Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 084_རྒྱུད་འབུམ།_ཉ
Văn bản gốc(Tây Tạng)
Trang 1 / 18 (50.000 ký tự/trang)
༄༅། །རྒྱུད་འབུམ་ཉ་པ་བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། སརྦྦ་ཏ་ཐཱ་ག་ཏ་ཏཏྟྭ་སཾ་གྲ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བ་ཐེག་པ་ཆེན་ པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྣམ་པར་ སྣང་མཛད་ཐུགས་རྗེ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་། དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་དང་ལྡན་པ། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་དབང་བསྐུར་བ་མངའ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣལ་ འབྱོར་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་ཅིང་། ཐམས་ཅད་ཀྱི་དགོས་པ་མཛད་པ་ཉིད་ཀྱིས། སེམས་ཅན་ གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བའི་འཕྲིན་ལས་མཛད་པ། ཐུགས་རྗེ་ཆེ་བ་རྣམ་པར་སྣང་མཛད་དུས་གསུམ་དུ་རྟག་པར་བཞུགས་ཤིང་། སྐུ་དང་། གསུང་དང་། ཐུགས་ཐམས་ཅད་རྡོ་རྗེ་ལྟ་བུར་གྱུར་ པའི་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་བསྔགས་བསྟོད་པ། ནོར་བུ་དང་རིན་པོ་ཆེ་ཆེན་པོས་སྤྲས་པ། ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏགས་པ། དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་ དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་ཀྱིས་མཛེས་པར་བྱས་པའི་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཕྱག་ན་རྡོ་རྗེ་དང་། ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། ནམ་མཁའི་སྙིང་པོ་དང་། རྡོ་རྗེ་ཁུ་ཚུར་དང་། འཇམ་དཔལ་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ནམ་མཁའི་མཛོད་དང་། བདུད་ཀྱི་སྟོབས་ཐམས་ཅད་རབ་ ཏུ་འཇོམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ཡང་འདི་ལྟར་འཛམ་བུའི་གླིང་ན་དེ་བཞིན་གཤེགས་ པ་ཚད་མེད་གྲངས་མེད་པ་དེ་དག་གི་སྐུས་ཀྱང་ཏིལ་གྱི་གང་བུ་བཞིན་དུ་གང་བར་སྣང་ངོ་། །དེ་བཞིན་གཤེགས་པའི་སྐུ་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་ཚད་མེད་པ་རྣམས་སྣང་ངོ་། །སངས་རྒྱས་ཀྱི་ཞིང་དེ་དག་ན་ཡང་ཆོས་ཀྱི་ཚུལ་འདི་དག་ འཆད་དོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ། ནམ་མཁའི་དབྱིངས་ཐམས་ཅད་བཞིན་དུ་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པས། རྡོ་རྗེ་དབྱིངས་ ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའ་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་རྡོ་རྗེའི་བྱིན་གྱིས་བརླབས་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ། དེ་བཞིན་གཤེགས་པ་མཐའ་ཡས་པ་ཉིད་ཀྱི་རྡོ་རྗེ་ཆེན་པོའི་ཡེ་ཤེས་རིན་པོ་ཆེའི་དབང་བསྐུར་བའི་རིན་པོ་ཆེ་ ཆེན་པོ། ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པས་བྱང་ཆུབ་པར་གྱུར་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་དག་པར་ཐུགས་སུ་ཆུད་པ། ནམ་མཁའི་ ཁམས་ཐམས་ཅད་དུ་ཁྱབ་པའི་གཟུགས་ཐམས་ཅད་དུ་ཡང་དག་པར་སྟོན་པ། མཁྱེན་པས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་ཁམས་རྣམས་གདུལ་བར་སྤྱོད་པའི་མཆོག་ཏུ་གྱུར་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ནོད་ཅིང་དོན་ཡོད་པར་མཛད་པ་ ཉིད་ཀྱིས་ཐམས་ཅད་དང་མཉམ་པ་མེད་ཅིང་བླ་ན་མེད་པའི་འཕྲིན་ལས་ཐམས་ཅད་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་བརྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ མཉེས་པར་བྱ་བའི་ཡེ་ཤེས་ཀྱི་དབང་ཕྱུག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབང་ཆེན་པོ་བསྐུར་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་དང་། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བསམ་པའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོའི་རིན་པོ་ཆེའི་དཔལ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དག་པའི་ཆོས་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཤེས་རབ་ཆེན་པོའི་ཡེ་ཤེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འཆད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བར་ཐམས་ཅད་ཀྱི་དགོངས་པ་མཛད་པ་ དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོའི་གོ་ཆ་ཤིན་ཏུ་བརྟན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྲུང་ཞིང་སྐྱོབ་པའི་གནོད་སྦྱིན་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བཅིངས་པའི་ཡེ་ཤེས་ རྣམས་སོ། །ཀུན་བཟང་རབ་ཏུ་གདོན་མི་ཟ། །བདུད་དང་རབ་དགྱེས་གཙོ་བོ་དང་། །མཁའ་སྐྱེས་ཤིན་ཏུ་གཟི་ཆེན་དང་། །རིན་ཆེན་དཔལ་དང་འཛུམ་པ་ཆེ། །ཀུན་ཏུ་གཟིགས་པའི་དབང་ཆེན་དང་། །འཇམ་དཔལ་དཀྱིལ་འཁོར་ཐམས་ཅད་དང་། །མི་གསུང་བ་དང་ ཐམས་ཅད་ལས། །བརྩོན་འགྲུས་མ་རུངས་དམ་དུ་གཟུང་། །རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་དང་། །རིན་ཆེན་ཉི་མ་རྒྱལ་མཚན་འཛུམ། །པདྨ་རལ་གྲི་འཁོར་ལོ་གསུང་། །ལས་དང་གོ་ཆ་འཇིགས་བྱེད་བཅིངས། །ཐོག་མ་ཐ་མ་མེད་ཅིང་ཞི། །མ་རུངས་ཁྲོ་བོ་བཟོད་པ་ཆེ། ། གནོད་སྦྱིན་སྲིན་པོ་དམ་པ་བརྟན། །གཟི་ཆེན་དཔའ་བོ་དབང་པོ་ཆེ། །ཨུ་མའི་བདག་པོ་སྐྱེ་དགུའི་མགོན། །གཏོགས་འདོད་རྒྱལ་འདོད་ཐུབ་པ་ཆེ། །འཇིག་རྟེན་སྐྱོང་དང་མཁའ་དང་ས། །འཇིག་རྟེན་གསུམ་དང་ཁམས་གསུམ་པ། །འབྱུང་ཆེན་སེམས་ཅན་དོན་རབ་མཛད། ། ཐམས་ཅད་གུ་ལང་ཚངས་པ་དང་། །འཁོར་དང་མྱ་ངན་འདའ་དང་རྟག །ཡང་དག་འཚོ་དང་མཆོད་པ་ཆེ། །སངས་རྒྱས་དག་པ་ཐེག་པ་ཆེ། །སྲིད་གསུམ་རྟག་པའང་དེ་ཡིན་ནོ། །འཇིག་རྟེན་གསུམ་རྒྱལ་བདེ་སྤྱོད་དང་། །བདེ་སྤྱོད་གཙོ་བོ་རབ་འདུལ་མཛད། །རྡོ་རྗེ་གཙོ་དང་ ས་རབ་མཆོག །ཡེ་ཤེས་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའི་རྣམ་པར་ཐར། །དེ་བཞིན་གཤེགས་པ་ཀུན་གྱི་སྤྱོད། །སངས་རྒྱས་དོན་དང་སངས་རྒྱས་ཐུགས། །བྱང་ཆུབ་ཀུན་དང་བླ་ན་མེད། །རྣམ་པར་སྣང་མཛད་རྒྱལ་བའི་གཙོ། །རང་བྱུང་གཟུངས་དང་དྲན་པ་ དང་། །སེམས་དཔའ་ཆེ་དང་ཕྱག་རྒྱ་ཆེ། །ཏིང་འཛིན་སངས་རྒྱས་འཕྲིན་ལས་མཛད། །ཡང་དག་སངས་རྒྱས་ཀུན་བདག་ཉིད། །ཡོད་པ་རྟག་དོན་རྟོགས་མཛད་པ། །སྡོང་པོ་ཆེན་པོ་ནག་པོ་ཆེ། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཐབས་ཆེན་དང་ནི་མཆོག་ཆེན་མཆོག །ཀུན་ གྱི་མཆོག་དང་གནས་དབང་པོ། །བཅོམ་ལྡན་བྱང་ཆུབ་ཆེན་པོའི་ཐུགས། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི་དཔེར་ན་ཏིལ་གྱི་ གང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་རྫོགས་པར་ལོངས་སྤྱོད་ པའི་སྐུ་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་བྱ་སྙམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། ཇི་ལྟར་ན་བསྒྲུབ་པར་བགྱི་བཀའ་སྩལ་པར་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་རང་གི་སེམས་ལ་རྟོག་ཅིང་མཉམ་པར་ཞོག་ལ་རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་ཟློས་ཤིང་བསྒྲུབ་པར་གྱིས་ཤིག །ཨོཾ་ཙིཏྟ་པྲཏི་བེ་དྷཾ་ཀ་རོ་མི། དེ་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་བདག་གི་སྙིང་ག་ན་ཟླ་བའི་དཀྱིལ་འཁོར་ལྟ་བུར་གདའ་བ་བདག་གིས་རྟོགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་དེ་ནི་རང་བཞིན་གྱིས་འོད་གསལ་བས་ན་དེ་ནི་ཇི་ ལྟར་སྦྱངས་པ་དེ་ལྟར་གྱུར་ཏེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་བཞིན་གྱིས་འོད་གསལ་བའི་སེམས་ཤེས་པ་རྒྱས་པར་བྱ་བའི་ཕྱིར། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་བྱ་བ་རང་བཞིན་གྱིས་གྲུབ་པའི་ སྔགས་འདིས། ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་འདི་སྐད་ཅེས་གསོལ་ཏོ། །ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་ གང་ལགས་པ་དེ་ནི་ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སེམས་བསྐྱེད་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་མངོན་སུམ་དུ་གྱུར་གྱིས། དེ་ལེགས་པར་སྒྲུབས་ཤིག །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཀུན་ཏུ་བཟང་པོ་དེ་བརྟན་པར་བྱ་བའི་ཕྱིར། སྔགས་འདིས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག །ཨོཾ་ཏིཥྛ་བཛྲ། བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་རྣམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་འདུག་པར་བདག་གིས་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་ཏུ་བཟང་པོའི་སེམས་རྡོ་རྗེ་དེས་སྔགས་འདིས་བརྟན་པར་གྱིས་ཤིག །ཨོཾ་བཛྲ་ ཨཏྨ་ཀོ྅་ཧཾ། དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དབྱིངས་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་བརླབས་ཀྱིས་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ལ། རྡོ་རྗེའི་དབྱིངས། རྡོ་རྗེའི་དབྱིངས་ཞེས་བྱ་བའི་མིང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱིས། དེ་བཞིན་གཤེགས་པ་དེ་དག་ ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལེགས་པར་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་ལྟ་བས་ན། སེམས་ དཔའི་རྡོ་རྗེ་དེ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་བདག་ཉིད་རང་བཞིན་གྱིས་གྲུབ་པའི་སྔགས་ཅི་དགའ་བར་ཟློས་ལ་སྒོམས་ཤིག །ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ། དེ་ནས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་ རྗེའི་དབྱིངས་ཀྱིས་བདག་ཉིད་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་རློབས་ལ་མངོན་པར་ རྫོགས་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་རྡོ་རྗེ་དབྱིངས་ཀྱི་སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེའི་དབྱིངས་ཀྱིས་སྐད་ ཅིག་མ་དེ་ཉིད་ཀྱི་ཚེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་གསང་བའི་དམ་ཚིག་ཏུ་ཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པ་རང་བཞིན་གྱིས་དག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཉམ་པ་ ཉིད་རང་བཞིན་གྱིས་འོད་གསལ་ཞིང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཏོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའི་རྡོ་རྗེ་དེ་ལས་དེ་བཞིན་གཤེགས་པ་ ཐམས་ཅད་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྐྱེད། ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བས་དབང་བསྐུར་རོ། །ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོའི་ཆོས་ཀྱི་ཡེ་ཤེས་བསྐྱེད། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་ལ་བཞག་ནས། རི་རབ་ཀྱི་རྩེ་མོ་གང་ན་བ་དང་། ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་ ནས་དབྱེར་མེད་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་ཞལ་ཀུན་ཏུ་བསྟན་ཏེ་བཞུགས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་ ཀྱི་དབང་པོའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་དུ་སོ་སོ་ནས་བདག་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་རབ་ཏུ་རྟོགས་པའི་ ཕྱིར། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་ཕྱོགས་བཞིར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་ བཟང་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་ཆེན་པོའི་དབང་གིས་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོའི་ཆོས་ཀྱི་ཡེ་ཤེས་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་གདོན་མི་ཟ་བར་སྟོན་པ། ཐོགས་པ་མེད་པ། དགོངས་པ་རྫོགས་པ། ཡིད་ཀྱི་བསམ་པའོ་ཅོག་ཡོངས་སུ་རྫོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་ཀྱིས་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་དམ་ཚིག་ལས་བྱུང་བ། སེམས་དཔའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་ བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་སཏྭ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་མ་ཐག་པ་འདི་ནི། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཉིད་ཟླ་བའི་དཀྱིལ་འཁོར་དུ་གྱུར་ནས་བྱུང་སྟེ། སེམས་ ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཡང་དག་པར་སྦྱངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱོགས་ཕྱོགས་སུ་འཁོད་དོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་དག་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱུང་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་ མཛད་དེ་བཞིན་གཤེགས་པའི་ཐུགས་སུ་ཞུགས་པར་གྱུར་ཏོ། །རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་བརྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་ནས་ནམ་མཁའི་ཁམས་ཐམས་ཅད་དུ་འོད་ཟེར་རྩེ་ལྔ་པའི་ཕྲེང་བས་ཁྱབ་ པར་ཞུགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུའི་དབྱིངས་སུ་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་སྟེ་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་དེ་ལས་རྡོ་རྗེ་དེ་ལྟ་བུའི་འོད་ཟེར་གཟུགས་དང་ཁ་དོག་སྣ་ཚོགས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བས་ཁྱབ་པར་བྱེད་པ་རྣམས་བྱུང་ངོ་། །རྡོ་རྗེ་ལྟ་བུའི་འོད་ཟེར་དེ་དག་གི་རྩེ་མོ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བྱུང་སྟེ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པ་ཐམས་ཅད་དང་། ནམ་ མཁའི་ཁམས་ཀྱི་མཐས་གཏུགས་པ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོའི་སྤྲིན་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་བྱང་ཆུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ ཆེན་པོ་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་སྣ་ཚོགས་པ་བསྒྲུབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་མཛད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ཆེན་པོར་གཤེགས་པ་དང་། བདུད་ཐམས་ཅད་འདུལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་མཉམ་པ་ཉིད་ཀྱི་བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་བ་དང་། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཇི་སྲིད་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་སྐྱོབ་ཅིང་ཐམས་ཅད་ལ་ཕན་པ་དང་། བདེ་བ་མཛད་པ་དང་། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་དམ་པའི་དངོས་གྲུབ་བསྒྲུབ་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་ཀྱི་བར་དུ་བསྟན་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཀུན་ཏུ་བཟང་པོ་ཡིན་པ་དང་། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས། འདི་སྐད་དུ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བདག་ནི་རང་བྱུང་བའི། །ཀུན་ཏུ་བཟང་པོ་སེམས་དཔའ་ བརྟན། །དེ་ནི་བརྟན་ཕྱིར་ལུས་མིན་ཡང་། །སེམས་དཔའི་ལུས་སུ་གྱུར་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས། བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་གྱི་དོན་བྱ་བ་དང་། ཐབས་ཆེན་པོ་དང་། སྟོབས་དང་། བརྩོན་འགྲུས་དང་། ཡེ་ཤེས་ཆེན་པོའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང་། ཐམས་ཅད་ཀྱི་དབང་པོར་བྱ་བ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མངོན་པར་ཤེས་པ་བླ་ན་མེད་པ་དང་། ཐེག་པ་ཆེན་ པོ་མངོན་པར་རྟོགས་པ་གྲུབ་པའི་མཆོག་ཐོབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རིན་པོ་ཆེའི་དབུ་རྒྱན་དང་། ཅོད་པན་གྱི་ དབང་གིས་དབང་བསྐུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ་དེ་དེའི་ལག་པར་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ལག་ན་རྡོ་རྗེ་ལག་ན་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཕྱག་གཡོན་པ་རྡོ་རྗེ་བསྒྱིངས་པར་བཞུགས་ཏེ། ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་གསོར་ཞིང་འཕེན་པའི་ཚུལ་དུ་འཛིན་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་གྲུབ་པ་ཡི། །རྡོ་རྗེ་བླ་ན་མེད་པ་འདི། །བདག་སྟེ་བདག་གི་ལག་ ཏུ་བྱིན། །རྡོ་རྗེ་ལ་ནི་རྡོ་རྗེ་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོའི་དམ་ཚིག་ལས་བྱུང་བའི་སེམས་དཔའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྤྱན་དྲང་བའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་རཱཛ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྕགས་ཀྱུ་ཆེན་པོར་གྱུར་ཏེ་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་ལྕགས་ཀྱུ་ཆེན་པོའི་དབྱིབས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་ གནས་སོ། །དེ་ནས་རྡོ་རྗེ་ལྕགས་ཀྱུའི་དབྱིབས་ཆེན་པོ་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོ་ཡིན་པ་དང་། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་ལུས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་ མཛད་ཀྱི་ཐུགས་ལ་གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རྡོ་རྗེ་ལས་བྱུང་བའི། །ལྕགས་ཀྱུ་ངེས་པའི་རྒྱལ་པོ་བདག །གང་ཕྱིར་ཀུན་ཏུ་སངས་རྒྱས་ཁྱབ། །གྲུབ་ཕྱིར་ཀུན་ནས་སྤྱན་འདྲེན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོའི་སྐུ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ ཅད་སྤྱན་དྲང་བའི་དམ་ཚིག་གི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དགུག་པ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུ་བའི་བྱིན་གྱིས་བརླབས་དམ་པའི་བར་དུ་བསྒྲུབ་པའི་ཕྱིར་རྡོ་རྗེའི་ལྕགས་ཀྱུ་དེ་བྱང་ཆུབ་སེམས་དཔའ་གདོན་མི་ཟ་བའི་རྒྱལ་པོ་དེའི་ལག་པར་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དགུག་ པ་རྡོ་རྗེ་དགུག་པ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་དགུག་པ་རྡོ་རྗེ་ལྕགས་ཀྱུ་དེས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཡི། ། ཡེ་ཤེས་བླ་ན་མེད་པ་འདི། །སངས་རྒྱས་ཀུན་གྱི་དོན་གྲུབ་ཕྱིར། །ཀུན་ནས་སྤྱན་དྲང་དམ་པའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཅེས་བྱ་བའི་དམ་ཚིག་ལས་བྱུང་བའི་སེམས་དཔས་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་། །བཛྲ་རཱ་ག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ཏོག་གི་མདར་གྱུར་ནས་བྱུང་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེའི་མདའ་ཆེན་པོའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ། །དེ་ནས་ རྡོ་རྗེ་མདའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་ལ་སོགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བདུད་བྱེད་པ་དང་རབ་ཏུ་བརྟན་པའི་ཕྱིར། གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་བྱ་བར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ བདག་ནི་རང་བཞིན་དག །རང་བྱུང་བ་དག་དགྱེས་བྱེད་པ། །འདོད་ཆགས་བྲལ་རྣམས་དག་བྱའི་ཕྱིར། །འདོད་ཆགས་ཀྱིས་ནི་འདུལ་བར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་དེའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྡོ་རྗེ་དམ་ཚིག་དང་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་མགུ་བར་བྱ་བ་དང་། ཐམས་ཅད་ཀྱིས་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་ཀྱི་མཆོག་གྲུབ་པ་ཐོབ་པའི་བར་དུ་འབྲས་ བུ་དེ་དག་གི་ཕྱིར་རྡོ་རྗེའི་མདའ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཅེས་བྱ་བ་དེའི་ཕྱག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་གཞུ་རྡོ་རྗེའི་གཞུ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྡོ་རྗེའི་གཞུ་ཞེས་བྱ་བས་རྡོ་རྗེའི་མདའ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདུད་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི། །ཡེ་ཤེས་འདི་ནི་དྲི་མ་མེད། །འདོད་ཆགས་ཀྱིས་ནི་ཆགས་བྲལ་བཅོམ། །བདེ་བ་ ཐམས་ཅད་སྦྱིན་པར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོའི་དམ་ཚིག་ལས་བྱུང་བའི་སེམས་དཔའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རབ་ཏུ་དགའ་བའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་། །བཛྲ་སཱ་དྷུ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ལེགས་སོ་ ཞེས་བྱ་བར་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་དགྱེས་པའི་དབྱིབས་སུ་གྱུར་ཏེ་བྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་དགྱེས་པའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་ དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་དང་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་དགའ་བར་བྱེད་པ་ ཉིད་དང་རབ་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོའི་ལུས་སུ་གྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་ ཆེད་དུ་བརྗོད་དོ། །ཨེ་མའོ་ཐམས་ཅད་མཁྱེན་ཀུན་གྱི། །ལེགས་བྱིན་ནང་ན་བདག་མཆོག་པས། །རྣམ་རྟོག་བྲལ་བ་དེ་དག་གི། །ངེས་པར་དགྱེས་པ་བསྐྱེད་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོའི་སྐུ་དེ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས། ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པའི་ཡེ་ཤེས་ཀྱི་དམ་ཚིག་དང་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ཐམས་ཅད་མགུ་བར་བྱ་བ་དང་། ཐམས་ཅད་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ དགྱེས་པའི་རོ་བླ་ན་མེད་པ་དམ་པ་གྲུབ་པ་འཐོབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར་རྡོ་རྗེ་དགྱེས་པ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དགྱེས་པ་རྡོ་རྗེ་དགྱེས་པ་ཞེས་བྱ་བའི་རྡོ་ རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་དགྱེས་པས་རྡོ་རྗེ་དགྱེས་པའི་དབྱིབས་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བས་རབ་ཏུ་དགྱེས་པར་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ ཀུན་གྱི་ལེགས་སྦྱིན་པ། །འདི་ནི་རབ་ཏུ་འཇུག་བྱེད་པས། །རྡོ་རྗེ་ཐམས་ཅད་དགྱེས་པར་བྱེད། །ལྷ་རྫས་དགྱེས་པ་སྤེལ་བའོ། །བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ མཉེས་པར་བྱེད་པའི་ཡེ་ཤེས་དང་། དགྱེས་པ་ཆེན་པོ་དང་འདི་བཞི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའི་སེམས་དཔའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་དམ་ཚིག་ལས་བྱུང་བ། རིན་པོ་ ཆེའི་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་རཏྣ། དེ་ནས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཤིན་ཏུ་རྟོགས་པ་ཡིན་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ནམ་མཁའ་ཐམས་ཅད་ཀྱི་འོད་ཟེར་དུ་གྱུར་ནས་བྱུང་ངོ་། །ནམ་མཁའ་ ཐམས་ཅད་ཀྱི་འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་པས་ཐམས་ཅད་ནམ་མཁའི་དབྱིངས་ལྟ་བུར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ནམ་མཁའི་དབྱིངས་དེ་དག་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ ཐུགས་སུ་ཞུགས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པར་གྱུར་པའི་ཕྱིར་ཡང་ནམ་མཁའི་ཁམས་ཐམས་ཅད་ལས་བྱུང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མཉམ་པར་འཇུག་པའི་ཚད་ཙམ་གྱི་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་དབྱིབས་སུ་གྱུར་ནས་དེ་བཞིན་གཤེགས་ པའི་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ལ་སོགས་པ་དང་། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱས་ནས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོ་ལས་ཤིན་ཏུ་བྱུང་བ་དང་། རབ་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་སྐུར་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཆགས་མེད་རྒྱལ་བ་ཡང་། །ཁམས་གསུམ་དབང་པོར་དགོངས་པས་ན། །རྡོ་རྗེ་རིན་ཆེན་དམ་པ་ཡི། ། དབང་གི་མཆོག་ནི་བདག་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་ལུས་དེ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་ པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་རིན་པོ་ཆེའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ ལུས་ཤིང་ལུས་པ་མེད་པའི་དོན་ཐམས་ཅད་ཡོངས་སུ་གྲུབ་པར་བྱ་བ་དང་། ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་དམ་པ་ཕུན་སུམ་ཚོགས་པ་གྲུབ་པ་ཐོབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནམ་མཁའི་སྙིང་པོ་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བར་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དབང་གིས་དབང་བསྐུར་ནས་ལག་ཏུ་རྡོ་རྗེའི་ནོར་བུ་དེ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སྙིང་པོ་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོས་རྡོ་རྗེའི་ནོར་བུ་དེ་རང་གིས་དབང་བསྐུར་བའི་གནས་སུ་འཇོག་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་སེམས་དཔའི་དབྱིབས། །དབང་བསྐུར་དེ་ནི་བདག་ཡིན་ཏེ། །བདག་གི་ལག་ཏུ་བྱིན་པས་ན། །རིན་ ཆེན་ལ་ནི་རིན་ཆེན་བཞག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོ་ཞེས་བྱ་བའི་དམ་ཚིག་ལས་བྱུང་བའི་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཏེ་ཛ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ དེ། ཉི་མའི་དཀྱིལ་འཁོར་ཆེན་པོར་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་ཉི་མའི་དབྱིབས་སུ་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དེ་ ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་འགྱེད་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་ བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་གཟི་བརྗིད་ཆེ་བ་ཉིད་དང་རབ་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོའི་སྐུར་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སེམས་ཅན་ཁམས་ཀུན་དུ། །སྣང་བྱེད་གཟི་བརྗིད་དཔེ་མེད་བདག །གང་ཕྱིར་སངས་རྒྱས་དག་པ་ཡི། །འདྲེན་པ་རྣམས་ཀྱང་སྦྱོར་བར་བྱེད། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་ པའི་གཟི་བརྗིད་དེའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ། བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ ཀྱི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་གཟི་བརྗིད་མཚུངས་པ་མེད་པ་དང་ཐམས་ཅད་ཀྱི་ བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་འཐོབ་ཅིང་དངོས་གྲུབ་དམ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར། རྡོ་རྗེ་ཉི་མ་དེ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་རྡོ་རྗེའི་འོད། རྡོ་རྗེའི་འོད་ཅེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཉི་མ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བར་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་སྣང་ བ་འདི། །མི་ཤེས་མུན་ནག་འཇོམས་བྱེད་པ། །ཤིན་ཏུ་ཕྲ་རྡུལ་ཇི་སྙེད་པའི། །ཉི་མའི་འོད་པས་ཤིན་ཏུ་ལྷག །དེ་ནས་ཡང་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་དཔལ་གྱི་དམ་ཚིག་ལས་བྱུང་བ། རིན་པོ་ཆེའི་བྱིན་གྱིས་བརླབས་ པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱེད་པའི་དམ་ཚིག་ཅེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཀེ་ཏུ། དེ་ནས་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ལས་བྱུང་མ་ཐག་པ་འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་རྒྱལ་མཚན་ཁ་དོག་དང་གཟུགས་དང་རྒྱན་དང་དབྱིབས་སྣ་ཚོགས་པར་གྱུར་ཏེ་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་རྒྱལ་མཚན་གྱི་དབྱིབས་སུ་གྱུར་ནས་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་རྒྱལ་མཚན་གྱི་དབྱིབས་དེ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་རིན་པོ་ཆེའི་དཔལ་དང་ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་དཔལ་གྱི་སྐུར་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་དོན་ཀུན་གྲུབ་པ་དང་། །དགོངས་པ་ཐམས་ཅད་རྫོགས་པ་ཡི། །དོན་རྣམས་ཐམས་ ཅད་རྫོགས་བྱེད་པའི། །འདྲ་མེད་དཔལ་ནི་བདག་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་གྱི་སྐུ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ ཡང་བཀའ་ནོད་ཅིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་མཚན་གྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་ཡིད་བཞིན་གྱི་ རྒྱལ་པོའི་རྒྱལ་མཚན་བསྒྲེང་བའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་བཀང་བར་བྱ་བ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཆེན་ པོའི་དངོས་གྲུབ་དམ་པ་འཐོབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར་རྡོ་རྗེ་རྒྱལ་མཚན་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་རྒྱལ་མཚན། རྡོ་རྗེའི་རྒྱལ་མཚན་ཞེས་རྡོ་རྗེའི་མིང་ གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས་རྡོ་རྗེའི་རྒྱལ་མཚན་དེས། དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་དུ་བཅུག་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ ཀུན་གྱི་དགོངས་པ་ཀུན། །ཡོངས་སུ་རྫོགས་པར་བྱེད་པ་ཡི། །ཡིད་བཞིན་ནོར་བུའི་རྒྱལ་མཚན་ནི། །སྦྱིན་པའི་ཕ་རོལ་ཕྱིན་པའི་ཚུལ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའི་དམ་ཚིག་ ལས་བྱུང་བ་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པའི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཧཱས། དེ་ ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཛུམ་པར་གྱུར་ཏེ་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་ པར་གྱུར་ནས་རྡོ་རྗེ་འཛུམ་པའི་དབྱིབས་སུ་གྱུར་ཏེ། ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་འཛུམ་པའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་རྨད་དུ་བྱུང་བ་ལ་སོགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་རྟག་ཏུ་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཡིན་པ་དང་ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའི་ལུས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །རྟག་ཏུ་མཉམ་པར་བཞག་རྣམས་ཀྱིས། །སངས་རྒྱས་དོན་ལ་རབ་ སྦྱོར་ཕྱིར། །ཨེ་མའོ་བདག་ནི་ཀུན་མཆོག་གི། །བཞད་ཆེན་རྨད་དུ་བྱུང་བ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་རྒྱབ་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་བསྐྱེད་པའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་དབང་པོ་བླ་ན་མེད་པ་བྱ་བ་དང་། ཐམས་ཅད་བདེ་བ་དང་ལིང་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྦྱོང་བའི་ཡེ་ཤེས་མངོན་པར་ཐོབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་བར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་དེའི་ལག་ཏུ་རྡོ་རྗེ་འཛུམ་པ་དེ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ རྡོ་རྗེ་དགའ་བ། རྡོ་རྗེ་དགའ་བཞེས་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་དགའ་བ་རྡོ་རྗེ་འཛུམ་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ནི་སངས་རྒྱས་ ཐམས་ཅད་ཀྱི། །རྨད་བྱུང་སྐྱེད་པ་སྟོན་པ་པོ། །དགྱེས་ཆེན་བྱེད་པའི་ཡེ་ཤེས་ཏེ། །གཙུག་ལག་གཞན་གྱིས་ཤེས་མི་ནུས། །དབང་བསྐུར་བ་ཆེན་པོ་དང་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང་སེམས་དཔའ་ཆེན་པོའི་དོན་དང་དགྱེས་པ་ཆེན་པོ་དང་འདི་བཞི་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དབང་ཆེན་པོའི་སེམས་དཔའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོའི་དམ་ཚིག་ལས་བྱུང་བའི་ཆོས་ཀྱི་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་དྷརྨྨ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ འཛིན་པ་དེ་ཉིད་དེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་རང་བཞིན་གྱིས་དག་པའི་ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་རབ་ཏུ་རྟོགས་པའི་ཕྱིར་དམ་པའི་ཆོས་ཀྱི་འོད་ཟེར་དུ་གྱུར་ཏེ་བྱུང་ངོ་། །དམ་པའི་ཆོས་ཀྱི་འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་དུ་སྣང་བར་བྱས་པས་ ཆོས་ཀྱི་དབྱིངས་ལྟ་བུར་གྱུར་ཏོ། །ཆོས་ཀྱི་དབྱིངས་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། ནམ་མཁའ་ཐམས་ཅད་དང་མཉམ་པར་འཇུག་པའི་ཚད་ཙམ་གྱི་རྡོ་རྗེ་པདྨ་ཆེན་པོའི་དབྱིབས་སུ་གྱུར་ཏེ་ཕྱག་ གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་པདྨའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་ཡེ་ཤེས་དང་མངོན་པར་ཤེས་པ་ལ་སོགས་པ་ དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ཡིན་པ་དང་། ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རང་བྱུང་གདོད་ནས་དག །དམ་པའི་དོན་ནི་བདག་ཡིན་ཏེ། །གང་ཕྱིར་ གཟིངས་འདྲའི་ཆོས་རྣམས་ལས། །རྣམ་པར་དག་པ་དམིགས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་ལུས་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྤྱན་སྔ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་ཡེ་ཤེས་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་ བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྦྱང་བའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་བདག་དང་གཞན་རྣམ་པར་དག་པར་བྱ་བ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པ་དྲུག་ཐོབ་པར་བྱེད་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ དབང་གིས་དབང་བསྐུར་ནས་དེའི་ལག་ཏུ་རྡོ་རྗེ་པདྨ་དེ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སྤྱན་རྡོ་རྗེའི་སྤྱན་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱན་གྱིས་རྡོ་རྗེ་པདྨ་དེའི་འདབ་མ་ཁ་ ཕྱེ་བས། འདོད་ཆགས་རྣམ་པར་དག་ཅིང་མ་ཆགས་པའི་ངོ་བོ་ཉིད་དུ་གཟིགས་པས་གཟིགས་ཤིང་། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི། །དེ་ཡི་ཁོ་ན་རྟོགས་པ་འདི། །བདག་སྟེ་བདག་གི་ལག་ཏུ་བྱིན། །ཆོས་ལ་ཆོས་ནི་གནས་པར་ འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་དམ་ཚིག་ལས་བྱུང་བའི་ཆོས་ཀྱི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ ཤེས་ཆེན་པོའི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཏཱི་ཀྵྞ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། ཤེས་རབ་དང་ཡེ་ཤེས་ ཀྱི་རལ་གྲིར་གྱུར་ཏེ། དེ་བྱུང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་རལ་གྲིའི་དབྱིབས་སུ་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་རལ་གྲིའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ལ་སོགས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་ འཇམ་པའི་དཔལ་ཡིན་པ་དང་ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་བདག་ནི་ཡིན་པར་དགོངས། །གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། །དབྱངས་ཉིད་དུ་ནི་དམིགས་པ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་སྐུ་དེ་བཅོམ་ལྡན་འདས་ཀྱི་ཐུགས་ ལས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་དམ་ཚིག་ལས་བྱུང་བའི་ རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་གཅད་པའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་གཅད་པ་དང་། ཐམས་ཅད་ཀྱི་བདེ་བ་དང་ ཡིད་བདེ་བ་རྣམས་མྱོང་བར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་དམ་པ་ཡོངས་སུ་རྫོགས་པར་བྱ་བའི་བར་དུ། འབྲས་བུ་དེ་དག་གི་ཕྱིར། རྡོ་རྗེ་རལ་གྲི་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་བློ་རྡོ་རྗེ་བློ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བློས་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེ་རལ་གྲི་དེས་འདེབས་ཤིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །དགྲ་རྣམས་ཐམས་ཅད་ཚར་གཅོད་ཅིང་། །སྡིག་པ་ཐམས་ཅད་འཇོམས་པའི་མཆོག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་ མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དམ་ཚིག་ལས་བྱུང་བའི་ཆོས་ཀྱི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཧེཏུ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་གྱུར་ ཏེ་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་འཁོར་ལོའི་དབྱིབས་སུ་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཕྱག་གཉིས་སུ་གནས་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འཁོར་ལོའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྣམས་བྱུང་ནས། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱས་ཏེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པ་དང་། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བའི་སྐུར་གྱུར་ ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །རྡོ་རྗེ་དམ་པ་ཆོས་ཅན་གྱི། །ཨེ་མའོ་རྡོ་རྗེ་འཁོར་ལོ་བདག །གང་ཕྱིར་སེམས་བསྐྱེད་ཙམ་གྱིས་ཀྱང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །དེ་ནས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐུ་དེ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པར་འཇུག་པ་ཕྱིར་མི་ ལྡོག་པའི་འཁོར་ལོ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དམ་པ་གྲུབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར། རྡོ་རྗེ་འཁོར་ལོ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་ མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སྙིང་པོ་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཁོར་ལོ་དེས་དེ་ བཞིན་གཤེགས་པ་ཕྱིར་མི་ལྡོག་པ་ཉིད་དུ་འཇོག་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཆོས་རྣམས་ཐམས་ཅད་རྣམ་པར་སྦྱོང་། །ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་། །བྱང་ཆུབ་སྙིང་པོ་ཡིན་པར་དགོངས། །དེ་ནས་ཡང་བཅོམ་ལྡན་ འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་མི་གསུང་བའི་དམ་ཚིག་ལས་བྱུང་བའི་ཆོས་ཀྱིས་བྱིན་གྱིས་བརླབས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྗོད་པའི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲབྷཱཥ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་འདི་ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཡི་གེར་གྱུར་ཏེ་བྱུང་ནས། བཅོམ་ལྡན་ འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲས་བར་གྱུར་ནས། རྡོ་རྗེ་བརྗོད་པའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་བརྗོད་པའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་དེ་བཞིན་ གཤེགས་པའི་སྐུ་རྣམས་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ལ་སོགས་པ་དང་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་སོགས་པ་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཤིན་ཏུ་ཚིག་མ་ཡིན་པ་དང་ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་ གྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཚིག་མ་ཡིན་པའི་སྐུར་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་རང་བྱུང་རྣམས་ཀྱི་གསང་། །ལྡེམ་པོ་ངག་ཏུ་བདག་དགོངས་ཏེ། །གང་ཕྱིར་དམ་པའི་ཆོས་ འཆད་པ། །ཚིག་ཏུ་སྤྲོས་ལས་རྣམ་པར་བྲལ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཚིག་མ་ཡིན་པའི་སྐུ་དེ་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ན་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་གསུང་བའི་གསུང་གི་རྡོ་རྗེའི་དམ་ཚིག་ལས་བྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡེ་ཤེས་ཀྱི་དམ་ཚིག་དང་སེམས་ཅན་གྱི་ཁམས་མ་ལུས་ཤིང་ ལུས་པ་མེད་པ་རྣམས་ཀྱི་ཚིག་གྲུབ་པ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཐོབ་པའི་དངོས་གྲུབ་དམ་པའི་བར་གྱི་ཕྱིར་རྡོ་རྗེ་བརྗོད་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚིག་མ་ཡིན་པ་དེའི་ ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཚིག་རྡོ་རྗེ་ཚིག་ཅེས་བྱ་བའི་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེ་བརྗོད་པས་ཡང་དག་པར་སྨྲ་ ཞིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་བཟླས་པར་བརྗོད་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྔགས་ནི་མྱུར་དུ་འགྲུབ་པར་འགྱུར། །རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ ཤེས་དང་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཡེ་ཤེས་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྤྲོས་པ་རྣམ་པར་ལྡོག་པའི་ཡེ་ཤེས་དང་འདི་བཞི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སེམས་དཔའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཕྲིན་ལས་ཐམས་ཅད་ཅེས་བྱ་བའི་དམ་ཚིག་ལས་བྱུང་བ། ལས་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དམ་ཚིག་ཅེས་ བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཀརྨ། དེ་ནས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཤིན་ཏུ་རྟོགས་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ་ཐག་པ་ འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་འོད་ཟེར་དུ་གྱུར་ཏེ་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་འོད་ཟེར་དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབྱིབས་ལྟ་བུར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབྱིབས་དེ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའི་ཚད་ཙམ་དུ་གྱུར་ཏོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབྱིབས་དེ་ལས། ལས་ཐམས་ཅད་ཀྱི་རྡོ་རྗེའི་དབྱིབས་སུ་གྱུར་ནས་ཕྱག་གཉིས་སུ་གནས་སོ། །དེ་ནས་ཡང་རྡོ་རྗེའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་རྣམས་བྱུང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ལ་སོགས་པ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་འཕྲིན་ལས་མཐའ་ཡས་པ་ཡིན་པ་དང་། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་ཅེས་བྱ་བའི་སྐུར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་སངས་རྒྱས་རྣམས་ཀྱི་ངེས། །འཕྲིན་ལས་མང་པོ་ཀུན་བདག་ཡིན། །སངས་རྒྱས་དོན་ནི་ལྷུན་གྲུབ་ཕྱིར། །རྡོ་རྗེ་ལས་ནི་འཇུག་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་འཕྲིན་ལས་ཐམས་ཅད་ཅེས་བྱ་བའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་གནས་ནས། ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་གདོན་མི་ཟ་བའི་དམ་ཚིག་ལས་བྱུང་བའི་རྡོ་རྗེའི་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱ་བ་ལ་སོགས་པ་གདོན་མི་ཟ་བའི་ཚད་མེད་པ་དང་ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་ཀྱི་དམ་ཚིག་དང་སེམས་ ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱིས་ལས་ཐམས་ཅད་གྲུབ་པ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་འཕྲིན་ལས་ཉིད་དང་ཡེ་ཤེས་དང་མངོན་པར་ཤེས་པ་དམ་པ་རྣམས་འགྲུབ་པའི་བར་དུ་འབྲས་ བུ་དེ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབང་གིས་དབང་བསྐུར་ནས་དེའི་ལག་ཏུ་ལས་ཀྱི་རྡོ་རྗེ་དེ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་རྡོ་རྗེ་ཐམས་ཅད་རྡོ་རྗེ་ཐམས་ཅད་ཅེས་བྱ་བའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཐམས་ཅད་ཅེས་བྱ་བས་རྡོ་རྗེ་དེ་རང་གི་སྙིང་གར་བཞག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ལ་སྦྱོར་ཞིང་ཆེད་དུ་བརྗོད་པ་ འདི་ཆེད་དུ་བརྗོད་དོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག །བདག་སྟེ་བདག་གི་ལག་ཏུ་བྱིན། །སྣ་ཚོགས་ལ་ནི་སྣ་ཚོགས་གཞག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀའི་དམ་ཚིག་ ལས་བྱུང་བ་ལས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་རཀྵ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཕྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ། གོ་ཆ་བརྟན་པར་གྱུར་ཏེ་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་གོ་ཆ་ཆེན་པོའི་དབྱིབས་སུ་གྱུར་ ཏེ་ཕྱག་གཉིས་སུ་གནས་སོ། །དེ་ནས་རྡོ་རྗེ་གོ་ཆའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྲུང་བའི་གོ་ཆ་རྒྱས་པའི་ལས་ལ་སོགས་པ་དང་། སངས་ རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བརྩོན་འགྲུས་དམ་པ་ཐུབ་དཀའ་བ་དང་ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀའ་བའི་ལུས་སུ་གྱུར་ནས། བཅོམ་ལྡན་ འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བརྩོན་འགྲུས་གོ་ཆ་ནི། །བརྟན་པའི་བདག་ཉིད་རབ་བརྟན་བདག །དེ་ནི་བརྟན་ཕྱིར་ལུས་མེད་ཀྱང་། །རྡོ་རྗེའི་ལུས་སུ་བྱེད་པ་མཆོག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་ འགྲུས་ཆེན་པོ་ཐུབ་དཀའ་བ་དེའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡས་ཕྱོགས་ན་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ནས་ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་དང་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱང་བ་དང་ཐམས་ ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྐུ་འཐོབ་པའི་མཆོག་འགྲུབ་པར་བྱ་བའི་བར་དུ། དེ་དག་གི་ཕྱིར་རྡོ་རྗེ་གོ་ཆ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀའ་བའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་རྡོ་རྗེ་གྲོགས་པོ་རྡོ་རྗེ་གྲོགས་པོ་ཞེས་རྡོ་རྗེའི་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གྲོགས་པོས་རྡོ་རྗེ་གོ་ཆ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་ཆ་བསྐོན་ཞིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འདི་ནི་སངས་ རྒྱས་ཐམས་ཅད་ཀྱི། །བྱམས་པའི་གོ་ཆ་དམ་པ་སྟེ། །བརྩོན་འགྲུས་བརྟན་པས་བསྲུང་བ་ཆེ། །གྲོགས་པོ་ཆེན་པོར་བརྗོད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་རབ་ཏུ་འཇོམས་པའི་དམ་ཚིག་ལས་བྱུང་བ། ལས་ཀྱི་བྱིན་གྱིས་ བརླབས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཀྱི་དམ་ཚིག་ཅེས་བྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་། །བཛྲ་ཡཀྵ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཐུགས་ལས་ཕྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ། རྡོ་རྗེ་མཆེ་བའི་མཚོན་ཆ་ཆེན་པོར་གྱུར་ཏེ་བྱུང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་འདྲེས་པར་གྱུར་ནས། རྡོ་རྗེ་མཆེ་བའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་ གནས་སོ། །དེ་ནས་རྡོ་རྗེ་མཆེ་བའི་དབྱིབས་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོས་གདུལ་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ རྣམས་བྱས་ནས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཡིན་པ་དང་། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་རབ་ཏུ་འཇོམས་པའི་ལུས་སུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་ མཛད་ཀྱི་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་བདག་ནི་སངས་རྒྱས་རྣམས། །ཐུགས་རྗེ་ཅན་གྱི་ཐབས་ཆེན་ཏེ། །ཞི་ཡང་སེམས་ཅན་དོན་དུ་ནི། །མ་རུངས་པར་ནི་སྟོན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་ རབ་ཏུ་འཇོམས་པའི་ལུས་བཅོམ་ལྡན་འདས་ཀྱི་ཐུགས་ལས་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡོན་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཡང་བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཁྲོ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་གདུལ་བའི་དམ་ཚིག་དང་། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་འཇིགས་པ་མེད་པར་བྱ་བ་དང་། ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ནས་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཐབས་ཆེན་པོ་དང་ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་འཐོབ་ཅིང་དམ་པ་འགྲུབ་པའི་བར་དུ་འབྲས་བུ་དེ་དག་གི་ཕྱིར་རྡོ་རྗེ་མཆེ་བའི་མཚོན་ཆ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་རབ་ཏུ་འཇོམས་པ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ། །དེ་ནས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཁྲོ་བོ་ཞེས་རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁྲོ་བོས་རྡོ་རྗེ་མཆེ་བའི་མཚོན་ཆ་དེ་རང་གི་ཐུགས་ཀར་བཞག་སྟེ། དེ་བཞིན་གཤེགས་པ་ཐམ