་ག་དྷཱ་དང་ནི། །བཱ་རཱ་ཎ་སཱི་དེ་ལས་གཞན། །བྱང་དུ་ཡངས་པ་ཅན་དང་ནི། །རྒྱལ་ཆེན་སྟོབས་པོ་ཆེ་བར་ནི། །ཐེ་ཚོམ་མེད་པར་འགྱུར་བ་ཡིན། །བསྟན་པའི་དོན་ནི་
བྱེད་པར་འགྱུར། །གཞོན་ནུ་ཁྱོད་ནི་འདུལ་བྱེད་ཅིང་། །ཞི་བ་དམ་པ་སྟོན་པར་འགྱུར། །དེ་ཡི་བུ་ཡང་རྒྱལ་པོ་ནི། །ཡི་གེ་ཨུ་ཞེས་བྱ་བར་བསྒྲགས། །དེ་ཚེ་འབྱུང་བར་འགྱུར་བ་ནི། །མྱུར་དུ་བསྟན་པའི་དོན་ལ་བརྩོན། །དེས་ནི་སྟོན་པའི་གསུང་རབ་འདིར། །རྒྱ་ཆེར་འདྲི་བར་
བྱེད་འཇུག་འགྱུར། །མཆོད་པ་ཆེན་པོའང་བྱས་ནས་ནི། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་བྱེད། །ཕྱིར་ཡང་ངན་སོང་འདི་མི་འགྲོ། །ལྷར་སྐྱེ་བར་ནི་དེ་འགྱུར་རོ། །ལོ་ནི་ཉི་ཤུ་སུམ་ཅུར་ནི། །ཕ་དང་ལྷན་ཅིག་འགྲོགས་པར་འགྱུར། །གྲོང་ཁྱེར་སྟོབས་ལྡན་མཚན་ཕྱེད་དུ། །རིགས་

ལས་སྐྱེས་པའི་ནད་ཀྱིས་ནི། །མངོན་པར་ཟིལ་གྱིས་ནོན་པར་འགྱུར། །ཉིན་ཞག་སུམ་ཅུ་རྩ་དྲུག་ཏུ། །ནད་ཆེན་དག་གིས་ཉམ་ཐག་འགྱུར། །ནད་རྣམས་ཀུན་གྱིས་བཏབ་ནས་དེ། །རྣམ་པ་སྣ་ཚོགས་བརྒྱལ་ནས་ནི། །རྒྱལ་པོ་དེ་མྱུར་ཤི་འཕོས་ནས། །
ལྷ་རྣམས་སུ་ནི་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་འབད་ནས་ནི། །ངེས་པར་བྱང་ཆུབ་ཐོབ་པར་འགྱུར། །འདི་དང་གཞན་ཡང་མང་པོ་ནི། །འདས་པ་དང་ནི་མ་འོངས་པར། །རང་རྒྱལ་སྐྱོབ་པ་དག་ལ་ནི། །རྣམ་པ་སྣ་ཚོགས་བྱས་པ་ཡིས། །དེ་བཞིན་ལྷ་དང་མི་རྣམས་ཀྱིས། །འདོད་
དང་ཁྱད་པར་ཕུན་ཚོགས་འཐོབ། །དེ་དག་མཐར་གྱིས་འགྲོ་འགྱུར་བ། །ཞི་བ་ནད་མེད་གོ་འཕང་འཐོབ། །རྒྱལ་པོ་མཆོག་དང་དམན་པ་དང་། །མི་ཡི་བདག་པོ་བར་མ་རྣམས། །རྒྱལ་པོ་ན་ཧུ་ཤ་ལ་སོགས། །དང་པོའི་དུས་སུ་བསྟན་པ་དག །དེས་ཀྱང་དེ་བཞིན་གཤེགས་མཆོད་
དང་། །རྗེས་ཡི་རང་བས་མཐོ་རིས་སོང་། །ངེས་པར་དེ་དག་སངས་རྒྱས་གྱུར། །ཁ་ཅིག་ཉན་ཐོས་ཐེག་པ་ལ། །ངེས་པར་ཁ་ཅིག་ཉན་ཐོས་ཉིད། །དེ་ཀུན་ཐར་ལ་མངོན་པར་གཞོལ། །དུས་ཀྱི་རྣམ་གཞག་རྗེས་མཐུན་པར། །ཚེ་ཡང་རྣམ་པར་བརྟག་པ་ཡིན། །དམ་པ་ཚེ་ཡང་
