Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
བྱེད་ཀྱི། རིགས་ཀྱི་བུ་དག་སྐྱེས་པ་དང་། བུད་མེད་གང་དག་བཟའ་བ་དང་། བཅའ་བ་ལ་སོགས་པ་ཟས་སྐོམ་གྱི་བྱ་བ་འདོད་པ་དེ་དག་གིས་བརྔས་ཤིང་བརྡུངས་ཏེ། ཕུབ་མའི་སྦུབས་དང་ཕྱི་ཤུན་སེལ་
ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཉིད། སངས་རྒྱས་ཉིད། རང་བྱུང་ཉིད། ཉོན་མོངས་པའི་སྦུབས་ཀྱི་ཤུན་པས་དཀྲིས་ཤིང་གནས་པར་མཐོང་ངོ་། །
རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ཡང་ཉོན་མོངས་པའི་སྦུབས་ཀྱི་ཤུན་པ་བསལ་བ་དང་། དེ་བཞིན་གཤེགས་པ་ཉིད་ཡོངས་སུ་སྦྱང་བ་དང་། སེམས་ཅན་འདི་དག་ཇི་ལྟར་ཉོན་མོངས་པའི་སྦུབས་ཀྱི་ཤུན་པ་ཐམས་ཅད་ལས་གྲོལ་ཏེ། འཇིག་རྟེན་དུ་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་སྙམ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་འབྲུ་
འམ་སཱ་ལུའི་འབྲས་ཀྱང་རུང་། །ཅི་ཙེ་འམ་ནི་འོན་ཏེ་ནས་ཀྱང་རུང་། །ཇི་སྲིད་བར་དུ་དེ་དག་ཕུབ་བཅས་པ། །དེ་སྲིད་བར་དུ་བྱ་བ་མི་བྱེད་དེ། །དེ་དག་གིས་ནི་བརྡུངས་ནས་ཕུབ་བསལ་ན། །བྱ་བ་རྣམ་པ་མང་པོ་དག་ཀྱང་བྱེད། །སྙིང་པོ་ཕུབ་མ་ལྡན་པ་དེ་དག་ནི། །

སེམས་ཅན་རྣམས་ལ་བྱ་བ་མི་བྱེད་དོ། །དེ་བཞིན་སེམས་ཅན་ཀུན་གྱི་སངས་རྒྱས་ས། །ཉོན་མོངས་རྣམས་ཀྱིས་ཁེབས་པར་ངས་མཐོང་ནས། །ངས་ནི་དེ་དག་རྣམ་པར་སྦྱང་བ་དང་། །སངས་རྒྱས་མྱུར་ཐོབ་བྱ་ཕྱིར་ཆོས་སྟོན་ཏོ། །སེམས་ཅན་ཀུན་ལ་ང་འདྲའི་
ཆོས་ཉིད་ནི། །ཉོན་མོངས་བརྒྱ་ཡིས་དཀྲིས་ནས་གང་ཡོད་པ། །དེ་ནི་རྣམ་སྦྱང་ཐམས་ཅད་ཇི་ལྟ་བུར། །རྒྱལ་བར་མྱུར་འགྱུར་བྱ་ཕྱིར་ཆོས་སྟོན་ཏོ། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན། རུལ་པ་དང་། ཉལ་ཉིལ་གྱི་གནས་བཤང་གཅི་དྲི་མི་
ཞིམ་པས་ཀུན་ཏུ་གང་བ་ཞིག་ཏུ་མི་གཞན་གསེབ་ལམ་ནས་སོང་བ་ཞིག་གི་གསེར་གྱི་གར་བུ་ཟླུམ་པོ་ཞིག་ལྷུང་བར་གྱུར་ལ། བཤང་གཅི་དྲི་ང་བས་ཀུན་དུ་གང་བ་རུལ་པ་དང་། ཉལ་ཉིལ་གྱི་གནས་དེར་མི་གཙང་བ་གཞན་དང་གཞན་གྱིས་བརྣན་པས་བལྟར་མི་སྣང་
བར་གྱུར་ཅིང་། དེར་དེས་ལོ་བཅུའམ། ཉི་ཤུའམ། སུམ་ཅུའམ། བཞི་བཅུ་འམ། ལོ་ལྔ་བཅུ་འམ། ལོ་བརྒྱ་འམ། ལོ་སྟོང་དུ་མི་གཙང་བས་ཆུད་མི་ཟ་བའི་ཆོས་ཅན་དེ་སེམས་ཅན་གང་ལ་ཡང་ཕན་པར་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་ལྷས་ལྷའི་
མིག་གིས་གསེར་གྱི་གར་བུ་ཟླུམ་པོ་དེ་ལ་བལྟས་ནས་མི་ཞིག་ལ་ཀྱེ་མི་ཁྱོད་སོང་ལ་འདི་ནི་རིན་པོ་ཆེའི་མཆོག་གསེར་རུལ་པ་དང་ཉལ་ཉིལ་གྱི་རྣམ་པས་ནོན་པ་དེ་བྱི་དོར་གྱིས་ལ། གསེར་གྱིས་གསེར་གྱི་བྱ་བ་གྱིས་ཤིག་ཅེས་བསྒོ་ན་རིགས་ཀྱི་བུ་དག་རུལ་པ་དང་། ཉལ་ཉིལ་གྱི་
རྣམ་པ་ཞེས་བྱ་བ་དེ་ནི་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་ཚིག་བླ་དགས་སོ། །གསེར་གྱི་གར་བུ་ཞེས་བྱ་བ་དེ་ནི་ཆུད་མི་ཟ་བའི་ཆོས་ཅན་གྱི་ཚིག་བླ་དགས་སོ། །ལྷས་ལྷའི་མིག་ཅེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱི་ཚིག་བླ་དགས་སོ། །རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཉིད་ཆུད་མི་ཟ་བ་ཡོད་པའི་ཉོན་མོངས་པ་རུལ་པ་དང་། འདམ་རྫབ་ལྟ་བུ་རྣམས་

བསལ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་མི་ཡི་གསེར་གྱི་གར་བུ་ནི། །ཉལ་ཉིལ་རྣམ་པའི་ནང་དུ་ལྷུང་གྱུར་ལ། །དེར་དེ་ལོ་ནི་མི་ཉུང་
བ་ཞིག་ཏུ། །དེ་ལྟར་གནས་ཀྱང་མི་འཇིག་ཆོས་ཅན་ནོ། །ལྷ་ཡིས་ལྷ་ཡི་མིག་གིས་དེ་མཐོང་ནས། །རྣམ་པར་སྦྱང་ཕྱིར་གཞན་ལ་སྨྲས་པ་ནི། །འདི་ནི་རིན་ཆེན་མཆོག་གི་གསེར་ཡོད་པ། །རྣམ་པར་སྦྱོངས་ལ་དེས་ནི་བྱ་བ་གྱིས། །དེ་བཞིན་ངས་ནི་སེམས་
ཅན་ཐམས་ཅད་ཀྱང་། །ཉོན་མོངས་རྣམས་ཀྱིས་ཡུན་རིང་རྟག་ནོན་མཐོང་། །དེ་དག་གིས་ནི་བློ་བུར་ཉོན་མོངས་ཤེས། །རང་བཞིན་སྦྱང་ཕྱིར་ཐབས་ཀྱིས་ཆོས་སྟོན་ཏོ། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་གི་
མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་དང་། གསེར་གྱིས་རབ་ཏུ་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་སྲིད་ཀྱི་སས་གཡོགས་པའི་འོག་ན་ཡོད་ལ། གཏེར་ཆེན་པོ་དེ་མི་དབུལ་པོ་དེ་ལ་འདི་སྐད་དུ་ཀྱེ་མི་ང་ནི་གཏེར་ཆེན་པོ་སྟེ། སས་གཡོགས་ཅིང་འདུག་གོ་
ཞེས་མི་སྨྲ་སྟེ་འདི་ལྟ་སྟེ། གཏེར་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཅན་མ་ཡིན་པའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ནི་དབུལ་བའི་སེམས་ཀྱིས་རྗེས་སུ་སེམས་ཤིང་དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡང་སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་མ་ཐོས་མི་ཤེས་མ་
མཐོང་ངོ་། །རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང་། མི་འཇིགས་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་
ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་ལ་ཆགས་པས་སྡུག་བསྔལ་བས་འཁོར་བ་ན་འཁོར་ཏེ། ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོས་པས་ཐོབ་པར་མ་གྱུར་ཅིང་ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་

ཀྱི་བུ་དག་དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ལྟ་བུའི་ཆོས་ཀྱི་གཏེར་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་པོ་དེ་ལ་མོས་ནས་རྐོ་སྟེ། དེའི་ཕྱིར་འཇིག་རྟེན་ན་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་བྱ་སྟེ། །ཆོས་ཀྱི་གཏེར་ཆེན་པོ་ལྟ་བུར་གྱུར་ནས། སེམས་ཅན་རྣམས་ལ་སྔོན་མ་བྱུང་བའི་གཏན་ཚིགས་ཀྱི་རྣམ་པ་དང་། དཔེ་དང་བྱེད་པའི་གཏན་ཚིགས་དང་། བྱ་བ་རྣམས་སྟོན་པ་གཏེར་ཆེན་
པོའི་མཛོད་ཀྱི་སྦྱིན་བདག་ཆགས་པ་མེད་པའི་སྤོབས་པ་དང་ལྡན་ཞིང་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་
དེ་བཞིན་གཤེགས་པའི་མིག་ཤིན་ཏུ་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་དེ་ལྟ་བུར་མཐོང་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་ཡོངས་སུ་སྦྱང་བའི་ཕྱིར་བྱང་ཆུབ་སེམས་
དཔའ་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་དབུལ་པོའི་ཁྱིམ་གྱི་འོག་ལོགས་ན། །དབྱིག་དང་གསེར་གྱིས་གང་བའི་གཏེར་ཡོད་པ། །དེ་ལ་གཡོ་བའམ་རློམ་སེམས་ཡོད་མིན་ཏེ། །
ང་ནི་ཁྱོད་ཀྱི་ཡིན་ཞེས་དེ་མི་སྨྲ། །དེ་ཡི་ཚེ་ན་སེམས་ཅན་ཁྱིམ་བདག་དེ། །དབུལ་བར་གྱུར་ལ་རྣམ་པར་མི་ཤེས་ཤིང་། །སུས་ཀྱང་དེ་ལ་བསྙད་པ་མེད་པས་ན། །དབུལ་པོ་དེ་ནི་དེ་ཡི་སྟེང་ན་འདུག །དེ་ལྟར་ངས་ནི་སངས་རྒྱས་མིག་གིས་སུ། །སེམས་ཅན་དེ་
དག་ཐམས་ཅད་དབུལ་འདྲ་ལ། །དེ་དག་རྣམས་ལ་གཏེར་ཆེན་ཡོད་པ་དང་། །གཡོ་བ་མེད་ཅིང་བདེ་གཤེགས་ལུས་སུ་མཐོང་། །ངས་ནི་དེ་མཐོང་བྱང་ཆུབ་སེམས་དཔའ་ལ། །ཁྱོད་ཀྱིས་ང་ཡི་ཡེ་ཤེས་མཛོད་ཟུང་ལ། །དབུལ་བ་མེད་ཅིང་འཇིག་རྟེན་མགོན་གྱུར་དང་། །

