Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ

Văn bản gốc(Tây Tạng)

Trang 15 / 18 (50.000 ký tự/trang)
ིན། །ཇི་ལྟར་སྤྱོད་པ་དཀྱིལ་འཁོར་མཆོག །ཅི་རིགས་པར་ནི་ཚོ་ག་བཞིན། །མཆོག་ཏུ་རྨད་འབྱུང་བཤད་པར་བྱ། །སྔོན་ལ་དེ་བཞིན་གཤེགས་རིགས་ཀྱི། །སེམས་དཔའ་ང་ཡིས་དབྱེ་བར་བྱ། །ང་ཡིས་མདོ་སྡེ་གསང་དབང་
བཤད། །གང་དུ་བྱིས་པ་དག་རྨོངས་པ། །རྡོ་རྗེ་སློབ་དཔོན་སྐལ་བ་ཆེ། །གསང་བའི་དཀྱིལ་འཁོར་ལ་གནས་པ། །གསང་བའི་ཕྱག་རྒྱ་བཅུ་དྲུག་ནི། །གསང་བ་ངེས་པར་བསླབ་པར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །རྐང་ལག་ཐལ་སྦྱར་
རྡོ་རྗེ་ནི། །ཁ་གྱེས་པ་ནི་བསྒོམ་བྱ་ཞིང་། །རྡོ་རྗེ་ཅན་ཡང་ཆགས་པར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །ཟླ་བ་གཅིག་ཏུ་ཡོངས་སུ་བསྡུ། །རྡོ་རྗེའི་དབང་ཕྱུག་ལྷ་མོ་ང་། །དབུས་མ་ལ་ནི་ཡོངས་སུ་གཟུང་། །སྒེག་པ་དང་བཅས་འགྲོ་བྱ་ཞིང་། །རྣམ་
པར་འཕྲུལ་པས་བཞིན་རྨོངས་བྱ། །བསྒོམ་པའི་སྦྱོར་བ་འདི་ཡིས་ནི། །རྡོ་རྗེ་ཅན་ཡང་མཉེས་པར་བྱ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །ཕྱག་རྒྱ་འདི་ནི་བཅིངས་ནས་སུ། །བདག་ཉིད་ཡང་དག་བྱིན་གྱིས་བརླབ། །བསྒོམ་
པའི་ཕྱག་རྒྱ་འདི་ཡིས་ནི། །སྐུ་ཡི་ཕྱག་རྒྱ་རྣམ་པར་བཅིང་། །ལག་ངར་ལྕགས་ཀྱུར་བསྐུམ་བྱ་ཞིང་། །བདག་ཉིད་ཡོངས་སུ་བསྒྲུབ་པར་བྱ། །དེ་བཞིན་བསྒོམ་པའི་སྦྱོར་བ་ཡིས། །རྡོ་རྗེའི་མདའ་ནི་ཀུན་དུ་དགང་། །ལག་པས་ལེགས་སོ་ཞེས་བྱ་ཞིང་། །དཔུང་
པས་བདག་ཉིད་གོ་བགོར་བྱ། །སླར་ཡང་གསང་བ་བྱ་བ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བདག་ཉིད་རྡོ་རྗེ་གཅིག་པུ་གནས། །གསང་བ་ལྷ་མོའི་དབང་ཕྱུག་མཆོག །དེ་བཞིན་ལག་ངར་བཀུག་བྱ་ཞིང་། །སྤྱི་བོར་རྡོ་རྗེ་བསམ་པར་བྱ། །ཕྱོགས་གཅིག་
ཏུ་ནི་ང་འདུག་སྟེ། །རྡོ་རྗེ་གཉིས་ཀྱི་གོ་ཆ་བྱ། །ཐམས་ཅད་རྡོ་རྗེའི་ལུས་ཡིན་ཏེ། །རིན་ཆེན་མིག་ནི་ཡོངས་གསལ་བ། །གདོང་དང་ཚིག་ནི་པདྨ་དང་། །མེ་ཏོག་ཀུན་འདར་བསྒོམ་པར་བྱ། །བྱིས་པ་བཞིན་དུ་མིག་བསྐྱོད་ཅིང་། །བུད་མེད་རྒྱུ་མཚན་ཡང་དག་

བསྒྲུབ། །སྨིན་མ་བསྐྱོད་ཅིང་ཁྲོ་གཉེར་གཙིགས། །ཁྲོ་བོའི་ལྟ་བས་མིག་གདངས་པ། །ཁྲོ་མོའི་ལྟ་བ་འདོད་ཆགས་ཆེ། །འཛུམ་བཅས་མིག་ནི་བཙུམ་པར་བྱ། །མིག་གདངས་པ་ཡི་སྦྱོར་བ་ཡིས། །རྡོ་རྗེའི་ལྟ་བས་བགྲད་པར་བྱ། །
སླར་ཡང་ཚིག་ནི་རྣམ་པ་བཞི། །ཧོ་ནི་རྐན་དང་ལྐོག་མ་ལ། །ཛ་ནི་ལྕེ་ཡི་དབུས་དང་རྩེ། །ཨོཾ་ནི་ལྐོག་མ་མཆུ་དག་ལ། །མཆུ་དང་མཆུ་ཡི་རྩེ་ལ་བཾ། །དེ་རྣམས་གསང་བ་རབ་རྒྱས་པ། །བསྐྲད་དང་སྤྱོས་དང་གཅད་པ་དང་། །བཅིང་བ་རྡོ་རྗེ་ཚིག་གིས་བྱ། །
དེ་བཞིན་ཁོ་ནར་ཟླ་དབུས་ན། །ཕྱག་ན་རྡོ་རྗེའི་རང་བདག་ཉིད། །རིན་ཆེན་ཆོས་དང་དེ་བཞིན་ལས། །གསང་བའི་བདག་ཉིད་བསྒོམ་པར་བྱ། །ཆོ་ག་ཐམས་ཅད་རྒྱས་པ་རུ། །རྡོ་རྗེ་གསང་བ་རྗེས་སུ་སྲུང་། །ཇི་ལྟར་རྣལ་འབྱོར་ཡང་དག་གནས། །དེ་བཞིན་
གསང་མཆོག་འཛིན་པ་གནས། །རྡོ་རྗེའི་རྣལ་འབྱོར་བླ་ན་མེད། །དེ་ནས་ཡང་དག་བཤད་པར་བྱ། །རྡོ་རྗེའི་རྣལ་འབྱོར་ཡང་དག་གནས། །རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ། །དཔའ་བོ་རྡོ་རྗེ་སེམས་དཔའ་ནི། །ཕྱི་རོལ་ལས་གྲོལ་ཡང་དག་གནས། །ལངས་སམ་
ཡང་ན་འདུག་ཀྱང་རུང་། །རྡོ་རྗེའི་རྣལ་འབྱོར་ཡང་དག་བརྩམ། །ཐེག་པ་ཆེན་པོའི་ཚུལ་དག་པ། །སྤྱོད་པ་ཆེན་པོ་ཚུལ་ཆེན་པོ། །བདག་ཉིད་ཆོས་ཆེན་རབ་བསྒོམས་ན། །རྡོ་རྗེའི་དངོས་གྲུབ་ཐོབ་པར་འགྱུར། །འདུ་བྱེད་སྡུག་བསྔལ་ཆེན་པོ་ལས། །དགའ་
བའི་སྤྱོད་པས་སྤྲོ་བར་བྱ། །སྙིང་རྗེ་ཆེན་པོས་དམིགས་ནས་ནི། །སེམས་ཅན་བཏང་སྙོམས་དོར་མི་བྱ། །ལྕེ་དང་རྐན་ལ་སྦྱར་བྱ་ཞིང་། །སྣ་ཡི་རྩེ་མོས་བསྒོམ་པར་བྱ། །རང་ཉིད་རྡོ་རྗེ་འཛིན་རྒྱལ་པོ། །སྣ་ཡི་རྩེ་མོར་དེ་བཞིན་གནས། །སྙིང་གའི་སྤྱི་བོ་ཅི་ནུས་
པར། །སྐུ་ནི་ཐམས་ཅད་ཡོངས་སུ་སྤྲོ། །རྡོ་རྗེ་ཕྲ་མོའི་བདེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །རྡོ་རྗེའི་མདུན་དུ་རྡོ་རྗེ་སྟེ། །རྡོ་རྗེའི་དབུས་སུ་བསྒོམ་པར་བྱ། །རྡོ་རྗེ་བསྒོམས་པའི་སྦྱོར་བ་ཡིས། །རྡོ་རྗེ་ཕྲ་མོ་ཡོངས་སུ་སྤྲོ། །རང་གི་ལུས་ཀྱི་

མདུན་དུ་ནི། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའི་ཐུགས་དབུས་སུ། །རྡོ་རྗེ་ཀུན་གྱི་དཀྱིལ་འཁོར་རོ། །རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ལྟེ་བར་སངས་རྒྱས་དེ་བཞིན་གཤེགས། །རྡོ་རྗེ་ཕྲ་མོ་བསྒོམ་པར་བྱ། །རྡོ་རྗེ་རྣམ་བསྒོམས་
སེམས་གང་ཞིག །གཟུགས་མེད་བསྟན་དུ་མེད་པ་དང་། །རྨོངས་པ་མེད་ཅིང་འཇིགས་པ་མེད། །རྡོ་རྗེ་ཕྲ་མོར་འདིར་བརྗོད་དོ། །དངོས་པོ་མེད་ཅིང་རྫས་མེད་པས། །སྣང་བ་མེད་པར་རབ་ཏུ་བསྒོམ། །བདག་མེད་སེམས་ཅན་མེད་པ་རུ། །རྣལ་འབྱོར་པས་ནི་
རྣལ་འབྱོར་བསྒོམ། །ལུས་ནི་རྫས་ལྔའི་བདག་ཉིད་ཅན། །ཁམས་བཞི་ལ་ནི་ཡང་དག་བརྟེན། །སྐྱེ་མཆེད་བཅུ་གཉིས་ཉིད་དང་ནི། །གཞན་ཡང་ཁམས་ནི་བཅྭ་བརྒྱད་དག །ཤ་དང་རུས་པ་ཁྲག་ཉིད་དང་། །རྐང་དང་ཀླད་པས་ཀུན་དུ་ཁྱབ། །སྣ་ཚོགས་
རྫས་ཀྱིས་ཀུན་དུ་ཁྱབ། །བད་ཀན་མཁྲིས་པ་ལ་སོགས་ཚོགས། །སྣ་ཚོགས་སྲིན་བུའི་རིགས་ཀྱིས་ཁྱབ། །དྲི་ངན་མི་གཙང་འབྱུང་བ་རུ། །རང་གི་ལུས་ལ་སོ་སོར་བརྟག །སྡུག་བསྔལ་གསུམ་ནི་ཀུན་འབྱུང་བར། །ཉིན་དང་མཚན་མོ་རྟག་ཏུ་ནི། །ལུས་ནི་རྗེས་
སུ་དྲན་པ་བསྒོམ། །རང་སེམས་སོ་སོར་བརྟག་བྱ་སྟེ། །གང་ཞིག་དེ་རུ་ཡང་དག་བྱུང་། །འགྲོ་བ་མེད་ཅིང་སོང་བ་མེད། །དེ་ལ་འཕོ་བ་ཡོད་མ་ཡིན། །དེ་ལ་འབྱུང་བ་ཡོད་མིན་ན། །གང་ལས་སེམས་ནི་ཡང་དག་བྱུང་། །ཡང་དག་མ་ཡིན་ཀུན་རྟོག་འདི། །
བརྫུན་བཞིན་སེམས་ནི་རྨོངས་པར་བྱེད། །སེམས་མེད་ཙམ་ཡང་ཡོད་མ་ཡིན། །བརྫུན་བཞིན་འབྱུང་བ་སྣང་བར་འགྱུར། །འདི་ལ་གནས་དང་མཚན་ཉིད་དང་། །རབ་གནས་འབྱུང་བ་ཡོད་མ་ཡིན། །གཟུང་བར་དགའ་བ་གཏི་མུག་ཆེ། །རྡོ་རྗེ་ཕྲ་མོར་བརྗོད་
པར་བྱ། །དེ་ལྟ་བུ་ཡི་རྣལ་འབྱོར་གྱིས། །སེམས་བསྒོམ་པ་ཡི་རྣམ་པ་བཞིན། །ལུས་དང་སེམས་དང་ཚོར་བ་དག །ཕྲ་མོའི་རྣམ་པར་བསྒོམ་པར་བྱ། །སཱུ་ཀྵྨ་བཛྲ། རྡོ་རྗེ་རེག་པའི་མཚན་མ་ཡི། །གནས་ནི་ཡང་དག་ཤེས་པར་བྱ། །དེ་ནི་བྱུང་ན་སྤྲོ་བྱ་སྟེ། །

སྟོང་གསུམ་དུ་ནི་ཡོངས་སུ་སྤྲོ། །སྥ་ར་ཎ་བཛྲ། རེག་པས་སྦྱོར་བ་བསྡུ་བྱ་སྟེ། །སྐྲག་ཅིང་རྨོངས་པར་མི་བྱའོ། །གནས་གསུམ་དུ་ཡང་བསྡུ་བྱ་སྟེ། །བློ་ཡིས་སོ་སོར་བརྟག་པར་བྱ། །སཾ་ཧ་ར་ཎ་བཛྲ། ཆོས་ལ་དམིགས་པའི་སེམས་
ཉིད་ནི། །རྨོངས་ཤིང་གཞོམ་པར་མི་བྱའོ། །རྡོ་རྗེ་དེ་ནི་བརྟན་བྱ་ཞིང་། །རྡོ་རྗེ་ཕྲ་མོ་རེག་པར་བྱ། །བཛྲ་དྲྀ་ཌྷ་ཏིཥྛ། རྡོ་རྗེ་སེམས་དཔའ་འཇིགས་མེད་པ། །རྒྱལ་པོ་ཚངས་པའི་གཙུག་ཕུད་ཅན། །སྤྱི་བོར་སེམས་དཔའ་བསྒོམ་བྱ་ཞིང་། །སྐུ་ནི་ཐམས་ཅད་
ཡོངས་སུ་སྤྲོ། །བཛྲ་ཨཱཏྨ་ཀ །དཔྲལ་བར་རྡོ་རྗེ་རིན་ཆེན་ནི། །མཉམ་པར་བཞག་པས་བསྒོམ་པར་བྱ། །མཚན་མ་དག་ནི་སྤྲོ་བྱ་ཞིང་། །སེམས་དཔའ་ཀུན་ཡང་སྤྲོ་བར་བྱ། །བཛྲ་རཏྣ་ཨཱཏྨ་ཀ །རྡོ་རྗེ་ཆོས་ནི་ཤིན་ཏུ་དག །སྣ་ཡི་རྩེ་མོར་བསྒོམ་པར་བྱ། །
དེ་ཡི་མཚན་མ་སྤྲོ་བྱ་ཞིང་། །ལུས་རྣམས་ཀུན་ཡང་སྤྲོ་བར་བྱ། །བཛྲ་པདྨ་ཨཱཏྨ་ཀ །ལུས་ཀུན་ལ་ནི་ཡང་དག་ཁྱབ། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་བསྒོམ། །དེ་ཡི་མཚན་མ་སྤྲོ་བྱ་ཞིང་། །སེམས་དཔའ་ཀུན་ཡང་སྤྲོ་བར་བྱ། །སརྦ་བཛྲ་ཨཱཏྨ་ཀ། སེམས་
དཔའ་དེ་བཞིན་རིན་ཆེན་ལས། །ཆོས་ནི་སྤྱི་བོར་བསྒོམ་པར་བྱ། །དེ་ཡི་མཚན་མ་སྤྲོ་བྱ་ཞིང་། །སྐུ་ནི་ཐམས་ཅད་ཡོངས་སུ་སྤྲོ། །སརྦ་བཛྲ། སྣ་ལ་ལྕགས་ཀྱུ་ཡང་དག་གནས། །བློ་ལྡན་མི་ཡིས་བསམ་པར་བྱ། །སངས་རྒྱས་ཐམས་ཅད་གཞུག་བྱ་ཞིང་། །
རང་གི་ལུས་ནི་བརྟན་པར་བྱ། །སྙིང་ག་འདོད་ཆགས་གནས་སུ་ནི། །འདོད་ཆགས་རྣམ་པར་དག་པ་བསམ། །སངས་རྒྱས་ཐམས་ཅད་མཉེས་བྱ་སྟེ། །ཆོས་ཀྱི་དབྱིངས་ནི་བརྟན་པར་འགྱུར། །ལེགས་སོ་ཞེས་པ་གཟུང་བྱ་སྟེ། །སྤྱི་བོར་ཡང་དག་གནས་པའི་
མཆོག །སངས་རྒྱས་ཐམས་ཅད་མཉེས་བྱ་ཞིང་། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །ཧྲྀ་ད་བཛྲ་ཨཾ་ཀུ་ཤ །ཏིཥྛ་བཛྲ་རཱ་ག་ཧྲྀ་ད་ཡེ་ཨཱ་དི་བཛྲ་དུཥྚི། སྙིང་གར་རྡོ་རྗེ་ཉི་མ་ནི། །བློ་ལྡན་མི་ཡིས་བསྒོམ་པར་བྱ། །འོད་ཀྱི་གཟི་བརྗིད་སྤྲོ་བྱ་ཞིང་། །འཇིག་རྟེན་