རིང་བ་སྟེ། །དེ་བཞིན་བར་མ་བར་མ་ཡིན། །ཤིན་ཏུ་དཀའ་བའི་དུས་མཐའ་ལ། །དུས་ཀྱི་ཐ་མ་རྩོད་དུས་ལ། །རྒྱལ་པོ་རྩོད་པ་ལ་དགའ་བས། །གཞན་ནི་ཐ་མར་བསྟན་པ་ཡིན། །ཕན་ཚུན་ཁོ་ན་དུ་འཛིན་ཆགས་པས། །གཅིག་ལ་གཅིག་ནི་རྣམ་འཚེ་བྱེད། །དམན་པའི་
སྐྱེ་བ་ཐོབ་པ་དང་། །མཚོན་གྱི་རེག་པས་འཆི་བར་འགྱུར། །མཚོན་གྱིས་འཚོ་བས་ཡང་དག་དག་དགའ། །དེ་བཞིན་གཞན་གྱི་བུད་མེད་ཆགས། །རྒྱལ་པོ་འཇིག་རྟེན་སྨོད་པར་ནི། །ཐེ་ཙོམ་མེད་པར་འགྱུར་བ་ཡིན། །གཡོན་ཅན་ལས་ངན་ཅན་དང་ནི། །དེ་བཞིན་འཕགས་མིན་སེར་སྣ་
ཅན། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ཆ་གཉིས་ལྡན་དང་རྩོད་དུས་བར། །མདོར་བསྡུས་ནས་ནི་བཤད་པར་བྱ། །གཞོན་ནུ་དེ་ནི་རྟོགས་པར་གྱིས། །དུས་གང་འབྱུང་བར་འགྱུར་བ་ན། །ས་སྟེང་རྒྱལ་པོ་འབྱུང་བ་ཡི། །དེ་དག་གཟུགས་དང་མཚན་མ་དང་། །ཁ་དོག་ཀྱང་ནི་རྟོགས་པར་གྱིས། །

ཀོ་སའི་རྒྱལ་པོ་གསལ་རྒྱལ་དང་། །གཟུགས་ཅན་སྙིང་པོ་དེ་བཞིན་གཞན། །རྒྱལ་རིགས་གཙོ་བོ་འཆར་བ་དང་། །དམག་བརྒྱ་པ་ནི་ཡང་དག་འབྱུང་། །ལག་བཟང་གཞུ་བཟང་ཞེས་བྱ་དང་། །དེ་བཞིན་དབང་ཆེན་ཙ་མ་ཤ། །དེ་བཞིན་ལིཙྪ་བཱིར་སྐྱེས་པའི། །ཤཱཀྱའི་
རིགས་སྐྱེས་སེང་གེ་དང་། །ཆེར་ལྡན་གསལ་དང་རབ་གསལ་དང་། །སྡེ་ཆེན་དུ་ཡང་བསྟན་པའོ། །དེ་བཞིན་འཕགས་རྒྱལ་གཏུམ་པོ་དང་། །སེར་སྐྱའི་གྲོང་གི་རྒྱལ་པོ་ནི། །ཟས་གཙང་ཞེས་ནི་བྱ་བ་དང་། །དཔའ་བོ་ཞེས་བྱ་སྟོབས་ཆེན་དག །འདི་དག་རྒྱལ་པོའི་
རིགས་སུ་གསུངས། །ས་སྲུང་སྟོན་པ་མཆོད་བྱེད་པའོ། །ཤཱཀྱ་སེང་གེ་མི་ཡི་མཆོག །སངས་རྒྱས་མངོན་དུ་ལྟ་བར་འགྱུར། །དེ་ཡང་དེ་ནས་ཆོས་ཐོས་ནས། །ཡུན་རིང་ཕུན་སུམ་ཚོགས་པ་འཐོབ། །ངེས་པར་བྱང་ཆུབ་འདོད་ནས་ཀྱང་། །ཤི་ནས་ཞི་བ་འཐོབ་པར་
འགྱུར། །ས་བདག་ས་ཡི་དཀྱིལ་འཁོར་དུ། །འདི་དག་འཇིག་རྟེན་རྣམ་པར་གྲགས། །རིགས་ནི་རྒྱལ་རིགས་དག་ཏུ་བསྟན། །འདུ་ཤེས་མིང་གིས་མཚོན་པ་ཡིན། །ས་སྟེང་ང་ཡིས་བསྟན་པའི་ཚིག །དེ་དག་མཆོད་པ་བྱེད་པར་འགྱུར། །གཞོན་ནུ་བྱིས་པའི་གཟུགས་