བླ་མེད་ཆོས་གཏེར་འགྱུར་བར་གྱིས་ཤིག་བསྟན། །གང་དག་ངས་བསྟན་པ་ལ་མོས་གྱུར་ལ། །སེམས་ཅན་དེ་དག་ཀུན་ལ་གཏེར་ཡོད་དོ། །གང་དག་མོས་ནས་བདག་ཉིད་རྩོལ་བྱེད་པ། །དེ་དག་མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར། །རིགས་ཀྱི་བུ་
དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་ཤིང་ཨ་མྲའི་འབྲས་བུའམ། འཛམ་བུའི་འབྲས་བུའམ། ཏ་ལའི་འབྲས་བུའམ། སྤའི་འབྲས་བུ་ཡང་རུང་སྟེ། ཕྱི་ཤུན་གྱི་སྦུབས་ཀྱི་ནང་ན་མྱུ་གུའི་ས་བོན་ཆུད་མི་ཟ་བའི་ཆོས་ཅན་ཡོད་པ་གང་གིས་ས་ལ་བཏབ་ན་ཤིང་གི་རྒྱལ་
པོ་ཆེན་པོར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འཇིག་རྟེན་ན་གནས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲེད་པ་དང་། མ་རིག་པའི་ཉོན་མོངས་པའི་ཕྱི་ཤུན་གྱི་སྦུབས་ཀྱིས་ཀུན་ཏུ་དཀྲིས་པར་མཐོང་ངོ་། །དེ་ལ་
འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲེད་པ་དང་། མ་རིག་པའི་ཉོན་མོངས་པའི་སྦུབས་ཀྱི་ནང་ན་སྙིང་པོར་གྱུར་པ་དེ་བཞིན་གཤེགས་པའི་ཆོས་ཉིད་དེ་ནི་སེམས་ཅན་ཞེས་བྱ་བའི་མིང་དུ་ཆགས་སོ། །དེ་ལ་གང་བསལ་བར་གྱུར་པ་དེ་ནི་མྱ་ངན་ལས་འདས་པ་
སྟེ། མ་རིག་པའི་ཉོན་མོངས་པའི་སྦུབས་ཡོངས་སུ་སྦྱངས་པའི་ཕྱིར་སེམས་ཅན་གྱི་ཁམས་ཀྱི་ཡེ་ཤེས་ཆེན་པོའི་ཚོགས་སུ་གྱུར་པ་གང་ཡིན་པ་དེ་ནི་རྙེད་པའོ། །སེམས་ཅན་གྱི་ཁམས་ཀྱི་ཡེ་ཤེས་ཆེན་པོའི་ཚོགས་དམ་པ་དེ་ནི་དེ་བཞིན་གཤེགས་པ་ཇི་ལྟ་བ་དེ་བཞིན་
དུ་སྨྲ་བར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཐོང་ནས་དེ་བཞིན་གཤེགས་པ་ཞེས་བྱ་བའི་འདུ་ཤེས་སུ་བྱེད་དོ། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་དེ་ལྟར་མཐོང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དེ་བཞིན་གཤེགས་པའི་
ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དོན་དེ་ཉེ་བར་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་སྤ་ཡི་འབྲས་བུ་ཐམས་ཅད་ནི། །ནང་ན་སྤ་ཡི་མྱུ་གུ་ཡོད་པ་སྟེ། །ཏ་ལ་དང་ནི་འཛམ་བུ་ཀུན་ལའང་ཡོད། །

ནང་ན་ཡོད་པའི་འབྲས་བུ་བསྐྱེད་ན་སྐྱེ། །དེ་བཞིན་ཆོས་ཀྱི་དབང་ཕྱུག་འདྲེན་པ་ཡང་། །སེམས་ཅན་ཐམས་ཅད་སྤ་ཡི་ས་བོན་འདྲ། །དེ་ཀུན་ནང་ན་བདེ་གཤེགས་ལུས་ཡོད་པར། །ཟག་མེད་སངས་རྒྱས་མིག་ནི་དམ་པས་ཐོབ། །སྦུབས་བཤིག་མ་གྱུར་
དེ་ནི་སེམས་ཅན་བརྗོད། །མི་ཤེས་ནང་ན་གནས་ཀྱང་རློམ་སེམས་མེད། །ཏིང་འཛིན་ཐོབ་སྟེ་གནས་ནས་རབ་ཞི་སྟེ། །དེ་ལ་གཡོ་བ་ཅི་ཡང་ཡོད་མ་ཡིན། །དཔེར་ན་སྡོང་ཆེན་ས་བོན་ལས་བྱུང་ལྟར། །སེམས་ཅན་འདི་དག་ཇི་ལྟར་འཚང་རྒྱ་ཞིང་། །ལྷ་
དང་བཅས་པའི་འཇིག་རྟེན་སྐྱབས་འགྱུར་ཞེས། །ཡོངས་སུ་སྤང་བའི་དོན་དུ་ཆོས་གཏམ་སྨྲ། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དབུལ་པོ་ཞིག་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ལག་མཐིལ་ཙམ་ཞིག་ཡོད་
ལ། དེ་ནས་སྐྱེས་བུ་དབུལ་པོ་དེས་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཁྱེར་ཏེ་འབྲོག་དགོན་པ་ལས་ཤིན་ཏུ་འདའ་བར་འདོང་བར་གྱུར་ནས་ཇི་ནས་ཀྱང་དེ་གཞན་གྱིས་མི་ཚོར་ཞིང་རྐུན་པོས་མི་ཁྱེར་བར་བྱ་བའི་ཕྱིར་དེས་དེ་རས་རུལ་པ། དྲི་མི་ཞིམ་པའི་དུམ་བུ་དུ་མས་དཀྲིས་
ཏེ་དེ་ནས་སྐྱེས་བུ་དེ་འབྲོག་དགོན་པ་དེ་ཉིད་དུ་ཉེས་པ་གང་གིས་ཀྱང་འཆི་བའི་དུས་བྱས་པར་མ་གྱུར་ལ། དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་རས་རུལ་པའི་དུམ་བུས་དཀྲིས་པ་ཡང་རྡོག་ལམ་དེ་ན་འཕྱན་ཞིང་འདུག་པ་དང་། འདྲོན་པོ་རྣམས་
ཀྱིས་མ་ཤེས་ནས། འགོམས་ཤིང་འགོམས་ཤིང་དོང་ལ། རས་རུལ་པ་དྲི་མི་ཞིམ་པའི་དུམ་བུའི་ཐུམ་བུ་ཀུན་ཏུ་འདྲིལ་བ་འདི་གང་ནས་རླུང་གིས་བདས་ཞེས་སྨད་པའི་དངོས་པོར་ཡང་སྟོན་པ་དང་། འབྲོག་ན་གནས་པའི་ལྷས་ལྷའི་མིག་གིས་རྣམ་པར་བལྟས་ནས་མི་གཞན་
དག་གཅིག་ལ་བསྟན་ཏེ། ཀྱེ་སྐྱེས་བུ་དག་རས་ཀྱི་དུམ་བུ་འདི་ཡི་ཐུམ་བུ་འདིའི་ནང་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ། འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པ་ཡོད་ཀྱིས་ཕྱེ་ཤིག་ཅེས་བསྒོའོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་

བཞིན་གཤེགས་པ་ཡང་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དཀྲི་བས་དཀྲིས་ཏེ། སྨད་པའི་འོས་སུ་གྱུར་ཅིང་ཡུན་རིང་པོར་འཁོར་བའི་འབྲོག་དགོན་པ་ན་རྟག་ཏུ་འཁྱམ་པར་མཐོང་སྟེ། རིགས་ཀྱི་བུ་དག་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱང་
རུང་སྟེ། སེམས་ཅན་ཉོན་མོངས་པ་སྣ་ཚོགས་ཀྱི་དཀྲི་བས་དཀྲིས་པར་གྱུར་པ་རྣམས་ཀྱི་ནང་ན་ཡང་དེ་བཞིན་གཤེགས་པའི་ལུས་ང་ཅི་འདྲ་བ་ཡོད་པ་མཐོང་ངོ་། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ནི་ཇི་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཉེ་བའི་ཉོན་
མོངས་པ་དང་བྲལ་ཞིང་ཡོངས་སུ་དག་པར་གྱུར་ལ། ཇི་ལྟར་ད་ལྟར་ང་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་འགྱུར་སྙམ་ནས། ཉོན་མོངས་པའི་དཀྲི་བས་དཀྲིས་པ་ལས་ཐར་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཆོས་སྟོན་ཏོ། །དེ་ནས་
དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་དྲི་ང་སྨད་པའི་འོས་རྣམས་ཀྱིས། །ཡོངས་སུ་དཀྲིས་པ་བདེ་བར་གཤེགས་ཀྱི་གཟུགས། །རིན་ཆེན་བྱས་པ་རས་དུམ་དཀྲིས་པ་དེ། །ལམ་གྱི་བར་ན་བོར་ཏེ་འཁྱམ་གྱུར་པ། །
ལྷ་ཡི་མིག་གིས་དེ་ནི་མཐོང་ནས་སུ། །ལྷ་དེས་གཞན་ཞིག་ལ་ནི་རབ་སྨྲས་པ། །འདི་ན་དེ་བཞིན་གཤེགས་པ་རིན་ཆེན་ཡོད། །རས་དུམ་ཐུམ་བུ་འདི་ནི་མྱུར་དུ་ཕྱེ། །དེ་བཞིན་ང་ཡི་ལྷ་མིག་འདི་འདྲ་བ། །དེས་ནི་སེམས་ཅན་འདི་དག་ཐམས་ཅད་ཀྱང་། །ཉོན་མོངས་
དཀྲི་བས་དཀྲིས་ནས་རབ་སྡུག་བསྔལ། །འཁོར་བའི་སྡུག་བསྔལ་གྱིས་མི་རྟག་གཙེས་མཐོང་། །ངས་ནི་ཉོན་མོངས་དཀྲིས་པའི་ནང་དག་ན། །རྒྱལ་བའི་སྐུ་ནི་མཉམ་པར་བཞག་གྱུར་ལ། །དེ་ནི་གཡོ་བ་མེད་ཅིང་མི་འགྱུར་ཡང་། །དེ་ཡོངས་ཐར་བྱེད་གང་ཡང་མེད་པར་
མཐོང་། །ངས་མཐོང་དེ་ནས་སྐུལ་མ་བཏབ་པ་ནི། །བྱང་ཆུབ་མཆོག་ཏུ་གང་དག་ཞུགས་པ་ཉོན། །དེ་ལྟར་སེམས་ཅན་ཆོས་ཉིད་འདི་འདྲར་རྟག །འདི་ན་ཡོངས་སུ་དཀྲིས་པའི་རྒྱལ་བ་བཞུགས། །བདེ་བར་གཤེགས་ཀྱི་ཡེ་ཤེས་ཡོངས་བཀྲོལ་ནས། །གང་ཚེ་

ཉོན་མོངས་ཐམས་ཅད་རབ་ཞི་བ། །དེ་ཚེ་འདི་ནི་སངས་རྒྱས་མིང་ཐོབ་སྟེ། །ལྷ་དང་མི་རྣམས་སེམས་ནི་རབ་ཏུ་དགའ། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་བུད་མེད་མགོན་མེད་པར་གྱུར་པ། མདོག་ངན་པ། དྲི་མི་ཞིམ་པ། སྨད་པར་འོས་པ། འཇིགས་
སུ་རུང་བ། བལྟ་ན་མི་སྡུག་པ། འདྲེ་མོ་འདྲ་བ་ཞིག་མགོན་མེད་པའི་ཁང་པར་ཞུགས་ནས་གནས་སོ། །དེ་དེར་གནས་པ་དང་སྦྲུམ་པར་གྱུར་ཏེ། གང་གིས་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བྱེད་པར་འགྱུར་བའི་སེམས་ཅན་དེ་འདྲ་བ་ཞིག་དེའི་མངལ་དུ་
ཞུགས་ཀྱང་བུད་མེད་དེའི་མངལ་ན་འདུག་པའི་སེམས་ཅན་དེ་ལ་བདག་གི་མངལ་དུ་ཞུགས་པའི་སེམས་ཅན་འདི་ཅི་འདྲ་བ་ཞིག་སྙམ་དུ་ཡང་དེ་ཡིད་ལ་མི་བྱེད། བདག་གི་མངལ་དུ་ཞུགས་སམ། མ་ཞུགས་སྙམ་དུ་ཡང་དེ་དེ་ན་ཡིད་ལ་མི་བྱེད་ཀྱི། གཞན་དུ་ན་དེ་དབུལ་བའི་སེམས་
དང་། ཞུམ་པ་དང་། དམན་པ་དང་། ཁོ་རུ་ཆུང་བ་སྙམ་པའི་སེམས་རྗེས་སུ་སེམས་ཤིང་མདོག་ངན་པ་དང་། དྲི་མི་ཞིམ་པ་ཉིད་ཀྱིས་མགོན་མེད་པའི་ཁང་པ་ན་གནས་ཏེ་དུས་འདའ་བར་བྱེད་དོ། །རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་
མགོན་མེད་པར་གྱུར་ཅིང་འཁོར་བའི་སྡུག་བསྔལ་གྱིས་གཙེས་པར་གྱུར་ལ། སྲིད་པར་སྐྱེ་བའི་གནས་མགོན་མེད་པའི་ཁང་པ་ན་གནས་སོ། །དེ་ན་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་རིགས་བཞུགས་ཏེ། ཁོང་ན་ཡོད་ཀྱང་སེམས་ཅན་དེ་དག་གིས་ཁོང་དུ་
མ་ཆུད་དོ། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ནི་སེམས་ཅན་དག་བདག་ཉིད་ལ་ཁྱད་དུ་མི་གསད་པར་བྱ་བའི་ཕྱིར་རིགས་ཀྱི་བུ་དག་ཁྱེད་བདག་ཉིད་སྲོ་ཤི་བར་མ་བྱེད་པར་ཁྱེད་བརྩོན་འགྲུས་བརྟན་པར་གྱིས་ཤིག་དང་། ཁྱེད་ལ་དེ་བཞིན་གཤེགས་པ་ཞུགས་པ་
ཡོད་པ་དུས་ཤིག་ན་འབྱུང་བར་འགྱུར་ཏེ། ཁྱེད་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་གྱི་སེམས་ཅན་ཞེས་བྱ་བར་ནི་མ་ཡིན་ནོ། །དེར་ཡང་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའི། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ནི་མ་ཡིན་ནོ་ཞེས་ཆོས་

སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་བུད་མེད་མགོན་མེད་གྱུར་པ་ཞིག །ཁ་དོག་ངན་ཅིང་གཟུགས་ནི་མི་སྡུག་ལ། །བྱིས་པ་ཡིན་ཏེ་མགོན་མེད་ཁང་པར་གནས། །རེ་ཞིག་
དེས་ན་དེ་ནི་དེར་སྦྲུམ་གྱུར། །དེ་ཡི་མངལ་དུ་གང་ཞིག་ངེས་པར་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེ་བ་ཉིད། །རིན་ཆེན་རྣམས་ཀྱི་འཕགས་པ་གླིང་བཞི་ཡི། །བདག་པོ་བྱེད་པར་འགྱུར་བ་དེ་འདྲ་ཞུགས། །བུད་མེད་བྱིས་པ་དེ་ནི་འདི་ལྟ་བུར། །མངལ་དུ་
ཞུགས་སམ་མ་ཞུགས་མི་ཤེས་ལ། །མགོན་མེད་ཁང་པ་ན་ནི་གནས་བྱེད་དེ། །དབུལ་བ་སྙམ་དུ་སེམས་ཤིང་དུས་འདའ་བྱེད། །དེ་བཞིན་ངས་ནི་སེམས་ཅན་ཐམས་ཅད་ཀྱང་། །མགོན་མེད་གྱུར་ལ་སྡུག་བསྔལ་ཆོས་ཀྱིས་ཉེན། །ཁམས་གསུམ་པ་ཡི་བདེ་བ་ཆུང་
ལ་གནས། །ནང་ན་ཆོས་ཉིད་མངལ་གནས་འདྲ་ཡོད་མཐོང་། །དེ་འདྲ་མཐོང་ནས་བྱང་ཆུབ་སེམས་དཔའ་ལ། །འཇིག་རྟེན་ཕན་པར་བྱེད་པ་མངལ་གནས་ན། །སེམས་ཅན་ཀུན་གྱིས་ཆོས་ཉིད་མ་ཤེས་ཀྱིས། །བདག་དམན་འདུ་ཤེས་མ་སྐྱེད་ཅིག་ཅེས་བསྟན། །
ཁྱེད་ཅག་བརྩོན་འགྲུས་བརྩམ་པ་བརྟན་གྱིས་དང་། །རང་ལུས་རིང་པོར་མི་ཐོགས་རྒྱལ་བར་འགྱུར། །དུས་ཤིག་བྱང་ཆུབ་སྙིང་པོ་ཐོབ་གྱུར་ནས། །སྲོག་ཆགས་སྟོང་ཕྲག་བྱེ་བ་གྲོལ་བྱེད་འགྱུར། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྤྲ་ཚིལ་ལས་རྟའི་
གཟུགས་སམ། གླང་པོ་ཆེའི་གཟུགས་སམ། བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་དག་བྱས་ཏེ། འཇིམ་པའི་ནང་དུ་བཅུག་ནས་གཡོགས་ལ་བཞུ་སྟེ། ཟགས་པར་བྱས་ལ་གསེར་བཞུ་སྟེ། ཞུ་བར་གྱུར་པས་བཀང་ནས་རིམ་གྱིས་གྲངས་པར་
གྱུར་པ་ན། མཉམ་པར་གནས་པར་གྱུར་པའི་གཟུགས་དེ་དག་ཐམས་ཅད་ཕྱི་རོལ་གྱི་འཇིམ་པ་གནག་ཅིང་ཁ་དོག་མི་སྡུག་ཀྱང་ནང་གི་རྣམས་ནི་གསེར་ལས་བྱས་པ་དག་གོ། །དེ་ནས་མགར་བའམ། མགར་བའི་སློབ་མ་ཞིག་གིས་དེ་ལས་གཟུགས་གང་དང་གང་དག་

གྲངས་པར་གྱུར་པ་མཐོང་བ་དེ་དང་དེ་དག་གི་ཕྱིར་རིམ་གྱིས་འཇིམ་པ་ཐོ་བས་བསྐོགས་ན་དེ་ནས་སྐད་ཅིག་དེ་ལ་ནང་ན་གསེར་ལས་བྱས་པའི་གཟུགས་ཡོད་པ་དག་ཡོངས་སུ་དག་པར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་
མིག་གིས་སེམས་ཅན་ཐམས་ཅད་འཇིམ་པའི་གཟུགས་ལྟ་བུ་ཡིན་ལ། ཕྱི་རོལ་གྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་སྦུབས་ཀྱི་ནང་གི་སྦུ་གུ་སངས་རྒྱས་ཀྱི་ཆོས་ཀྱིས་གང་སྟེ། ཟག་པ་མེད་པའི་ཡེ་ཤེས་རིན་པོ་ཆེའི་ནང་ན་དེ་བཞིན་གཤེགས་པ་མཛེས་པར་འདུག་
པ་མཐོང་ངོ་། །རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ནས་བྱང་ཆུབ་སེམས་དཔའི་ནང་དུ་སོང་སྟེ། འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་དག་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་དག་ཞི་ཞིང་བསིལ་བར་གྱུར་པ་དེ་དག་གིས་དེ་བཞིན་གཤེགས་པའི་ཡེ་ཤེས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཀྱི་རྡོ་རྗེའི་ཐོ་བས་ཕྱི་རོལ་གྱི་ཉོན་མོངས་པ་ཐམས་ཅད་འགོགས་སོ། །རིགས་ཀྱི་བུ་དག་མགར་བ་ཞེས་བྱ་བ་དེ་ནི་དེ་བཞིན་
གཤེགས་པའི་ཚིག་བླ་དགས་སོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ནས་ཉོན་མོངས་པ་དེ་དག་ལས་ཐར་བར་བྱས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་
ལ་རབ་ཏུ་དགོད་པའི་ཕྱིར་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་གཟུགས་ནི་ཕྱི་རོལ་འཇིམ་པས་གཡོགས། །ནང་ནི་སྦུ་གུ་ཡོད་ཅིང་གསོག་ཡིན་པ། །རིན་ཆེན་བཞུས་པས་རབ་ཏུ་བཀང་ན་ནི། །
བརྒྱ་སྟོང་ཕྲག་ནི་མང་པོར་འགྱུར་བ་ཡིན། །མགར་བས་ཤིན་ཏུ་གྲངས་པར་གྱུར་ཤེས་ནས། །འདི་ལྟར་རིན་ཆེན་ལས་ནི་བྱས་པ་འདི། །རྣམ་དག་གཟུགས་འགྱུར་ལས་གང་བྱ་སྙམ་སྟེ། །གཟུགས་ལ་གཡོགས་པའི་འཇིམ་པ་འགོགས་པར་བྱེད། །དེ་བཞིན་

ངས་ནི་སེམས་ཅན་ཐམས་ཅད་ཀྱང་། །གསེར་གཟུགས་འཇིམ་པས་གཡོགས་པ་འདྲ་བ་སྟེ། །ཕྱི་རོལ་ཤུན་པ་ཉོན་མོངས་སྦུབས་ཡིན་ལ། །ནང་ན་སངས་རྒྱས་ཡེ་ཤེས་ཡོད་པར་མཐོང་། །དེ་ལ་བྱང་ཆུབ་སེམས་དཔའ་གང་དག་ནི། །ཞི་
ཞིང་ཤིན་ཏུ་བསིལ་བར་གྱུར་པ་དག །གང་གིས་དེ་དག་ཉོན་མོངས་མ་ལུས་འབྱིན། །ཆོས་ཀྱིས་ལག་ཆས་དེ་ལ་འགོགས་པར་བྱེད། །རིན་ཆེན་གཟུགས་ནི་བལྟ་ན་སྡུག་པ་ལྟར། །རྒྱལ་སྲས་གང་ཞིག་འདིར་ནི་དག་གྱུར་པ། །སྟོབས་བཅུ་དག་གིས་
ལུས་རྣམས་ཡོངས་གང་སྟེ། །ལྷར་བཅས་འཇིག་རྟེན་འདི་ན་མཆོད་པར་འགྱུར། །ངས་ནི་སྲོག་ཆགས་ཐམས་ཅད་དེ་ལྟར་མཐོང་། །བྱང་ཆུབ་སེམས་དཔའང་ངས་ནི་དེ་ལྟར་མཐོང་། །དེ་ལྟར་དག་པ་བདེ་བར་གཤེགས་འགྱུར་ཏེ། །བདེ་གཤེགས་དག་ནི་
སངས་རྒྱས་ཚུལ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས་ལ་བཀའ་སྩལ་པ། རྡོ་རྗེའི་བློ་གྲོས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཁྱིམ་པའམ་རབ་ཏུ་བྱུང་བ་ཡང་རུང་སྟེ་གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་
འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གླེགས་བམ་དུ་བྱས་ཏེ་འཇོག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་འཆད་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་དེ་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །རྡོ་རྗེའི་བློ་གྲོས་ཡང་བྱང་ཆུབ་
སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་བརྩོན་པར་གྱུར་ལ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་ཐམས་ཅད་ལ་མཆོད་པའི་ཕྱིར་རྫུ་འཕྲུལ་བསྒྲུབས་ནས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་
འཛིན་གྱི་སྟོབས་བསྐྱེད་པ་དེས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གི་བྱེ་མ་བས་ཀྱང་མང་བ་རྣམས་སུ་གང་གཱའི་ཀླུང་གི་བྱེ་མ་བས་ཀྱང་མང་བའི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པ། ཉན་ཐོས་ཀྱི་དགེ་འདུན་