ཀུན་ཀྱང་སྤྲོ་བར་བྱ། །སྤྱི་བོར་འཁྲི་ཤིང་འོད་བཅས་པ། །རྒྱལ་མཚན་རྩེ་མོར་རྣམ་པར་བསམ། །རིན་ཆེན་ཆར་དག་སྤྲོ་བྱ་ཞིང་། །སྣོད་ཀྱི་སྤྲིན་ནི་ཡང་དག་སྤྲོ། །བཞད་པས་བདེ་བ་བསམས་ནས་ནི། །ཤིན་ཏུ་སྡུག་བསྔལ་ངེས་པར་སྦྱང་། །ཆོས་ཀྱི་ཆར་
ཡང་སྤྲོ་བྱ་ཞིང་། །སྣང་བའི་སྤྲིན་ཡང་སྤྲོ་བར་བྱ། །ཧྲྀ་ད་ཡ་བཛྲ་སཱུརྱ་ཏིཥྚ་བཛྲ་དྷཱ་ཛཱ་གྲེ། ཧྲྀ་ད་ཡ་བཛྲ་ཧཱ་ས། སྤྱི་བོར་རྗེས་དྲན་ནས་བརྩམས་ནས། །རལ་གྲི་གཙོ་བོ་བསམ་པར་བྱ། །འཁོར་བའི་སྡུག་བསྔལ་གཅད་བྱ་ཞིང་། །སེམས་དཔའ་ཐམས་ཅད་སྤྲོ་བར་
བྱ། །སྙིང་གའི་འཁོར་ལོའི་གནས་སུ་ནི། །ཆོས་ཀྱི་རྒྱུ་མཐུན་བསྒོམ་པར་བྱ། །ནམ་མཁའ་ཀུན་དུ་སྤྲོ་བྱ་ཞིང་། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །དེ་ཡི་རིགས་ལས་བྱུང་བའི་སྒྲ། །ཤེས་རབ་ཅན་གྱིས་ལྕེ་རྩེར་བསམ། །ཆོས་ཀྱི་ཚིག་ནི་སྤྲོ་བྱ་ཞིང་། །ཕྱོགས་
རྣམས་ཀུན་དུ་ཡོངས་སུ་སྤྲོ། །ཧྲྀ་ད་བཛྲ་གྷོ་ཥ། ཏིཥྛ་བཛྲ་ཧྲྀ་ད་ཡཾ། ཕྲ་བེ་ཤ་བཛྲ་ཝཱཀྟྲ། སྤྱི་བོར་རྗེས་དྲན་ནས་བརྩམས་ཏེ། །མཆོད་པའི་ལས་ནི་རྣམ་པར་བསམ། །མཆོད་པའི་ཕྱིར་ནི་རྡོ་རྗེ་སྤྲོ། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །སྙིང་གར་རྡོ་རྗེ་གོ་ཆ་ནི། །ཤིན་ཏུ་
མཉམ་པར་བཞག་པས་བསམ། །སྡུག་བསྔལ་ཀུན་ལས་གྲོལ་བྱེད་པ། །གོ་ཆའི་རྣམ་པར་སྤྲོ་བར་བྱ། །སྤྱི་བོ་ནས་བརྩམས་རྐང་མཐིལ་དུ། །རྡོ་རྗེ་བསྡམས་པ་བསམ་པར་བྱ། །རྡོ་རྗེའི་སྙིང་པོ་གཞུག་བྱ་ཞིང་། །རྡོ་རྗེའི་རང་བཞིན་ཐམས་ཅད་སྤྲོ། །ཧྲྀ་ད་བཛྲ་ཤ་བ་
ཙེ། ཏིཥྛ་བཛྲ་ཡཀྵ་བཛྲ་བཛྲ་མུཥྚི་ཧྲྀ་ད་ཡཾ། གྲོགས་དང་གྲོགས་མིན་མ་ལུས་པ། །འབྱུང་པོ་ཀུན་ལ་བྱམས་པ་ནི། །མ་ལུས་ལུས་པ་མེད་པ་རུ། །མཉམ་དུ་ཁྱབ་པར་སྤྲོ་བར་བྱ། །ཀྱེ་མ་སེམས་ཅན་འདི་སྡུག་བསྔལ། །འགྲོ་བ་ལྔ་རུ་ཀུན་དུ་འཁྱམས། །
ཉིན་དང་མཚན་དུ་རབ་སྦྱོར་བས། །སྙིང་རྗེ་ཉིད་ནི་སྤྲོ་བར་བྱ། །ཉིན་མཚན་དགེ་དང་ཞེ་སྡང་མེད། །སེམས་ཅན་དགེ་བ་དོན་གཉེར་གང་། །རྗེས་སུ་ཡི་རང་བདེ་ཆེན་པོ། །སེམས་ཅན་ཀུན་ལ་ཡོངས་སུ་སྤྲོ། །རྒལ་བར་དཀའ་བའི་ལམ་ཞུགས་ཤིང་། །སངས་

རྒྱས་བྱང་ཆུབ་ལ་གནས་པ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །བློ་ཆེན་ལྡན་པས་བཏང་སྙོམས་བཞག །མ་ཧཱ་མཻ་ཏྲི་སཱ་ར་ཎ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྥ་ར་ཎ། སརྦ་བུད་དྷ་པྲ་མོ་ད་སྥ་ར་ཎ། མ་ཧོ་པེ་ཀྵ་སྥ་ར་ཎ། ནམ་མཁའ་འམ་ནི་ཕྱོགས་
གཞན་དུ། །རྡོ་རྗེའི་གཟུགས་ནི་རྣམ་པར་བསམ། །སེམས་ཅན་མཉམ་པར་དམིགས་པ་ཡིས། །ནམ་མཁའ་ཀུན་དུ་ཡོངས་སུ་སྤྲོ། །བཛྲ་མུཥྚི་བྷ་བ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སྙིང་ག་རྡོ་རྗེ་ཆོས་ཉིད་བརྟན། །དོན་རྣམས་ཐམས་ཅད་བསྒོམ་པར་བྱ། །
ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །སངས་རྒྱས་རྗེས་དྲན་ནས་བརྩམས་ཏེ། །རྣམ་པ་ཀུན་དུ་སྣ་ཚོགས་ཉིད། །དེ་ནི་རང་གི་བདག་ཉིད་བསྒོམ། །ཆོས་ཀྱི་དབྱིངས་ནི་ཡོངས་སུ་སྤྲོ། །རྡོ་རྗེ་ཕྲ་མོ་གཞན་དང་ལྡན། །ཆོས་རྣམས་ཐམས་ཅད་རྣམ་བསྒོམ་པ། །མྱུར་
དུ་ཕྱོགས་ཀུན་ཡོངས་སུ་སྤྲོ། །སྙིང་གར་རྡོ་རྗེ་བསྒོམ་བྱ་ཞིང་། །མ་ཧཱ་བོ་དྷི་སཏྭ་བི་ཤྭ། བུད་དྷ་ཨ་ནུ་སྨྲྀ་ཏི་བི་ཤྭ། བཛྲ་པཱ་ཎི་རྴ་ཡ། ས་རཱུ་པཾ། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ས་མནྟ་བྷ་དྲ་བི་ཤྭ། ཟླ་བའི་དཀྱིལ་
འཁོར་དབུས་གནས་པ། །བདག་ཉིད་རྡོ་རྗེ་རྣམ་པར་བསྒོམ། །བཛྲ་སཏྭ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རྡོ་རྗེ་བསྙེམས་པ་རོལ་བཅས་པ། །བཛྲ་སཏྭ་ས་མ་ཡ་ས་མཱ་དྷི་ཛྙཱ་ན་པི་ཤྭ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །སངས་རྒྱས་
གཟུགས་སུ་རང་བདག་ཉིད། །ཏ་ཐཱ་ག་ཏ་ས་མོ་ཧཾ། དབང་པོ་གཉིས་ནི་སྙོམས་འཇུག་པ། །རྡོ་རྗེ་སློབ་དཔོན་དག་གིས་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །ཤེས་རབ་ཅན་གྱིས་ངེས་པར་བྱ། །མཉམ་པར་བཞག་པའི་སེམས་ཀྱིས་ནི། །སངས་རྒྱས་རྗེས་སུ་
དྲན་པ་བསམ། །ཇི་བཞིན་མཚན་གྱིས་བརྒྱན་པ་རུ། །རྟག་ཏུ་བདག་ཉིད་རྣམ་པར་བསྒོམ། །ཇི་ལྟར་སངས་རྒྱས་དེ་བཞིན་བདག །བདག་ཉིད་སངས་རྒྱས་རྟག་ཏུ་བསྒོམ། །སངས་རྒྱས་གང་ཡིན་དེ་བདག་ཉིད། །སངས་རྒྱས་མང་པོར་ཡང་དག་གནས། །

བདག་ནི་དེ་བཞིན་གཤེགས་དང་མཚུངས། །རྡོ་རྗེའི་ཚིག་ནི་ཡང་དག་བརྗོད། །དབང་པོ་གཉིས་ནི་སྙོམས་འཇུག་པ། །སངས་རྒྱས་ཀུན་ཀྱང་མཉེས་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མོ་ཧཾ། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཇི་ལྟར་སྐུ་མདོག་ཆོ་ག་བཞིན། །དབང་པོ་
གཉིས་ནི་ཡང་དག་གནས། །དེ་བཞིན་བདག་ནི་རྟག་ཏུ་བསྒོམ། །ཨོཾ་བཛྲ་སཏྭ་ས་མོ་ཧཾ། བདག་ནི་རྡོ་རྗེ་སེམས་དཔའ་མཚུངས། །རྡོ་རྗེའི་ཚིག་ནི་ཡང་དག་བརྗོད། །དབང་པོ་གཉིས་ནི་སྙོམས་འཇུག་པས། །ངེས་པར་འཇིག་རྟེན་ཕམ་པར་བྱ། །ཁམས་ཀྱི་སྙིང་པོ་
གང་ཡིན་དག །དེ་ནི་རྡུལ་བྲལ་དྲི་མེད་དག །བདག་ནི་རྡོ་རྗེ་ཆོས་ཉིད་དུ། །རྟག་ཏུ་བསྒོམ་པར་བྱ་བ་ཡིན། །བཛྲ་དྷརྨ་ས་མོ་ཧཾ། བདག་ཉིད་རྡོ་རྗེ་ཆོས་དང་མཚུངས། །རྡོ་རྗེའི་ཚིག་ནི་ཡང་དག་བརྗོད། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེའི་ཆོས་ནི་
ཐོབ་པར་འགྱུར། །རྡོ་རྗེའི་ལས་ནི་བདག་ཉིད་དེ། །ཐ་དད་མེད་ཅིང་རྟགས་གཅིག་གིས། །སངས་རྒྱས་ཐམས་ཅད་རབ་མཆོད་དེ། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །ཨོཾ་བཛྲ་ཀརྨ་ས་མོ་ཧཾ། བདག་ནི་རྡོ་རྗེ་ལས་དང་མཚུངས། །རྡོ་རྗེའི་ཚིག་ནི་ཡང་ཡང་
བརྗོད། །དབང་པོ་གཉིས་ན་སྙོམས་འཇུག་པས། །རྡོ་རྗེ་ལས་དང་མཚུངས་པར་འགྱུར། །ང་ནི་རྡོ་རྗེ་རིན་ཆེན་ཉིད། །སངས་རྒྱས་ཀུན་གྱི་དབང་བསྐུར་བ། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །རྡོ་རྗེ་རིན་ཆེན་མཚུངས་པར་འགྱུར། །ཨོཾ་བཛྲ་རཏྣ་ས་མོ་ཧཱུཾ། བདག་
ནི་རྡོ་རྗེ་རིན་ཆེན་མཚུངས། །རྡོ་རྗེའི་ཚིག་ནི་ཡང་ཡང་བརྗོད། །རྡོ་རྗེ་རིན་ཆེན་སྦྱོར་བ་ཡིས། །སངས་རྒྱས་དབང་བསྐུར་ཐོབ་པར་འགྱུར། །གཟུགས་གཉིས་འབྲེལ་པ་ནི་དབང་པོ་གཉིས་ཞེས་བྱའོ། །བདག་གི་ལུས་གང་ཡིན་པ་དང་། སངས་རྒྱས་ཀྱི་སྐུ་གང་ཡིན་
པ་གཅིག་ཏུ་འདྲེས་པར་གྱུར་པ་ནི་དབང་པོ་གཉིས་སྙོམས་པར་འཇུག་པ་ཞེས་བྱའོ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །རྡོ་རྗེ་གཅིག་ཏུ་མོས་བྱས་ཤིང་། །སངས་རྒྱས་གཟུགས་དང་མཚུངས་པ་རུ། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །ནམ་མཁའ་ལ་ནི་

རྡོ་རྗེ་བསྒོམ། །རྡོ་རྗེ་གཅིག་ན་ཡོངས་གསལ་བ། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །སྟོང་གསུམ་གྱི་ནི་འཇིག་རྟེན་འདི། །རྡོ་རྗེ་གཅིག་ནི་ཡོངས་གསལ་བས། །རྡོ་རྗེ་རིན་ཆེན་ཏིང་འཛིན་
གྱིས། །དབུས་སུ་བདག་ཉིད་བསྒོམ་པར་བྱ། །ཅི་ནུས་པར་ནི་བྱིན་གྱིས་བརླབ། །རྡོ་རྗེ་གཅིག་ནི་རྣམ་པར་བསྒོམ། །རྡོ་རྗེ་ཆོས་ཀྱི་ཏིང་འཛིན་གྱིས། རྟག་ཏུ་བདག་ནི་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་བསྒོམ་བྱ་ཞིང་། །རིན་ཆེན་བདག་ཉིད་དབུས་སུ་
བསྒོམ། །ཀུན་དུ་རྡོ་རྗེའི་དབུས་སུ་ནི། །རྟག་ཏུ་བདག་ཉིད་ལས་སུ་བསྒོམ། །གཙོ་བོ་གང་དང་གཙོ་དག་གིས། །སྐུ་མདོག་ཆ་བྱད་ཇི་བཞིན་དུ། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །སེམས་ཅན་དམ་པ་དེ་ཉིད་ཐོབ། །བདག་གཙོ་རྡོ་རྗེའི་ཚིག་བརྗོད་ཅིང་། །
རྡོ་རྗེའི་ཐུགས་སུ་བསམ་པར་བྱ། །དབང་པོ་གཉིས་ནི་སྙོམས་འཇུག་པས། །རྡོ་རྗེ་འཛིན་པ་ཐོབ་པར་འགྱུར། །ཡང་ནི་བསྒོམ་པའི་སྦྱོར་བ་ནི། །རང་དབང་དུ་ནི་རབ་བཤད་བྱ། །ཇི་ལྟར་ཡིད་ལས་བྱུང་བ་བཞིན། །རྡོ་རྗེའི་རྣལ་འབྱོར་རྣམ་པར་བསྒོམ། །སྣ་
ཡི་རྩེ་མོ་ལ་བརྟེན་ནས། །སེམས་ཀྱི་རྒྱུན་ནི་ཡང་དག་གནས། །བརྒྱ་ལས་རྩ་བདུན་ལྷག་པར་ནི། །རྡོ་རྗེའི་སྦྱོར་བས་བསྒོམ་པར་བྱ། །གལ་ཏེ་བསྒོམས་པས་དངོས་གྲུབ་འདོད། །རྡོ་རྗེ་བསྒོམ་པ་བསྒྲུབ་པར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །སྒྲུབ་པའི་
རྣལ་འབྱོར་ཡང་དག་གནས། །སེམས་དཔའ་རྗེས་དྲན་སྦྱོར་བ་ཡིས། །གདོན་མི་ཟ་བར་ངེས་པར་བྱ། །གང་དང་གང་ལ་འདོད་པ་ཉིད། །བདག་ཉིད་རྡོ་རྗེར་བསྒོམ་པར་བྱ། །སྐུ་མདོག་རྣལ་འབྱོར་ཇི་བཞིན་དུ། །ཅི་རིགས་པར་ནི་སྣ་ཚོགས་བདག །ཡང་ན་རྡོ་རྗེ་
བསྒོམ་གཙོ་བོ། །སྒྲུབ་པ་ཡང་ནི་བསྒོམ་པར་བྱ། །ཨེ་མའོ་ངོ་མཚར་རྣམ་འཕྲུལ་འཁོར་ལོ་བྱུང་། །ཨེ་མའོ་ངོ་མཚར་སྤྱོད་མཆོག་དམ་པ་བསྒྲུབ། །ཀྱེ་མའོ་ངོ་མཚར་གསང་མཆོག་གནས་ཐོབ་པ། །བདག་ནི་རྡོ་རྗེའི་རྣལ་འབྱོར་སྒོམ་པའི་མཆོག །རྣལ་འབྱོར་མཁས་