ཅན་གྱིས། །ཁྱོད་ཀྱིས་འཇིག་རྟེན་ལུང་བསྟན་པ། །མ་སྐྱེས་ཞེས་བྱའི་རྒྱལ་པོ་དེ། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །ང་ནི་ས་སྟེང་མྱ་ངན་འདས། །ལོ་བརྒྱ་དག་ནི་འདས་པ་ན། །སྣང་བ་མེད་ཅིང་ཉེས་པར་བཅས། །མི་ཤེས་མུན་པས་རབ་ཏུ་བསྒྲིབས། །དེ་
ཚེ་ས་ནི་སྟོངས་པ་སྟེ། །རྒྱལ་བ་རྣམས་ཀྱིས་སྤངས་པ་ཡིན། །དེ་ཚེ་མི་བཟད་ཆེན་པོ་ཡི། །གྲོང་ཁྱེར་མེ་ཏོག་ཅན་དུ་ནི། །མྱ་ངན་མེད་ཅེས་བྱ་བ་ཡི། །རྒྱལ་པོ་ས་ནི་སྐྱོང་བྱེད་པ། །ཁྲོ་བཅས་ལས་ནི་དྲག་པོ་བྱེད། །དེ་ཚེ་དེ་ནི་སྙིང་རྗེ་མེད། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །
ནད་མེད་སེར་སྣ་བྲལ་བ་དང་། །དགེ་སློང་ཚུལ་ཁྲིམས་ལྡན་པ་ཡི། །དགེ་བའི་བཤེས་གཉེན་ཐད་དུ་ལྷགས། །སྔོན་གྱི་བག་ཆགས་རྒྱུ་དང་ནི། །ས་རྡུལ་བྱིན་པའི་བྱིན་རླབས་ཀྱིས། །རིགས་ནི་ངེས་པར་འགྱུར་བ་དང་། །རྒྱལ་པོ་ནོར་ཆེན་ལྡན་པར་འགྱུར། །ཆོས་དང་ཆོས་མིན་རྣམ་

དཔྱོད་ཅིང་། །བརྩེ་ལྡན་སྙིང་རྗེ་ལྡན་པ་དང་། །ཆགས་བྲལ་རྫུ་འཕྲུལ་ཆེན་པོ་དེས། །རྒྱུ་ནི་ཕྱེ་ཞིང་བསྟན་པར་བྱས། །སྔོན་ནི་ཁྱོད་ཀྱང་རྒྱལ་པོ་སྟེ། །མི་ཤེས་བྱིས་པ་གཡོ་བ་ཡི། །རྒྱལ་བ་ཤཱཀྱ་སེང་གེ་ལ། །ས་ཡི་རྡུལ་ནི་སྙིམ་གང་ཕུལ། །ཞིང་དེ་ལ་ནི་རབ་ཕུལ་བས། །
ལྷ་ཡུལ་ཕུན་སུམ་ཚོགས་པ་ཐོབ། །ལྷ་ཡི་འཇིག་རྟེན་ཤི་འཕོས་ནས། །ས་ཡི་འཇིག་རྟེན་འདིར་འོངས་གྱུར། །འཛམ་གླིང་ནགས་ཚལ་ཕུན་སུམ་ཚོགས། །རྒྱལ་པོ་ཡི་ནི་རྒྱལ་ཐབས་སྤྱོད། །བདག་ཉིད་ཆེན་པོ་ཛམ་བྷ་ལ། །གནོད་སྦྱིན་གྱི་ནི་སྔགས་ཀྱང་བསྒྲུབས། །བདག་
ཉིད་ཆེན་པོ་ས་ཡི་བདག །དེ་ནས་གནོད་སྦྱིན་ཤིང་རྟ་གྲུབ། །དེ་ལ་གནོད་སྦྱིན་འདུག་པ་ནི། །བཀའ་དང་མཐུན་པར་ཡིད་ཀྱང་འཇུག །ཀླུ་རྣམས་ཀྱང་ནི་འདུག་པ་སྟེ། །བྲན་དང་བཀའ་བཞིན་བྱེད་པའི་རྒྱུ། །དེ་ལྟར་རྫུ་འཕྲུལ་ཆེ་བདག་ཉིད། །དེ་ཚེ་སྟོབས་ཀྱི་འཁོར་སྒྱུར་འབྱུང་། །