དང་བཅས་པ་བཞུགས་ཤིང་གནས་པའི་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ཁང་པ་བརྩེགས་པ་དུས་སུ་བདེ་བ། རྒྱར་དཔག་ཚད་ཙམ་ལ་འཕང་དུ་དཔག་ཚད་བཅུ་པ། རིན་པོ་ཆེ་ཐམས་ཅད་ལས་བྱས་པ། ལྷའི་དྲི་ཞིམ་པོ་དང་ལྡན་པ། མེ་ཏོག་སིལ་མ་སྣ་
ཚོགས་བཀྲམ་པ། ལོངས་སྤྱོད་ཁ་ན་མ་ཐོ་བ་མེད་པ་ཐམས་ཅད་དང་ལྡན་པ་འབུམ་ཕྲག་གང་གཱའི་ཀླུང་ལྔ་བཅུའི་བྱེ་མ་སྙེད་ཉིན་རེ་ཞིང་ཕུལ་ཏེ། བསྐལ་པ་འབུམ་དུ་ཚང་བའི་བར་དུ་འདི་ལྟ་བུའི་མཆོད་པ་བྱེད་པ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་བྱང་
ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་དཔེ་གཅིག་ཙམ་ལུས་ལ་འཆང་ངམ། གླེགས་བམ་དུ་གནས་པར་བྱེད་ན། རྡོ་རྗེའི་བློ་གྲོས་དེའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ་བསོད་ནམས་མངོན་པར་འདུ་བྱེད་པ་སྔ་
མས་བརྒྱའི་ཆ་དང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་འགྲོ་སྟེ། རྒྱུར་ཡང་མི་བཟོད་དོ། །རྡོ་རྗེའི་བློ་གྲོས་ཡང་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཆོས་ཡོངས་སུ་ཚོལ་བས་སངས་རྒྱས་བཅོམ་
ལྡན་འདས་དེ་དག་ལས་དེ་བཞིན་གཤེགས་པ་རེ་རེ་ལ་ཡང་བསྐལ་པ་འབུམ་ཚང་གི་བར་དུ་ཤིང་མན་དཱ་ར་བའི་མེ་ཏོག་ཁལ་བཞི་པ་འབུམ་འཐོར་ལ། རྡོ་རྗེའི་བློ་གྲོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཞིག་གིས་བྱང་ཆུབ་ཏུ་སེམས་
བསྐྱེད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཐལ་མོ་ལན་ཅིག་སྦྱར་ཏེ་རྗེས་སུ་ཡི་རང་ངོ་ཞེས་ཚིག་གཅིག་སྨྲས་ན། རྡོ་རྗེའི་བློ་གྲོས་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བ་མངོན་པར་འདུ་བྱ་བ་དེ་ལ་མེ་ཏོག་དང་། མེ་ཏོག་
ཕྲེང་ཕུལ་བ་དང་ལྡན་པ། དེ་བཞིན་གཤེགས་པ་ལ་བཞག་པའི་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བ་མངོན་པར་འདུ་བྱ་བ་སྔ་མ་དེས་བརྒྱའི་ཆ་དང་། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་

འགྲོ་སྟེ་རྒྱུར་ཡང་མི་བཟོད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སེམས་ཅན་ལ་ལ་གང་ཞིག་བྱང་ཆུབ་ལ། །མོས་པ་བསྐྱེད་ནས་འདི་ཉན་འཛིན་པའམ། །ཡི་གེར་འདྲི་འམ་གླེགས་བམ་བཞག་
བྱེད་ཅིང་། །གུས་དང་བཅས་པས་ཚིགས་བཅད་གཅིག་བཤད་དམ། །དེ་བཞིན་གཤེགས་པའི་སྙིང་པོ་འདི་ཐོས་ནས། །གང་ཞིག་བྱང་ཆུབ་མཆོག་འདི་ཚོལ་བྱེད་ན། །བསོད་ནམས་ཕུང་པོ་ཇི་ཙམ་སྐྱེད་འགྱུར་བ། །དེ་ཡི་ཕན་ཡོན་འདིར་ནི་མཉན་པར་གྱིས། །
རྫུ་འཕྲུལ་སྟོབས་མཆོག་འདི་ལ་གནས་ནས་སུ། །དཔའ་བོ་བསྐལ་པ་དག་ནི་སྟོང་བར་དུ། །ཕྱོགས་བཅུ་རྣམས་སུ་མི་ཡི་གཙོ་བོ་དག །ཉན་ཐོས་བཅས་པ་རྣམས་ལ་བསྟི་སྟང་བྱེད། །ཇི་ལྟར་གང་གཱའི་སྟོང་མང་བྱེ་བ་བས། །དེ་བས་ལྷག་པ་བསམ་གྱིས་
མི་ཁྱབ་པ། །གཞལ་མེད་ཁང་མཆོག་རིན་ཆེན་ལས་བྱས་པ། །འཇིག་རྟེན་སློབ་དཔོན་རེ་རེ་ལ་ཡང་ཕུལ། །དེ་དག་འཕང་དུ་དཔག་ཚད་བཅུ་ཡོད་ལ། །ཆུ་དང་རྒྱར་ནི་དཔག་ཚད་གཅིག་ཡོད་པ། །སྤོས་དང་བདུག་པ་དག་དང་རབ་ལྡན་ལ། །དེ་ན་རིན་ཆེན་
ལས་བྱས་ཁྲི་བཤམས་ཤིང་། །དར་དང་བཅོས་པུའི་རས་ནི་བརྒྱ་བཏིང་བའི། །ཁྲི་དག་དང་ནི་ཁྲི་སྟན་གཞན་རྣམས་ཀྱང་། །ཇི་ལྟར་གང་གཱའི་ཀླུང་བཞིན་དཔག་མེད་པ། །རྒྱལ་བ་གཅིག་ལ་དབུལ་བ་བྱས་གྱུར་ལ། །རྒྱལ་བ་གང་དག་འཇིག་རྟེན་ཁམས་བཞུགས་
པ། །ཇི་ལྟར་གང་གཱའི་བྱེ་མ་བས་མང་བ། །རྒྱལ་བ་དེ་དག་རྣམས་ལ་དེ་ལྟར་ཕུལ། །ཀུན་ལ་གུས་པར་མཆོད་པ་བྱེད་པ་བས། །མཁས་པ་གང་ཞིག་མདོ་སྡེ་འདི་ཐོས་ནས། །དཔེ་གཅིག་ཙམ་ཞིག་ཡང་དག་འཛིན་བྱེད་དམ། །བཟུང་ནས་མི་འགའ་ཞིག་ལ་འཆད་བྱེད་
ན། །དེ་ནི་དེ་བས་བསོད་ནམས་ཕུང་པོ་མང་། །དཔའ་བོས་བཟུང་བའི་བསོད་ནམས་འདི་ལ་ནི། །ཆ་དང་དཔེར་ཡང་དེ་ནི་ཉེར་མི་འགྲོ། །སྲོག་ཆགས་དག་ནི་ཀུན་གྱི་སྐྱབས་འགྱུར་ཞིང་། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །དེ་བཞིན་གཤེགས་ཀྱི་སྙིང་

པོ་འདྲ་ཡོད་པ། །སེམས་ཅན་དག་ནི་ཀུན་གྱི་ཆོས་ཉིད་འདི། །བྱང་ཆུབ་སེམས་དཔའ་མཁས་པ་གང་སེམས་པ། །དེ་ནི་རང་བྱུང་སངས་རྒྱས་མྱུར་དུ་འགྱུར། །རྡོ་རྗེའི་བློ་གྲོས་རྣམ་གྲངས་འདིས་ཀྱང་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པར་འགྱུར་བའི་གཅེས་སྤྲས་བྱེད་པར་རིག་པར་བྱའོ། །རྡོ་རྗེའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་ཤིན་ཏུ་རྒྱས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། མཚུངས་
པ་མེད་པ། བརྗོད་དུ་མེད་པ་དེའི་ཕ་རོལ་བས་ཀྱང་ཆེས་ཕ་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་
བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་འོད་ཟེར་གཏོང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རྡོ་རྗེའི་བློ་གྲོས་ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་རྟག་ཏུ་འོད་ཟེར་གཏོང་ཞེས་བྱ་ཞེ་ན། རྡོ་རྗེའི་བློ་གྲོས་བཅོམ་ལྡན་འདས་
དེ་བཞིན་གཤེགས་པ་རྟག་ཏུ་འོད་ཟེར་གཏོང་དེ་བྱང་ཆུབ་སེམས་དཔར་གྱུར་པ་ན་མའི་མངལ་དུ་ཞུགས་མ་ཐག་ཏུ་དེ་མའི་མངལ་ན་འདུག་བཞིན་དུ་ལུས་ལས་འོད་བྱུང་སྟེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་འབུམ་ཕྲག་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་སྣང་
བས་རྟག་ཏུ་ཁྱབ་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་དང་། འོག་དང་། སྟེང་གི་ཕྱོགས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབུམ་ཕྲག་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་
རབ་ཀྱི་རྡུལ་སྙེད་དག་སྣང་བས་རྟག་ཏུ་ཁྱབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་འོད་དགའ་བར་འགྱུར་བ་སྡུག་པ། མཆོག་ཏུ་དགའ་བར་བྱེད་པ། མགུ་བར་འགྱུར་བས་འཇིག་རྟེན་གྱི་ཁམས་འབུམ་ཕྲག་དེ་སྙེད་སྣང་བས་རྟག་ཏུ་ཁྱབ་པར་གྱུར་ཏོ། །རྡོ་རྗེའི་བློ་གྲོས་

བྱང་ཆུབ་སེམས་དཔའ་མའི་མངལ་ན་གནས་པ་དེའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་འབུམ་དེ་དག་ཏུ་སེམས་ཅན་གང་དག་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་གཟི་བརྗིད་དང་ལྡན་པ་དང་། ཁ་དོག་དང་ལྡན་པ་དང་། དྲན་པ་དང་ལྡན་པ་དང་། བློ་གྲོས་དང་
ལྡན་པ་དང་། རྟོགས་པ་དང་ལྡན་པ་དང་། སྤོབས་པ་དང་ལྡན་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་འབུམ་དེ་དག་ན་སེམས་ཅན་གང་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་རྣམས་ཀྱི་ནང་དུ་སྐྱེས་པར་
གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེའི་འོད་ཀྱིས་རེག་པ་ཙམ་གྱིས་རང་གི་འགྲོ་བ་དག་ནས་ཤི་འཕོས་ཏེ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་དག་རེག་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཡང་ཕྱིར་
མི་ལྡོག་པ་གང་དག་ལ་འོད་དེས་རེག་པ་དེ་དག་རེག་མ་ཐག་ཏུ་དེ་དག་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཡོན་ཏན་ལྔ་བརྒྱ་པའི་ལེའུ་ཞེས་བྱ་བའི་གཟུངས་ཀྱང་ཐོབ་བོ། །བྱང་ཆུབ་སེམས་དཔའ་མའི་མངལ་ན་གནས་པ་དེའི་ལུས་ཀྱི་འོད་ཀྱིས་འཇིག་
རྟེན་གྱི་ཁམས་འབུམ་གང་དག་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་བཻ་དཱུརྱ་ལས་གྲུབ་པར་ཡོངས་སུ་གནས་པར་གྱུར་ཏེ། གསེར་གྱི་སྐུད་པས་མིག་མངས་རིས་སུ་བྲིས་པར་གྱུར་ལ་མིག་མངས་རིས་ཐམས་ཅད་ཀྱང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་། འབྲས་བུ་དང་། དྲི་དང་། ཁ་
དོག་དང་ལྡན་པ་རྣམས་འཐོན་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་དེ་དག་རླུང་གིས་བསྐྱོད་ཅིང་རླུང་གིས་བསྒུལ་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྟོབས་དང་། དབང་
པོ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་སྒྲ་སྙན་པ་ཡིད་དུ་འོང་བ་འདི་ལྟ་བུ་འདི་དག་བྱུང་ངོ་། རིན་པོ་ཆེའི་ཤིང་ལྗོན་པའི་སྒྲ་དེས་ཀྱང་འཇིག་རྟེན་གྱི་ཁམས་འབུམ་དེ་དག་ཐམས་ཅད་ན་སེམས་ཅན་རྣམས་