པའི་སྒྲུབ་པ་སྟེ། །རྣལ་འབྱོར་རིག་པ་སྒྲུབ་བྱེད་པ། །མཆོད་པ་བསྒྲུབ་པའི་ཕྱག་རྒྱ་ཡིས། །དེ་ནས་མཆོད་པ་རབ་བཤད་བྱ། །ཐུན་བཞི་དང་ནི་ཁ་དོག་བཞི། །དུས་བཞི་ཡི་ནི་རབ་སྦྱོར་བས། །སངས་རྒྱས་རྣལ་འབྱོར་རྗོད་བྱེད་ཅིང་། །སངས་རྒྱས་ལ་ནི་མཆོད་
པར་བྱ། །ཕྱོགས་རྣམས་ཀུན་དུ་ཡོངས་སྤྲོས་ཤིང་། །མཆོད་པ་རྣམས་ནི་ཡོངས་སྤྲོ་ཞིང་། །སངས་རྒྱས་བྱང་ཆུབ་རབ་སྒྲུབ་པས། །རྟག་ཏུ་ཡང་དག་རྣལ་འབྱོར་བསྒོམ། །མཆོད་ལ་སྤྲོ་བ་ཡང་དག་སྦྱོར། །ཞེས་བྱ་ཆོས་ནི་ཡོངས་སུ་སྤྲོ། །ཏིང་འཛིན་སྦྱོར་བ་ལ་
གནས་ཏེ། །ཆོས་ཀྱི་མཆོད་པ་རབ་ཏུ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཡི་ནི་གསང་སྔགས་འདི། །ཡང་དང་ཡང་དུ་རབ་ཏུ་བཟླས། །རྡོ་རྗེ་དབྱིངས་ནི་སྦྱོར་བ་ཡིས། །ཕྱག་རྒྱ་ལྔ་ནི་རབ་ཏུ་བྱ། །སོ་སོར་རྟོགས་དང་མངོན་རྟོགས་
དང་། །རྡོ་རྗེ་དེ་བཞིན་རྡོ་རྗེ་བདག །རྒྱས་པར་རུ་ནི་སྔར་བཤད་པ། །རྡོ་རྗེ་དབྱིངས་ནི་རབ་ཏུ་བསྐྱེད། །སངས་རྒྱས་རྣམ་འཕྲུལ་མ་ལུས་པ། །རང་གི་བདག་ཉིད་བསྒོམས་ནས་སུ། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ཐུབ་པ་དབང་ཕྱུག་དག་ལ་དབུལ། །རྡོ་རྗེ་སེམས་
དཔའི་ཏིང་འཛིན་གྱིས། །ཐུབ་ལ་མཆོད་པ་ཕུལ་ནས་ནི། །བདག་ནི་མགོན་པོ་རྣམ་སྣང་མཛད། །བདག་གིས་ཁམས་ནི་རྣམ་པར་སྤྲོས། །བྱང་ཆུབ་སེམས་ནི་སྤྲོས་ནས་སུ། །ཐུབ་པའི་དབང་ཕྱུག་དག་ལ་དབུལ། །རྡོ་རྗེ་གསང་སྔགས་འདི་ཡིས་ནི། །མཆོད་པ་
ཐམས་ཅད་རབ་ཏུ་བསྒྲུབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ། ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སངས་རྒྱས་ཐམས་ཅད་དབང་བསྐུར་བ། །རྡོ་རྗེ་རིན་ཆེན་སྤྲོས་ནས་ནི། །བདག་ནི་མགོན་པོ་རྣམ་སྣང་མཛད། །བདག་གིས་ཁམས་ནི་རྣམ་པར་སྤྲོས། །རྡོ་རྗེའི་སྔགས་
ཀྱིས་འགྲུབ་པར་འགྱུར། །ཐུབ་པའི་དབང་ཕྱུག་དག་ལ་དབུལ། །རིན་ཆེན་མཆོད་པ་རབ་སྤྲོ་ཞིང་། །བསྡམས་པའི་སྦྱོར་བ་རབ་ཏུ་བསྒྲུབ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཛྲ་རཏྣ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྔ་མ་ཇི་ལྟ་བ་བཞིན་དུ། །རྣམ་པར་སྣང་མཛད་ཏིང་

འཛིན་གྱིས། །ཇི་ལྟར་སེམས་དཔའ་ཕྱུང་བ་བཞིན། །དེ་བཞིན་བདག་ནི་བསྒོམ་པར་བྱ། །རང་བདག་ཉིད་ནི་བསྒོམས་ནས་སུ། །རྨད་འབྱུང་ཆེན་པོ་ཡོངས་སྤྲོ་ཞིང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །རྡོ་རྗེའི་སྦྱོར་བས་འགྲུབ་པར་
འགྱུར། །དེ་ལྟ་བུ་ལ་སྙོམས་ཞུགས་ཏེ། །རྡོ་རྗེ་ཆོས་ནི་རབ་ཏུ་བྱུང་། །ཕྱོགས་རྣམས་ཀུན་དུ་སྤྲོ་བྱ་ཞིང་། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཏིང་འཛིན་སྦྱོར་བ་ལ་གནས་ཏེ། །རྡོ་རྗེ་ལས་
རྣམས་སྤྲོ་ནས་ནི། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང་། །ཐམས་ཅད་དུ་ནི་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཨ་ནུཏྟ་ར་པཱུ་ཛཱ་སྥ་ར་ཎ་ས་མ་ཡེ་ཧཱུཾ། མཆོད་པའི་རྒྱལ་པོ་འདི་ཡིས་ནི། །ཐུན་བཞི་རུ་ནི་བསྒོམ་པར་བྱ། །མཆོད་པའི་ཆོ་གས་འགྲུབ་འགྱུར་ཏེ། །
སྡིག་པ་ཅན་ཡང་འགྲུབ་པར་འགྱུར། །མཆོད་པའི་ལས་ནི་བླ་ན་མེད། །ཅི་རིགས་པར་ནི་རབ་བཤད་བྱ། །ཆོས་ཀྱི་ཕྱག་རྒྱའི་རྒྱལ་པོར་ལྡན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱ་ཏྨ་ནི་རྱཱ་ཏ་ན་པཱུ་ཛཱ་སཱ་ར་ཎ་ཀརྨ་བཛྲི་ཨ། རྡོ་རྗེ་སེམས་དཔའ་རང་
བདག་ཉིད། །མཉམ་པར་བཞག་པས་བསྒོམ་པར་བྱ། །བདག་ཉིད་ཡང་དང་ཡང་དུ་ནི། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནི་རྱཱ་ཏ་ན་པཱུ་ཛཱ་སྥ་ར་ཎ་ཀརྨཱ་གྲེ་ཛ། རྡོ་རྗེ་ལྕགས་ཀྱུ་རང་བདག་ཉིད། །ཕྱོགས་ཀུན་དུ་ནི་སྤྲོ་བར་བྱ། །སངས་རྒྱས་
ཐམས་ཅད་དགུག་བྱ་ཞིང་། །ཐུབ་པ་དག་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནི་རྱཱ་ཏ་ན་ཨ་ནུ་རཱ་ག་པཱུ་ཛཱ་སྥ་ར་ཎ་ཀརྨ་བཱཎི་ཧཱུཾ་ཧོ། རྡོ་རྗེའི་རིགས་ནི་རྗེས་ཆགས་པར། །རྟག་ཏུ་བདག་ཉིད་བསྒོམ་པར་བྱ། །ཆོས་རྣམས་དག་ལ་མཉེས་བྱས་ཤིང་། །འདི་བརྗོད་
ནས་ནི་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ཨཱཏྨ་ནི་རྱཱ་ཏ་ན་སཱ་དྷུ་ཀཱ་ར་པཱུ་ཛཱ་སྥ་ར་ཎ་ཀརྨ་ཏུཥྚི་མཾ། རྡོ་རྗེ་རིན་ཆེན་རྣལ་འབྱོར་ཆེ། །བདག་ཉིད་ཡོངས་སུ་བསྒོམ་པར་བྱ། །རིན་ཆེན་མཆོད་པ་བླ་ན་མེད། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ཨོཾ་ནམཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཨ་བྷི་

ཥེ་ཀ་རཧྣེ་བྷྱོ་བཛྲ་མ་ཎི་ཨོཾ། སངས་རྒྱས་ཐམས་ཅད་རྒྱལ་པོ་ཆེ། །བྱང་ཆུབ་སྙིང་པོར་དབང་བསྐུར་བ། །སེམས་ཀྱང་དེ་ལྟར་བསམས་ནས་ནི། །རྡོ་རྗེ་རིན་ཆེན་ཉིད་ཐོབ་འགྱུར། །བདག་ཉིད་རྡོ་རྗེ་གཟི་བརྗིད་ནི། །ཕྱོགས་རྣམས་ཀུན་དུ་སྣང་བྱེད་པ། །སངས་རྒྱས་ཐམས་
ཅད་བསྐུལ་བྱ་ཞིང་། །མཆོད་པ་གཟི་བརྗིད་ཡོངས་སུ་སྤྲོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སཱུརྱེ་བྷྱོ། བཛྲ་ཏེ་ཛོ་ནི་ཛྭཱ་ལ་ཧྲཱིཿ། རྡོ་རྗེ་རྒྱལ་མཚན་ཀུན་དུ་མཐོང་། །ཤེས་རབ་ཅན་གྱིས་རྒྱལ་མཚན་བསྒྲེང་། །སངས་རྒྱས་ཐམས་ཅད་མཆོད་བྱ་ཞིང་། །རྡོ་རྗེའི་སྔགས་ཀྱིས་བསྐུལ་
བར་བྱ། །ཨོཾ་ནམཿསརྦ་ཏ་ཐཱ་ག་ཏ་ཨཱ་ཤཱ་པ་རི་པཱུ་ར་ཎི། ཙིནྟཱ་མ་ཎི་དྷྭ་ཛ་ཨ་གྲེ་ཏྲཱཾ། གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བལྟ། །རྟག་ཏུ་བདག་ཉིད་དགའ་བྱ་ཞིང་། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །ཨོཾ་ནམཿསརྦ་ཏ་ཐཱ་ག་ཏ་
མ་ཧཱ་པྲཱི་ཏི་བྲ་མོ་དྱཀ་རེ་བྷྱོ་བཛྲ་ཧཱ་སེ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཆེན་པོ། །བདག་ནི་ཆོས་ཆེན་དག་པ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྐུལ་བྱ། །སངས་རྒྱས་ཐམས་ཅད་བདག་ཉིད་ཀུན། །དཀྱིལ་འཁོར་གྲོང་ཁྱེར་ཐམས་ཅད་གདབ། །ཤེས་རབ་ཅན་
གྱིས་བདག་ཉིད་བསམ། །རྡོ་རྗེའི་སྔགས་ཀྱིས་རབ་བསྐུལ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ས་མཱ་དྷི་བྷི་སྟུ་ནོ་མི་མ་ཧཱ་དྷརྨ་ཨ་གྲེ་ཧྲཱིཿ། བདག་ནི་ཤེས་རབ་རལ་གྲི་རྣོ། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །འཁོར་ལོའི་ཡི་གེ་རབ་ཏུ་བསྐོར། །མདོ་སྡེ་ཐམས་
ཅད་འཛིན་པ་ཡིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲཛྙཱ་པཱ་ར་མི་ཏཱ་ནི་ར་ཧ་རེ་ཏུ་ནོ་མི་མ་ཧཱ་གྷོ་ཥ་ནུ་གེ་དྷྭཾ། སེམས་ཅན་དག་ནི་ཀུན་གྱི་ཚིག །བདག་ནི་སེམས་དཔའ་སྨྲ་བ་བརྟན། །རྡོ་རྗེ་སྨྲ་བ་གསང་བའི་བདག །སངས་རྒྱས་ཐམས་ཅད་རབ་མཆོད་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སནྡྷི་བྷཱ་
ཥ་བུད་དྷ་སཾ་གཱི་ཏི་བྷིརྒ་ཡ་སྟུ་ནོ་མི་བཛྲ་ཝཱ་ཙེ་རྦཾ། བདག་ནི་ཆོས་ཀྱི་འཁོར་ལོ་སྐོར། །འཁོར་ལོའི་དཀྱིལ་འཁོར་སྦྱིན་བྱེད་པ། །རྡོ་རྗེའི་འཁོར་ལོ་ཡོངས་སུ་བསྔོ། །མཆོད་པ་ཐམས་ཅད་ཡོངས་སྤྲོ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་ཨཀྵ་ར་པ་རི་བརྟཱི་དྷ་ན་སརྦ་མུ་ཏྲཱཾ་ཏེ་ན་ཡ་སྟུ་ནོ་མི་

སརྦ་མནྜལེ་ཧཱུཾ། བདག་ནི་རྡོ་རྗེ་ལས་རྒྱལ་པོ། །ཕྱོགས་རྣམས་ཀུན་དུ་རབ་མཆོད་བྱེད། །མེ་ཏོག་བདུག་པ་ལ་སོགས་དྲི། །རྡོ་རྗེའི་སྔགས་ཀྱིས་བསྐུལ་བར་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པ་མེ་གྷ་སྥ་ར་ཎ་པཱུ་ཛཱ་ཀརྨ་ཀ་ར་ཀ་ར། ཆོ་ག་བགོས་
པ་དང་ལྡན་པ། །མེ་ཏོག་མཆོད་པ་འབུལ་བྱེད་པ། །བདག་ཉིད་རང་ཉིད་རྒྱལ་པོ་སྟེ། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤ་པྲ་ས་ར་སྥ་ར་ཎ་པཱུ་ཛཱ་ཀརྨེ་ཀི་རི་ཀི་རི། བདག་ནི་རྡོ་རྗེ་གནོད་སྦྱིན་ཏེ། །ཉོན་མོངས་ཟ་བྱེད་ཆོས་སྒྲོན་འབར། །ཕྱོགས་
རྣམས་ཀུན་དུ་སྤྲོ་བྱ་ཞིང་། །སྣང་བ་འབར་བ་ཡང་དག་སྤྲོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀཛྭལ་སྥ་ར་ཎ་པཱུ་ཛཱ་ཀརྨེ་བྷ་ར་བྷ་ར། རྡོ་རྗེ་ཁུ་ཚུར་ཡང་དག་ཉིད། །དྲི་ཡི་སྣོད་དང་ཡང་དག་ལྡན། །ཕྱོགས་རྣམས་ཀུན་དུ་སྤྲོ་བྱ་ཞིང་། །ཆར་རྣམས་ཀུན་གྱིས་རབ་མཆོད་བྱེད། །
ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་སམུ་དྲ་སྥ་ར་ཎ་པཱུ་ཛཱཀརྨ་ཀུ་རུ་ཀུ་རུ། སེམས་ཅན་ཀུན་དོན་ཡང་དག་ལྡན། །བྱང་ཆུབ་སེམས་ནི་བསྐྱེད་ནས་ཀྱང་། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །མཆོད་པ་མཆོག་ནི་རབ་བསྒྲུབ་པ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱཏྨ་ནིརྱཱ་ཏ་ན་པཱུ་ཛཱ་མེ་གྷ་ས་མུ་དྲ་
སྥ་ར་ཎ་ས་མ་ཡེ་ཧཱུཾ། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །ཡན་ལག་ཀུན་གྱིས་རབ་བཏུད་བྱ། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང་། །ཕྱོགས་རྣམས་ཀུན་དུ་སྤྲོ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྱཱ་ཏ་ན་པཱུཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་སེམས་དཔའ་
བསྡུས་པས་ནི། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་རྣམས་བྱེད་པར་འགྱུར། །རྡོ་རྗེ་ཡི་ནི་གླུ་འདི་ཡིས། །རང་བདག་ཉིད་ནི་དགའ་བར་བྱ། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང་། །རྡོ་རྗེའི་སྔགས་ཀྱང་རབ་བརྗོད་བྱ། །ཨོཾ་སརྦ་
ཏ་ཐཱ་ག་ཏ་བཱཀ་ནི་རྱཱ་ཏ་ན་པཱུ་ཛཱ་མེ་གྷས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་རྣམས་ཀུན་དུ་མཆོད་པ་ཀུན། །མཁས་པ་ཡིས་ནི་བསམ་པར་བྱ། །སངས་རྒྱས་ཀུན་ལ་དབུལ་བྱ་ཞིང་། །རྡོ་རྗེའི་སྔགས་ནི་རབ་བསྐུལ་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་ནིནྱཱ་ཏ་ན་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་