ཅི་འདོད་དེ་ནི་འགྲོ་བ་ན། །གང་དུའང་འགོག་པ་མེད་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོག་ས་ལ། །གང་ཡང་སྔོན་ནི་རབ་བཞག་པ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི། །དེ་ཚེ་འོད་མའི་ཚལ་དུའོ། །སྐུ་གདུང་མཆོག་ནི་བླངས་ནས་ཀྱང་། །དགེ་བ་ལ་དམིགས་ཡིད་ཅན་གྱིས། །
ཇི་ལྟར་སྔོན་གྱི་བྱས་པ་བཞིན། །མཆོད་རྟེན་དེ་ལ་མཆོད་པ་བྱས། །སྐུ་གདུང་བུམ་པ་དེ་བླངས་ནས། །དེ་ནི་དེ་བཞིན་རྣམ་བགོས་ནས། །བློ་ལྡན་དེས་ནི་སྐད་ཅིག་གིས། །དེ་ནས་གནོད་སྦྱིན་ལ་ཡང་སྨྲས། །འཛམ་བུའི་གླིང་འདི་མ་ལུས་པ། །མཆོད་རྟེན་རྒྱན་གྱིས་བརྒྱན་པ་དང་། །
ས་རྣམས་སྐུ་གདུང་སྙིང་པོར་ནི། །ཁྱོད་ཀྱིས་ཀྱང་ནི་རབ་ཏུ་བྱ། །འབད་པ་ཡིས་ནི་མཚན་ཕྱེད་དུ། །གནོད་སྦྱིན་གྱིས་ནི་བཀའ་ཡང་བླངས། །མི་མ་ཡིན་པའི་བྱ་བ་བྱས། །ས་སྟེང་རྡོ་ཡི་སྲོག་ཤིང་བསྒྲེང་། །ཀ་བ་སྟོང་ཕྲག་དུ་མ་ནི། །དེ་ཚེ་ཡོངས་སུ་བཙུགས་པར་གྱུར། །མཆོད་རྟེན་
རྣམས་ལ་མཆོད་དོན་དུ། །ལུས་ཅན་རྣམས་ལ་མཚོན་པར་གྱུར། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །མཆོད་རྟེན་སྣ་ཚོགས་བྱས་ནས་ནི། །སྐད་ཅིག་གཅིག་གིས་གནོད་སྦྱིན་རྣམས། །རྒྱལ་པོ་ཡི་ནི་དྲུང་དུ་ལྷགས། །དེ་ནས་གནོད་སྦྱིན་རབ་བཏུད་ནས། །དབེན་པར་ཚིག་ནི་

རབ་ཏུ་སྨྲས། །ཇི་སྐད་བཀའ་སྩལ་མ་ལུས་བྱས། །ས་བདག་ཇི་སྟེ་གཟིགས་མི་མཛད། །དེ་ནས་མྱུར་དུ་ས་བདག་དེ། །དེ་ཚེ་ཤིང་རྟ་དེ་ལ་ཞོན། །རྣམ་པ་སྣ་ཚོགས་མཆོད་དོན་དུ། །རྣམ་པ་སྣ་ཚོགས་མཛེས་པའི་ཕྱིར། །གསེར་དང་དེ་བཞིན་དངུལ་དག་དང་། །རྣམ་པ་སྣ་
ཚོགས་མཆོད་རྟེན་བརྒྱན། །དེ་ནས་གནོད་སྦྱིན་ཤིང་རྟ་དང་། །མྱུར་དུ་རྒྱལ་པོ་རབ་ཏུ་སོང་། །གང་ན་རྒྱལ་བའི་མཆོད་རྟེན་ཡོད། །སྐད་ཅིག་གིས་ནི་དེ་ཡུལ་དུའོ། །རྣམ་པ་སྣ་ཚོགས་མཆོད་པ་ཡིས། །རྒྱལ་པོ་དེས་ནི་དེ་ལ་མཆོད། །དེ་ཚེ་རྒྱལ་བའི་མཆོད་རྟེན་གྱིས། །