དགའ་བ་དང་། མཆོག་ཏུ་དགའ་བ་ཐོབ་ནས་གནས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ན་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་གྱི་རིས་རྣམས་མེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་
མའི་མངལ་ན་གནས་པ་དེ་ཡང་སེམས་ཅན་དེ་དག་ཐམས་ཅད་ལ་ཟླ་བའི་དཀྱིལ་འཁོར་བཞིན་དུ་སྣང་བར་གྱུར་ཏོ། །མངལ་ན་གནས་པ་ཉིད་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཐལ་མོ་སྦྱར་བའི་ལས་བྱས་སོ། །རྡོ་རྗེའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བཙས་པ་
དང་། མངོན་པར་བྱུང་བ་དང་། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་དེའི་ལུས་ལས་འོད་རྟག་ཏུ་བྱུང་བར་གྱུར་ཏོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་བཅོམ་ལྡན་འདས་དེའི་ལུས་ལས་འོད་རྟག་ཏུ་བྱུང་བར་གྱུར་ཏོ། །ཚུལ་
དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་བར་དུ་བཅོམ་ལྡན་འདས་དེའི་ལུས་ཀྱི་འོད་དེ་རྟག་ཏུ་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ཏེ། རིང་བསྲེལ་མཆོད་རྟེན་ན་གནས་པའི་ཚེའང་ལུས་ཀྱི་འོད་དེ་རྟག་ཏུ་བྱུང་བར་གྱུར་ཏེ། རྡོ་
རྗེའི་བློ་གྲོས་དེའི་ཕྱིར་བཅོམ་ལྡན་འདས་དེ་རྟག་ཏུ་འོད་ཟེར་གཏོང་བ་ཞེས་བྱ་བར་ལྷ་དང་མི་རྣམས་ཀྱིས་མཚན་གསོལ་ཏོ། །རྡོ་རྗེའི་བློ་གྲོས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་ཏུ་འོད་ཟེར་གཏོང་བ་དེ་དང་པོ་མངོན་པར་
རྫོགས་པར་སངས་རྒྱས་པའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཞེས་བྱ་བ་གཡོག་སྟོང་དང་ལྡན་པ་ཞིག་བྱུང་སྟེ། རྡོ་རྗེའི་བློ་གྲོས་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྟག་ཏུ་འོད་ཟེར་གཏོང་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་བརྩམས་ཏེ་ཡོངས་སུ་དྲིས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་ཏུ་འོད་ཟེར་གཏོང་བ་

དེས་བྱང་ཆུབ་སེམས་དཔའ་དེ་དག་རྗེས་སུ་གཟུང་བ་དང་། ཡོངས་སུ་གཟུང་བའི་ཕྱིར་སྟན་གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་ལྔ་བརྒྱར་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་བཤད་དེ། དེས་དེ་བཞིན་
གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཚིག་རྣམ་པར་ཤེས་པར་བྱ་བས་ཆོས་བསྒྲུབ་པ་དང་། ངེས་པའི་ཚིག་དང་། དཔེ་འབུམ་ཕྲག་དུ་མས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡང་དག་པར་རབ་ཏུ་བཤད་པས་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་བཅུའི་
རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚེགས་ཆུང་ངུས་གོ་བར་གྱུར་ཏོ། །རྡོ་རྗེའི་བློ་གྲོས་དེ་ལ་བྱང་ཆུབ་སེམས་དཔའ་གང་དག་གིས་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་
ཐོས་པ་དེ་དག་ཐམས་ཅད་མཐར་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་ཡོན་ཏན་བཀོད་པ་དེ་འདྲ་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཞི་ནི་མ་གཏོགས་སོ། །
རྡོ་རྗེའི་བློ་གྲོས་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟ་སྟེ། རྡོ་རྗེའི་བློ་གྲོས་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཞེས་བྱ་བར་
གྱུར་ཏོ། །བཅོམ་ལྡན་འདས་དེའི་བསྟན་པ་ལ་གང་དག་ད་དུང་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་མ་རྒྱས་པའི་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། མཐུ་ཆེན་
ཐོབ་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེའི་བློ་གྲོས་ཁྱོད་ཉིད་དེ་བཞི་པོའོ། །རྡོ་རྗེའི་བློ་གྲོས་དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སངས་རྒྱས་ཀྱི་ཡེ་ཤེས་

སྒྲུབ་པས་དོན་ཆེ་བ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདས་པའི་དུས་ནི་བསྐལ་པ་མཐའ་ཡས་ན། །བཅོམ་ལྡན་འོད་ཟེར་གཏོང་ཞེས་བྱ་བ་བྱུང་། །དེ་ཡི་ལུས་ལས་འདི་འདྲའི་འོད་བྱུང་བས། །ཞིང་
རྣམས་བྱེ་བ་སྟོང་དག་སྣང་བར་གྱུར། །རྒྱལ་བ་དང་པོར་མངོན་རྫོགས་སངས་རྒྱས་རིག །བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་ཀྱིས། །དེ་ཚེ་བདེ་གཤེགས་རྒྱལ་དབང་དེ་ལ་ཞུས། །མདོ་འདི་རྟག་ཏུ་ཡང་དག་རབ་ཏུ་བཤད། །གང་གིས་རྒྱལ་དེའི་བསྟན་
ལས་མདོ་སྡེ་འདི། །འདྲེན་པ་ལས་ནི་མངོན་སུམ་ཐོས་གྱུར་པ། །དེ་ཀུན་མྱུར་དུ་བྱང་ཆུབ་དམ་པ་འཐོབ། །བྱང་ཆུབ་སེམས་དཔའ་བཞི་ནི་མ་གཏོགས་ཏེ། །མཐུ་ཆེན་ཐོབ་དང་སྤྱན་རས་གཟིགས་དབང་ཕྱུག །བྱང་ཆུབ་སེམས་དཔའ་འཇམ་དཔལ་གསུམ་
པ་སྟེ། །རྡོ་རྗེའི་བློ་གྲོས་ཁྱོད་ཉིད་བཞི་པ་ཡིན། །དེ་ཚེ་དེ་དག་གིས་ནི་མདོ་འདི་ཐོས། །བྱང་ཆུབ་སེམས་དཔའ་འོད་ཟེར་མཐའ་ཡས་པ། །དེ་ཚེ་གང་གིས་རྒྱལ་ལ་ཞུས་བྱུང་སྟེ། །དེ་ཡི་དབང་བྱས་བདེ་གཤེགས་སྲས་པོ་ནི། །དེ་ཚེ་རྡོ་རྗེའི་བློ་གྲོས་ཁྱོད་ཉིད་ཡིན། །
ང་ཡང་སྔོན་གྱི་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་གྱུར། །
དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་མཆོག་འདི་ནི་གཟུང་བར་བྱ། །རྡོ་རྗེའི་བློ་གྲོས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལས་ཀྱི་སྒྲིབ་པས་བསྒྲིབས་པ་གང་དག་དེ་བཞིན་གཤེགས་པའི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ།
ལུང་ནོད་དམ། ཁ་ཏོན་དུ་བྱེད་དམ། སྟོན་ཀྱང་རུང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། རབ་ཏུ་འཆད་པ་དང་། ཡི་གེར་འདྲི་བ་དེ་དག་ལས་ཚེགས་ཆུང་ངུས་ཆོས་དེ་དག་ཀྱང་མངོན་སུམ་དུ་འགྱུར། ལས་ཀྱི་སྒྲིབ་པ་

དེ་ཡང་བྱང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལས་ཀྱི་སྒྲིབ་པས་བསྒྲིབས་པར་མི་འགྱུར་ཞིང་ཆོས་ཀྱི་རྣམ་གྲངས་འདི་ལ་
བརྩོན་པར་བགྱིད་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལས་མང་དུ་ཐོས་པས་ཆོས་བསྟན་པའི་སླད་དུ་ངེས་པར་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་སངས་
རྒྱས་བརྒྱའི་ཆོས་བསྟན་པ་ཀུན་ཏུ་གཟུང་བའི་ཕྱིར་ངེས་པར་འབྱུང་བ་དེ་དག་ཀྱང་ཡོད་དོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་སངས་རྒྱས་ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། སྟོང་དང་། ཉིས་སྟོང་དང་། སུམ་སྟོང་དང་།
བཞི་སྟོང་དང་། ལྔ་སྟོང་དང་། དྲུག་སྟོང་དང་། བདུན་སྟོང་དང་། བརྒྱད་སྟོང་དང་། དགུ་སྟོང་དང་། ཁྲི་དང་། སངས་རྒྱས་འབུམ་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱི་བར་དག་གི་ཆོས་སྟོན་པ་ཀུན་ཏུ་གཟུང་བའི་ཕྱིར་ངེས་པར་འབྱུང་བར་འགྱུར་བ་དག་
ཀྱང་ཡོད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། གླེགས་བམ་དུ་བྱས་ཏེ། འཆང་བ་དེས་འདི་སྙམ་དུ་བདག་གིས་དེང་ཉིད་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། དེ་ནི་ཇི་ལྟར་ད་ལྟར་ང་བཞིན་དུ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་དང་། མཆོད་པའི་འོས་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་
ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔས་མདོ་སྡེ་འདི་ཐོས་ནས། །བདག་གིས་བྱང་ཆུབ་དམ་པ་ཐོབ་པར་བསམ། གང་གི་ལག་ན་མདོ་སྡེ་འདི་ཡོད་པ། །དེ་ནི་ད་ལྟར་འཇིག་རྟེན་ཕྱག་བྱའི་འོས། །དེ་ནི་འཇིག་རྟེན་མགོན་པོ་རྣམ་

པར་འདྲེན། །ཁྲིད་བྱེད་རྣམ་པར་ཁྲིད་བྱེད་བསྔགས་པའི་འོས། །གང་གི་ལག་ན་མདོ་སྡེ་འདི་ཡོད་པ། །དེ་ནི་དེ་ལྟར་ཆོས་ཀྱི་རྒྱལ་ཞེས་བྱ། །གང་གི་ལག་ན་མདོ་སྡེ་འདི་ཡོད་པ། །མི་ཡི་ཁྱུ་མཆོག་ཆོས་ཀྱི་སྒྲོན་མ་འཛིན། །དེ་ནི་ཉི་ཟླ་ལྟ་བུར་བལྟ་བའི་
འོས། །འཇིག་རྟེན་མགོན་པོ་ལྟ་བུར་ཕྱག་བྱའི་གནས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས་དང་། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་།
འཁོར་བཞི་པོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་
རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱ་ཀྵ་ར་ཀ་རཎྜ་ཀ་བཻ་རོ་ཙ་ན་གརྦྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་
ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐམས་ཅད་ཀྱང་རྒྱ་ཆེན་པོ་ཤེས་པ།
ཐབས་ལ་མཁས་པ། གསལ་བ། ལེ་ལོ་མེད་པ། ཡི་གེ་སྒྲུབ་པ་ལ་མཁས་པ། གནས་དང་གནས་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། འདུལ་བའི་མྱུ་གུ་དང་ལྡན་པ། ངོ་ཚ་ཤེས་པའི་ཡན་ལག་དང་ལྡན་པ། སྙིང་རྗེའི་བདག་