ར་ཎ་ས་མ་ཡེ་ཧཱུཾ། ཕུལ་ནས་ཤེས་རབ་ཅན་གྱིས་ནི། །རྡོ་རྗེ་བཙུན་མོའི་ཏིང་འཛིན་བསམ། །རྫས་མཆོག་ལྡན་པས་སྤྲོ་བྱ་ཞིང་། །སངས་རྒྱས་ཀུན་ལ་ཡོངས་སུ་དབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཧཪྵ་ར་ཏི་པྲཱི་ཏི་སུ་ཁ་ཨ་ནུཏྟ་ར་པྲཛྙཱ་པཱུ་ཛཱ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་
མ་ཡེ་ཧཱུཾ། ཆོ་གའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཀུན་ལ་རབ་མཆོད་བྱ། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །དཀྱིལ་འཁོར་ཐམས་ཅད་ཀུན་བསྡུས་པ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བསམ། །མཆོད་པའི་ཚོགས་ནི་
བླ་མེད་པས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །ཚེ་དང་མདོག་དང་ནད་མེད་ཉིད། །ཕུན་ཚོགས་བདེ་བ་ཐམས་ཅད་འཐོབ། །སྡིག་པ་ཐམས་ཅད་རབ་འཇོམས་པ། །རྡོ་རྗེའི་རྣལ་འབྱོར་གང་ཞིག་གིས། །ཉིན་རེ་བཞིན་དུ་མཆོད་
བྱས་ན། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །རྡོ་རྗེའི་རྣལ་འབྱོར་པས་ཐོབ་འགྱུར། །རྡོ་རྗེའི་སྔགས་ཀྱིས་བསླབ་པ་དང་། །ཕྱག་རྒྱ་ཐམས་ཅད་བསམ་པར་བྱ། །ཐེག་པ་ཆེན་པོ་མངོན་བསྡུས་ལས། །ཕྱག་རྒྱ་ཤིན་ཏུ་རྒྱས་པར་བཤད། །རྡོ་རྗེ་ལས་ཀྱི་གོ་རིམས་
བཞིན། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བསླབ། །རྡོ་རྗེ་དབྱིངས་དང་རབ་མཚུངས་པ། །སླར་ཡང་རྣལ་འབྱོར་པ་ལ་བཤད། །འཇིག་རྟེན་མགོན་པོ་རྫུ་འཕྲུལ་ཆེ། །རྟག་ཏུ་དེ་བཞིན་མཆོད་བྱ་བ། །གསང་མཆོག་རྣལ་འབྱོར་པ་དག་ཨ། །དེ་ལས་གཞན་
ཡང་རབ་བཤད་བྱ། །གང་ཚེ་སྔོན་དུ་སེམས་བསྐྱེད་པ། །རྡོ་རྗེ་སེམས་ནི་བླ་ན་མེད། །བྱང་ཆུབ་སེམས་ནི་བརྟན་བསྐྱེད་ནས། །མཆོད་པའི་བྱ་བ་བསླབ་པར་བྱ། །རྡོ་རྗེ་སློབ་དཔོན་གྱིས་སྦྱོར་བ། །རྡོ་རྗེ་དགའ་བ་བསམ་པར་བྱ། །འདོད་ཆགས་དགའ་བ་བསྐྱེད་
ནས་ནི། །དགའ་བའི་མཆོད་པ་རབ་ཏུ་མཆོད། །བདག་ཉིད་སངས་རྒྱས་བསྒོམ་བྱ་ཞིང་། །བསྒོམས་ནས་མཆོད་པ་རབ་ཏུ་བྱ། །དགའ་བ་ཆེན་པོའི་བདེ་དོན་དུ། །རིག་པའི་ལྷ་མོ་རབ་འབྲེལ་པས། །བུད་དྷ་ཨཱཏྨ་ཀོ་ཧཾ། བྱང་ཆུབ་སེམས་ནི་རབ་བསྐྱེད་ནས། །

བདག་ཉིད་སངས་རྒྱས་ཞེས་བསམ་བྱ། །སྟོབས་དང་མི་འཇིགས་སོགས་རྣམས་ཀྱིས། །རང་བདག་ཉིད་ནི་དབང་བསྐུར་བྱ། །བུད་དྷ་ཨ་བྷི་ཥིཉྩཱ་མི། བྱང་ཆུབ་སེམས་ནི་རབ་བསྐྱེད་ནས། །བདག་ནི་སངས་རྒྱས་ཞེས་བསམ་བྱ། །རྡོ་རྗེ་ཡི་
ནི་གླུ་བླང་ཞིང་། །བདག་ཉིད་མངོན་པར་མཆོད་པར་བྱ། །བུད་དྷ་སིདྡྷི་ཀ་རོ་མི། བྱང་ཆུབ་སེམས་ནི་བརྟན་བསྐྱེད་ནས། །བདག་ཉིད་སངས་རྒྱས་ཞེས་བསམ་བྱ། །རྡོ་རྗེ་གར་གྱིས་གར་བྱ་ཞིང་། །མཁས་པས་བདག་ཉིད་མཆོད་པར་བྱ། །བུད་དྷ་པཱ་ཛཱ། སྐུ་དང་
གསུང་ཐུགས་རྡོ་རྗེ་མཆོག །སྦྱོར་བས་དེ་བཞིན་ཕྱག་བྱས་ཤིང་། །སངས་རྒྱས་ཐམས་ཅད་མཆོད་བྱས་ནས། །ངེས་པར་ཕྱག་ནི་བྱས་པར་འགྱུར། །པྲ་ཎ་མཱ་མི། རྡོ་རྗེ་སྐུ་གསུང་ཐུགས་ལས་བྱུང་། །སངས་རྒྱས་བསོད་ནམས་ཆེན་པོ་ཀུན། །རྗེས་སུ་ཡི་རང་མཆོག་
བདག་གིས། །མྱུར་དུ་སངས་རྒྱས་ཉིད་ཐོབ་འགྱུར། །ཨ་ནུ་མོ་དེ། བདག་ཉིད་དབུལ་བ་ལ་སོགས་པ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །མཆོད་པ་ཀུན་གྱིས་སངས་རྒྱས་ཉིད། །མཆོད་པའི་བདག་ཉིད་ཅན་གྱིས་མཆོད། །བུད་དྷ་པཱུཛཱ། རྡོ་རྗེ་སྐུ་གསུང་
ཐུགས་ལས་བྱུང་། །དགེ་བའི་ཚོགས་ནི་ཐམས་ཅད་ཀུན། །ཡོངས་སུ་བསྔོ་བའི་མཆོད་པ་ཡིས། །སངས་རྒྱས་ཀུན་དང་མཚུངས་པར་འགྱུར། །བ་རི་ཎཱ་མཿ། ཆོས་ཀྱི་དབྱིངས་ནི་སྙིང་པོ་ཆེ། །འདོད་པའི་འདམ་གྱིས་མ་གོས་པ། །གཟོད་ནས་དག་པས་སྐྱེ་བ་མེད། །
འཁོར་བའི་རྒྱ་མཚོ་པདྨ་མཚུངས། །སརྦ་ཤུད་དྷ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཟོད་ནས་ཞི་ཞིང་གོས་པ་མེད། །བློ་བུར་དྲི་མས་གོས་པ་མེད། །ཡི་གེ་ཨ་ཡིས་རྣམ་པར་སྦྱངས། །ས་མནྟ་བྷདྲ། ཨེ་མའོ་འཁོར་ལོ་བདེ་རང་བཞིན། །ཆོས་ཀྱི་འཁོར་
ལོ་བླ་ན་མེད། །ཆོས་རྣམས་ཐམས་ཅད་ཉིད་ཀྱི་ནི། །འདིར་ནི་དེ་བཞིན་གཤེགས་པ་རྒྱུ། །དྷརྨ་ཙཀྲ། སྒྲ་བརྙན་དང་ནི་མཚུངས་པའི་སྒྲ། །མེད་དེ་གཞན་ཡང་ཡོད་མ་ཡིན། །ཆོས་རྣམས་ཀུན་གྱི་རང་བཞིན་དུ། །བདག་ཅེས་བྱ་བ་འགའ་ཡང་མེད། །ནིས་པྲ་

པཉྩ། སྡོན་དུ་བློ་དང་ལྡན་པས་བསམ། །མཉམ་པར་བཞག་པས་བསྒོམ་བྱ་ཞིང་། །དེ་འོག་རྡོ་རྗེ་སྣ་ཚོགས་བརྗོད། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི། །རང་གི་ལུས་ནི་ཕྲ་རབ་དག །རྡོ་རྗེའི་གཟུགས་སུ་བསྒོམ་བྱ་ཞིང་། །
རྡོ་རྗེའི་བདག་ཉིད་བསྒོམ་པར་བྱ། །བཛྲ་ཀཱ་ཡ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི། །ཡན་ལག་རྣམ་པ་ཇི་སྙེད་པའི། །སངས་རྒྱས་གཟུགས་ནི་བསྒོམ་བྱ་ཞིང་། །ཐམས་ཅད་ཡོངས་སུ་སྤྲོ་བར་བྱ། །དྷརྨ་ཀཱ་ཡ། རང་གི་ལུས་ལ་གནས་པ་ཡི། །ཕྲ་རབ་རྡུལ་ནི་
ཇི་སྙེད་པ། །རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །དོན་ཡོད་མཆོད་པས་རབ་མཆོད་བྱ། །སཏྭ་ཀཱ་ཡ། དེ་བཞིན་ལུས་ནི་ཐམས་ཅད་ཀྱི། །རང་གི་ཕྲ་རབ་རྡུལ་རྣམས་ནི། །ཀུན་དུ་བཀོད་པའི་བསྒོམ་བྱས་ཏེ། །དེ་ནི་སངས་རྒྱས་མཆོད་པར་བཤད། །བུད་དྷ་ཀཱ་
ཡ། སངས་རྒྱས་ཐམས་ཅད་རྗེས་སུ་མཉེས། །བྱང་ཆུབ་སེམས་དཔའ་སློབ་གང་ཡིན། །ཤེས་རབ་ཅན་གྱིས་མཆོག་གསང་བསླབ། །སངས་རྒྱས་ས་ནི་ཐོབ་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ལུས་རྣམས་ཐམས་ཅད་ཡོངས་སུ་བསྡམས། །
ཡན་ལག་ཀུན་ལ་ཆགས་པ་དང་། །ཏིང་ངེ་འཛིན་དང་བཅས་པ་ཡིས། །ལུས་ཀུན་ལ་ནི་ཡོངས་སུ་ཆགས། །བདེ་བའི་མཆོད་པ་རང་བྱུང་བ། །ཨེ་མའོ་རྗེས་སུ་ཆགས་མཆོད་བདག །རྡོ་རྗེའི་ཚིག་ནི་བརྗོད་པར་བྱ། །ཨེ་མའོ་ཡིད་འོང་ཨེ་མའོ་སྡུག །ཨེ་
མའོ་དགའ་བ་རབ་ཏུ་མཛེས། །ཆོས་ཀྱི་ཆགས་པ་འདོད་ཆགས་ཆེ། །གང་ལ་རབ་དགའ་ཆགས་འགྱུར་བ། །ཆོས་དང་གང་ཟག་བདག་མེད་པ། །སྟོང་པ་འདོད་ཆགས་བརྗོད་པར་བྱ། །འཁོར་བའི་སྡུག་བསྔལ་སྤང་བྱ་ཞིང་། །སེམས་ཅན་ཡང་ནི་དོར་མི་བྱ། །སྲེད་
པ་དང་ནི་ཆགས་དང་སྤྱོད། །རྟོག་པ་ཐམས་ཅད་རྣམ་པར་སྤང་། །མིང་དང་གཟུགས་ནི་ཤེས་བྱ་ཞིང་། །མཚན་ཉིད་གསུམ་ནི་རྟོགས་པར་བྱ། །ཐེག་ཆེན་བདེ་བ་ཞེས་བྱ་བ། །འདོད་ཆགས་ཆགས་པར་རབ་བརྗོད་པར། །ལྟ་བ་ཐམས་ཅད་མི་གཟུང་ཞིང་། །སྲིད་པའི་

སྡུག་བསྔལ་རྣམ་པར་སྤང་། །རྟོག་དང་རྣམ་པར་རྟོག་པ་མེད། །སྡུག་བསྔལ་ཐམས་ཅད་ངེས་པར་གཅོད། །ཕུང་པོ་དང་ནི་སྐྱེ་མཆེད་ཁམས། །རྟོག་པ་རྡུལ་ཙམ་ཡོད་མ་ཡིན། །དེ་ལ་འདུས་བྱས་ཡོད་མ་ཡིན། །འདུས་བྱས་མིན་པ་ཉིད་ཀྱང་
མེད། །སྐྱེས་པ་བུད་མེད་དག་ཉིད་མེད། །བདག་དང་སེམས་ཅན་རྣམ་རྟོག་མེད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །ཉོན་མོངས་ཉེ་བའི་ཉོན་མོངས་སྤངས། །དེ་ལྟ་བུ་ཡི་ཆགས་པ་ཡིས། །གང་དུ་རྡོ་རྗེ་ཅན་ཆགས་འགྱུར། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་
སེམས་དཔའ་རྗེས་ཆགས་བྱ། །ཁ་ཡིའོ་ནི་མཆོག་དག་པ། །གསང་བའི་སྦྱོར་བས་རབ་བསྒྲུབ་བྱ། །ཨོཾ་མཧཱ་སུ་ཁ་བཛྲསཏྭ། རྗེས་སུ་ཆགས་པའི་ཆོ་ག་བསྟན། །དཔུང་པ་དམ་པོར་བསྡམ་བྱ་ཞིང་། །འདོད་ཆགས་ཆགས་པར་བསྟན་པ་ཡིས། །རྡོ་རྗེ་སེམས་
དཔའ་རབ་འགྲུབ་འགྱུར། །ཆགས་པ་ལྔ་ལས་རྣམ་གྲོལ་བས། །འདོད་ལ་ཆགས་པར་མི་བྱ་ཞིང་། །བློ་ལྡན་ཆོ་གས་དགའ་བ་ཡིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔའི་ཆོ་ག་ཡིས། །གསང་བ་ཐམས་ཅད་རབ་བསྟན་བྱ། །
ཞི་བ་ཐམས་ཅད་མཉེས་བྱ་ཞིང་། །རྡོ་རྗེ་སེམས་སོགས་མཉེས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་འམ། །རྡོ་རྗེ་ཅན་དང་དགའ་ཆེན་པོ། །འདོད་ཆགས་ཆེན་པོ་འདི་ལྟ་བུས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་སརྦ་རཱག་ར་ཏི་སུ་ཁ་ཡཱ་མི་ཧཱུཾ།
མཆོག་ཏུ་གསང་བ་དམ་པ་མཆོག །གང་ཞིག་བྱས་ནས་གསང་བ་ཀུན། །བརྟགས་ནས་འགྲུབ་བར་འགྱུར་བ་ཡིན། །ལྷག་པར་ཤེས་རབ་ཅན་གྱིས་བསླབ། །མཚན་མ་བརྟན་པོར་རང་འགྲུབ་ནས། །པདྨའི་ལྟེ་བར་འདུག་བྱ་ཞིང་། །མཚན་མ་མཆོད་རྟེན་བྱིན་
བརླབས་ནས། །རང་བདག་རྡོ་རྗེ་མཚུངས་པ་ཉིད། །མདོ་སྡེ་གསང་དབང་རྒྱལ་པོ་ལས། །དེ་ཡིས་ཤིན་ཏུ་གསང་ཚིག་གསུངས། །དེ་ནི་དགོངས་པས་གསུངས་པ་སྟེ། །དེ་ནི་དགོངས་པར་ཤེས་པར་བྱ། །མཚན་མ་ཕྱག་མཚན་ཞེས་བྱར་བརྗོད། །བརྟན་

པ་ལྷག་པ་ཉིད་ཡིན་ཏེ། །བྱང་ཆུབ་སེམས་དཔའི་ཕྱག་མཚན་གང་། །མཁས་པས་ལྷག་པར་བཅང་བར་བྱ། །ཕ་རོལ་ཕྱིན་པ་དྲུག་སྤྱོད་པ། །དེ་ཡི་མཚན་མར་རབ་ཏུ་བསྒྲགས། །གང་ཕྱིར་ལྷག་པར་བསྟན་པར་བྱ། །བློ་ལྡན་རྣམས་ཀྱི་རིགས་འབྱུང་འདོད། །
མཚན་མ་བརྟན་པར་རང་གྱུར་པ། །དེ་དག་ཁོ་ནར་རབ་ཏུ་བསྒྲགས། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །རྡོ་རྗེའི་རིགས་སུ་བརྗོད་པར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་མཚན་མར་འདི་བརྗོད་བྱ། །བྱང་ཆུབ་སེམས་ཀྱི་རབ་སྦྱོར་བས། །མཚན་མ་བརྟན་པོར་བརྗོད་
པར་བྱ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །པདྨའི་ལྟེ་བར་འདུག་བྱ་བ། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་ཡང་ཡང་སྙོམས་འཇུག་བྱ། །བྷ་ག་ལིང་གའི་སྦྱོར་བ་ནི། །ཡང་དང་ཡང་དུ་བསྟེན་བྱས་ནས། །གཡོ་དང་ཉེས་པ་རྣམ་སྤངས་པར། །གདོན་མི་
ཟ་བར་ཡང་དག་བྱུང་། །ཤེས་རབ་དང་ནི་བྱང་ཆུབ་སེམས། །ཡང་དང་ཡང་དུ་བསྟེན་བྱས་ནས། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་གདོན་མི་ཟ་བར་འགྱུར། །བསྒྲུབ་བྱར་གྱུར་པའི་ཆོས་འདི་ནི། །ལུས་ཅན་ཀུན་གྱིས་རྙེད་པར་དཀའ། །བྱང་ཆུབ་སེམས་
དད་ཤེས་རབ་ཆེ། །མཆོད་རྟེན་མཚན་མའི་རྗེས་ཆགས་བྱ། །རྣལ་འབྱོར་པས་ནི་འདི་བསྒོམ་དང་། །འདི་ལྟ་བུ་ཡི་སྒྲུབ་པ་དང་། །སྤྱོད་པ་གསང་བ་འདི་ཡིས་ནི། །རྡོ་རྗེ་གསང་བ་ཉིད་ཐོབ་འགྱུར། །གསང་བ་དགོངས་པས་བསྡུས་པ་ཡི། །མདོ་ལས་རྒྱ་ཆེར་ཇི་སྐད་
གསུངས། །གསང་བའི་རྣལ་འབྱོར་འདི་ཡིས་ནི། །སེམས་ཅན་ཐམས་ཅད་རྣམ་པར་བསྒོམ། །རྡོ་རྗེ་གསང་དབང་བསྡུས་པ་ཡི། །སྒྲུབ་པའི་རྣལ་འབྱོར་འདི་ཡིས་ནི། །གསང་བ་ཆེན་པོ་བསྒྲུབས་ན་ནི། །སྐད་ཅིག་དེ་ལ་རབ་འགྲུབ་འགྱུར། །ཁ་ཅིག་ཉིན་ཞག་དེ་ཉིད་
ལ། །ཡང་དང་ཡང་དུ་འགྲུབ་པར་འགྱུར། །ཉི་མ་གཉིས་གསུམ་བཞི་ལྔའམ། །དྲུག་དང་བདུན་ལ་ཐེ་ཚོམ་མེད། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །ཅི་རིགས་པ་ཡི་ཆོ་ག་ཡིས། །ལོ་གཅིག་ཏུ་ནི་རབ་སྦྱོར་བས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །

རྡོ་རྗེ་གསང་བའི་ཆོ་ག་རྫོགས་སོ།། །།གསང་བ་ཡི་ནི་དཀྱིལ་འཁོར་མཆོག །རྡོ་རྗེ་སློབ་དཔོན་ཆོ་ག་ནི། །ཇི་ལྟར་རིགས་ཤིང་འཚམ་པ་རུ། །དེ་ནས་ཡང་དག་བཤད་པར་བྱ། །མདོར་ན་རིག་པའི་བརྟུལ་ཞུགས་ནི། །གོང་དུ་དཀྱིལ་
འཁོར་ལས་བཤད་བཞིན། །ཅི་ལྟར་སྤྲོ་ཞིང་ཅི་ནུས་པར། །སྔོན་དུ་མཁས་པས་བཤད་པར་བྱ། །རྡོ་རྗེ་སེམས་དཔའ་སྐལ་བ་ཆེ། །རྒྱལ་པོ་ཀུན་དུ་ཁྱབ་པའི་འོད། །ཐེ་ཚོམ་མེད་པར་སྟོང་ཕྲག་བརྒྱ། །རྟག་ཏུ་རྡོ་རྗེའི་ཚིག་བརྗོད་བྱ། །སེམས་དཔའི་རྡོ་རྗེ་གོམས་
བྱ་སྟེ། །རྡོ་རྗེ་རྣལ་འབྱོར་གོམས་བྱས་ཏེ། །ཆོས་རྣམས་དག་པ་གོམས་པར་བྱ། །གོམས་པ་ཙམ་གྱིས་འགྲུབ་པར་འགྱུར། །ཉོན་མོངས་རབ་སྤོང་ཉོན་མོངས་བཟློག་པར་བྱ། །རྣལ་འབྱོར་གོམས་པ་ཡིས་ནི་རྣལ་འབྱོར་བསྒྲུབ། །བཟླས་པ་ཙམ་གྱིས་དགའ་ཆེན་
འགྲུབ་འགྱུར་ཏེ། །རྣལ་འབྱོར་ཆོ་གས་བསྒྲུབ་པ་འགྲུབ་པར་འགྱུར། །ཡང་ན་བཟླས་པ་ཙམ་ཉིད་ནི། །བཟླས་པ་མཆོག་གིས་བཟླས་པ་བྱ། །རྣལ་འབྱོར་རིག་པ་བསྒྲུབ་པའི་ཕྱིར། །དངོས་གྲུབ་ཆོ་གས་བཟླས་པར་བྱ། །དེ་ནི་རྣལ་འབྱོར་ཆོ་ག་ཡིས། །སྐད་ཅིག་
སངས་རྒྱས་ཉིད་ཐོབ་འགྱུར། །རྣལ་འབྱོར་ཆོ་ག་མེད་པར་ནི། །འགྲུབ་མིན་འདི་ལ་ཐེ་ཚོམ་མེད། །རིག་པ་འཛིན་པ་ཐམས་ཅད་ཀྱི། །གསང་བ་བཞི་ནི་ཡང་དག་བཤད། །གསང་བ་ཆེན་པོ་ཚད་མེད་པ། །བཞི་པོ་ཐམས་ཅད་བསྡུས་པ་ཡིན། །བཟླས་བརྗོད་
སྦྱིན་སྲེག་ཆོ་ག་དང་། །ཕྱག་རྒྱ་བཅིང་བ་ལྷུར་ལེན་པ། །རིག་པའི་མཆོག་གི་ཆོ་ག་ནི། །གསང་བ་བསྡུས་པ་དང་པོ་ཡིན། །གསང་དང་སྐེམ་བྱེད་ཕུར་པས་བཏབ། །བརྡེག་པ་དང་ནི་མངོན་སྤྱོད་དང་། །བགེགས་བསྐྲད་པ་ཡི་འཁྲུལ་འཁོར་འདི། །གསང་བའི་
བསྡུས་པ་གཉིས་པ་ཡིན། །གོ་ཆ་མི་འགྱུར་བཅིང་བ་དང་། །སྤྱོད་དང་དེ་བཞིན་རབ་བསྐྱོད་དང་། །བདག་ཉིད་མངོན་པར་བསྲུང་ཉིད་དང་། །བགེགས་རྣམས་བསལ་བར་བྱ་བ་དང་། །རྫས་འཕྲོག་པ་དང་གཞོམ་པ་དང་། །གདུག་པ་ཐམས་ཅད་མངོན་བསྲུང་

བ། །རིག་པ་འཛིན་པ་ཐམས་ཅད་ཀྱི། གསང་བ་བསྡུས་པ་གསུམ་པ་ཡིན། །སྔགས་དང་ཕྱག་རྒྱས་མཆོད་པ་དང་། །དེ་བཞིན་རིག་པའི་དངོས་གྲུབ་ཉིད། །བགེགས་རྣམས་བསོད་ནམས་ཉེ་བར་བསྡུ། །གསང་བ་བཞི་པར་འདོད་པ་ཡིན། །གསང་བ་
བཞི་པོ་ཐམས་ཅད་ནི། །རང་བཞིན་རྫུ་འཕྲུལ་ཀུན་བསྡུས་པ། །གསང་བ་མཆོག་གི་རྒྱུད་ཆེན་པོ། །རྒྱུད་དེ་ལས་ནི་རབ་ཏུ་བཤད། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ནི། །དེ་ནི་རྒྱུད་མཆོག་ལས་བཤད་བྱ། །གང་ཕྱིར་རིག་པ་འཛིན་ཀུན་གྱི། །བཟླས་བརྗོད་སྦྱིན་སྲེག་བསྒྲུབ་པར་བྱ། །
བཟླས་བརྗོད་སྦྱོར་བ་མེད་པར་ནི། །རིག་པའི་དངོས་གྲུབ་འབྱུང་མི་འགྱུར། །སྦྱིན་སྲེག་ཙམ་ནི་མེད་པ་རུ། །རིག་པའི་བྱ་བ་བྱེད་མི་འགྱུར། །གང་གིས་རྣལ་འབྱོར་བརྩོན་འགྱུར་བ། །བཟླས་པའི་རིམ་པ་བཤད་བྱ་བ། །རིག་པ་འཛིན་པ་ཐམས་ཅད་ཀྱི། །སྙིང་པོ་འདི་ནི་
གསང་མཆོག་ཡིན། །གསང་བའི་རིགས་འདིར་བཟླས་པ་ནི། །རྣལ་འབྱོར་ཉི་ཤུ་ཡང་དག་བྱུང་། །བཟླས་པ་རྣམ་པ་ཉི་ཤུ་ནི། །གསང་བའི་རྒྱུད་དུ་ཉི་ཤུ་གཅིག །གནས་ངན་ལེན་གྱི་བག་ཆགས་རྟོགས། །རྟོག་པ་བག་ཆགས་ཞེས་བྱ་སྟེ། །བཟླས་པ་ཙམ་
གྱིས་ཐིམ་འགྱུར་ཏེ། །བཟླས་པ་ཙམ་གྱིས་བརྗོད་པར་བྱ། །ཉེས་པ་བྱས་པ་སྤོང་བ་དང་། །དེ་བཞིན་སྲིད་པ་སྦྱོང་བྱེད་ཅིང་། །རྨད་བྱུང་སྣ་ཚོགས་མཐོང་འགྱུར་ཏེ། །དེ་བས་བཟླས་པ་བརྗོད་པར་བྱ། །བྱང་ཆུབ་སྤྱོད་པ་འབྱུང་འགྱུར་ཞིང་། །ཚུལ་མཆོག་མཐོང་
བར་འགྱུར་བ་སྟེ། །དེ་བས་བཟླས་པའི་ཆོ་ག་ནི། །རྣལ་འབྱོར་པས་ནི་ངེས་པར་བྱ། །གསང་བ་ཆེན་པོའི་རྒྱུད་འདི་རུ། །ཧཱུྃ་ནི་དང་པོར་རབ་ཏུ་བསྒྲགས། །གསང་བ་ཐམས་ཅད་ཡང་དག་འབྱུང་། །ཧཱུྃ་གིས་བཟླས་པ་བརྗོད་པར་བྱ། །སངས་རྒྱས་ཀུན་གྱི་གཙོ་བོ་ནི། །
དེ་བཞིན་ཡི་གེ་ཧཱུྃ་རབ་མཆོག །གསང་བ་ཐམས་ཅད་འཁོར་ལོར་བཅས། །རིགས་ལྔ་དག་དང་བཅས་པ་འབྱུང་། །འདིར་ནི་ཡི་གེ་ཧཱུྃ་འབྱུང་བར། །སྔོན་ལ་ཤེས་རབ་ཅན་གྱིས་བརྟག །ལྕེ་སོགས་ཐམས་ཅད་ཁོང་སྟོང་དུ། །ལུས་ཀུན་ལ་ནི་བརྟག་པར་བྱ། །

སྦྱོར་བ་བཅུ་ལས་འབྱུང་མི་འགྱུར། །སོ་ལས་རྣམ་པ་ཀུན་དུ་མིན། །ལྕེ་དང་རྩ་བ་ལས་ཀྱང་མིན། །རྐན་ལས་རྣམ་པ་ཀུན་དུ་མིན། །གནས་གང་ལས་ནི་སྦྱོར་བ་འབྱུང་། །སྙིང་ག་ཉིད་ལས་འབྱུང་མི་འགྱུར། །ཁོང་སྟོང་དངོས་པོ་ཐམས་ཅད་ལ། །
སྐྱེ་བ་ཉིད་ནི་སྣང་མི་འགྱུར། །ཡི་གེ་ཧཱུྃ་གི་སྦྱོར་བ་ཡིས། །རང་གི་དབྱིངས་ལ་ཡང་དག་སྦྱར། །དེ་ཉིད་ཉོན་མོངས་ཅན་མི་འགྱུར། །ཀུན་གཞི་ས་བོན་ཐམས་ཅད་པ། །རྐན་དང་ལྐོག་མའི་འབད་པ་དང་། །ལྕེ་ཡི་ཚོགས་ལས་ཡང་དག་འབྱུང་། །ཡི་གེ་ཧཱུྃ་གི་སྒྲ་བྱུང་
བ། །དེ་ནི་མི་རྟོག་ཡང་དག་བྱུང་། །དེ་ལྟར་འབྱུང་བའི་སྦྱར་བ་ལས། །གནས་ཀྱི་ཉོན་མོངས་ཅན་མི་འགྱུར། །ཚིག་དང་བཅས་པའི་ཇི་བཞིན་སྒྲ། །འདུས་བྱས་ཐམས་ཅད་དོར་བར་བྱ། །ཇི་བཞིན་ཧཱུྃ་གི་སྦྱོར་བ་ལས། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད། །
རྣམ་པར་རྟོག་ལས་ཡང་དག་བྱུང་། །དེ་ནི་མི་རྟོག་ཡང་དག་འབྱུང་། །འཁོར་བ་དག་གི་ཐོག་མ་ནི། །ཇི་ལྟར་ཡང་ནི་ཤེས་མི་འགྱུར། །འདིར་ནི་སྐྱེ་བ་མི་སྣང་ཞིང་། །འདུས་བྱས་དག་ནི་འཇིག་པ་མིན། །དེ་བས་ཡི་གེ་ཧཱུྃ་ཙམ་གྱིས། །འདུས་བྱས་སོ་སོར་བརྟག་པར་
བྱ། །དག་ཅིང་མཐར་ཐུག་གནས་ཉིད་ནི། །ཧཱུྃ་གིས་ཀྱང་ནི་སྦྱར་བར་བྱ། །རང་བཞིན་མེད་པའི་སྒྲ་འདི་ནི། །ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །འདི་ལ་དངོས་པོ་ཡོད་མ་ཡིན། །རང་བཞིན་མེད་ཅིང་བདག་མེད་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་
ཉིད་ནི་ཡོད་མ་ཡིན། །བདག་གམ་སེམས་ཅན་གསོ་བ་མེད། །གཟུང་དང་འཛིན་པ་རྣམ་པར་སྤང་། །ཟག་པ་མེད་ཅིང་འདུས་བྱས་མིན། །གནས་ནི་དག་པ་བརྟན་པར་བྱ། །དངོས་གྲུབ་སྦྱོར་བའི་ཡེ་ཤེས་ཀྱིས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དེ་ལྟ་བུ་ཡི་
སྦྱོར་བ་ཡིས། །ཡི་གེ་ཧཱུྃ་ནི་ཡང་དག་འབྱུང་། །ཡེ་ཤེས་དག་པ་ཡང་དག་འབྱུང་། །ཆོས་ཀྱི་དབྱིངས་ཀྱིས་བརྟན་པར་བྱ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་ཡང་། །འདིར་ནི་ཉེ་བར་མི་དམིགས་ཏེ། །གང་ཕྱིར་དུས་གསུམ་གཤེགས་སྙིང་པོ། །སངས་རྒྱས་སྙིང་པོ་

ཚོགས་སུ་བཤད། །སངས་རྒྱས་སྲས་བཅས་ཐམས་ཅད་དང་། །རྡོ་རྗེ་ཅན་ནི་རྒྱལ་སྲས་བཅས། །ཧཱུྃ་ཙམ་གྱི་ནི་སྦྱོར་བ་ཡིས། །ཀུན་དུ་ཡང་དག་དགུག་པར་བྱ། །ཡི་གེ་སྦྱོར་བ་གཅིག་གིས་ནི། །སངས་རྒྱས་ཀུན་གྱི་སྙིང་པོ་བརྟན། །གང་ཕྱིར་རྡོ་རྗེ་འཛིན་རྒྱལ་པོ། །
འདི་ནི་རང་གི་སྦྱོར་བས་གནས། །ཆོས་ཀྱི་རྒྱུ་མཐུན་བག་ཆགས་ནི། །བྱང་ཆུབ་སེམས་ནི་མ་རྟོགས་པར། །ཐོག་མ་མེད་ལྡན་འཁོར་བ་ལས། །འབྱུང་བ་ཅུང་ཟད་ཡོད་མ་ཡིན། །ཉན་ཐོས་དང་ནི་རང་རྒྱལ་དང་། །བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ནི། །བྱང་ཆུབ་ཀྱི་ནི་
སེམས་མེད་པར། །འགས་ཀྱང་མྱ་ངན་འདའ་མི་ནུས། །གལ་ཏེ་སངས་རྒྱས་འབྱུང་མེད་ན། །ཉན་ཐོས་དག་ནི་ག་ལས་བྱུང་། །སངས་རྒྱས་འབྱུང་བ་ཡོད་མིན་ན། །རང་རྒྱལ་དེ་ནི་འབྱུང་མི་འགྱུར། །གལ་ཏེ་བྱང་ཆུབ་སེམས་དཔའ་མེད། །སངས་རྒྱས་རྣམས་ནི་གང་
ལས་འབྱུང་། །གལ་ཏེ་བྱང་ཆུབ་སེམས་མེད་ན། །དེ་བས་འཁོར་ལོ་འདི་ཀུན་ནི། །བྱང་ཆུབ་སེམས་ལས་ཡང་དག་བྱུང་། །བྱང་སེམས་གསང་བ་ཆེན་པོ་ནི། །ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །སངས་རྒྱས་ཐམས་ཅད་རབ་འབྱུང་བ། །ཡི་གེ་ཧཱུྃ་གི་སྣང་བར་འགྱུར། །གང་ཕྱིར་
མཚན་ལྡན་གཟུགས་ཅན་ནི། །རྟག་ཏུ་སངས་རྒྱས་རབ་འབྱུང་བ། །ཧཱུྃ་ཡིག་གི་ནི་སྦྱོར་བ་ཧཱུྃ། །དེ་ཉིད་རྡོ་རྗེ་ཡང་དག་བྱུང་། །ཆོས་དབྱིངས་རབ་སྦྱོར་རྡོ་རྗེ་ནི། །དེ་ལས་ཡང་དག་འབྱུང་བར་འགྱུར། །དེ་ལས་རྡོ་རྗེ་རྣལ་འབྱོར་ཆེ། །རྣལ་འབྱོར་དབང་ཕྱུག་བླ་ན་མེད། ཐེ་ཚོམ་མེད་པར་རྣལ་འབྱོར་ཀུན། །
ཡི་གེ་ཧཱུྃ་གི་སྦྱོར་བས་འགྲུབ། །དེ་ལྟ་བུ་ཡི་བཟླས་པ་ཡིས། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་ནི། །སྔོན་ནི་བསྔོ་བ་མཛད་པ་ལྟར། །རྣལ་འབྱོར་ལས་བྱས་དགེ་བ་བསྔོ། །བྱང་ཆུབ་སེམས་དཔའི་མཐུ་ཡིས་ནི། །རང་གི་སེམས་ཀྱང་བསྔོ་བར་བྱ། །རྡོ་རྗེ་ཆེན་པོ་མཐར་ཕྱིན་བྱེད། །
བྱང་ཆུབ་སེམས་ཀྱིས་བསྒྲལ་བར་བྱ། །ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཆེ། །སེམས་ཅན་ཐམས་ཅད་གོས་པ་མེད། །ཐམས་ཅད་དེ་བཞིན་གཤེགས་སྙིང་པོ། །ཉོན་མོངས་འདམ་གྱིས་གོས་པ་མེད། །ཇི་ལྟར་ཟླ་བ་བཞིན་དུ་དག །ཟླ་བ་གང་བའི་འོད་གསལ་བ། །རྟག་ཏུ་