ས་རྣམས་མ་ལུས་མཛེས་པར་བྱས། །བདག་ཉིད་ཆོས་རྒྱལ་མྱ་ངན་མེད། །སྨོན་ལམ་དག་ནི་འདེབས་པར་བརྩོན། །དགེ་བའི་རྩ་བ་འདི་དོན་གྱིས། །བླ་ན་མེད་པའི་སངས་རྒྱས་ཤོག །དེ་བཞིན་དེས་ཀྱང་རིག་ནས་ནི། །རྒྱལ་པོ་ཆོས་ནི་སྟོན་པར་བྱེད། །དེ་ནི་ཤི་ནས་ལྷ་རུ་
འགྲོ། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །ལོ་ནི་བརྒྱད་ཅུ་རྩ་བདུན་དུ། །ས་སྟེང་མཆོད་རྟེན་མཆོད་པར་འགྱུར། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གནོད་པ་མེད་པའི་རྒྱལ་ཐབས་བྱེད། །དེ་རང་ལས་ལས་བྱུང་བ་ཡི། །ལུས་ལ་ནད་ནི་ཡོངས་སུ་འབྱུང་། །ནད་
དེས་གནོད་ཅིང་སྡུག་བསྔལ་ནས། །ཤི་ནས་མཐོ་རིས་འགྲོ་བར་འགྱུར། །ལྷ་ཡི་ཕུན་སུམ་ཚོགས་པ་ཆེ། །ཐོབ་ནས་རྗེས་སུ་མྱོང་བར་བྱེད། །དེ་ནི་ཡིད་གཞུངས་རིམ་གྱིས་སུ། །རྙེད་པར་དཀའ་བའི་བྱང་ཆུབ་ཐོབ། །རྡོ་རྗེ་པདྨའི་རིགས་དག་ནི། །སྔགས་ཀྱང་དེ་ཚེ་
འགྲུབ་པར་འགྱུར། །ཛམ་བྷ་ལ་སོགས་གནོད་སྦྱིན་ཡང་། །འདི་ཡི་བསྟན་པའི་རྗེས་སུ་འཇུག །རྫུ་འཕྲུལ་ཆེན་པོ་འཕྲོག་མ་སོགས། །གནོད་སྦྱིན་མོ་ཡང་ཡང་དག་འགྲུབ། །འཁོར་ལོས་སྒྱུར་བས་བསྐྱེད་པ་ཡི། །འཁོར་ལོས་སྒྱུར་བའི་སྔགས་ཀྱང་གྲུབ། །གང་དག་རྒྱལ་
བས་བསྟན་པའི་སྔགས། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །གཙུག་ཏོར་ལ་སོགས་ཐམས་ཅད་དང་། །གང་གཞན་རྒྱལ་བས་གསུངས་པའང་ཡིན། །དེ་ཡི་དུས་ནི་རབ་བཟང་ལ། །སྒྲུབ་པ་དམ་པ་དག་ཀྱང་བྱ། །དམ་པས་ཐ་མ་བསྒྲུབ་མི་བྱ། །དམ་པ་ཐོབ་པར་བྱ་

ཕྱིར་རོ། །དི་ལཱི་པ་དང་ན་ཧུ་ཤ། །ང་ལས་ནུ་དང་དུག་ཆེན་མཚོ། །རྒྱལ་བས་བཤད་པའི་འཁོར་ལོས་སྒྱུར། །སྔགས་ནི་དེ་དག་སྒྲུབ་པར་བྱེད། །བདག་ཉིད་ཆེན་པོ་ན་ཧུ་ཤ། །དེ་ཚེ་གཟི་བརྗིད་ཕུང་པོ་གྲུབ། །རྒྱལ་པོ་ཆེན་པོ་དུག་ཆེན་པ། །གདུགས་དཀར་པོ་ཡང་
གྲུབ་པ་ཡིན། །དེ་བཞིན་རྒྱལ་པོ་དི་ལཱི་པ། །ཡི་གེ་གཅིག་པའི་སྔགས་ཀྱང་གྲུབ། །ང་ལས་ནུ་ནི་འཇིག་རྟེན་དང་། །དེ་བཞིན་གཙུག་ཏོར་དམ་པ་གྲུབ། །རྒྱལ་མཆོག་དྷུན་དུ་མ་ར་ནི། །དེ་བཞིན་རྒྱལ་བའི་གཙུག་ཏོར་གྲུབ། །དེ་བཞིན་འདམ་གྱི་རྒྱལ་པོ་ནི། །རྣམ་རྒྱལ་གཙུག་