ཉིད་ཅན། སེམས་ཅན་ལ་མཉེས་གཤིན་པ། ཏིང་ངེ་འཛིན་མང་པོ་དང་ལྡན་པ། ཤེས་རབ་ཀྱི་ལག་པ་དང་ལྡན་པ། བླ་མ་ལ་སྲི་ཞུ་ཆེ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་གླིང་དང་མཚུངས་པ། དགེ་བ་དང་མི་དགེ་
བ་ཤེས་པ། གཡོ་ཁོང་དུ་ཆུད་པར་བྱེད་པ། ངེས་པའི་ཚིག་དང་སྤོབས་པ་ཟད་མི་ཤེས་པ་དང་། ཟུང་ཁོང་དུ་ཆུད་པར་བྱེད་པ། རྣམ་པར་རྒྱལ་བ་ཐོབ་པ། སེམས་ཅན་ཐམས་ཅད་ལ་ཁོང་དུ་ཆུད་པར་བྱེད་པ། ཡང་དག་པའི་མཐའ་ལས་བྱུང་ཞིང་བརྟེན་པ། ཤིན་
ཏུ་དཔའ་བ། གནས་པ་མེད་པ། ཆོས་བླ་མའི་རང་བཞིན་ལ་ངེས་པ། རང་བཞིན་མེད་པའི་ཁྱད་པར་སེམས་པ་སྙིང་པོ་ལ་དཔའ་བ། སྐྱེ་བ་ལ་སྨོད་པའི་སྐྱེས་བུ། ཆོས་ཁོང་དུ་ཆུད་པར་བྱེད་པ། མཚན་གྱི་གཞི་ཤེས་པ། ཡུལ་འཁོར་སྲུང་བ། ཡུལ་འཁོར་སྐྱོང་བ། སྒྲ་
གྲགས་པ། རྒྱལ་བའི་སྒྲ་དང་ལྡན་པ། རྣམ་པར་རྒྱལ་བའི་མཛོད་དང་ལྡན་པ། ཡི་གེ་མེད་པའི་སྙིང་པོ་དང་ལྡན་པ། ཤིན་ཏུ་གཉིད་ཀྱིས་མ་ལོག་པ། ཡེ་ཤེས་ཀྱི་ཕུང་པོ་ལ་གཞོལ་བ། རང་གི་ལས་ལ་མངོན་པར་དགའ་བ། རང་གི་རིགས་བསྟེན་པ། ཀུན་ཏུ་བཟང་
བ། མཉམ་པ་ཉིད་ལ་དགའ་བ། རྣམ་པར་དག་པ། རང་གི་རྒྱུད་དང་། ཕ་རོལ་གྱི་རྒྱུད་རྣམ་པར་སྦྱོང་བར་བྱེད་པ། རྣམ་པར་རྒྱལ་བ་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བའི་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཆོས་སྒྲོགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྤྲུལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གི་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྨོན་ལམ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འཛིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འགྲོ་བ་འཛིན་དང་། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སའི་སྒྲ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་འདབ་མའི་མིག་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མའི་གདོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་ནོར་བུ་དང་ཐབས་ཅིག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་བགྲང་བ་ལས་འདས་པ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ལྷན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྒྱལ་ཚབ་ཏུ་གྱུར་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་ལྷན་ཅིག །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ནི་བརྒྱ་བྱིན་དུ་མ་དང་ལྷན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། རྒྱལ་པོ་ཆེན་པོ་བཞི་ནི་འཁོར་ལོས་སྒྱུར་བ་
དུ་མ་དག་དང་ལྷན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ནི་ཚངས་པ་དུ་མ་དག་དང་ལྷན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ནི་
འཁོར་རྣམ་ཐོས་ཀྱི་བུ་དུ་མ་དག་དང་ལྷན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མའི་རྒྱལ་པོ་ནི་འཇིག་རྟེན་སྐྱོང་བ་ལྷག་མ་རྣམས་དང་ལྷན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་གཉིས་འཇོམས་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཆ་བྱད་འཛིན་པ་དུ་མ་དང་ལྷན་ཅིག །ཤ་ར་དྭ་ཏིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ཐམས་ཅད་དང་ཡང་ལྷན་ཅིག །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དགེ་མང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ནི་ལྷའི་བུ་མོ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་སྨན་ཡང་དག་བྱུང་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་ཟླ་བ་དང་ཉི་མ་རང་གི་གཟི་བརྗིད་སྙེམས་པ་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། གང་གི་ཚེ་བཅོམ་ལྡན་
འདས་ཀྱི་སྤྱན་སྔར་འཁོད་པ་དེའི་ཚེ་འཛམ་བུའི་ཆུ་བོའི་གསེར་གྱི་མདུན་དུ་སྣག་ཚའི་ཡུག་བཞག་པ་དེ་བཞིན་དུ། ཟླ་བ་དང་ཉི་མ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིར་ཞིང་མི་མཛེས། ཕྱིར་ཞིང་མི་འབར། ཕྱིར་ཞིང་ལམ་མེ་མ་ཡིན། ཕྱིར་ཞིང་ལྷན་ནེ་མ་ཡིན། ཕྱིར་
ཞིང་ལྷང་ངེ་མ་ཡིན་ནོ། །སྲེད་མེད་ཀྱི་བུ་ལ་སོགས་པ་ལྷའི་ཚོགས་ཇི་སྙེད་པ་དང་། ཀླུའི་རྒྱལ་པོ་ཆུ་ལྷ་དང་། འཇོག་པོ་དང་། མ་དྲོས་པ་ལ་སོགས་པ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང་། དྲི་ཟའི་བདག་པོ་ཤིན་ཏུ་ཡིད་དུ་འོང་བ་ནི་དྲི་ཟ་བྱེ་བ་ཕྲག་དུ་མ་དང་ལྷན་
ཅིག་ནམ་མཁའ་ལྡིང་གི་རྒྱལ་པོ་དྲི་མ་མེད་པ་ཆེན་པོ་ནི་ནམ་མཁའ་ལྡིང་བྱེ་བ་ཕྲག་བདུན་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་པ་དེ་དག་རང་རང་གི་
དེ་བཞིན་གཤེགས་པ་ལས་གནང་བ་མནོས་ཏེ། འཁོར་བཞི་དག་དང་ལྷན་ཅིག་དོང་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡང་འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས་རང་རང་གི་པད་མའི་སྟན་ལ་འཁོད་དོ། །དེ་ནས་བཅོམ་ལྡན་
འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་ལ་བཅོམ་ལྡན་འདས་ཀྱིས་གནང་ན་བཅོམ་ལྡན་འདས་ལ་ཡི་གེ་གཉིས་ཤིག་ཞུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནང་

གིས་ཁྱད་པར་སེམས་ཁྱོད་ཅི་བསམས་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག །དེ་བཞིན་གཤེགས་པ་ནི་སེམས་ཅན་གཅིག་གི་དོན་གྱི་ཕྱིར་འདིར་བྱུང་བ་མ་ཡིན་གྱི་ང་ནི་ཁྱེད་ཀྱི་དོན་གྱི་ཕྱིར་འདིར་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་སྤང་བར་བགྱི་བའི་ཆོས་གཅིག་པོ་དེ་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་བསྲུངས་ན་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་བཟུང་བར་
འགྱུར་བའི་ཆོས་གཅིག་པོ་དེ་གང་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱད་པར་སེམས་
ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚངས་པ་དེ་སྐད་སྨྲ་བ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྤོབས་པ་འདི་ལྟ་བུ་བྱུང་ངོ་། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་མ་མཛད་ན། དེ་བཞིན་གཤེགས་
པ་ལ་སུ་ཡང་ཞུ་བ་འདི་ལྟ་བུ་ཞུ་བར་མི་འགྱུར་རོ། །ཁྱད་པར་སེམས་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཁྱད་པར་སེམས་ཀྱིས་བཅོམ་ལྡན་
འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་གཅིག་གང་སྤང་བར་བྱ་བའི་ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཀྱི་ཆོས་ཏེ། རིགས་ཀྱི་བུ་འདི་ནི་སྤང་བར་བྱ་བའི་
ཆོས་གཅིག་གོ། །ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་ཞེ་སྡང་གི་ཆོས་ཏེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། །ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་གཏི་མུག་གི་ཆོས་ཏེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། །ཡང་སྤང་བར་བྱ་བའི་

ཆོས་གཅིག་སྟེ། འདི་ལྟར་བདག་ཏུ་འཛིན་པ་སྟེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། །ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་ལེ་ལོ་སྟེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། །ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་
རྨུགས་པ་དང་གཉིད་དེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། །ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་སྲེད་པ་སྟེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་མ་རིག་
པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔས་སྤང་བར་བྱ་བའི་ཆོས་གཅིག་གོ། །རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔས་རྟག་པར་རྒྱུན་དུ་མངོན་པར་བསྲུང་བར་བྱ་བའི་ཆོས་གཅིག་པོ་དེ་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་གང་བདག་མི་འདོད་པ་དེ་གཞན་
དག་ལ་མི་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཆོས་གཅིག་པོ་དེ་སྲུང་ན། དེས་དེ་བཞིན་གཤེགས་པའི་བསླབ་པའི་གཞི་ཐམས་ཅད་བསྲུངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་བདག་གི་སྲོག་ཕངས་པར་འཛིན་པ་དེ་སྲོག་མི་
གཅོད་དོ། །གང་བདག་གི་ནོར་ཕངས་པར་འཛིན་པ་དེ་མ་བྱིན་པར་མི་ལེན་ཏོ། །གང་བདག་གི་ཆུང་མ་ཕངས་པར་འཛིན་པ་དེ་གཞན་གྱི་ཆུང་མའི་གན་དུ་མི་འགྲོའོ། །རིགས་ཀྱི་བུ་དེ་ལ་སོགས་ཏེ། གང་ལ་ལ་ཞིག་འདི་སྙམ་དུ་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་བྱའོ་
སྙམ་དུ་སེམས་པ་དེས་ཆོས་གཅིག་པོ་འདི་བསྲུང་བར་བྱའོ་ཞེས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དེ་དག་ཐམས་ཅད་ནི་རང་གི་བདེ་བའི་རྒྱུར་དོན་དུ་གཉེར་གྱི། །སུ་ཡང་བདག་སྡུག་བསྔལ་
བ་མི་འདོད་དེ། འགྲོ་བ་ནི་བདེ་བ་འདོད་ཅེས་བྱ་བའི་ཐ་ཚིག་གོ། །གང་ཁྱེད་ཅག་མི་འདོད་པ་དེ་གཞན་དག་ལ་མ་བྱེད་ཅིག་ཅེས་ང་སྨྲའོ། །རིགས་ཀྱི་བུ་འདི་ནི་གང་བྱང་ཆུབ་སེམས་དཔས་རྟག་པར་རྒྱུན་དུ་མངོན་པར་བསྲུང་བར་བྱ་བའི་ཆོས་གཅིག་གོ། །རིགས་ཀྱི་བུ་

གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་དེ་གང་ཡིན་ཞེས་དེ་སྐད་ཟེར་བ་ནི་རིགས་ཀྱི་བུ་གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་དེ་གང་ཡང་མེད་དོ། །རིགས་ཀྱི་བུ་གང་ལ་ཆོས་
གང་ཡང་རྟོགས་པ་མེད་པ་དེ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའོ། །རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་སྐྱེས་པར་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་འགགས་པ་མེད་པར་
ཐུགས་སུ་ཆུད་དོ། །རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཐའ་གཉིས་ལས་གྲོལ་བར་ཐུགས་སུ་ཆུད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་བྱུང་བར་ཐུགས་སུ་ཆུད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ལས་བདག་
གིར་བྱ་བར་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་རག་ལས་པར་ཐུགས་སུ་ཆུད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་ནི་གློག་དང་འདྲ་བར་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་མེད་པ་ལས་
སྐྱེ་བ་མེད་པར་ཐུགས་སུ་ཆུད་དོ། །དེ་ལྟར་དེ་བཞིན་གཤེགས་པས་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཉིད་ཐུགས་སུ་ཆུད་དོ། །ཅིའི་ཕྱིར་ཡོངས་སུ་རྟོག་པ་དག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་སྨྲ་ཞེ་ན། རིགས་ཀྱི་བུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་
པའི་ཡེ་ཤེས་ལ་སོགས་པ་གང་དག་ཅི་འབྱུང་བའི་མངལ་དེ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཡེ་ཤེས་དེའི་རང་བཞིན་ལ་ཡོངས་སུ་རྟོག་པ་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངལ་དུ་ཆུད་པ་ཡིན་ཏེ། དེའི་ཚེ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་མིང་འཐོབ་
བོ། །རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་འདྲ་བར་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པས་རང་བཞིན་གྱིས་རྣམ་པར་གྲོལ་བའི་རང་གི་ཆོས་ཉིད་ཐུགས་སུ་ཆུད་དོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་རྣམ་པར་སྣང་