ཡང་དག་རྫོགས་པར་གནས། །རབ་ཏུ་དང་བ་འགྲུབ་པར་འགྱུར། །འདི་ནི་དང་པོ་ཆོས་ཡེ་ཤེས། །དེ་བཞིན་གཤེགས་པའི་སྙིང་པོ་ཡིན། །རྟག་ཏུ་དག་པར་གནས་པ་སྟེ། །རང་གི་ཉོན་མོངས་དག་གིས་བསྒྲིབས། །དེ་བས་རང་སེམས་རྣམ་པ་ནི། །ཟླ་བ་གང་
བར་ཤེས་པར་བྱ། །བདག་ནི་འགའ་ཡང་ཡོད་མ་ཡིན། །ཆོས་ཉིད་འདི་ནི་རྒྱལ་བས་ཤེས། །ཡེ་ཤེས་ཟླ་བ་གང་བ་མིན། །གང་ཕྱིར་བདག་ནི་ཡོད་མ་ཡིན། །ཟླ་བ་གང་བ་དང་མཚུངས་རིགས། །གང་ཕྱིར་དག་ཅིང་གོས་པ་མེད། །སངས་རྒྱས་ཡེ་ཤེས་སྐྱོན་མེད་པ། །ཟླ་བའི་སྦྱོར་བས་
བསྒོམ་པར་བྱ། །མཐོང་ནས་ཤེས་རབ་ཅན་གྱིས་བསམ། །འདི་ཡང་གང་གིས་རྟོགས་པར་འགྱུར། །ཡུན་རིང་དུས་སུ་སྡུག་བསྔལ་བའི། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཉོན་མོངས་པ་ཡི་བག་ཆགས་ཀུན། །དེ་བཞིན་སྦྱོང་བར་བྱེད་པར་བསམ། །བྱང་ཆུབ་
སེམས་ནི་སེམས་ཆེན་པོ། །ཉོན་མོངས་ཐམས་ཅད་འཇོམས་བྱེད་པ། །ཆོས་ཀྱི་རྒྱུ་མཐུན་བག་ཆགས་ཀྱི། །གཉེན་པོ་རུ་ནི་བྱུང་བ་ཡི། །དེ་བས་འདི་ཡི་མཐུ་ཡིས་ནི། །སངས་རྒྱས་ཡེ་ཤེས་རྣམ་པར་སྤྱོད། །གནས་ངན་ལེན་ནི་བག་ཆགས་བཅས། །འདོད་པའི་འདམ་གྱིས་
གོས་པ་མེད། །ཉི་མ་ལྟ་བུའི་སེམས་ཆེན་པོ། །ཉོན་མོངས་རྩ་ནི་རབ་སྲེག་བྱེད། །ཟླ་བ་ལྟ་བུའི་སེམས་ཆེན་པོ། །དགེ་བའི་སྨན་ནི་རྣམ་འཕེལ་བྱེད། །སོས་ཀའི་ཚ་བའི་ཟླ་བ་བཞིན། །ཉི་མའི་གདུང་བ་རབ་སྲེག་བྱེད། །ཤར་བར་གྱུར་པས་ཞི་བར་བྱེད། །གདུང་བ་
ཐམས་ཅད་ཞི་བར་བྱེད། །ཉོན་མོངས་གདུང་བས་མ་གདུངས་ཤིང་། །མི་ཤེས་པ་ལ་ཉི་མ་ཉིད། །བྱང་ཆུབ་སེམས་ནི་ཟླ་བ་ཆེ། །ཉོན་མོངས་གདུང་བ་ཞི་བྱེད་པར། །ཀུན་ནས་ཉོན་མོངས་བག་ཆགས་བཅས། །གནས་ངན་ལེན་ནི་འཇོམས་པའི་མཆོག །ཁབ་ལེན་
གྱིས་ནི་ལྕགས་བཞིན་དུ། །ཉོན་མོངས་བག་ཆགས་འདྲེན་བྱེད་པ། །རྡོ་རྗེའི་རང་བཞིན་རྣལ་འབྱོར་པས། །བྱང་ཆུབ་སེམས་དེ་བསྒོམ་བར་བྱ། །ཟླ་བའི་དཀྱིལ་འཁོར་གནས་དེ་རུ། །སླར་ཡང་ཟླ་བ་རྣམ་པར་བསྒོམ། །བྱང་ཆུབ་སེམས་ཀྱི་མཐུ་ཡིས་ནི། །བག་

ཆགས་ཐམས་ཅད་སྲེག་བྱེད་པ། །ཡེ་ཤེས་དེ་རུ་འབྱུང་འགྱུར་ཏེ། །གཟུང་བ་དང་ནི་འཛིན་པ་སྤངས། །རྣམ་པར་མི་རྟོག་མཚུངས་མེད་པ། །བདག་མེད་དེ་བཞིན་སྟོང་པ་ཉིད། །མི་ཤེས་རི་བོ་འཇོམས་པར་བྱེད། །རྡོ་རྗེ་དང་མཚུངས་ཁོང་སྟོང་མེད། །རྡོ་རྗེའི་རང་བཞིན་
སྙིང་པོ་ཆེ། །འཇིག་ཚོགས་རི་བོ་བརྟན་པ་ནི། །རྡོ་རྗེ་དེས་ནི་འཇོམས་པར་བྱེད། །དེ་ཕྱིར་རྡོ་རྗེའི་རང་བཞིན་བསྟན། །དེ་བས་རྡོ་རྗེའི་རྣལ་འབྱོར་བས། །ཟླ་བའི་དབུས་སུ་ཟླ་བ་མཚུངས། །ཟླ་བ་གཉིས་དབུས་རྡོ་རྗེ་ཡིས། །རྡོ་རྗེའི་ཡེ་ཤེས་བརྟན་པར་བྱ། །སྟོང་ཉིད་དེ་བཞིན་ཉིད་
དེ་ཉིད། །ཡང་དག་མཐའ་དང་འདུས་མ་བྱས། །སྐྱེ་བ་མེད་ཅིང་འགག་པ་མེད། །ཡི་གེ་ཧཱུྃ་ནི་བསྒོམ་པར་བཤད། །ཆོས་ཀྱི་དབྱིངས་ནི་བརྟན་པ་མཆོག །ནམ་མཁའི་དབྱིངས་དང་མཚུངས་པ་ནི། །ཟླ་བའི་དབུས་སུ་བསྒོམ་པར་བྱ། །ཧཱུྃ་གི་སྦྱོར་བ་དེ་ཡིས་ནི། །རྡོ་རྗེའི་
མཆོག་ནི་བསྒོམ་པར་བྱ། །ལུས་ཀུན་ལ་ནི་སྤྲོ་བྱ་ཞིང་། །སྟོང་པ་ཉིད་དང་མཚུངས་པར་སྤྲོས། །གཟུགས་འདི་ཉིད་ནི་མིང་ཙམ་སྟེ། །དངོས་པོ་འགའ་ཡང་ཡོད་མ་ཡིན། །ཆ་ཤས་ཀྱིས་ནི་རྣམ་དཔྱད་ན། །གཟུགས་ཞེས་བྱ་བ་ཡོད་མ་ཡིན། །དེ་དག་ཕྲ་རབ་རྣམ་བརྟགས་
ཀྱང་། །ཕྲ་རབ་ཞེས་བྱ་ཡོད་མ་ཡིན། །འཇིག་རྟེན་ཀུན་རྫོབ་ཅེས་བྱ་སྟེ། །དམ་པའི་དོན་དུ་ཡོད་མ་ཡིན། །དེ་ལྟ་བུ་ཡི་རང་བཞིན་དུ། །གཟུགས་ཞེས་བྱ་བ་ཡོད་མ་ཡིན། །གཟུགས་དེ་ཡོད་པ་མ་ཡིན་ན། །ཇི་ལྟར་ཡོད་ཅེས་བྱ་བ་ཡིན། །གལ་ཏེ་གཟུགས་དེ་ཡོད་
མིན་ན། །མིང་ཡང་དེ་ལ་ཡོད་མ་ཡིན། །མིང་ནི་གང་ལས་ཡང་དག་བྱུང་། །མིང་ཞེས་བྱ་བ་ཅི་འདྲ་བར། །དངོས་ཞེས་བྱ་བ་དེ་དང་མཚུངས། །མིང་དེས་སོ་སོར་བརྟགས་བྱས་ན། །གནས་གང་ཞིག་ན་རབ་ཏུ་གནས། །དངོས་པོ་གཅིག་ནི་རྣམ་ཕྱེ་ན། །མིང་ནི་མང་པོ་ཡང་
དག་བྱུང་། །རེ་རེ་ཡི་ནི་དབྱེ་བ་ཡིས། །སྔར་གྱི་མིང་ནི་ཉམས་པར་འགྱུར། །དེ་ལ་མིང་ནི་ཡོད་མིན་པ། །མིང་ནི་ཡང་དག་འབྱུང་བ་མེད། །གང་ལ་མིང་ནི་ཡོད་མིན་ན། །ཇི་ལྟར་མིང་དུ་བརྗོད་པར་བྱ། །གང་གིས་མིང་ནི་རབ་གནས་པ། །རྣམ་པ་ཀུན་དུ་དམིགས་མི་འགྱུར། །

གཟུགས་ནི་ཉེ་བར་མི་དམིགས་ལ། །དེ་ལ་གཟུགས་ནི་ཇི་ལྟར་ཡོད། །འདི་ནི་ཡང་དག་མི་རྟོག་པ། །བག་ཆགས་དག་གིས་ཀུན་ནས་དཀྲིས། །གང་དུ་བྱིས་པ་རབ་རྨོངས་ཤིང་། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཇི་ལྟར་གཟུགས་ནི་རྣམ་བསྒོམ་པ། །དེ་
བཞིན་ཚོར་དང་འདུ་ཤེས་དང་། །སོ་སོ་རུ་ནི་རྣམ་ཕྱེ་ན། །དེ་ལ་སྙིང་པོ་དམིགས་མི་འགྱུར། །གང་ལ་སྙིང་པོ་ཡོད་མིན་པ། །དེ་ལ་དངོས་པོ་ཇི་ལྟར་ཡོད། །གང་ལ་དངོས་པོ་མི་དམིགས་པ། །དམ་པའི་དོན་ནི་ཇི་ལྟར་ཡོད། །གང་ཞིག་བསྟན་པར་མི་དམིགས་པ། །དེ་ནི་ཡོད་
མིན་དངོས་པོར་མེད། །ཆོས་རྣམས་ཐམས་ཅད་མེད་པས་ན། །སྐྱེ་བ་མེད་པར་བརྗོད་པར་བྱ། །གང་ཞིག་མ་སྐྱེས་དེ་ཡོད་མིན། །གང་ཞིག་ཡོད་མིན་ཇི་ལྟར་ཡོད། །མཁས་པས་ཆོས་རྣམས་ཐམས་ཅད་ནི། །འགག་པ་མེད་ཅེས་བྱ་བར་བརྗོད། །སྐྱེ་བ་མེད་ཅིང་འགག་པ་
མེད། །དེ་ནི་གཟོད་ནས་ཞི་བར་འདོད། །དེ་ཕྱིར་རང་བཞིན་མྱ་ངན་འདས། །འདི་ནི་སྟོང་པ་ཉིད་དུ་བརྗོད། །འདི་ནི་ཡང་དག་དེ་ཉིད་ཆེ། །ཡང་དག་མཐའ་རུ་བརྗོད་པར་བྱ། །ཆོས་ཀྱི་དབྱིངས་ནི་སྙིང་པོ་ཆེ། །ཐེག་པ་ཆེན་པོར་བརྗོད་པར་བྱ། །དེ་ནི་སྙིང་པོ་ཁོང་སྟོང་མེད། །རྡོ་རྗེའི་
བསྟན་པ་བླ་ན་མེད། །ལུས་ཀུན་ལ་ནི་སྤྲོ་བྱ་སྟེ། །བདག་གི་ལུས་ནི་འདི་ལྟ་བུ། །རྡོ་རྗེའི་བདག་ཉིད་ཅེས་བྱ་གང་། །ཡི་གེ་ཧཱུྃ་ནི་ཡོངས་སུ་སྤྲོ། །བསྒོམ་པའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཉིད་ནི་འགྲུབ་པར་འགྱུར། །འདི་འདྲའི་ཆོས་ནི་སྐྱེ་བ་མེད། །འདིར་ཡང་འབྱུང་བ་
སྣང་བ་མེད། །ཧཱུཾ་ཞེས་བྱ་བའི་སྦྱོར་བ་ཡིས། །སྐྱེ་བར་ཡང་ནི་སྣང་མི་འགྱུར། །ཆོས་ཉིད་དག་པ་བདེན་པ་གང་། །ཡང་དག་མཐའ་ནི་ཟག་པ་མེད། །ཆོས་དབྱིངས་བརྟན་པ་དམ་པ་ནི། །ཡི་གེ་ཧཱུྃ་དུ་འདིར་རབ་བསྒྲགས། །རྡོ་རྗེ་ཡི་གེ་ཧཱུྃ་དེ་ཉིད། །ཆོས་དབྱིངས་
སྟུག་པོ་བསྟན་པ་ཡིན། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །རྡོ་རྗེ་གང་ཡིན་དེ་ཉིད་ཧཱུྃ། །ཆོས་ཉིད་དག་པ་འདི་ལྟ་བུ། །རྡོ་རྗེ་ཡེ་ཤེས་ཡིད་འོང་བ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །རྡོ་རྗེ་བདག་གི་ལག་ན་གནས། །དེ་བས་རྡོ་རྗེ་ཅན་ཀུན་གྱི། །གསང་བའི་རྣལ་

འབྱོར་ཐམས་ཅད་དང་། །ཡི་གེ་ཧཱུྃ་ལ་སྦྱོར་བ་ཡིས། །སྤྲོས་མེད་རྣལ་འབྱོར་བསམ་པར་བྱ། །ཟླ་བའི་དཀྱིལ་འཁོར་དམ་པ་ནི། །སྙིང་གའི་དབུས་སུ་བསྒོམ་པར་བྱ། །ཟླ་བ་དེ་ལ་ཟླ་བ་གཉིས། །དབུས་སུ་ཟླ་བ་རབ་བསྒོམ་བྱ། །ཟླ་བའི་དབུས་སུ་རྡོ་རྗེ་ནི། །མཁས་པ་
ཡིས་ནི་བསྒོམ་པར་བྱ། །རྡོ་རྗེའི་དབུས་སུ་ཡི་གེ་ཧཱུྃ། །སངས་རྒྱས་བྱང་ཆུབ་རབ་བསྒོམ་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །ལུས་ཀུན་རབ་ཏུ་བསྒོམ་པར་བྱ། །རྡོ་རྗེ་ཧཱུྃ་མཛད་བཟླས་པ་ཡིས། །རྡོ་རྗེའི་བདག་ཉིད་མྱུར་དུ་ཐོབ། །ཧཱུྃ་རྡོ་རྗེ་ཧཱུྃ་མཛད་བསྒོམ་པ་རྫོགས་སོ།། །།
ཧཱུྃ་གི་སྦྱོར་བ་ཇི་བཞིན་དུ། །ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །སེམས་དཔའ་ཆེན་པོའི་སྦྱོར་བ་ཡིས། །ཡི་གེ་བཅུ་དྲུག་དག་པ་ཡིན། །སངས་རྒྱས་ཀུན་གྱི་ཡི་གེ་ཧཱུྃ། །གང་ཕྱིར་སངས་རྒྱས་རིགས་བྱུང་བ། །རྡོ་རྗེ་ཅན་དག་ཀུན་གྱི་ཧཱུྃ། །དྲག་པོ་གཅོད་ཀུན་རབ་ཏུ་བསྒོམ། །
ཨོཾ་ནི་རིན་ཆེན་ཡང་དག་ལྡན། །ཧྲཱི་ནི་པདྨར་ཡང་དག་ལྡན། །ཡི་གེ་ཨ་ནི་སྣ་ཚོགས་བརྗོད། །དེ་ལྟ་བུར་ཡང་བསྒོམ་པར་བྱ། །ཧཱུྃ་ནི་སངས་རྒྱས་རྡོ་རྗེ་དག །ཏྲཱྃ་ནི་རྡོ་རྗེ་སྙིང་པོ་སྟེ། །ཡི་གེ་ཧྲཱིཿ ནི་རྡོ་རྗེ་བསྟན། །སྣ་ཚོགས་རྡོ་རྗེ་ཡི་གེ་ཨ། །ཧཱུྃ་ནི་རྡོ་རྗེ་སེམས་དཔའ་སྟེ། །རྡོ་རྗེ་རྒྱལ་
པོ་ཡི་གེ་ཛ། །ཧོ་ནི་རྡོ་རྗེ་ཆགས་པ་སྟེ། །རྡོ་རྗེ་ལེགས་པ་ཡི་གེ་ས། །ཨོཾ་ནི་རྡོ་རྗེ་རིན་ཆེན་ཏེ། །རྡོ་རྗེ་གཟི་བརྗིད་ཡི་གེ་ཨ། །ཏྲཱྃ་ནི་རྡོ་རྗེ་རྒྱལ་མཚན་ཏེ། །རྡོ་རྗེ་བཞད་པ་ཡི་གེ་ཧ། །ཡི་གེ་ཧྲཱིཿནི་རྡོ་རྗེ་སྤྱན། །རྡོ་རྗེ་རྣོན་པོ་ཡིག་དྷོཾ། །ཨོཾ་ནི་རྡོ་རྗེ་འཁོར་ལོ་སྟེ། །རྡོ་རྗེ་སྨྲ་བ་ཡི་གེ་ས། །
ཡི་གེ་ཀཾ་ནི་རྡོ་རྗེ་ལས། །རྡོ་རྗེ་བསྲུང་བ་ཡི་གེ་ཧྃ། །ཧཱུཾ་ནི་རྡོ་རྗེ་གནོད་སྦྱིན་ཏེ། །རྡོ་རྗེ་ཁུ་ཚུར་ཡི་གེ་པྃ། །གང་དང་གང་ལ་འདོད་པ་ཉིད། །སྙིང་གར་དེ་བཞིན་བསྒོམ་པར་བྱ། །ཡི་གེ་ཧཱུྃ་ནི་རྣལ་འབྱོར་པ། །དེ་ནི་མྱུར་དུ་འགྲུབ་པར་འགྱུར། །ཉི་ཤུ་རྩ་གཅིག་བཟླས་པ་ཡིས། །
གཟུགས་གཅིག་རྣམ་པར་སྤྲོ་བར་བྱ། །ཡི་གེ་ཧཱུྃ་བཟླས་ཙམ་གྱིས་ནི། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །རང་བདག་ཉིད་ནི་བསྒོམ་པར་བྱ། །བདག་ཉིད་རྡོ་རྗེའི་གཟུགས་སུ་སྟེ། །རྡོ་རྗེ་གཅིག་ནི་རྣམ་པར་བསྒོམ། །རྡོ་རྗེའི་