ཏོར་གྲུབ་པའོ། །དེ་བུ་སྐྱེ་དགུའི་བདག་པོ་སྟེ། །དེ་ཡང་ས་སྟེང་སྤྱན་སྔགས་གྲུབ། །སྐྱེ་དགུའི་བདག་པོ་སྐྱེ་བ་སྟེ། །དེ་ཡང་མཛོད་སྤུའི་སྔགས་ཀྱང་གྲུབ། །ལྟེ་བའི་བུ་ནི་ཁྱུ་མཆོག་སྟེ། །དེ་ནི་ལས་གྲུབ་བརྟུལ་ཞུགས་བརྟན། །ཁ་བ་ཅན་གྱི་རི་དག་ཏུ། །དེ་ཡང་ནོར་
སྤྱོད་གནོད་སྦྱིན་གྲུབ། །ཁྱུ་མཆོག་བུ་ནི་རྒྱས་པ་སྟེ། །དེ་ཡང་དེ་ཚེ་སྔགས་བཟླས་བྱེད། །དེ་ཚེ་ས་སྟེང་དེ་མཐར་གྱིས། །དཔའ་བོ་ཆེན་པོའང་རབ་ཏུ་གྲུབ། །འདི་དག་གཞན་ཡང་མང་པོ་ཡི། །རྒྱལ་པོ་འཇིག་རྟེན་རྣམ་གྲགས་པས། །སྔགས་རྣམས་རབ་ཏུ་བསྒྲུབས་ནས་ནི། །
རྒྱལ་སྲིད་བྱས་ནས་ལྷ་ཡུལ་འགྲོ། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །རྒྱལ་བའི་དབང་པོས་གང་གསུངས་པ། །དེ་ཀུན་དུས་ནི་བཟང་པོ་སྟེ། །ལོ་ནི་སྟོང་ཕྲག་བརྒྱད་ཅུ་པ། །སྔགས་དང་རྒྱུད་ཀྱི་དོན་མཁས་པས། །གྲུབ་པ་དག་ནི་སྒྲུབ་པར་འགྱུར། །འདི་དག་གཞན་ཡང་རབ་མང་
བའི། །ས་བདག་འཇིག་རྟེན་རྣམ་གྲགས་པ། །དེ་ནས་སྟོང་ཕྲག་བརྒྱད་ཅུའི་སྔགས། །དེ་བཞིན་ཡང་དག་བསྒྲུབས་ནས་ནི། །རྒྱལ་སྲིད་བྱས་ནས་མཐོ་རིས་འགྲོ། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །དེ་ཚེ་བར་མའི་དུས་དག་ཏུ། །ལྷ་མོ་རྫུ་འཕྲུལ་ཆེན་མོ་
དང་། །ལྷ་རྣམས་ཀྱི་ནི་སྔགས་དང་ནི། །པདྨའི་རིགས་ཀྱི་སྔགས་དང་ནི། །བློན་པོ་མི་ཡི་གཙོ་བོ་དང་། །ས་བདག་ས་ཀུན་བདག་པོའོ། །བཱ་རཱ་ཎ་སཱི་གྲོང་ཁྱེར་ན། །རྒྱལ་པོ་ཚངས་པས་བྱིན་པ་ཡང་། །འཇིག་རྟེན་འཇིག་རྟེན་དབང་ཕྱུག་གྲགས། །ཕྱག་ན་པདྨ་རབ་ཏུ་གྲུབ། །

བདག་ཉིད་ཆེན་པོ་བརྩོན་འགྲུས་ཆེ། །ལྷག་པར་སྙིང་རྗེ་ཆེན་པོ་དེ། །སེམས་ཅན་རྣམས་ལ་སྔགས་ཚུལ་གྱིས། །ཆོས་རྣམས་སྟོན་པ་བྱིན་པ་ཡིན། །རྒྱལ་པོ་ཡང་ནི་ཚངས་བྱིན་གྱིས། །མི་ཡི་བདེ་བ་རྗེས་མྱོང་ནས། །དེ་ནས་དེ་ནི་སྔགས་གྲུབ་སྟེ། །ལུས་དང་བཅས་