མཛད་ཀྱི་སྙིང་པོའི་ཆོས་ཉིད་དོ། །རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཀྱི་སྒོ་གཅིག་ཐུགས་སུ་ཆུད་དེ། རིགས་ཀྱི་བུ་གང་ལ་འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། རྒྱུ་མེད་པ་དང་། རྐྱེན་མེད་པ་དང་། འཆི་འཕོ་མེད་པ་དང་། སྐྱེ་
བ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། འགྲིབ་པ་མེད་པ་དང་། འཕེལ་བ་མེད་པ་དང་། རིགས་ཀྱི་བུ་གང་རང་བཞིན་གྱིས་རང་བཞིན་མེད་དེ། གང་ལ་དཔེར་བྱ་བར་མི་ནུས་པ་དང་། གང་ཡི་གེ་དང་ངེས་པའི་ཚིག་གིས་བརྗོད་པར་མི་ནུས་པའི་
ཆོས་ཀྱི་སྒོ་གཅིག་པོ་དེ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དོ། །བཀོད་པའི་རྒྱལ་པོ་བསྟན་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མིག་ལ་རྡུལ་ཕྲ་རབ་ཇི་སྙེད་སྣང་
བར་འགྱུར་བ་དེ་སྙེད་ཀྱི་སེམས་ཅན་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་སྙེད་གཅིག་གིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དེ་བས་ཆེས་མང་བའི་སེམས་ཅན་དག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ནས་ལྷ་དང་མིར་སྐྱེས་
སོ། །བྱང་ཆུབ་སེམས་དཔའ་དུ་མ་ནི་ས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དུ་མ་ནི་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་གྱུར་ཏོ། །མང་དུ་ཅི་དགོས་ཏེ་གཏམ་འདི་ནི་སུ་ལ་ཡང་དོན་མེད་པར་མ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་
ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ངའི་ཆོས་ཀྱི་ཚུལ་འདི་གཟུང་བར་སྤྲོ་བར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་འཁོར་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་བདག་ཅག་གིས་གཟུང་བར་བགྱིའོ། །སླད་མའི་ཚེ་སླད་མའི་དུས་ན་བྱང་ཆུབ་སེམས་དཔའི་སྣོད་དུ་འཚལ་བར་བགྱིས་ལ། འཇིག་རྟེན་གྱི་ཁམས་མི་མཇེད་དུ་ཡང་དག་པར་བཤད་པར་

བགྱིའོ། །རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་གང་དག་འདི་ལྟ་བུའི་ཆོས་ཀྱི་སྣོད་དུ་གྱུར་པ་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་
བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་གཟིགས་ནས་བཀའ་སྩལ་པ། གྲོགས་པོ་དག་ཤིན་ཏུ་རྒྱས་པ་བསྡུས་པའི་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་དག་ནི་དགེ་བའི་རྩ་བ་
ཆུང་ངུ་དང་ལྡན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ང་ལ་སྐྱེས་བུ་དམ་པ་དེ་དག་གིས་བཀུར་སྟིར་བྱས། བླ་མར་བྱས། བཙུན་པར་བྱས་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་དག་ནི་ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་འགྱུར་རོ། །དེ་དག་གི་སྤོབས་པ་ཕུན་སུམ་ཚོགས་
པ་རྒྱུན་མི་འཆད་པར་འགྱུར་རོ། །དེ་དག་གི་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པ་འོད་དཔག་མེད་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་
ནས་མདུན་ན་བཞུགས་པར་གྱུར་ཏེ་མཐོང་བར་འགྱུར་རོ། །ང་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་ཐབས་ཅིག་ཏུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པར་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་དེ་དག་གི་ཆོས་ཀྱི་མཛོད་མི་ཟད་པར་འགྱུར་རོ། །དེ་དག་ཚེ་རབས་དྲན་
པར་འགྱུར་རོ། །ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །རིགས་ཀྱི་བུ་ང་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཚིག་འདི་སྨྲ་སྟེ། རིགས་ཀྱི་བུ་དག་གལ་ཏེ་མཚམས་མེད་པ་ལྔ་བྱེད་པར་འགྱུར་ལ། ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་བཏགས་སམ། ཡི་གེར་
འདྲི་འམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་དེ་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་ངས་མ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་མིག་ལྔ་ཐོབ་པར་འགྱུར་རོ། །དབང་པོ་ཉམས་པར་མི་འགྱུར་རོ། །སངས་

རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ངོ་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ངོ་། །དེའི་ལས་ཚད་མེད་པ་རྣམ་པར་དག་པར་འགྱུར་རོ། །རིགས་ཀྱི་བུ་ཚིག་འདི་ནི་ཐ་མར་སྨྲ་སྟེ། དེ་མངོན་པར་རྫོགས་པར་སངས་རྒྱས་
པར་ངས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱད་པར་སེམས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་།
དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་
ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་ཞུས་ནས་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཱ་ཀཱ་ཤ་གརྦྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།
བོད་སྐད་དུ། འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་ཁ་ལ་ཏི་ཀ་ན་གནས་ཐུབ་པའི་དྲང་སྲོང་རྣམས་
ཀྱི་གནས་ན། ཉན་ཐོས་ཆེན་པོ་བགྲང་བ་ལས་འདས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་གོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དཔག་ཏུ་མེད། གྲངས་མེད་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་
ཆེན་པོ་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ལུང་བསྟན་པའི་མཐར་ཕྱིན་མ་ཐག་ཏུ་ཡང་དེའི་ཚེ་ན་ནུབ་ཕྱོགས་ན་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་འབུམ་ཕྲག་དུ་མས་བསྐོར་ཅིང་མདུན་དུ་བདར་བའི་ཡིད་བཞིན་གྱི་ནོར་བུ་

རིན་པོ་ཆེ་སྣང་སྟེ། ཡང་ནོར་བུ་རིན་པོ་ཆེ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གཟུགས་སུ་སྣང་བ་ཐམས་ཅད་མ་ལུས་པར་མི་སྣང་བར་གྱུར་ཏེ། དེ་བཞིན་གཤེགས་པ་མ་གཏོགས་པར་གང་ལྷ་དང་། མི་རྣམས་དང་། ཉན་ཐོས་རྣམས་དང་།
གང་བྱང་ཆུབ་སེམས་དཔའ་རྣམས་དང་། གང་ས་དང་། ཆུ་དང་། མེ་དང་། རླུང་རྣམས་ཀྱི་གཟུགས་སུ་སྣང་བའི་འབྱུང་བ་ཆེན་པོ་ཇི་སྙེད་པའི་འབྱུང་བ་ཆེན་པོ་སྣང་བ་དེ་དག་ཐམས་ཅད་མ་ལུས་པར་སྤངས་པར་གྱུར་ཅིང་ནོར་བུ་རིན་པོ་ཆེ་སྣང་ངོ་། །ལྷག་མ་དག་ཀྱང་མཐའ་
ཡས་མུ་མེད་པ་བརྗོད་དུ་མེད་པ་ནམ་མཁའ་བཞིན་དུ་སྣང་ངོ་། །བཅོམ་ལྡན་འདས་ཀྱང་ཤིན་ཏུ་ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཏོ། །སེམས་ཅན་གང་དག་དེར་འདུས་པ་དེ་དག་ཀྱང་བདག་ཀྱང་མི་མཐོང་ངོ་། །གཅིག་གིས་གཅིག་ཀྱང་མི་མཐོང་ངོ་། །དེ་དག་ལ་
འབྱུང་བ་ཆེན་པོའི་གཟུགས་སུ་སྣང་བ་ཐམས་ཅད་འགགས་ནས་ཡང་མིག་ཏུ་སྣང་བར་མ་གྱུར་ཏོ། །བདག་བདག་གི་ལུས་ཀྱི་གཟུགས་དང་། མཚན་དང་། དབྱིབས་དང་། རིག་པ་ཡང་མི་དམིགས་པར་གྱུར་ཏེ། གང་དང་གང་གིས་བརྟགས་པ་དེ་དང་དེ་དག་སྟོང་པར་
མཐོང་ངོ་། །ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཡང་མི་མཐོང་། སྐར་མའི་གཟུགས་དང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཀྱང་མིག་ལམ་དུ་སྣང་བར་མ་གྱུར་ཏོ། །སྒྲ་དག་ཀྱང་རྣ་ལམ་དུ་གྲག་པར་མ་གྱུར་ཏོ། །དྲི་དག་
ཀྱང་སྣ་ལ་བྲོ་བར་མ་གྱུར་ཏོ། །སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཡང་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། སྐྱེ་མཆེད་དྲུག་གི་འདུ་ཤེས་མི་འབྱུང་བར་གྱུར་ཏོ། །ཡང་འབྱུང་བ་ཆེན་པོ་དག་ཀྱང་མི་དམིགས་པར་གྱུར་ཏེ། ཕྱོགས་གང་དང་གང་དུ་བརྟགས་
པ་དེ་དང་། དེའི་ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་སྐུ་མཚན་དང་། ཁ་དོག་དང་། དབྱིབས་དང་། གཟུགས་སུ་མཐོང་བར་གྱུར་ཏོ། །རྒྱང་མ་ནས་ཀྱང་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེས་བསྐོར་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣང་བ་ལས་གཞན་

ཆུང་ཟད་ཀྱང་མི་སྣང་བར་གྱུར་ཏོ། །གང་དེ་ན་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པ། སྐྱེ་བ་གཅིག་གིས་ཐོགས་པ། སྲིད་པ་ཐ་མ་པ་དེ་དག་གིས་ལྟས་དེ་མཐོང་ནས་འཇིགས་པར་མི་བྱེད། དངངས་པར་མི་
བྱེད། སྐྲག་པར་མི་བྱེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་ལྡན་པར་རྟོགས་པས་དེའི་ཕྱིར་དེ་དག་འཇིགས་པར་མི་བྱེད། དངངས་པར་མི་བྱེད། སྐྲག་པར་མི་བྱེད་དོ། །གང་ལྷག་མ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དག་དང་། ཉན་ཐོས་དག་དང་། ལྷ་དག་དང་། ཀླུ་དག་དང་། གནོད་སྦྱིན་དག་དང་། དྲི་ཟ་དག་དང་། ལྷ་མ་ཡིན་དག་དང་། ནམ་མཁའ་ལྡིང་དག་དང་། མི་འམ་ཅི་དག་དང་། ལྟོ་འཕྱེ་ཆེན་པོ་དག་དང་། གྲུལ་བུམ་དང་། ཡི་དགས་
དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། མི་དང་མི་མ་ཡིན་པ་འདུས་པ་དེ་དག་མ་ལུས་པར་འཇིགས་པར་གྱུར། དངངས་པར་གྱུར། སྐྱོ་བར་གྱུར་ནས། ཚུ་རོལ་དང་ཕ་རོལ་ལ་རྨོངས་ཤིང་སེམས་འཁྲུགས་ནས་དེ་དག་གཅིག་གིས་གཅིག་ཀྱང་
མི་མཐོང་། དེ་ན་འདི་ཅི་ཞིག །འདི་ཇི་ལྟ་བུ་ཞིག །འདི་ཅིའི་རང་བཞིན་ཞེས་དྲི་བ་ཡང་གང་ཡང་མི་སྣང་ངོ་། །ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པའི་གཟེར་བུ་ཆེན་པོ་ཞེས་བྱ་བས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་
སྦྱར་བ་བཏུད་དེ་གསོལ་པ། ཆོས་ཀུན་གྱི་ནི་རང་བཞིན་ལ། །གང་ཟག་གང་དག་མ་འཚལ་བ། །གཟུགས་ཕུང་ལ་ནི་གནས་གྱུར་ནས། །དབང་པོ་དྲུག་ལ་རྨོངས་པར་གྱུར། །ཕུང་པོ་གཅིག་ནི་མི་མཐོང་ཞིང་། །གཟུགས་ཀྱི་ཕུང་ལ་རྟོག་བགྱིད་དེ། །
འདི་ལ་གང་ཟག་ཁ་ཅིག་ནི། །སངས་རྒྱས་ཆོས་ལ་ཐེ་ཚོམ་འཚལ། །བཅོམ་ལྡན་འདས་ཀྱིས་འདི་དག་ལ། །ཆོས་ཀྱི་དེ་བཞིན་མཚན་ཉིད་གསུངས། །དེ་དག་ཚུ་རོལ་ཕ་རོལ་ལ། །བཟོད་པའི་ནམ་མཁའི་མཚན་འཚལ་ཏོ། །འདི་ནི་མཉམ་བཞག་དཔའ་བ་