དབུས་ཀྱི་ལྟེ་བར་ནི། །དེ་རུ་ཡི་གེ་ཧཱུྃ་བསྒོམ་བྱ། །ཐེག་པ་ཆེན་པོ་མངོན་པར་བསྡུས། །ཇི་བཞིན་མདོ་ཡི་རྗེས་འབྲངས་ནས། །ཇི་བཞིན་རྒྱལ་པོ་སྐྱེས་བུར་བཅས། །ཡི་གེ་ཧཱུྃ་ནི་དང་པོར་བཅས། །དེ་བཞིན་ཡིད་ཀུན་རྣལ་འབྱོར་པས། །སྙིང་ག་རུ་ནི་བསྒོམ་
པར་བྱ། །བདག་ཉིད་རྡོ་རྗེའི་གཟུགས་སུ་སྟེ། །དབུས་སུ་ཡི་གེ་ཧཱུྃ་བསྒོམ་བྱ། །དེ་བཞིན་ཡི་གེ་ཐམས་ཅད་ཀྱང་། །རྣལ་འབྱོར་པས་ནི་སྙིང་གར་བསྒོམ། །ཟླ་བའི་གཟུགས་ལས་ཡང་དག་གནས། །བདག་ཉིད་ཡོངས་སུ་བསྒོམ་བྱ་ཞིང་། །རིགས་ཀྱི་ལྷ་ཡི་སྦྱོར་བ་ཡིས། །རང་
བདག་ཉིད་ནི་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་གང་འགའ་ཞིག །གང་དང་གང་ཞིག་མངོན་འདོད་པ། །རིགས་པ་དེ་ནི་སྙིང་གར་བསྒོམ། །ཡི་གེ་ཧཱུྃ་ནི་དང་པོར་སྦྱར། །གང་ཕྱིར་དེ་ལས་རྟོགས་པ་འབྱུང་། །དེ་བཞིན་ཡིད་ཀུན་རྣལ་འབྱོར་པས། །སྙིང་གར་བསྒོམས་པས་བསྒོམ་
པར་བྱ། །ཡང་ན་ནམ་མཁའི་སྦྱོར་བ་ཡིས། །ཡི་གེ་ཧཱུཾ་ནི་དང་པོར་སྦྱར། །ནམ་མཁའི་རང་བཞིན་བསྒོམ་བྱ་ཞིང་། །ཡི་གེ་དག་ནི་ཐམས་ཅད་སྦྱར། །ཡང་ན་ནམ་མཁའི་ཟླ་དབུས་སུ། །གནས་པའི་ཡི་གེ་ཧཱུྃ་བསྒོམ་བྱ། །བདག་ཉིད་རིགས་ཀྱི་ལྷ་མོར་བསམ། །སྐད་ཅིག་
དེ་ལ་རབ་འགྲུབ་འགྱུར། །ཧཱུྃ་ནི་ཇི་སྐད་བསྟན་པ་བཞིན། །སྔགས་ཀུན་རབ་ཏུ་བསྒོམ་པར་བྱ། །རིག་པ་ཀུན་གྱི་གསང་བ་ནི། །རྒྱུད་ཀུན་ཡང་དག་བསྡུས་པ་སྟེ། །བཟླས་པའི་གསང་བ་དེས་སྤངས་པ། །གསང་བ་འདི་ནི་རྣམ་པ་དྲུག །རིག་འཛིན་རྣམས་ཀྱི་སྙིང་པོ་དང་། །རྣལ་
འབྱོར་རྒྱུད་ནི་བསྡུས་པ་དང་། །དོན་ཡོད་ཤིན་ཏུ་རྨད་འབྱུང་བ། །གསང་བ་ལས་ཀྱང་མཆོག་གསང་བཤད། །བཟླས་བརྗོད་ཙམ་གྱི་སྦྱོར་བ་ཡིས། །ལྟ་བའི་རི་བོ་འཇོམས་པར་འགྱུར། །རང་གི་སྙིང་གའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཟླ་བའི་དཀྱིལ་
འཁོར་དེ་དབུས་སུ། །ཟླ་བ་གཉིས་པ་བསྒོམ་པར་བྱ། །དབུགས་འབྱུང་རྔུབ་པ་གང་ཡིན་པ། །རྡོ་རྗེ་ཡི་གེ་ཧཱུྃ་དུ་བསྒོམ། །མེ་བསྲུབས་པ་ཡི་སྦྱོར་བ་ཡིས། །སྟེང་དང་འོག་ཏུ་རྒྱུ་བར་བྱ། །ཟླ་བའི་དཀྱིལ་འཁོར་ཡང་དག་གནས། །དབུས་སུ་ཡི་གེ་ཧྲཱིཿབསྒོམ་བྱ། །སྟེང་འོག་

འགྲོ་བ་བསྒོམ་པར་བྱ། །ཡི་གེ་ཧཱུཾ་ནི་དེ་སྦྱར་ནས། །ཇི་ལྟར་ཤིང་སྐམ་གཙུབ་སྟན་པ། །གཙུབ་ཤིང་ཡང་དག་སྦྱོར་གནས་སུ། །རྩོལ་བ་བྱས་པ་ཙམ་གྱིས་ནི། །སྐད་ཅིག་གིས་ནི་མེ་འབྱུང་བཞིན། །ཡི་གེ་ཨ་ནི་གཙུབ་སྟན་ཏེ། །ཡི་གེ་ཧཱུཾ་ནི་གཙུབ་ཤིང་ཡིན། །རྒྱུ་
བའི་རྣལ་འབྱོར་པ་ཡིས་ནི། །སྐད་ཅིག་གིས་ནི་ཡེ་ཤེས་སྐྱེ། །ཤེས་རབ་ཕ་རོལ་ཕྱིན་ཡེ་ཤེས། །ཡི་གེ་ཧྲཱིཿརུ་འདིར་བརྗོད་བྱ། །བྱང་ཆུབ་སེམས་ནི་ཡི་གེ་ཧཱུྃ། །མེ་ཡི་སྦྱོར་བས་བསྲུབ་པར་བྱ། །བསྲུབ་པའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་དམ་པ་སྐྱེ་བར་འགྱུར། །
རྡོ་རྗེ་དེ་ནི་བསྲེག་བྱ་སྟེ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །བྷ་ག་སངས་རྒྱས་ཀུན་ཤེས་རབ། །ལིང་ག་རྡོ་རྗེ་བརྗོད་པར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །བྷ་ག་ལིང་གར་རབ་ཏུ་བསྒྲུབ། །བྷ་གར་ལིང་ག་བཅུག་ནས་ནི། །མདོ་སྡེ་གསང་དབང་ལས་གསུངས་སོ། །བྷ་གའི་སྦྱོར་བ་འདི་ཡིས་ནི། །མཁས་པས་
ལིང་ག་གཞུག་པར་བྱ། །གསང་བ་གཟི་བརྗིད་ཆེན་པོ་འདི། །མི་བསྲུབ་པ་ཡི་སྦྱོར་བ་ཡིས། །འགའ་ཞིག་གིས་ནི་འདི་བསྒྲུབས་ན། །སྐད་ཅིག་གིས་ནི་ཡེ་ཤེས་སྐྱེ། །བཟླས་པ་གསང་བ་རྣམ་པ་བདུན་རྫོགས་སོ།། །།སྦས་པ་གསང་བ་རྒྱུད་ཆེན་པོ། །འདི་ཉིད་རྣལ་
འབྱོར་ཀུན་དུ་བསྡུས། །འདི་ཉིད་ཆེན་པོ་བསྡུས་པ་ནི། །དེ་ནི་གཞན་ཡང་རབ་བཤད་བྱ། །ཟླ་བ་གང་བ་ཡང་དག་གནས། །བདག་ཉིད་རྡོ་རྗེ་བསྒོམ་པར་བྱ། །དེ་ཡི་དབུས་སུ་རྡོ་རྗེ་སྟེ། །རྡོ་རྗེ་རིགས་ཀྱི་བཟླས་པ་བྱ། །ཟླ་བ་གང་བ་ལ་གནས་པར། །བདག་ཉིད་པདྨར་བསྒོམ་
པར་བྱ། །དེ་ཡི་དབུས་སུ་པདྨ་དེ། །པདྨའི་རིགས་ཀུན་བཟླས་པར་བྱ། །ཟླ་བ་གང་བ་ལ་གནས་པར། །བདག་ཉིད་ནོར་བུར་བསྒོམ་པར་བྱ། །དེ་ཡི་དབུས་སུ་རིན་ཆེན་དང་། །རིན་ཆེན་རིགས་ཀྱི་བཟླས་པར་བྱ། །བདག་ཉིད་རྡོ་རྗེ་གཅིག་པུ་ནི། །རྡོ་རྗེ་ནོན་པོར་རབ་ཏུ་བསྒོམ། །
དེ་ཡི་ལས་ཀྱི་རིགས་མཆོག་ལ། །ལས་ཀྱི་རིགས་ཀུན་བཟླས་པར་བྱ། །སངས་རྒྱས་རྗེས་དྲན་ནས་བརྩམས་ཏེ། །སངས་རྒྱས་གཟུགས་སུ་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །སངས་རྒྱས་རིགས་ཀུན་བཟླས་པར་བྱ། །རྡོ་རྗེ་སེམས་དཔའི་གཟུགས་ཆེན་པོ། །

སེམས་དཔའ་གཅིག་ནི་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །རྡོ་རྗེ་རིགས་ཀུན་བཟླས་པར་བྱ། །པདྨའི་སེམས་དཔའ་ཆེན་པོའི་གཟུགས། །འཇིག་རྟེན་དབང་ཕྱུག་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །པདྨའི་རིགས་ཀུན་
བཟླས་པར་བྱ། །ནོར་བུ་རིན་ཆེན་སྐལ་བ་ཆེ། །རྡོ་རྗེ་རིན་ཆེན་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །རིན་ཆེན་རིགས་ཀུན་བཟླས་པར་བྱ། །སེམས་དཔའ་ཆེན་པོ་རྡོ་རྗེ་ལས། །སེམས་དཔའི་གཟུགས་ནི་རྣམ་པར་བསྒོམ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །ལས་
ཀྱི་རིགས་ཀུན་བཟླས་པར་བྱ། །བདེན་པ་དམ་ཚིག་མཆོག་གྱུར་པ། །སངས་རྒྱས་ཐམས་ཅད་རབ་གྲོལ་བྱེད། །ཐོས་པ་ཙམ་གྱིས་ཐབས་ཆེན་པོ། །ཡང་ན་སྙིང་གར་རྡོར་རང་བཞིན། །སྣ་ཚོགས་བདག་པོ་བཟླས་བརྗོད་མཚུངས། །ཤེས་རབ་ཅན་གྱིས་གང་བསམས་པ། །ཕུན་
སུམ་ཚོགས་ཀུན་བདེ་བར་ཐོབ། །གསང་བ་ཡང་དག་བཤད་པར་བྱ། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་བྱ། །དེ་ཡི་ཐུགས་ཀར་འཇུག་བྱ་ཞིང་། །ཡིད་ཀྱིས་ཐམས་ཅད་བཅུག་ནས་ནི། །དེ་ཡི་སྐུ་ནི་མཚུངས་བར་སྤྲོ། །དེ་ཡི་ཐུགས་ཀའི་དབུས་སུ་ནི། །རྡོ་རྗེའི་རིགས་
ནི་རབ་ཏུ་བཤད། །ཇི་བཞིན་སྔོན་གྱི་རྗེས་འབྲངས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །དེ་བཞིན་གཤེགས་པའི་རིགས་བཟླས་ན། །ཐེ་ཚོམ་མེད་པར་སངས་རྒྱས་ཀུན། །སྐད་ཅིག་དེ་ཉིད་ཀྱིས་འགྲུབ་འགྱུར། །རྡོ་རྗེའི་མདའ་ནི་
ཞི་བ་འདི། །འདི་ལྟ་བུ་ཡི་གཟུགས་བསྒོམ་བྱ། །དེ་ཡི་ཐུགས་ཀར་ཞུགས་ནས་ནི། །རྡོ་རྗེའི་གར་དང་མཚུངས་པར་བསྒོམ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེའི་རིགས་ཅན་ཐམས་ཅད་ནི། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །ཡེ་ཤེས་བཟླས་པས་འགྲུབ་པར་འགྱུར། །
པདྨའི་སེམས་དཔའ་བསྒོམ་བྱ་ཞིང་། །ཐུགས་ཀར་ཇི་བཞིན་འཇུག་པར་བྱ། །སྣ་ཚོགས་ཐབས་ནི་རབ་བསྒོམས་ན། །པདྨའི་རིགས་ཅན་འགྲུབ་པར་འགྱུར། །རྡོ་རྗེ་རིན་ཆེན་བསྒོམ་བྱ་ཞིང་། །ཐུགས་ཀར་ཇི་བཞིན་འཇུག་པར་བྱ། །རིན་ཆེན་མཛོད་ནི་བཅུག་ནས་སུ། །

ཡང་དང་ཡང་དུ་སྤྲོ་བར་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །རྡོ་རྗེ་རིན་ཆེན་དགའ་ཆེན་པོ། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །སྟོང་གསུམ་གྱི་ནི་འཇིག་རྟེན་འདིར། །རྡོ་རྗེ་ལས་སུ་རྣམ་པར་བསམ། །དེ་ཡི་ཐུགས་ཀར་ཞུགས་
ནས་ནི། །སྣ་ཚོགས་རྣམ་འཕྲུལ་སྤྲོ་བར་བྱ། །དེ་ལྟ་བུ་ཡི་སྦྱོར་བ་ཡིས། །སྣ་ཚོགས་མཛོད་ནི་རབ་སྤྲོས་ནས། །ཐེ་ཚོམ་མེད་པར་དངོས་གྲུབ་ཀུན། །བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར། །ཤིན་ཏུ་གསང་བ་འདི་ལྔ་ནི། །བཟླས་པ་གསང་བ་བླ་ན་མེད། །དེ་ལྟ་བུ་ཡི་སྦྱོར་
བ་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །བཟླས་པའི་ཆོ་གའི་སྦྱོར་བ་འདི། །རྒྱུད་ཀྱི་སྙིང་པོ་ཀུན་བསྡུས་ཤིང་། །ཉོན་མོངས་ཐམས་ཅད་རབ་འཇོམས་ལ། །རིག་པ་འཛིན་པས་བཟླས་པར་བྱ། །བཟླས་པའི་སྦྱོར་བ་འདི་ཡིས་ནི། །རིག་པའི་བརྟུལ་ཞུགས་ངེས་པར་
བླང་། །གལ་ཏེ་འདི་ནི་དངོས་གྲུབ་འདོད། །རྣལ་འབྱོར་པ་ཡིས་བརྟུལ་ཞུགས་བྱ། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་ནི། །རྣལ་འབྱོར་མཆོག་ཏུ་བརྩོན་པར་བྱ། །ཐེག་པ་ཆེན་པོ་མངོན་བསྡུས་པ། །བྱེ་བ་གསུམ་ནི་ཡོངས་སུ་བཟླ། །བྱེ་བ་གསུམ་ནི་བཟླས་བྱས་ནས། །སྒྲུབ་
པ་དག་ནི་བརྩམ་པར་བྱ། །བྱང་ཆུབ་སེམས་ནི་དགའ་ཆེན་པོ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སེམས་ཅན་གཅིག་གིས་ཡང་དག་བྲི། །གང་ཕྱིར་རྒྱལ་པོ་མཆོག་གསང་དབང་། །རྡོ་རྗེ་མཆོག་ནི་རབ་སྟེར་བྱེད། །རྡོ་རྗེ་དབྱིངས་ཀྱི་
སྦྱོར་བ་ཡིས། །དེ་ནི་སྔོན་དུ་ཡང་དག་བརྩམ། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །ཁྲུ་ནི་བཅུ་པར་ཡང་དག་བྲི། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞེས་ནི་རྣམ་པར་བརྒྱན། །ཀ་བ་བརྒྱད་དང་ཡང་དག་ལྡན། །དར་གྱི་ཆུན་པོས་རྣམ་པར་བརྒྱན། །ཐིག་བཞི་དང་
ནི་ཡང་དག་ལྡན། །ཁ་ཁྱེར་དག་གིས་ཤིན་ཏུ་སྤྲས། །རིན་ཆེན་དྲ་བས་ཡོངས་སུ་བྲེས། །གསེར་སྐུད་དྲིལ་བུ་གཡེར་ཁས་བརྒྱན། །སྒོ་ཁྱུད་དང་ནི་མཚམས་རྣམས་སུ། །རྡོ་རྗེ་འཆིང་བས་རབ་ཏུ་བཅིང་། །རྡོ་རྗེ་རིན་ཆེན་རབ་ཏུ་བཀོད། །རྡོ་རྗེ་ཐིག་གིས་ཐིག་བཏབ་པ། །