པས་མཐོ་རིས་སོང་། །དེ་ཡི་བུ་ཡང་བློ་ལྡན་ནི། །བསོད་ནམས་ལས་ནི་བརྟུལ་ཞུགས་བརྟན། །བརྩོན་འགྲུས་ཆེན་པོ་རྟ་མགྲིན་ཞེས། །རྣམ་པར་གྲགས་པ་དེ་ཡང་གྲུབ། །དེ་ཡིས་སྔགས་ཀྱི་མཐུ་ཡིས་ནི། །དེ་ཚེ་བརྒྱ་བྱིན་ལས་རྒྱལ་གྱུར། །དེ་བུ་དཀར་པོ་ཞེས་
བྱ་བའི། །རྒྱལ་པོ་ཐམས་ཅད་གཏོང་བ་འབྱུང་། །དེ་ཡང་ནོར་ནི་སྦྱིན་པའི་སྔགས། །དཀར་མོ་ཆེ་ཞེས་བྱ་བ་ཡང་། །སྔགས་ནི་རབ་ཏུ་བསྒྲུབས་པས་ཀྱང་། །ལོ་ནི་སུམ་བརྒྱ་དག་ཏུ་འཚོ། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བདེ་བ་ཅན་ཏུ་ཡང་དག་འགྲོ། །ངེས་པར་བྱང་
ཆུབ་འདི་ངེས་ཐོབ། །དེ་བཞིན་གཞན་ཡང་ངས་ལུང་བསྟན། །དེ་ཚེ་བར་མའི་དུས་དག་ཏུ། །བར་མའི་སྔགས་ནི་རབ་ཏུ་འགྲུབ། །དཀའ་བ་ཐ་མའི་དུས་དག་ཏུ། །ང་ནི་སངས་རྒྱས་ཉིད་ཐོབ་ནས། །རྡོ་རྗེ་པདྨའི་རིགས་དག་གི། །སྔགས་ཀྱང་རབ་ཏུ་འགྲུབ་པར་འགྱུར། །
གཞོན་ནུ་ཁྱོད་ཀྱི་སྔགས་དག་ནི། །གང་ཞིག་ས་སྟེང་སྔོན་བསྟན་པ། །སྔགས་ནི་ལོངས་སྤྱོད་རྒྱུ་ཉིད་དུ། །དེ་ཡང་རབ་ཏུ་གྲུབ་པར་འགྲོ། །འཇིག་རྟེན་རྣམ་པ་སྣ་ཚོགས་པའི། །ཕལ་པ་དག་གི་སྔགས་དག་ནི། །མི་སྡུག་གཟུགས་ཅན་རྙོག་པར་ལྡན། །བར་སྣང་དང་ནི་ནམ་མཁར་
སྤྱོད། །ས་བླར་གནས་པའི་གནོད་སྦྱིན་མོ། །དེ་བཞིན་སྣ་ཚོགས་ཤ་ཟ་མོ། །མི་འམ་ཅི་དང་མཁའ་ལྡིང་དང་། །ཡི་དགས་སྲིན་པོས་བཤད་པ་རྣམས། །ཤ་ཟ་ལྟོ་འཕྱེ་གནོད་སྦྱིན་དང་། །རྫུ་འཕྲུལ་ཆེན་པོ་ཀླུ་རྣམས་ཀྱི། །དུས་ངན་དེ་ཚེ་ཐ་མ་ལ། །སྔགས་ནི་རབ་ཏུ་གྲུབ་
པར་འགྱུར། །གཞོན་ནུའི་གཟུགས་ཀྱི་སྔགས་དང་ནི། །གཞོན་ནུ་མ་ཡི་གཟུགས་ཀུན་ཡང་། །དུས་ནི་འཇིགས་རུང་དེ་ཡི་ཚེ། །དེ་ཡང་གྲུབ་པར་རབ་ཏུ་འགྲོ། །དེ་བཞིན་སྔགས་ནི་རྣམ་པ་གསུམ། །སྒྲུབ་པའང་རྣམ་པ་གསུམ་ཡིན་ནོ། །རྣམ་གསུམ་ཉིད་ཀྱིས་དུས་ཀྱི་ནི། །

རྣམ་གསུམ་གྲུབ་པ་འདོད་པ་ཡིན། །རྒྱ་ཆེའི་གཏམ་དང་ལྡན་པ་དག །མདོར་བསྡུས་ནས་ནི་བཤད་པར་བྱ། །གཙོ་བོ་མྱ་ངན་མེད་པ་ཡི། །དེ་འོག་རྒྱལ་པོ་བྱུང་བ་ནི། །མྱ་ངན་བྲལ་ཞེས་རྣམ་པར་གྲགས། །འཇིག་རྟེན་ཆོས་ཀྱིས་སྤྱོད་པར་ལྡན། །ལྷ་མོ་གོས་