སྟེ། །བརྗོད་དུ་མེད་པའི་གནས་ལགས་སོ། །ཡིད་བཞིན་ནོར་བུ་རིན་ཆེན་ཆེ། །སྤྱི་བོ་ལ་ནི་མཆིས་པར་གདའ། །ནོར་བུ་རིན་ཆེན་བརྒྱ་བྱིན་ཐོགས། །གང་དག་ལ་ནི་རྒྱང་ནས་གདའ། །སེམས་ཅན་དེ་དག་སྐལ་བ་ཆེ། །དཔའ་འགྲོའི་ཕ་རོལ་ཤིན་ཏུ་ཕྱིན། །
སྟོན་པ་ལྟ་བར་མཆིས་པ་རྣམས། །དེ་དག་ཐམས་ཅད་ཤེས་རབ་ཆེ། །དེ་རིང་འདིར་ནི་ཟབ་མོའི་གཏམ། །མཆི་བར་འགྱུར་བ་གདོན་མི་འཚལ། །བཅོམ་ལྡན་གང་དག་འདིར་ཕྱིན་པའི། །སེམས་ཅན་དག་ལ་དབུགས་དབྱུང་མཛོད། །སེམས་ཅན་ཡོངས་
སྨིན་བགྱི་སླད་དུ། །འདི་ནི་དཔའ་བོའི་སྤྱོད་ཡུལ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །གང་ན་ཀུན་གཞི་ཐོས་གྱུར་ཅིང་། །ཤེས་རབ་ཀྱིས་ནི་སེམས་ཅན་གནས། །དེ་ནི་ཏིང་འཛིན་སྤྱོད་ཡུལ་ལོ། །དེ་ནི་ནམ་
མཁའི་སྙིང་པོ་ཡི། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཏེ། །སྣང་བ་མེད་ཅིང་སྤྲོས་མེད་པའི། །ཏིང་ངེ་འཛིན་ནི་དེ་ཡིས་བསྟན། །ལྟ་བ་གཉིས་ལ་གང་ཆགས་པ། །ཕྱི་ཕྱིར་ཞིང་ནི་རྨོངས་པར་འགྱུར། །རྟག་དང་ཆད་ལ་ཆགས་པ་ནི། །ཕ་རོལ་ཚུ་རོལ་ཤིན་
ཏུ་རྨོངས། །ལྟ་བ་གཉིས་པོ་འདི་དག་ལས། །རབ་ཏུ་གྲོལ་བར་སུ་འདོད་པ། །བརྗོད་དུ་མེད་པ་བསྒོམ་པར་གྱིས། །དེ་ནི་མྱུར་དུ་ས་འཐོབ་འགྱུར། །ཀྱེ་གྲོགས་པོ་དག་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཐོག་མ་པ་ལ་དེ་ཉིད་བརྗོད་དུ་ཡོད་པའི་
འདུ་ཤེས་ཀྱི་ཚུལ་གྱིས་དམིགས་པ་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ཅི་ནས་ཀྱང་འབྱུང་བ་ཆེན་པོ་རྣམས་ཀྱི་རང་བཞིན་སྐྱེ་ཞིང་འཇིག་པ་ཤེས་པར་བྱས་ནས། དེའི་འོག་ཏུ་གཟོད་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངོ་བོ་ཉིད་མི་སྐྱེ་མི་
འགག་པ། མི་དམིགས་པ་ཅུང་ཟད་ཀྱང་མེད་པའི་འདུ་བྱེད་ཐམས་ཅད་བསྒོམ་པར་བྱ་སྟེ། ཅི་ནས་ཀྱང་རྟག་པ་དང་ཆད་པ་སྤངས་པར་འགྱུར་བ་དང་། མི་འཇིགས། མི་དངངས། མི་སྐྲག་པར་འགྱུར་བ་དང་། ཆོས་ཐམས་ཅད་ལ་ཆགས་པར་དམིགས་པའི་སེམས་

སུ་མ་གྱུར་པར་བྱས་ན་དེ་མྱུར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཤིང་། ཕྱིན་ཅད་ཀྱང་ཆད་པ་དང་རྟག་པ་ལ་མི་གནས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། འཁོར་དེར་ལྷགས་པ་ཐམས་ཅད་ཀྱང་སྔོན་གཟུགས་ཀྱི་སྣང་
བ་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། ཤེས་པ་དེ་བཞིན་དུ་འཁོར་དེར་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བརྐྱང་སྟེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཏིང་ངེ་འཛིན་རྒྱ་མཚོ་དང་མཚུངས་པ། བྱང་ཆུབ་སེམས་དཔའ་བསླབ་པ་རི་རབ་དང་མཚུངས་པ། ཡེ་ཤེས་ནམ་མཁའ་དང་མཚུངས་པ། བརྩོན་འགྲུས་རླུང་དང་མཚུངས་པ། བཟོད་པ་རྡོ་རྗེ་དང་མཚུངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་
ཀྱི་ནི་རྒྱལ་མཚན་གྱི་མཆོག་ལྟ་བུ་མྱ་ངན་ལས་འདའ་བའི་གནས་སུ་འགྲོ་བ་རྣམས་ཀྱི་ནི་དེད་དཔོན་ལྟ་བུ། དགེ་བའི་རྩ་བ་ཐམས་ཅད་ཀྱི་ནི་གཏེར་ལྟ་བུ། སྡུག་བསྔལ་བ་ཐམས་ཅད་ཀྱི་ནི་བུམ་པ་བཟང་པོ་ལྟ་བུ། མུན་པར་བཅུག་པ་རྣམས་ཀྱི་ནི་ཉི་མ་ལྟ་བུ། ལམ་སྟོར་བ་
རྣམས་ཀྱི་ནི་ཟླ་བ་ལྟ་བུ། འཇིགས་པ་རྣམས་ཀྱི་ནི་རི་རབ་ལྟ་བུ། ཉོན་མོངས་པའི་ནད་ཀྱིས་ཡོངས་སུ་གདུངས་པ་རྣམས་ཀྱི་ནི་སྨན་བཅུད་ཀྱིས་ལེན་པ་ལྟ་བུ། དགེ་བའི་རྩ་བ་ཆད་དེ་ལྷུང་བ་རྣམས་ཀྱི་ནི་འཁར་བ་ལྟ་བུ། ཕྲེང་བས་འཚོ་བ་རྣམས་ཀྱི་ནི་མེ་ཏོག་ལྟ་བུ། སྡོམ་
པ་སྤྱོད་པ་རྣམས་ཀྱི་ནི་མེ་ལོང་ལྟ་བུ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམས་ཀྱི་ནི་གོས་ལྟ་བུ། མྱ་ངན་ལས་འདའ་བར་འགྲོ་བ་རྣམས་ཀྱི་ནི་སྟེགས་ལྟ་བུ། ཕ་རོལ་དུ་འགྲོ་བ་རྣམས་ཀྱི་ནི་གྲུ་ལྟ་བུ། མཐོ་རིས་སུ་འགྲོ་བ་རྣམས་ཀྱི་ནི་ཐེམ་སྐས་ལྟ་བུ། ཚིག་ངན་པ་དང་
སྐུར་པས་གདུངས་པ་རྣམས་ཀྱི་ནི་གདུགས་ལྟ་བུ། ཕ་རོལ་གྱི་རྒོལ་བ་རྣམས་ཀྱི་ནི་སེང་གེ་ལྟ་བུ། ཆར་པ་རྣམས་ཀྱི་ནི་ཆུ་ལྟ་བུ། བདུད་ཀྱི་དགྲ་རྣམས་ཀྱི་ནི་གོ་ཆ་ལྟ་བུ། བསླབ་པ་འཁྲུལ་པ་རྣམས་ཀྱི་ནི་མིག་འབྱེད་པ་ལྟ་བུ། དགེ་བའི་རྩ་བའི་ལོ་ཏོག་ཐམས་ཅད་ཀྱི་

ནི་ས་ལྟ་བུ། ནད་པ་རྣམས་ཀྱི་ནི་སྨན་པ་ལྟ་བུ། བཀྲེས་པ་རྣམས་ཀྱི་ནི་འབྲུ་ལྟ་བུ། སྐོམ་པ་རྣམས་ཀྱི་ནི་ཆུ་ཤེལ་ལྟ་བུ། ངལ་བ་རྣམས་ཀྱི་ནི་མལ་ལྟ་བུ། ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱི་ནི་མེ་ཤེལ་ལྟ་བུ། བྱང་ཆུབ་ཀྱི་ལམ་དུ་ཞུགས་པ་རྣམས་ཀྱི་ནི་ཤིང་རྟ་ལྟ་བུ། སྐྱེད་
མོས་ཚལ་ན་རྩེ་བ་རྣམས་ཀྱི་ནི་རྫིང་བུ་ལྟ་བུ། བྱང་ཆུབ་ཀྱི་ཕྱོགས་ལ་བརྩོན་པ་རྣམས་ཀྱི་ནི་ཕྲེང་བ་ལྟ་བུ་དེ་ཚུར་འོང་སྟེ། རིགས་ཀྱི་བུ་དེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་ནི་འབྲས་བུ་ལྟ་བུ། རིགས་ཀྱི་བུ་དེ་ས་བཅུ་དང་ལྡན་པ་རྣམས་ཀྱི་ནི་ནོར་བུ་ཡིད་བཞིན་ལྟ་བུ། རིགས་ཀྱི་བུ་དེ་
དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱི་ནི་ཤིང་ཡོངས་འདུ་དང་འདྲ་བ། གཅོད་པའི་ཕྱིར་ལྟ་བ་ངན་པའི་སྦྱོར་བ་ཐམས་ཅད་ཀྱི་ནི་མཚོན་ལྟ་བུ། འཇོམས་པའི་ཕྱིར་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ནི་རྡོ་རྗེ་ལྟ་བུ། བདུད་རྣམས་ཀྱིས་
ནི་ཐུབ་པར་དཀའ་བ། ཐབས་དང་ལྡན་པ་རྣམས་ལ་ནི་ཚེས་གྲངས། ཡེ་ཤེས་ཀྱི་ནི་འབྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ནི་གནས། རང་རྒྱལ་བ་རྣམས་ཀྱི་ནི་ཕྲེང་བ་དང་མཚུངས་པ། ཉན་ཐོས་ཐམས་ཅད་ཀྱི་ནི་གོས་དང་མཚུངས་པ། ལྷ་རྣམས་ཀྱི་ནི་མིག་ལྟ་བུ།
མི་རྣམས་ཀྱི་ནི་ལམ་ལྟ་བུ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་ཀྱི་ནི་སྐྱབས། ཡི་དགས་རྣམས་ཀྱི་ནི་རྟེན། སེམས་ཅན་དམྱལ་བ་པ་རྣམས་ཀྱི་ནི་མགོན། སྦྱིན་གནས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ནི་སྣོད་དུ་གྱུར་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ཤིང་རྟ་ལྟ་བུ། རིགས་
ཀྱི་བུ་དེ་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ནི་བློན་པོ་ལྟ་བུ། ཆོས་ཀྱི་གྲོང་ཁྱེར་གྱི་ནི་སྒོ་སྲུངས་ཡིན་ཏེ། རིགས་ཀྱི་བུ་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱིས་ནི་བརྒྱན་
པ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ནི་ལྡན། རིགས་ཀྱི་བུ་དེ་དེ་བཞིན་གཤེགས་པ་མ་གཏོགས་པར་སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་དམ་པ་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་གྱིས། ད་ཁྱེད་འདིར་ལྷགས་པ་ཐམས་ཅད་ཀྱིས་བསུ་བར་གྱིས་

ཤིག །མཆོད་པ་དང་བཀུར་སྟི་ཐམས་ཅད་ཀྱིས་དེ་ལ་ཅི་ནུས་པར་རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ལྷའི་གོས་དང་། རྒྱན་དང་། སྣོད་སྣ་ཚོགས་ཀྱིས་བཀུར་
སྟིར་གྱིས་ཤིག །རིམ་གྲོར་གྱིས་ཤིག །བསྟི་སྟང་གྱི