དྲི་ཡི་སྦྱོར་བའི་ཆོ་ག་དང་། །ཕུར་བུས་བགེགས་ནི་བསལ་བྱ་ཞིང་། །ཚོན་རྩི་ལྔ་ཡི་སྲད་བུ་ནི། །རྡོ་རྗེ་གསང་བས་བསྲུང་བར་བྱ། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །ཇི་སྐད་སྔར་བཤད་དེ་ཉིད་ནི། །རྡོ་རྗེ་གསང་བ་ཡོངས་སུ་
བཀོད། །རྡོ་རྗེ་གསང་བ་ཡོངས་བཀོད་ནས། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་བྱ། །རྡོ་རྗེ་འཁོར་ལོ་རབ་མཛེས་ལ། །འཁོར་ལོའི་དབུས་སུ་རབ་ཏུ་དགོད། །རྡོ་རྗེ་ཆགས་པ་ཡོངས་སུ་དགོད། །ཚོན་རྩི་ལྔ་ནི་རབ་ཏུ་དབྱེ། །ཇི་སྐད་གསང་རྒྱུད་ལས་གསུངས་བཞིན། །དཀར་
པོ་སྣ་ཚོགས་འོད་འབར་བ། །སྔོན་པོ་སེར་པོ་ཤིན་ཏུ་འབར། །བཙོད་སོགས་དང་ནི་རབ་ཏུ་ལྡན། །འོད་ཟེར་དམར་པོ་སྣ་ཚོགས་ལྡན། །སྣ་ཚོགས་ཚོན་རྩིས་བྲི་བར་བྱ། །འོད་ཟེར་དམར་པོ་སྣ་ཚོགས་འབར། །རྡོ་རྗེ་འཁོར་ལོ་ཡོངས་བཀོད་ནས། །ཟླ་བ་གང་བར་རབ་བཀོད་དོ། །
འཁོར་ལོ་ཐམས་ཅད་ཡོངས་སུ་བཟུང་། །ཁ་དོག་ཇི་བཞིན་རིགས་པ་བཞིན། །ཇི་ལྟར་མཛེས་ཤིང་ཤིན་ཏུ་དཀར། །ཇི་བཞིན་ཟླ་བ་ཉ་བ་མཚུངས། །ཟླ་བ་གང་བ་ཡང་དག་བྲི། །ཟླ་བ་གང་བའི་དབུས་སུ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་བྲི། །གང་གིས་མཚན་ནི་བཟུང་
བ་ཡིས། །སྐད་ཅིག་གིས་ནི་སྡིག་ལས་གྲོལ། །འཛུམ་པ་དང་བཅས་ཟླ་བའི་མདོག །ཤིན་ཏུ་ཆགས་པ་དགའ་ཆེན་པོ། །མྱུར་དུ་རྡོ་རྗེའི་ཚིག་བརྗོད་དེ། །རྡོ་རྗེ་ཉིད་ཀྱི་སྙིང་པོ་ཡིན། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ་ཛཿཧཱུྃ་བྃ་ཧོཿ། རྡོ་རྗེའི་གླུ་ནི་བླང་བྱ་ཞིང་། །བྱང་ཆུབ་
སེམས་དཔའི་སྤྱོད་པ་ཆེ། །སངས་རྒྱས་བྱང་ཆུབ་རབ་སྟེར་བྱེད། །འདོད་པའི་ཆགས་པ་ཡང་དག་དྲན། །ཐམས་ཅད་རྗེས་ཆགས་བདེ་བ་ཐུགས་མཆོག་མངའ། །རྡོ་རྗེ་སེམས་དཔའ་རབ་ཏུ་དགའ་བ་མཆོག །ཀྱེ་ཁྱོད་བདེ་ཆེན་བསྟན་པས་འཕེལ་མཛད་པ། །རབ་ཏུ་མྱུར་
དུ་སྒྲུབ་པ་འགྲུབ་པར་མཛོད། །རྡོ་རྗེའི་གླུ་ནི་དེ་ལྟ་བུ། །བླང་ཞིང་འཁོར་ལོ་སྤྱན་དྲང་བྱ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །རྗེས་སུ་ཆགས་ཤིང་རབ་འགྲུབ་འགྱུར། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་གནས། །རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག །རོལ་པ་དང་

བཅས་སྤྱན་གཡོ་བ། །བསྙེམས་ཚུལ་ཆེན་པོ་དགའ་བ་ཆེ། །གཡས་པའི་ཕྱག་གིས་རྡོ་རྗེ་ནི། །ཐུགས་ཀ་རུ་ནི་འཛིན་པའི་མཆོག །གཡོན་པ་དྲིལ་བུ་ཡང་དག་ལྡན། །སླར་ཡང་བསྙེམས་ཚུལ་དང་བཅས་པ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆེ། །རྒྱལ་པོ་
ཆེན་པོ་ཐུབ་པ་ཆེ། །སྤྱོད་པ་ཆེན་པོ་ཐེག་པ་ཆེ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །རིན་ཆེན་ཆེན་པོ་རྡོ་རྗེ་ཆེ། །རྒྱལ་མཚན་ཆེན་པོ་དྲན་པ་ཆེ། །སངས་རྒྱས་དྲན་པ་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །
བདེ་བ་ཆེན་པོ་བླ་ན་མེད། །ས་དང་ཕ་རོལ་ཕྱིན་བདེ་བར། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཤེས་རབ་ཆེན་པོ་རྡོ་རྗེ་ཆེ། །རྡོ་རྗེ་ཧཱུྃ་མཛད་ལས་བྱུང་བ། །བྱང་ཆུབ་སེམས་ནི་རྡོ་རྗེ་ཆེ། །རྡོ་རྗེ་སེམས་ནི་རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །རྡོ་རྗེ་ཆེན་པོ་ཆགས་
པ་ཆེ། །རྒྱལ་པོ་ཆེན་པོ་ཐུབ་པ་ཆེ། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཆོས་ཀྱི་སྲིད་པ་འཁོར་ལོ་ཆེ། །སྨྲ་བའི་ལས་ནི་བླ་ན་མེད། །བསྲུང་ཞིང་བསྲུང་བ་དྲག་པོ་ཆེ། །རྡོ་རྗེ་ཁུ་ཚུར་བདག་གྲུབ་མཛོད། །རྡོ་རྗེ་ཡི་ནི་གླུ་འདི་ཡིས། །དེ་
ཉིད་མཆོག་ཏུ་བསྐུལ་ནས་ནི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །རྡོ་རྗེ་སེམས་དཔའ་བསྒོམ་བྱ་ཞིང་། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །མཁས་པས་དཀྱིལ་འཁོར་དགོད་པར་བྱ། །དཀྱིལ་འཁོར་
སྔ་མ་དང་མཚུངས་པར། །དཀྱིལ་འཁོར་དུ་ནི་ཡང་དག་བྲི། །དེ་ནས་རྡོ་རྗེ་བལྟས་ནས་ནི། །མཚན་བརྒྱ་རྩ་བརྒྱད་གདོན་པར་བྱ། །ཆོས་ཀྱི་རིག་པ་འཛིན་པ་ནི། །དབབ་དང་གཞུག་པ་ལ་སོགས་པ། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་ཡང་དག་བྱ། །
བུམ་པ་ལ་སོགས་ཡོ་བྱད་དང་། །སྤོས་དང་མེ་ཏོག་ལ་སོགས་མཆོག །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ལས་རྣམས་ཐམས་ཅད་ཡང་དག་བྱ། །རྡོ་རྗེ་སེམས་དཔའི་རིག་པ་ཡིས། །བུམ་པ་བརྒྱ་རྩ་བརྒྱད་བཟླས་ན། །དེ་ནི་ཞབས་ཀྱི་དྲུང་བཞག་ན། །རྡོ་རྗེ་བདུད་

རྩིའི་ཆུ་རུ་འགྱུར། །རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་ཡིས། །ཆོ་ག་ཇི་བཞིན་འཇུག་བྱ་ཞིང་། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེས། །བདག་ཉིད་ལ་ནི་དབང་བསྐུར་བྱ། །ཧཱུྃ་གིས་ཡང་དག་ཞུགས་ནས་ནི། །རྡོ་རྗེ་མཆོད་པས་ཡང་དག་མཆོད། །རྡོ་རྗེ་སེམས་དཔའི་
ཏིང་འཛིན་གྱིས། །ཅི་རིགས་པར་ནི་བསྒྲུབ་པར་བྱ། །ཟླ་བའི་དཀྱིལ་འཁོར་གང་བར་གནས། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གཟུང་། །རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས། །རང་བདག་ཉིད་ནི་བསྒྲུབ་པར་བྱ། །དེ་ནས་གསང་བ་ཕྱག་རྒྱ་ཆེ། །སྐད་ཅིག་རེ་རེ་བསྒྲུབ་པར་
བྱ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །བརྟན་པར་འགྱུར་བར་ཐེ་ཚོམ་མེད། །གསང་བའི་རྣལ་འབྱོར་བསྒྲུབས་ནས་ནི། །ཤིན་ཏུ་བསྟན་པ་བླ་མེད་པ། །རྗེས་ཆགས་སེམས་དཔའ་ཆེན་པོ་ནི། །སྐད་ཅིག་གིས་ནི་བསྒྲུབ་པར་བྱ། །དེ་འདྲའི་མཆོག་ཏུ་གསང་བ་མཐར་
ཕྱིན་པ། །སེམས་དཔའ་རྒྱལ་ཆེན་ཡོངས་སུ་དག་པ་མཆོག །དག་པའི་ཚུལ་འདི་ཅུང་ཟད་མཚུངས་པ་མེད། །རྗེས་ཆགས་འདོད་ཆགས་ཡོངས་སུ་དག་པ་མཆོག །རྡོ་རྗེ་རྒྱལ་མཆོག་ར་བ་དག་དྲི་མ་མེད། །གསང་བ་ལས་བྱུང་འཁོར་ལོ་དམ་པ་འཛིན། །རིག་པའི་
གསང་སྔགས་ཚུལ་འདི་བྱང་ཆུབ་བྱེད། །སྙིང་རྗེ་དང་ལྡན་སྤྱོད་པ་སྤྱོད་བྱེད་པ། །དེ་བཞིན་རབ་འཇིགས་སྡུག་བསྔལ་ཆེན་པོའི་ཕ་རོལ་ཕྱིན་གྱུར་པ། །མཆོག་ཏུ་མཁས་ཤིང་ཕྲ་ལ་རྒྱུད་དང་རྒྱུད་དག་ལས་བྱུང་བ། །དེ་རུ་སྲིད་པ་དག་གི་དྲ་བ་ཆེན་པོ་གཅོད་མཛད་པ། །གསང་
སྔགས་འཁོར་ལོ་ལས་བྱུང་གསང་བ་དེ་འདྲར་བཤད། །གསང་རིགས་མཆོག་ཏུ་བྱུང་བའི་འཁོར་ལོ་སྟེ། །དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་གཅིག །སྲས་ཀྱི་གཙོ་བོ་དབང་སྒྱུར་རྒྱལ་པོ་སྟེ། །དེ་ཡིས་ཐར་པའི་གྲོང་ཁྱེར་རབ་ཏུ་བཤད། །གསང་བ་རྣལ་འབྱོར་ཆེན་
པོ་དེ་ཁོ་ན་ཉིད་དམ་པ་མཆོག་ཏུ་གསང་བའི་རྟོག་པའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདོ་སྡེ་གསང་བའི་དབང་པོ་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ་ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་རྣལ་འབྱོར་

གསང་བ་ཆེ། །སངས་རྒྱས་ཐམས་ཅད་ཀུན་འདུས་པ། །ཆོས་ཀྱི་དབྱིངས་ནི་བརྟན་པའི་མཆོག །ནམ་མཁའ་སྣ་ཚོགས་དངོས་ལྡན་པ། །རི་དབང་རྒྱལ་བོ་ཆེན་པོ་སྟེ། །སངས་རྒྱས་ཀྱི་ནི་སྤྲུལ་པ་སྤྲུལ། །རྡོ་རྗེ་དབང་པོ་ཆེན་པོའི་གནས། །སངས་རྒྱས་ཐམས་ཅད་
ཡང་དག་འདུས། །རྡོ་རྗེ་རྒྱལ་པོ་རྩེ་མོ་སྟེ། །གསང་བའི་རྣལ་འབྱོར་ཡང་དག་བྱུང་། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །ཆོས་དང་ལོངས་སྤྱོད་རྫོགས་པའི་མཚུངས། །རྡོ་རྗེ་ཀུན་གྱིས་རབ་མཛེས་པ། །མཆོག་ཏུ་གྱུར་བའི་གནས་དེ་རུ། །རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ། །རྣལ་
འབྱོར་པ་ནི་མི་གསུང་བཞུགས། །སེམས་དཔའི་སྐྱིལ་ཀྲུང་ཡང་དག་བཞུགས། །གཙོ་བོས་ཆོས་ཀུན་དབང་དུ་འགྱུར། །རོལ་བཅས་རྡོ་རྗེ་བསྙེམས་ཚུལ་ལྡན། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །སངས་རྒྱས་ཀུན་གྱི་གནས་གཅིག་སྟེ། །ཆོས་ཆེན་པོ་ཡི་རྣལ་འབྱོར་མཆོག །
སངས་རྒྱས་ཐམས་ཅད་འདུས་ནས་ནི། །ཐུབ་པའི་དབང་ཕྱུག་ལ་གསོལ་བཏབ། །རྡོ་རྗེ་རྣལ་འབྱོར་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་དཔའི་དགའ་ཆེན་པོ། །སེམས་དཔའ་བྱང་སེམས་ལས་བྱུང་བ། །རང་གི་རིགས་འབྱུང་བཤད་དུ་གསོལ། །རྡོ་རྗེ་འཆང་བ་རྒྱལ་པོ་སྟེ། །
རྒྱུད་ཀྱི་སྙིང་པོ་གསང་བ་ཆེ། །གསང་བ་ཆེན་པོ་རིགས་ཀྱི་དབང་། །མདོ་སྡེ་གསང་དབང་རྒྱལ་པོ་སྟེ། །ཐེག་པ་ཆེན་པོ་མངོན་བསྡུས་པ། །ཞི་བས་བྱང་ཆུབ་འགྲུབ་འགྱུར་ཏེ། །ཐམས་ཅད་ཡང་དག་བསྡུས་པ་མིན། །གཏུམ་པོ་ཐམས་ཅད་རབ་འཇོམས་པ། །རང་
རིགས་རྟག་ཏུ་བཤད་དུ་གསོལ། །རྡོ་རྗེ་འཆང་བ་རྒྱལ་པོ་སྟེ། །ཀུན་དུ་མི་གསུང་བཞུགས་པར་གྱུར། །མི་གསུང་གསང་བ་མ་གསུངས་ཏེ། །ཞི་བའི་བདེ་བ་ལ་བཞུགས་གྱུར། །གསང་བ་དེ་བཞིན་གཤེགས་པ་མཆོག །སེམས་དཔའ་ཆེན་པོ་སྙོམས་པར་ཞུགས། །
རྟོག་ཅིང་གཟིགས་པར་མི་མཛད་དེ། །གསང་བའི་རྣལ་འབྱོར་བཞུགས་པར་གྱུར། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །ཆོས་ཀྱི་དབྱིངས་ནི་བརྟན་པར་མཛད། །སངས་རྒྱས་གཅིག་བཞིན་ཡང་དག་འགྱུར། །དོན་ཡོད་གྲུབ་པ་བླ་ན་མེད། །སངས་རྒྱས་ཐམས་

ཅད་རྣལ་འབྱོར་ཆེ། །གསང་བ་ཀུན་ལས་ཡང་དག་བྱུང་། །རྡོ་རྗེའི་སྦྱོར་བའི་ཏིང་འཛིན་གྱིས། །རྡོ་རྗེ་ཅན་ལ་བསྐུལ་བ་གསུངས། །ཨོྃ་བཛྲ་ས་ཏྭ་ཨུཏ་ཏིཥྛ། རྡོ་རྗེ་བསྐུལ་བ་གསུངས་པ་ན། །ཆོས་དབྱིངས་སངས་རྒྱས་གཅིག་པུ་ཉིད། །གསང་
བའི་རྣལ་འབྱོར་ཏིང་འ