དཀར་མོ་ཡི་ནི། །དེ་ཡི་སྔགས་འདི་ཡོངས་སུ་འགྲུབ། །མྱ་ངན་རྣམ་བྲལ་གྱིས་བསྒྲུབས་ནས། །ལྷ་ཡི་གནས་སུ་རབ་ཏུ་སོང་། །ཡུན་རིང་བདེ་བ་མཐོ་རིས་སུ། །རྒྱལ་པོ་ཆེན་པོ་རྗེས་སུ་མྱོང་། །ཕྱིར་ཡང་མི་ཡུལ་ཕྱིན་ནས་ནི། །བློ་ལྡན་ཆོས་ཀྱི་ངང་ཚུལ་ལྡན། །
རྒྱལ་ཐབས་རྣམ་པ་སྣ་ཚོགས་ལྡན། །འོད་ཆེན་པོས་ནི་རྗེས་སུ་མྱོང་། །ལོ་ནི་བདུན་ཅུ་རྩ་དྲུག་ཏུ། །དཔལ་ལྡན་མཆོད་རྟེན་མཆོད་པ་བྱེད། །དེ་ནས་དེ་ནི་ནད་བཏབ་ནས། །ལུས་ཞིག་ནས་ནི་ལྷ་རིས་འགྲོ། །དེ་ཡི་འོག་ཏུ་རྒྱལ་པོ་ནི། །དཔའ་བོའི་སྡེ་ཞེས་རབ་ཏུ་བརྗོད། །
ཆོས་ལ་སྤྱོད་ཅིང་རྣམ་པར་གྲགས། །བསྟན་པ་འདི་ལ་མཉམ་པར་བཞག །ལྷ་མོ་མཆོད་རྟེན་དཔལ་ཆེན་མ། །དེ་ཡི་སྔགས་ཀྱང་རབ་ཏུ་བསྒྲུབས། །དེས་ཀྱང་སྟོན་པའི་ཁང་ཆེན་ནི། །དེ་ཡི་ཚེ་ན་བྱས་པར་འགྱུར། །ས་རྣམས་རྒྱལ་མཚོའི་མཐར་ཐུག་པར། །མ་ལུས་
མཆོད་རྟེན་རྣམས་ཀྱིས་བརྒྱན། །དེ་ལ་རྣམ་སྨིན་ལས་ཀྱིས་ནི། །ལུས་ལས་སྐྱེས་པའི་ནད་ཀྱང་འབྱུང་། །ཟླ་ཕྱེད་གཅིག་ཏུ་སྡུག་བསྔལ་ནས། །དེ་ནས་ཤི་འཕོས་ལུས་ཞིག་འགྱུར། །ལོ་ནི་བདུན་ཅུ་དག་ཏུ་ཡང་། །མི་ཡི་ནང་དུ་རྒྱལ་ཐབས་བྱས། །ཤི་འཕོས་
དེ་ནི་མཐོ་རིས་འགྲོ། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །དེ་ཡི་འོག་ཏུ་རྒྱལ་པོ་ནི། །དགའ་བོ་ཞེས་བྱ་འབྱུང་བར་འགྱུར། །དཔལ་ལྡན་གྲོང་ཁྱེར་མེ་ཏོག་ཅེས། །སྡེ་ཆེན་སྟོབས་ནི་ཆེ་བར་གནས། །ཤ་ཟ་པི་ལུ་ཞེས་བྱ་བའི། །སྔགས་ཀྱང་དེས་ནི་བསྒྲུབས་
པ་ཡིན། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །ལོངས་སྤྱོད་ཆེན་པོ་ཡོད་པར་འགྱུར། །རྒྱ་ཡི་གཙོ་བོ་ཞེས་བྱ་བ། །འཇིག་རྟེན་འདིར་ནི་འབྱུང་བར་འགྱུར། །དེ་ནོར་ཐོབ་པས་བློན་པོར་འགྱུར། །འཇིག་རྟེན་རྒྱལ་པོ་ཉིད་དུའང་འགྱུར། །དེ་ཡི་དུས་སུ་འབྱུང་བ་ནི། །

བྲམ་ཟེ་ཚད་མ་ཤེས་པའོ། །ལོག་པའི་ང་རྒྱལ་དག་ལ་ཞེན། །མ་ག་དྷཱ་ཡི་གྲོང་ཁྱེར་གནས། །ལོག་པའི་ང་རྒྱལ