Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 066_མདོ་སྡེ།_ཟ
Văn bản gốc(Tây Tạng)
Trang 15 / 19 (50.000 ký tự/trang)
ཆོས་ཀྱིས་གནས་པ་རྣམས་ལ་དངོས་པོ་རྣམ་པ་སྣ་ཚོགས་དེ་བཞིན་དུ་བསྔོས་པ་རང་གིས་ཕྲོགས་ཏེ་ལོངས་སྤྱོད་པར་བྱེད་དོ། །ཁ་ཅིག་གིས་ནི་ཁྱིམ་པ་ རྣམས་ལ་སྦྱིན་པར་བྱེད་དེ། དེ་དག་གཉི་ག་དེ་ལྟར་ཡུན་རིང་པོར་ངན་སོང་གསུམ་དུ་སྡུག་བསྔལ་གྱིས་གཟིར་ཏོ། །ངས་ཉེས་དམིགས་དེ་ཡང་དག་པར་གཟིགས་ནས་ངའི་ཉན་ཐོས་རྣམས་ལ་དྲན་པར་བྱ་བ་བཅའ་བ་མཛད་དེ། ངའི་ཉན་ཐོས་སུས་ཀྱང་དགེ་སློང་ལ་བསྔོས་ པ་དང་། དགེ་སློང་གི་དགེ་འདུན་ལ་བསྔོས་པའི་མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། བཅུད་ཁྱིམ་པ་རྣམས་ལ་སྦྱིན་པར་མི་བྱའོ། །གང་ཟག་གི་འདུ་ཤེས་ཀྱིས་ལོངས་སྤྱད་པར་མི་བྱའོ། །དགེ་འདུན་ལས་ཕྱི་རོལ་དུ་ཡང་ཉོ་ཚོང་མི་བྱའོ། །བསྐོར་བ་དང་། བསྒྱུར་བ་དང་། དབྱིག་གི་གཏམ་མི་བྱའོ། །སེམས་ཅན་རྣམས་ཟང་ཟིང་གིས་ཡོངས་སུ་བསྡུ་བའི་རྐྱེན་གྱིས་ངན་སོང་གི་སྡུག་བསྔལ་དག་ལ་དགོད་པར་མི་བྱའོ། །སེམས་ཅན་རྣམས་ཆོས་ཀྱིས་བསྡུ་བས་བསྡུ་བར་བྱའོ། །མི་ཕྱེད་པའི་དད་པ་བཞི་དང་། ཐེག་པ་ གསུམ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་དགོད་པར་བྱའོ། །འཕགས་པ་འདུས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོའི་མདོ་ལེའུ་བཅུ་གཅིག་པ་ལས་ཀླུ་སྐྱབས་སུ་འགྲོ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་ སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ་བམ་པོ་བཅུ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཀུན་ཤེས་ཀཽ་ཌི་ནྱས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལག་འགྲོ་དག་བྱིན་གྱིས་བརླབ་ཏུ་གསོལ། བསམ་གྱིས་མི་ཁྱབ་པའི་ལས་ བསྟན་པའི་སྤྱོད་པ་དང་འབྲེལ་པའི་ཆོས་ཀྱི་རྣམ་གྲངས་ཡུན་རིང་པོར་འབར་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་དུ་གླིང་བཞི་པ་འདིར་མཆོད་རྟེན་ཆེན་པོ་འདི་དག་རྣལ་འབྱོར་ཡིད་ལ་བྱེད་པ་ལ་མངོན་པར་བརྩོན་པ་ཐམས་ཅད་ཀྱིས་སྟོངས་ པར་མ་གྱུར་པ་དེ་སྲིད་དུ་གླིང་བཞི་པ་འདིར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་རོ། །མཆོད་རྟེན་ཆེན་པོ་གང་དག་ཅེ་ན། འཛམ་བུའི་གླིང་འདི་ན་མཆོད་རྟེན་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ནི་སྔོན་ཆད་སྔོན་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་བ་དང་། ཉན་ཐོས་མང་པོ་གནས་གནས་ཤིང་མ་འོངས་པའི་དུས་ན་ཡང་གནས་པར་འགྱུར་བ་སྟེ། རྗེས་སུ་བསྟན་པ་ཆེན་པོ་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ནི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ ཆུ་ལྷའི་ལག་ཏུ་ཡོངས་སུ་གཏད་པ་མཛད་དོ། །ངས་ཀྱང་དེ་ཉིད་ཀྱི་ལག་ཏུ་ཡོངས་སུ་གཏད་དེ། འདི་ཡང་སྤྲོ་བར་འགྱུར་ཞིང་གང་ཟག་ཆོས་ཀྱིས་གནས་པ་རྣལ་འབྱོར་ཡིད་ལ་བྱེད་པ་ལ་མངོན་པར་བརྩོན་པ་དག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །གང་དག་གང་ ཟག་ཆོས་ཀྱིས་གནས་པ་རྣམས་ལ་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་ཀྱང་ཡོངས་སུ་སྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་ཆུ་ལྷས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་འཁོར་བ་ འཇིག་གིས་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་འདི་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ། །གང་དག་གང་ཟག་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ཀྱང་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ། །གང་དག་གང་ཟག་མཉམ་པ་ ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ལ་རིམ་གྲོ་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་སྦྱིན་བདག་དེ་དག་ཀྱང་དེ་བཞིན་ལགས་ཏེ། ཇི་སྲིད་དུ་དམ་པའི་ཆོས་འབར་བར་འགྱུར་བ་དེ་ཁོ་ན་བཞིན་དུ་བདག་གིས་གཉི་ག་བསྲུངས་ལགས་སོ། །དེ་བཞིན་དུ་དེ་ བཞིན་གཤེགས་པ་གསེར་ཐུབ་ཀྱི་བར་དང་། དེ་བཞིན་གཤེགས་པ་འོད་སྲུང་གི་བར་གྱིས་ཀྱང་དེའི་ཆོས་ཀྱི་ཚུལ་འབར་བར་བགྱི་བའི་སླད་དུ་གཏད་ལགས་སོ། །དེ་བཞིན་དུ་ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་བཀས་དྲང་སྲོང་ཐུབ་པའི་གནས་ཀུན་རྟེན་ནས་གང་ཟག་ མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ཀྱི་བར་དང་། གང་དག་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་གི་བར་དག་དང་། ཇི་སྲིད་ དུ་ཉན་ཐོས་དེ་དག་ཡོངས་སུ་འཛིན་པ་མ་མཆིས་པར་གནས་པར་དེ་དག་ཐམས་ཅད་བསྲུང་བར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་ལེགས་སོ་ལེགས་སོ། །དེ་ལྟར་བྱིན་གྱིས་བརླབས་པས་ངའི་ཆོས་ཀྱི་ཚུལ་སྦྱིན་བདག་ ཆེན་པོ་དེ་ལྟ་བུ་དག་གིས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ། །བ་ལང་སྤྱོད་ཀྱི་གླིང་གི་ངོས་ན་རྡུལ་གྱི་རི་དེ་ལ་དྲང་སྲོང་ཐུབ་པའི་གནས་བཀྲ་བ་ནི་ཀླུའི་རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་ཅན་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བའི་བར་དུའོ། །ཀླུའི་རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་ ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་འཁོར་བ་འཇིག་གིས་དེར་དྲང་སྲོང་ཐུབ་པའི་གནས་བཀྲ་བ་དེ་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ་ཞེས་བྱ་བ་ནས། ཇི་སྲིད་དུ་ཉན་ཐོས་དེ་དག་ཡོངས་སུ་འཛིན་པ་ མ་མཆིས་པར་གནས་པ་དེ་སྲིད་དུ་བདག་གིས་ཐམས་ཅད་ཡོངས་སུ་བསྐྱང་བར་བགྱི་ལགས་སོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་བདག་རྣམས་ཀྱིས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཤར་གྱི་ ལུས་འཕགས་ཀྱི་ངོས་ན་ནི་ལང་ག་ཎའི་རི་ལ་དྲང་སྲོང་ཐུབ་པའི་གནས་དྲང་སྲོང་འབྱུང་བ་ནི་ཀླུའི་རྒྱལ་པོ་ཟླ་སྲུང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་དེ་སྲིད་དུ་བདག་གིས་ཡོངས་སུ་བསྐྱང་བར་བགྱི་ལགས་སོ་ཞེས་བྱ་བའི་བར་དུའོ། །བྱང་གི་སྒྲ་མི་སྙན་གྱི་ངོས་ན་ རྒྱལ་དགའི་རི་ལ་དྲང་སྲོང་ཐུབ་པའི་གནས་སྤོས་བརྩེགས་ནི་ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ལ་ཆང་ཁྱིར་ཡོངས་སུ་གཏད་དེ། གང་ཟག་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ཀྱང་ཆང་ཁྱིར་ཡོངས་སུ་གཏད་དོ། །དེ་བཞིན་དུ་གང་ཟག་དགེ་ སློང་མཉམ་པ་ཉིད་ལ་མངོན་པར་བརྩོན་པ་ཆོས་ཀྱིས་གནས་པ་རྣམས་ལ་རིམ་གྲོ་དང་བསྙེན་བཀུར་ལ་མངོན་པར་བརྩོན་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་ཀྱང་ཆང་ཁྱིར་ངས་ཡོངས་སུ་གཏད་དོ། །ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ཀྱིས་འདི་སྐད་ཅེས་གསོལ་ ཏོ། །བཙུན་པ་བཅོམ་ལྡན་འདས་དེ་དེ་བཞིན་ཏེ། སྔོན་དེ་བཞིན་གཤེགས་པ་འཁོར་བ་འཇིག་གིས་དྲང་སྲོང་ཐུབ་པའི་གནས་སྤོས་བརྩེགས་དེ་ཡང་ཆང་ཁྱིར་ཡོངས་སུ་གཏད་ལགས་སོ། །ཆོས་ཀྱིས་གནས་པ་ཡང་དེ་བཞིན་ལགས་སོ། །གསེར་ཐུབ་ཀྱིས་ཀྱང་དེ་ བཞིན་ལགས་སོ་ཞེས་བྱ་བ་ནས་འོད་སྲུང་གིས་ཀྱང་དེ་བཞིན་ལགས་སོ་ཞེས་བྱ་བའི་བར་དང་། བདག་གིས་ཆོས་ཀྱི་ཚུལ་ཡང་དག་པར་བཟུང་ལགས་སོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་བཀས་བདག་གིས་དྲང་སྲོང་ཐུབ་པའི་གནས་སྤོས་ བརྩེགས་ཐམས་ཅད་བསྲུང་བར་བགྱི་ལགས་སོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་ལེགས་སོ་ལེགས་སོ། །དེ་ལྟར་བྱིན་གྱིས་བརླབས་པས་ཆོས་ཀྱི་ཚུལ་སྦྱིན་བདག་ཆེན་པོ་དེ་ལྟ་བུ་དག་གིས་ཡུན་རིང་པོར་འབར་བར་བྱེད་ པར་འགྱུར་རོ། །དེ་བཞིན་དུ་བ་ལང་སྤྱོད་ཀྱི་གླིང་ན་དྲང་སྲོང་ཐུབ་པའི་གནས་འོད་ཟེར་བྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་བ་ལང་མགོ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། ། དེ་བཞིན་དུ་ཤར་གྱི་ལུས་འཕགས་གླིང་ན་དྲང་སྲོང་ཐུབ་པའི་གནས་པད་མའི་ཤིང་ནྱ་གྲོ་དྷ་ལྟ་བུ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་དབྱིག་གཏོང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་བྱང་གི་ སྒྲ་མི་སྙན་གྱི་གླིང་ན་དྲང་སྲོང་ཐུབ་པའི་གནས་སྤོས་བརྩེགས་འོད་ཟེར་ཅེས་བྱ་བ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་གནས་ན་རྒྱུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རྒྱ་མཚོ་ཆེན་པོའི་ནང་ན་ཀླུའི་ རྒྱལ་པོ་རྒྱ་མཚོའི་གནས་ན་དྲང་སྲོང་ཐུབ་པའི་གནས་ནོར་བུའི་སྙིང་པོའི་འོད་འཕྲོ་བ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རི་རབ་ཀྱི་རྩེ་མོ་ན་སུམ་ ཅུ་རྩ་གསུམ་པའི་གནས་ན་དྲང་སྲོང་ཐུབ་པའི་གནས་མེ་ཏོག་རབ་ཏུ་རྒྱས་པའི་སྙིང་པོ་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་འཛམ་བུའི་གླིང་འདི་ན་དགའ་ འཕེལ་ཞེས་བྱ་བ་ནས་དྲང་སྲོང་ཐུབ་པའི་གནས་གནས་བརྟན་གྱི་ཕུག་གང་ཡིན་པ་དེ་ནི་ཀླུའི་རྒྱལ་པོ་ཅེ་སྤྱང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡངས་པ་ཅན་ན་དྲང་སྲོང་ཐུབ་པའི་གནས་ ཤིན་ཏུ་བརྟན་པ་ནི་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་སེར་སྐྱའི་གནས་ན་དྲང་སྲོང་ཐུབ་པའི་གནས་གསེར་སྒྲོན་དྲི་ཞིམ་ནི་ཀླུའི་རྒྱལ་པོ་མ་དྲོས་པ་ལ་ ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡུལ་མ་ག་དྷཱ་ན་དྲང་སྲོང་ཐུབ་པའི་གནས་རྒྱ་ཆེན་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་རི་བོས་བྱིན་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་ འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་བཅོམ་བརླག་ན་དྲང་སྲོང་ཐུབ་པའི་གནས་སྟུག་པའི་སྤྲིན་ནི་ཀླུའི་རྒྱལ་པོ་ཅེ་སྤྱང་དང་རྒྱུ་བ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། ། དེ་བཞིན་དུ་ཡུལ་འཁོར་ཀོ་ས་ལ་ན་དྲང་སྲོང་ཐུབ་པའི་གནས་རྒྱལ་བ་དག་པ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་སྲིན་བུ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཕུག་གི་ཕ་རོལ་ན་དྲང་སྲོང་ཐུབ་པའི་གནས་ བཏང་བཟུང་བདེན་པའི་དྲི་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་བཏང་བཟུང་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡུལ་འཁོར་ས་འཛིན་ན་དྲང་སྲོང་ཐུབ་པའི་གནས་མཐོང་བའི་ལམ་རྒྱགས་ཞེས་ བྱ་བ་ནི་ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཁ་ཆེའི་ཡུལ་ན་དྲང་སྲོང་ཐུབ་པའི་གནས་གུར་ཀུམ་གྱི་རྩེ་མོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་ཧུ་ལུ་རུ་ལ་ཆང་ཁྱིར་ ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་ཡུལ་ཆུ་ལེན་ན་དྲང་སྲོང་ཐུབ་པའི་གནས་འོད་ཟེར་བྱེད་པའི་སྙིང་པོ་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་འཕྱང་བ་ལ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་ པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རྒྱ་ཡུལ་ན་དྲང་སྲོང་ཐུབ་པའི་གནས་སྲེད་མེད་ཀྱི་བུའི་འོད་ཅེས་བྱ་བ་ནི་ཀླུའི་རྒྱལ་པོ་རྒྱ་མཚོས་བྱིན་གྱི་ལག་ཏུ་ཆང་ཁྱིར་ཡོངས་སུ་གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་ བར་དུའོ། །དེ་བཞིན་དུ་ཁ་ཤའི་ཡུལ་ན་སའི་ནུ་མའི་གནས་རི་གླང་རུའི་དྲུང་ཆུ་བོ་གོ་མ་ཏིའི་ངོགས་ན་དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་ཞེས་བྱ་བ་མཆོད་རྟེན་ཆེན་པོའི་གནས་ནི་ཀླུའི་རྒྱལ་པོ་ཁྱིམ་བདག་གིས་བྱིན་གྱི་ལག་ཏུ་ཆང་ཁྱིར་ཡོངས་སུ་ གཏད་དོ་ཞེས་བྱ་བ་ནས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །མཆོད་རྟེན་ཆེན་པོ་དེ་དག་ནི་སྔོན་ཆད་དྲང་སྲོང་ཐུབ་པའི་ཁྱུ་མཆོག་མང་པོ་གནས་ཤིང་སྔོན་ཆད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོ་ཡང་གནས་གནས། སྔོན་ཆད་རང་རྒྱལ་ བ་མང་པོ་ཡང་གནས་གནས། སྔོན་ཆད་ཉན་ཐོས་ཆེན་པོ་མང་པོ་ཡང་གནས་གནས། སྔོན་ཆད་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་མང་པོ་ཡང་གནས་གནས་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་འདིར་གང་དག་སྐྱེས་པ་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་ སེམས་ཅན་འཁོར་བས་སྐྲག་པ་ཡོངས་སུ་སྐྱོ་བ་རྣམས་ཀྱི་དོན་དུ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ་ཐམས་ཅད་ཀྱིས་དེ་དག་གི་ལག་ཏུ་ཡོངས་སུ་གཏད་པ་ཡིན་ནོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ གྲངས་མེད་པ་དཔག་ཏུ་མེད་པ་ན་གང་དག་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱུང་བ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་ལས་ཟད་པར་བྱ་བའི་ཕྱིར་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་དགོངས་ཤིང་བསམས་ ལ་བྱིན་གྱིས་བརླབས་སོ། །དེ་བཞིན་དུ་མ་འོངས་པའི་དུས་ན་དེའི་ཚེ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་དཔག་ཏུ་མེད་པ་དེ་དག་ཏུ་གང་དག་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་ ཀྱང་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་དགོངས་ཤིང་བསམས་པར་འགྱུར་ལ་བྱིན་གྱིས་རློབ་པར་འགྱུར་རོ། །མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཞིང་འདིར་རྒྱལ་བའི་ཟླ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་གྱི་དོན་དུ་ལས་ཟད་པར་བྱ་ བའི་ཕྱིར་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་ལ་གནས་པར་འགྱུར་ཞིང་བྱིན་གྱིས་རློབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། རང་རྒྱལ་བ་ཐམས་ཅད་དང་། ཉན་ཐོས་ཆེན་པོ་ཐམས་ཅད་དང་། དེ་བཞིན་དུ་དྲང་ སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་དུ་ལས་ཟད་པར་བྱ་བའི་ཕྱིར་མཆོད་རྟེན་ཆེན་པོ་ཉི་ཤུ་པོ་དེ་དག་ལ་གནས་པར་འགྱུར་ཞིང་བྱིན་གྱིས་རློབ་པར་ཡང་འགྱུར་ཏེ། སེམས་ཅན་དབང་ཆེ་བར་གྲགས་པ་དེ་དག་གི་ལག་ཏུ་ཆང་ཁྱིར་ ངས་ཡོངས་སུ་གཏད་པར་མཛད་དོ། །དེ་བཞིན་དུ་ད་ལྟར་ཡང་མཆོད་རྟེན་ཆེན་པོའི་གནས་ཉི་ཤུ་པོ་དེ་དག་ཁྱེད་ཀྱིས་ཇི་ལྟར་མིང་ཡོངས་སུ་བཟུང་བ་བཞིན་ངས་ཡོངས་སུ་གཏད་ཀྱིས། སེམས་ཅན་འཁོར་བས་ཡོངས་སུ་སྐྱོ་བ་རྣམས་ཀྱི་དོན་དུ་ཁྱེད་ཀྱིས་དེ་དག་ སྲུངས་ཤིག །ཆོས་རབ་ཏུ་མི་འཇིག་པར་ཡང་དག་པར་ཟུང་ཤིག །དེ་ནས་གང་དག་གི་ལག་ཏུ་མཆོད་རྟེན་ཆེན་པོའི་གནས་ཉི་ཤུ་པོ་དེ་དག་ཡོངས་སུ་གཏད་པའི་ཀླུ་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀླུ་ རྣམས་ནི་རྨུགས་པ་དང་གཉིད་ཀྱི་སྒྲིབ་པས་ཤིན་ཏུ་མྱོས་པ་ལགས་ཏེ། གང་བདག་ཅག་མཚན་གཅིག་གཉིད་ལོག་པ་དེ་ནི་མིའི་ལྟར་བརྩིས་ན་དགུང་ལོ་ཉི་ཤུ་རྩ་གཅིག་འདས་པར་འགྱུར་ལགས་སོ། །གལ་ཏེ་བདག་ཅག་གཉིད་ཀྱིས་ལོག་ནས་དྲང་སྲོང་ཐུབ་པའི་གནས་ དེ་དག་ཏུ་ལྷའི་ཀུན་ཏུ་འཁྲུག་པ་འགའ་ཞིག་བྱུང་བར་གྱུར་ཏམ། མིའི་ཀུན་ཏུ་འཁྲུག་པའམ། ཞུགས་སམ། ཆབ་ཀྱིས་ཀུན་ཏུ་འཁྲུག་པ་འགའ་ཞིག་བྱུང་བར་གྱུར་ན་མཆོད་རྟེན་ཆེན་པོའི་གནས་དེ་དག་རྣམ་པར་འཇིག་པར་འགྱུར་ལགས་ན་བདག་ཅག་གཉིད་ཀྱིས་ ལོག་ཅིང་མྱོས་པ་དེ་དག་གིས་རབ་ཏུ་འཇིག་པ་དེ་བསལ་བར་རྔོ་མི་ཐོགས་ལགས་ཏེ། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཅག་ནོངས་པ་བྱུང་བ་ལགས་པར་འགྱུར་ལགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་ དཔོན་ཉི་ཤུ་རྩ་བརྒྱད་པོ་དེ་དག་ལ་བཀའ་སྩལ་པ། རྟག་པར་རྒྱལ་བ་རྣམས་ཀྱིས་དགོངས་པའི་མཆོད་རྟེན་ཆེན་པོའི་གནས་དྲང་སྲོང་ཐུབ་པའི་གནས་ཁྱེད་ཀྱིས་ལོང་ཤིག །ཆང་ཁྱིར་ཡོངས་སུ་སྐྱོངས་ཤིག །ཡོངས་སུ་སྲུངས་ཤིག །དེའི་ཚེ་གནོད་ སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་དྲུག་གིས་ཇི་ལྟར་རྗེས་སུ་འཐུན་པར་སྔོན་ཆད་དྲང་སྲོང་ཐུབ་པའི་གནས་སུ་ཇི་ལྟར་གནས་པར་གྱུར་པ་བཞིན་དུ་ཆང་ཁྱིར་ཡོངས་སུ་བླངས་སོ། །གོ་མ་སཱ་ལ་གན་དྷའི་གནས་ནི་མ་གཏོགས་ཏེ་མ་བླངས་སོ། །དེའི་ཚེ་བཅོམ་ལྡན་འདས་ལ་ཀླུའི་ རྒྱལ་པོ་ཁྱིམ་བདག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སའི་ནུ་མའི་གནས་རི་གླང་རུའི་དྲུང་ཆུ་བོ་གོ་མ་ཏིའི་ངོགས་གང་ན་དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་ཞེས་བགྱི་བ་མཆོད་རྟེན་ཆེན་པོའི་གནས་མཆིས་པ་ནི་ཡོངས་སུ་བསྐྱང་བའི་སླད་ དུ་བདག་གིས་བླངས་ལགས་ན་ས་ཕྱོགས་དེ་ན་ཡུལ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་མ་མཆིས་ལགས་སོ། །མི་རྣམས་ཀྱི་གནས་མ་མཆིས་ལགས་ཏེ། ཡུལ་གཞན་ནམ། གླིང་བཞི་པ་གཞན་ནམ། སངས་རྒྱས་ཀྱི་ཞིང་གཞན་གྱི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་རྒྱལ་བ་དང་། ཉན་ཐོས་ཆེན་པོ་རྣམས་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་མ་གཏོགས་ཏེ། དེ་དག་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་མཆོད་པ་བགྱི་ བའི་སླད་དུ་དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་དེར་ལྷགས་ཏེ། དེ་ནས་སླར་ཡང་མཆི་བར་བགྱིད་དོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་གནོད་སྦྱིན་གྱི་སྡེ་དཔོན་སུ་ཡང་དེ་ཀུན་ཏུ་བསྲུང་བའི་སླད་དུ་སྤྲོ་བར་མ་གྱུར་པ་ལ་གཟིགས། གནས་དེ་ངན་པར་རྩི་བ་ ཞིག་མ་ལགས་སམ་ཞེས་བདག་ངོ་མཚར་དུ་གྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་དེ་སྐད་མ་སྨྲ་ཤིག །ཁ་ཤའི་ཡུལ་ན་བདེན་པ་མཐོང་བ་དང་། དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་ཉི་ཁྲི་གནས་པ་གང་ དག་ཡིན་པ་དེ་དག་གིས་དྲང་སྲོང་ཐུབ་པའི་གནས་མཆོད་རྟེན་ཆེན་པོ་གོ་མ་སཱ་ལ་གན་དྷ་ལ་ཉིན་མཚན་དུ་མཆོད་པ་བྱེད་པར་འགྱུར་རོ། །གཞན་ཡང་ལག་འགྲོའི་བདག་པོ་ཇི་ལྟར་དེ་བཞིན་གཤེགས་པ་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་ནས་སྐྱེ་དགུས་ལོ་ སུམ་སྟོང་ལོན་པ་ན་སའི་ནུ་མའི་གནས་སུ་ཡུལ་འཁོར་ཆེན་པོ་རྡོ་རྩུབ་ཅེས་བྱ་བ་བདེ་བ་དང་དགའ་བར་བྱེད་པ། མི་དང་སྐྱེ་བོ་མང་པོས་གང་བ་ཞིག་བྱུང་བར་གྱུར་ཏོ། །དེ་ན་དྲང་སྲོང་སྦྱིན་གནས་བསམ་གཏན་ལ་མངོན་པར་དགའ་བ་ཐེག་པ་བླ་ན་མེད་པ་འདོད་པ་ལྔ་ འབུམ་སྙེད་ཀྱི་མང་པོ་གནས་པར་གྱུར་ཏོ། །དེའི་ཚེ་མི་རྣམས་ཟས་ལ་འཁྲེན་ཏེ། དེ་དག་ཁ་ཟས་ཀྱི་ཕྱིར་དྲང་སྲོང་དེ་དག་ལ་འཁྲིག་པ་དང་ལྡན་པས་མི་སྙན་པར་རྗོད་པར་བྱེད་དོ། །ཐལ་བ་དང་རྡུལ་གྱིས་འཐོར་བར་བྱེད་དོ། །དེའི་ཚེ་དྲང་སྲོང་དེ་དག་ཡུལ་འཁོར་ རྡོ་རྩུབ་དེ་ནས་དོང་ངོ་། །དེ་ནས་སེམས་ཅན་དེ་དག་དྲང་སྲོང་དོང་བ་དེ་དག་ལ་མཆོག་ཏུ་དགའ་ཞིང་ཡི་རངས་པར་གྱུར་ཏོ། །དེའི་ཕྱིར་དང་པོར་ཁྱོད་ཁྲོས་ཏེ། དེ་དག་གི་ཆུ་ཀུན་ཏུ་ཆད་ནས་ཡུལ་འཁོར་དེར་ཀླུང་དང་། འབབ་ཆུའི་ངོགས་དང་། མཚོ་དང་། མཚེའུ་ དང་། ལུ་མའི་ཆུ་དང་། ཁྲོན་པ་དག་སྐམས་པ་ཁྱོད་ཀྱིས་དྲན་ནམ། ཡུལ་དེར་མེ་ལྷ་ཁྲོས་ཏེ་སེམས་ཅན་དེ་དག་གི་མེ་ཀུན་ཏུ་ཆད་ནས་སེམས་ཅན་དེ་དག་བཀྲེས་པ་དང་སྐོམ་པས་གཟིར་ཏེ། འཆི་བའི་དུས་བྱས་ནས་རིང་པོར་མ་ལོན་པར་དེ་འབྲོག་དགོན་པར་གྱུར་ ཏོ། །དེ་ལྟར་ཡུན་རིང་པོར་ཡང་དག་པར་གནས་པར་གྱུར་པ་དག་ཀྱང་དེ་བཞིན་ནོ། །ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་། དེར་ཇི་ནས་ཀྱང་སའི་ནུ་མའི་གནས་དེར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རི་ བྲགས་རྣམས་གནས་པར་འགྱུར་བ་དང་། སེམས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ལོངས་སྤྱོད་དང་། ཉེ་བར་སྤྱོད་པའི་གནས་དང་། བདེ་བ་དང་། དགའ་བར་བྱེད་པ་དང་། མི་དང་། སྐྱེ་བོ་མང་པོས་གང་བར་འགྱུར་བར་ང་དེར་གཤེགས་ པར་མཛད་དེ། དྲང་སྲོང་ཐུབ་པའི་གནས་གོ་མ་སཱ་ལ་གན་དྷ་དེ་ཞག་བདུན་ལོངས་སྤྱོད་པར་མཛད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་མིང་ཅན་ལ་བཀའ་སྩལ་པ། མིང་ཅན་ཁྱོད་ཀྱིས་དྲན་ནམ། གསོལ་པ། བཙུན་པ་ བཅོམ་ལྡན་འདས་སྔོན་རི་གླང་རུ་དེ་ལ་ཇི་ལྟར་དེ་བཞིན་གཤེགས་པ་འོད་སྲུང་གིས་སྐྱིལ་མོ་ཀྲུང་གཅིག་གིས་རྣམ་པར་གྲོལ་བའི་བདེ་བས་དགུང་བདུན་འདས་པར་མཛད་དེ། དགུང་བདུན་པོ་དེ་འདས་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དྲང་སྲོང་ཐུབ་པའི་གནས་ གོ་མ་སཱ་ལ་གན་དྷ་དེ་ལ་བཞུགས་པ་དང་། དེའི་ཚེ་དེའི་སྲུང་བ་འཛིན་པ་དང་། པྱི་པྱི་ལིང་གི་ཤིང་བསྲུང་བ་གང་དག་ལགས་པ་དང་། དེའི་ཉན་ཐོས་བསྙེན་བཀུར་ལ་མངོན་པར་བརྩོན་པ། ཏིང་ངེ་འཛིན་ལ་མངོན་པར་བརྩོན་པ། ཆོས་ཀྱིས་གནས་པ་རྣམས་ཀྱིས་ སྲུང་བ་འཛིན་པ་དང་། པྱི་པྱི་ལིང་གི་ཤིང་སྲུང་བ་གང་དག་ལགས་པ་བདག་གིས་དྲན་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་ཁྱིམ་བདག་གིས་བྱིན་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་ཡུན་ཇི་སྲིད་དུ་ཉན་ཐོས་དེ་དག་ཡོངས་སུ་འཛིན་པ་མ་མཆིས་ པར་གནས་པ་དེ་སྲིད་དུ་བདག་གིས་བསྲུང་བར་བགྱི་ལགས་སོ། །གཞན་ཡང་བྱམས་པའི་དུས་ཀྱི་བར་དུ་མཆོད་རྟེན་ཆེན་པོ་གོ་མ་སཱ་ལ་གན་དྷ་དུས་རྟག་ཏུ་ཆབ་དང་། ཞུགས་དང་། གནོད་སྦྱིན་དང་། གྲུལ་བུམ་གྱིས་ཀུན་ཏུ་འཁྲུག་པ་རྣམས་ལས་བདག་གིས་བསྲུང་ བར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་ལེགས་སོ་ལེགས་སོ། །ངའི་ཆོས་ཀྱི་ཚུལ་དེ་ལྟར་ཤིན་ཏུ་བྱིན་གྱིས་བརླབས་པས་གྲོགས་པོ་དང་སྦྱིན་བདག་དེ་ལྟ་བུ་དག་གིས་ཡུན་རིང་པོར་འབར་བར་བྱེད་པར་འགྱུར་རོ། །ཡང་ དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུ་པོ་གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དག་ནས་ལུང་བསྟན་པ་ཆེན་པོ་ཉི་མའི་སྙིང་པོ་མཉན་པར་བྱ་བའི་ཕྱིར་ལྷགས་ཤིང་འདུས་པ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་ འདས་བདག་ཅག་གིས་ཀྱང་གླིང་བཞི་པ་འདིར་གནས་པར་བགྱི་ལགས་སོ། །དྲང་སྲོང་ཐུབ་པའི་གནས་མེ་ཏོག་ནས་བ་དན་གྱི་བར་དང་། གསེར་ནས་ས་ལེ་སྦྲམ་གྱི་བར་གྱིས་ཡོངས་སུ་གཏམས་པར་བགྱི་ལགས་སོ། །ལས་འབྱང་བའི་གཟུངས་སྔགས་ཉི་མའི་ སྙིང་པོ་འདི་བཅང་བར་བགྱི་ལགས་སོ། །གཞན་དག་ལ་བསྟན་པར་བགྱི་ལགས་སོ། །ཡང་དག་པར་རབ་ཏུ་བསྟན་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་བསྟན་པའི་གཟུངས་སྔགས་དེ་ཡང་ཡིད་ཀྱིས་རྗེས་སུ་བརྟགས་ཏེ་གནས་པར་བགྱི་ལགས་སོ། ། བྱང་ཆུབ་ཀྱི་ལམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བདག་དང་གཞན་གྱི་ལས་ཀྱི་སྒྲིབ་པ་བྱང་བར་བགྱི་ལགས་སོ། །ད་ལྟར་བདུད་བྱེ་བ་དེ་དག་ལྷགས་ཤིང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་ མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གྲངས་མ་མཆིས་པ། དཔག་ཏུ་མ་མཆིས་པ་དེ་དག་ཀྱང་ལྷགས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དྲང་སྲོང་ཐུབ་པའི་གནས་མཆོད་རྟེན་ཆེན་པོའི་གནས་དེ་དག་ཐམས་ཅད་ཀླུ་རྣམས་དང་། གནོད་སྦྱིན་རྣམས་ ཀྱི་སུག་པར་ཆང་ཁྱིར་སྩལ་ལགས་སོ། །འོན་ཀྱང་འདི་ལ་བདུད་དང་། ལྷ་དང་། མི་འམ་ཅི་དང་། ལྷ་མ་ཡིན་དེ་དག་གི་སེམས་གཞན་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཐུབ་པའི་གནས་དེ་རྣམས་དག་པ་དག་གི་སུག་པར་ཆང་ཁྱིར་ཡོངས་སུ་གཏད་ ལགས་ཞེས། བཅོམ་ལྡན་འདས་ཀྱིས་ད་ལྟར་དང་། མ་འོངས་པའི་དུས་ན་མི་རྣམས་ཀྱི་བར་གྱིས་མཆོད་རྟེན་ཆེན་པོའི་གནས་དེ་དག་ལ་མི་ཕན་པ་དང་། རབ་ཏུ་འཇིག་པ་དང་། རྣམ་པར་འཇིག་པར་ཕ་རོལ་གནོད་པར་འགྱུར་བ་དེ་ལྟ་བུ་མ་དགོངས་ན་མི་རུང་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །མ་འཇིགས་ཤིག །མ་སྐྲག་ཤིག །འདིར་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པ་དེ་དག་གིས་དྲང་སྲོང་ཐུབ་པའི་གནས་མཆོད་རྟེན་ཆེན་ པོའི་གནས་དེ་དག་ཐམས་ཅད་བྱིན་གྱིས་བརླབས་ནས་ཀླུ་རྣམས་དང་། གནོད་སྦྱིན་རྣམས་ལ་ཆང་ཁྱིར་ཡོངས་སུ་གཏད་དོ། །དེ་བཞིན་དུ་ད་ལྟར་ངས་ཀྱང་དྲང་སྲོང་ཐུབ་པའི་གནས་མཆོད་རྟེན་ཆེན་པོའི་གནས་ཐམས་ཅད་ཀླུ་རྣམས་དང་། གནོད་ སྦྱིན་རྣམས་ཀྱི་ལག་ཏུ་ཆང་ཁྱིར་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། མི་ཁོམ་པ་བརྒྱད་ཐོབ་པ་དེ་དག་གི་ལས་ཀྱི་སྒྲིབ་པ་ཡང་དག་པར་བྱང་བར་བྱ་བ་དང་། བྱང་གྲོལ་གྱི་བདེ་བའི་རྒྱུ་ཡང་དག་པར་བསྐྱེད་པར་བྱ་བ་དང་། སེམས་ཅན་རྣམས་ཀྱི་ཉེ་བར་འཚོ་བའི་ཡོ་ བྱད་ས་བོན་གྱི་ཚོགས་དང་། འབྱུང་བའི་ཚོགས་དང་། སྨན་དང་། ནགས་ཚལ་རྣམས་ཡང་དག་པར་རབ་ཏུ་སྐྱེ་བར་བྱ་བ་དང་། བཟའ་བ་རྣམ་པ་སྣ་ཚོགས་ཡོངས་སུ་སྨིན་པར་བྱ་བ་དང་། དུས་མ་ཡིན་པའི་རླུང་དང་ཆར་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དྲང་སྲོང་ཐུབ་པའི་གནས་ མཆོད་རྟེན་ཆེན་པོའི་གནས་དེ་དག་ཀླུ་རྣམས་དང་། གནོད་སྦྱིན་རྣམས་ཀྱི་ལག་ཏུ་ཡོངས་སུ་གཏད་པའི་ཕྱིར་རོ། །ཡང་གཞན་ཡང་མཆོད་རྟེན་ཆེན་པོའི་གནས་བྱུང་ངོ་ཅོག་དང་། འབྱུང་བར་འགྱུར་བ་གང་དུ་དེ་བཞིན་གཤེགས་པ་བལྟམས་པ་དང་། དཀའ་ཐུབ་ཀྱི་ཚལ་ གང་དུ་བསམ་གཏན་ལ་མངོན་པར་བརྩོན་པ་དང་། གང་དུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་གང་དུ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའམ། བཙས་པའི་སྐུ་རབ་ཏུ་བཞག་པའི་བར་དང་། གང་དང་གང་ དུ་དེ་བཞིན་གཤེགས་པའི་ཉན་ཐོས་ཆོས་ཀྱིས་གནས་པ་རྣམས་གནས་པར་གྱུར་པ་དང་། གནས་པར་འགྱུར་བ་ནས་ངའི་ཆོས་ཀྱི་ཚུལ་གནས་པར་འགྱུར་བའི་བར་གྱིས་གནས་དེ་དག་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་དག་ཡིན་ནོ། །ཡང་མཆོད་ རྟེན་ཆེན་པོའི་གནས་དེ་དག་ཀྱང་བདུད་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་ཀྱི་ལག་ཏུ་ཡོངས་སུ་བསྐྱང་བར་བྱ་བའི་ཕྱིར་ཡོངས་སུ་གཏད་དོ། །གཞན་ཡང་འབྱུང་པོ་ཐམས་ཅད་རབ་ཏུ་དད་པར་བྱེད་པ་དང་། ཕྱིར་མི་ལྡོག་པར་བྱེད་པ་གང་འདི་ལུང་བསྟན་པ་ཆེན་པོ་ཏིང་ངེ་འཛིན་མངོན་པར་སྒྲུབ་པ། སོ་སོར་སྡང་བ་ཐམས་ཅད་ཕྱིར་ཟློག་པར་བྱེད་པ་ཞེས་བྱ་བ་ངས་ཁྱེད་ཅག་ལ་སྦྱིན་པར་བྱ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་ལ་ མངོན་པར་རྗེས་སུ་ཡི་རང་བར་མཛད་པ། སྡང་བ་རྣམས་མངོན་པར་དད་པར་བྱེད་པ། ཕྱིར་ཟློག་པར་བྱེད་པ། དགེ་བ་ལ་ཡང་དག་པར་སྦྱོར་དུ་འཇུག་པ་ཡིན་ནོ། །དེ་བཞིན་དུ་མ་བྱོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནས་མངོན་པར་དད་པར་བྱེད་ ཅིང་ཕྱིར་ཟློག་པར་བྱེད་ལ། དགེ་བ་ལ་ཡང་དག་པར་སྦྱོར་དུ་འཇུག་པའི་བར་དུ་ཡིན་ནོ། །ལུང་བསྟན་པ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞིའི་རྒྱུ་འཐུན་པ། མངོན་པར་སྒྲུབ་པའི་བདག་པོ་ཆེན་པོ་སྡང་བ་ཐམས་ཅད་ཕྱིར་ལྡོག་པར་བྱེད་པ་འདི་ནི་བརྟུལ་ཞུགས་ཆེན་པོ་ཡང་དག་ པར་སྒྲོལ་བར་བྱེད་པའོ། །ཡེ་ཤེས་ཆེན་པོ་ལ་འཇུག་པར་བྱེད་པའོ། །ཐོས་པ་མང་པོ་ཀུན་ཏུ་འཛིན་པའོ། །ཐབས་ཆེན་པོ་ཡང་དག་པར་སྒྲོལ་བར་བྱེད་པའོ། །དགྲ་ཆེན་པོ་ངེས་པར་འདུལ་བར་བྱེད་པའོ། །སྡང་བ་ཆེན་པོ་རབ་ཏུ་དད་པར་བྱེད་པའོ། །ནད་ཆེན་ པོ་ལས་རབ་ཏུ་ཐར་བར་བྱེད་པའོ། །ནད་ཆེན་པོ་ལས་རབ་ཏུ་སྒྲོལ་བར་བྱེད་པའོ། །འཇིགས་པ་ཆེན་པོ་ཕྱིར་ཟློག་པར་བྱེད་པའོ། །དགོན་པ་ཆེན་པོ་ལས་ངེས་པར་རྒལ་བར་བྱེད་པའོ། །བདེན་པ་ཆེན་པོ་མཐོང་བར་བྱེད་པའོ། །བཟོད་པ་ཆེན་པོ་ལ་རེག་པར་བྱེད་ པའོ། །ཡེ་ཤེས་ཆེན་པོའི་རྒྱ་མཚོ་ལ་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའོ་ཞེས་བྱ་བའི་བར་དུའོ། །ཏདྱ་ཐཱ། ཨཱ་མ་ཨ་བཱ་ས། ཨཱ་མ་བ་རི་བ་ར། སྃ་ ཤྲཱི་ཡ། གམྦྷ་པ་རི་པཱ་སཱ། མི་ཏྲ་མི་ཏྲ། ཤྭཱ་ཡ་མི་ཏྲ། པ་རི་བཱ་སཱ། མི་ཏྲ་ས་མ་ཛྙཱ་ཡ། ནི་ཀ་ཐ་ས་མ་ཛྙཱ་ཡ། ཏྲི་ཤྱང་གྷ་བ། དྲ་བ། རཱ་ཛ། བི་ན་ཤཱ་ཡ། ས་མ་ཤཱ་ཡ། ནིར་ཨན་བྷ་དྲ་མ། བཱ་བཱ་གྲམ། རྀད་དྷི་བི་གྲ་མཎ། ས་མ་ཛྙཱ་ན། ཨ་བ་བརྒ། ན་རཱ་ཡ་ན་བརྒ། ས་མཱ་གྲམ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་མཱ་རྒ་སྭཱ་ཧཱ། བཞིན་བཟངས་དག་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པ་སྟེ། རྫུ་འཕྲུལ་གྱི་རྐང་པའི་རྒྱུ་འཐུན་པའི་ཏིང་ངེ་འཛིན་ཐམས་ཅད་ མངོན་པར་སྒྲུབ་པ། སྡང་བ་ཐམས་ཅད་ཕྱིར་ཟློག་པར་བྱེད་པ་ནས་དགེ་བ་ལ་ཡང་དག་པར་སྦྱོར་དུ་འཇུག་པར་བྱེད་པའི་བར་དང་། བརྟུལ་ཞུགས་ཆེན་པོ་ཡང་དག་པར་སྒྲོལ་བར་བྱེད་པ་ནས་བྱང་ཆུབ་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའི་བར་ཡིན་ ནོ། །གང་དང་གང་དུ་ད་ལྟར་དང་། མ་འོངས་པའི་དུས་སུ་དེའི་ཚེ་མཆོད་རྟེན་ཆེན་པོའི་གནས་དེ་དག་ལ་བདུད་དམ། ལྷའམ། ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མི་འམ་ཅིའམ། གྲུལ་བུམ་ནས་ མི་དང་མི་མ་ཡིན་པའི་བར་དུ་སུས་ཆུའམ། མེའམ། ཕ་རོལ་གནོན་པ་གཞན་གང་ཡང་རུང་བ་ཞིག་གིས་མི་ཕན་པ་དང་། རབ་ཏུ་འཇིག་པ་དང་། རྣམ་པར་འཇིག་པར་རྟུལ་བར་བྱེད་ན་དེར་ཁྱེད་ཀྱིས་འདི་ལྟར་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་ པ་རྣམས་ཡིད་ལ་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཡང་བྱམས་པའི་ཡིད་ཀྱིས་ལུང་བསྟན་པ་ཆེན་པོ་ཏིང་ངེ་འཛིན་ཐམས་ཅད་མངོན་པར་སྒྲུབ་པ། སྡང་བ་ཐམས་ཅད་ཕྱིར་ཟློག་པར་བྱེད་པ་འདི་དྲན་པར་བྱས་ན་དེའི་ཚེ་དེ་དག་གི་སེམས་ཀྱི་རྒྱུད་རབ་ཏུ་དད་པར་ བྱེད་པར་འགྱུར་རོ། །ཕྱིས་ཀྱང་རྣམ་པར་གཞིག་པར་བྱ་བའི་ཕྱིར་རྟུལ་བར་མི་བྱེད་དོ། །རིགས་ཀྱི་བུ་གང་གིས་ལུང་བསྟན་པ་ཆེན་པོ་ཏིང་ངེ་འཛིན་ཐམས་ཅད་མངོན་པར་སྒྲུབ་པ། སྡང་བ་ཐམས་ཅད་ཕྱིར་ཟློག་པར་བྱེད་པ་འདི་ཐོས་ནས་སྡིག་པའི་སེམས་ཕྱིར་ཟློག་ པར་མི་བྱེད་པ་དང་། ཉེས་པར་བྱས་པའི་ལས་སྤོང་བར་མི་བྱེད་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་ནས་སྐྱེ་དགུའི་བར་ལ་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། སྔོན་གྱི་ཤ་ཁོན་དང་འདྲེས་པ་ནི་མ་གཏོགས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་འདི་བཤད་ པ་ན་འཁོར་དེའི་ནང་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། གྲུལ་བུམ་དང་། ཤ་ཟ་དང་། མི་དང་། མི་མ་ཡིན་པ་གང་དག་བཅོམ་ལྡན་འདས་ལ་མངོན་པར་དད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་ བ་དང་། མཆོག་ཏུ་དགའ་བ་དང་། རབ་ཏུ་དད་པ་སྐྱེས་སོ། །ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་བདུད་སྡིག་ཅན་བདག་གིས་རང་གི་གནས་སུ་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་འདི་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་ བ་དང་། དད་པ་དང་། གུས་པ་སྐྱེས་ནས་མཆི་མ་དག་ཕྱུང་སྟེ། འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ངའི་ཚིག་ཉོན་ཅིག །འདི་ནི་དྲང་སྲོང་ཐུབ་པ་རྒྱལ་བའི་མཆོག་བཟོད་པ་དང་། ཡོན་ཏན་དང་། ངེས་པའི་ཚིག་རབ་མཆོག་ཅན་དེ་སྲིན་བུས་གང་ བའི་རིའི་གནས་དམ་པ་ལ་འབར་བ་ལ་ལག་འགྲོ་ཆེན་པོ་དང་། ལྷ་རྣམས་ཀྱིས་བཟོད་པའི་དུས་བསྟན་ཏེ། ང་ཡང་དེར་འགྲོ་ཞིང་མཉམ་པ་མེད་པའི་དགེ་སྦྱོང་ལ་བཟོད་པར་གསོལ་ལོ། །དེ་ཉིད་ལ་སྐྱབས་སུ་འགྲོའོ། །མཚུངས་པ་མེད་པའི་སྙིང་བརྩེ་བ་རྣམ་པ་ སྣ་ཚོགས་དང་ལྡན་པ་རྒྱལ་བ་བཟོད་པ་ཅན་དེ་ལ་སྐྱབས་སུ་འགྲོ་བ་ནི་ང་དང་ལྷན་ཅིག་འདོང་བར་བྱོས་ཤིག །དེའི་ཆོས་བསྟན་དུ་མེད་པ་ཉོན་ཅིག །ཉོན་མོངས་པའི་དྲ་བ་ཆོད་ཅིག །རྡུལ་མེད་ཅིང་འཇིགས་པ་མེད་པའི་གྲོང་ཁྱེར་དུ་འཇུག་པར་བྱོས་ཤིག །དེ་ནས་ བདུད་སྡིག་ཅན་འཁོར་བྱེ་བ་ཕྲག་བརྒྱད་ཅུ་དང་ལྡན་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི་བར་དུའོ། །རྐང་གཉིས་དམ་པ་ཤིན་ཏུ་ཞི་མཛད་པ། །བཟོད་སྟོབས་དེས་མཐུ་ཅན་ལ་བཟོད་པར་གསོལ། ། ཁྱོད་ཀྱི་ཡོན་ཏན་བདག་གིས་ཀུན་ཏུ་འཚལ། །བདག་གིས་ལོག་པ་གང་བགྱིས་དེ་བཟོད་གསོལ། །དུས་གསུམ་རྒྱལ་བ་ཀུན་ལ་བདག་ཕྱག་འཚལ། །ཆོས་དང་དགེ་འདུན་ལ་ཡང་བདག་སྐྱབས་མཆི། །བླ་མ་བདག་གི་ནོངས་པར་གཟུང་དུ་གསོལ། །སླན་ ཆད་ཁྱོད་ལ་བདག་འཁྲུག་ཡོང་མི་བགྱིད། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ལ་ཁྲོ་མེད་ཉོན་མོངས་ཐམས་ཅད་མེད། །རྟག་ཏུ་སེམས་ཅན་ཀུན་ལ་སེམས་སྙོམས་ཏེ། །བདུད་ཁྱོད་ལ་ནི་ སེམས་ཀྱང་དགའ་བ་ཡིན། །རྒྱལ་བ་བཟོད་པའི་ཐུགས་ལྡན་རྟག་ཏུ་བཟོད། །དེ་ནས་བདུད་སྡིག་ཅན་མཆོག་ཏུ་དགའ་བ་དང་དད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ འབའ་ཞིག་ལ་བལྟ་ཞིང་འདུག་གོ། །དེ་ནས་འཁོར་དེའི་ནང་ནས་བདུད་ཀྱི་བུ་འོད་འཕྲོ་རྩུབ་ཅེས་བྱ་བ་བདུད་ཀྱི་ཡུལ་ཐམས་ཅད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས་མིག་མིག་ཅེས་བགྱི་བ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཅི་གཟུགས་རྣམས་ཀྱི་རྒྱུ་མིག་ལགས་སམ། འོན་ཏེ་མིག་གི་རྒྱུ་གཟུགས་རྣམས་ལགས་པ་ནས་ཅི་ཆོས་རྣམས་ཀྱི་རྒྱུ་ཡིད་ཀྱི་ཁམས་ལགས་སམ། འོན་ཏེ་ཡིད་ཀྱི་རྒྱུ་ཆོས་རྣམས་ཀྱི་ བར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གཟུགས་རྣམས་ཀྱི་རྒྱུ་ཡང་མིག་མ་ཡིན་ལ། མིག་གི་རྒྱུ་ཡང་གཟུགས་རྣམས་མ་ཡིན་པ་ནས་ཆོས་རྣམས་ཀྱི་རྒྱུ་ཡང་ཡིད་མ་ཡིན་ལ། ཡིད་ཀྱི་རྒྱུ་ཡང་ཆོས་རྣམས་ཀྱི་བར་མ་ ཡིན་ནོ། །རིགས་ཀྱི་བུ་འོན་ཀྱང་མིག་ནི་མིག་གིས་སྟོང་པའོ། །དེ་ལྟ་མོད་ཀྱི་མིག་ལ་རྟེན་ཅིང་མིག་གི་རྣམ་པར་ཤེས་པ་སྐྱེའོ། །དེའི་རྐྱེན་གྱིས་གཟུགས་རྣམས་རབ་ཏུ་ཤེས་པ་ནས་ཡིད་ཀྱི་རྐྱེན་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེའོ། །དེའི་རྐྱེན་གྱིས་ཆོས་རྣམས་ ཀྱི་བར་རྣམ་པར་ཤེས་པའོ། །མིག་གི་རྣམ་པར་ཤེས་པ་དམིགས་ནས་གང་ནས་ཀྱང་འོང་བ་མེད་དོ། །གང་དུ་ཡང་འགྲོ་བ་མེད་དོ། །མིག་ཕྱི་ན་སྡོད་པ་ཡང་མེད་དེ། དུས་གསུམ་དུ་གཏོགས་པ་ཐམས་ཅད་ལ་གང་ལ་ཡང་མི་དམིགས་སོ། །མིག་ལ་ འབྲི་བ་ཉིད་མེད་དོ། །གང་བ་ཉིད་མེད་དོ། །བརྡ་མེད་དོ། །ཐ་སྙད་མེད་དོ། །ཡང་དག་པར་འདུ་བ་མེད་དོ། །གཞི་མེད་དོ། །དཔེར་ན་སྔ་དྲོའི་དུས་སུ་ཉི་མ་ཤར་བ་ན་སྐར་ཁུང་གང་དང་གང་དུ་ཉི་མའི་འོད་ཟེར་དག་ཞུགས་པ་ནི་ར་བ་ལ་གནས་པ་དག་ཏུ་ཡང་ དག་པར་སྣང་ངོ་། །ར་བ་ལ་མུན་པ་དང་། སྣང་བ་དང་། རྟོག་པ་ཡང་མེད་དོ། །ར་བ་གང་ཡིན་པ་དེ་ཉིད་སྣང་བ་ཡང་མ་ཡིན་ནོ། །ར་བའི་རྐྱེན་གྱིས་སྣང་བ་ཡང་མ་ཡིན་ཏེ། འོན་ཀྱང་དེ་ལ་སྣང་བ་ཡང་ཡོད་དོ། །སྣང་བ་གང་ཡིན་པ་དེ་ཉིད་ཉི་མ་དང་། ཉི་མ་གང་ཡིན་ པ་དེ་ཉིད་སྣང་བ་ཡང་མ་ཡིན་ནོ། །ཉི་མ་ནུབ་པ་ན་སྣང་བ་ཡང་མེད་པར་འགྱུར་རོ། །གང་ན་ཡང་སྣང་བའི་འགྲོ་བ་དང་གཞི་མེད་དེ། འོན་ཀྱང་ཉི་མའི་རྐྱེན་གྱིས་སྣང་བར་རབ་ཏུ་ཤེས་ཤིང་གཟུགས་ཀྱི་སྣང་བ་ལ་རྟེན་པར་ཡང་སྣང་ངོ་། །དེ་བཞིན་དུ་ནང་གི་སྐྱེ་མཆེད་དྲུག་ པོ་དེ་དག་གི་རྒྱུ་ཡང་ནང་གི་སྐྱེ་མཆེད་དྲུག་པོ་དེ་དག་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ནང་གི་སྐྱེ་མཆེད་རྣམས་ཀྱི་རྒྱུ་ཡང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་མ་ཡིན་ཏེ། ཕན་ཚུན་དུ་བསྡུས་པ་ཉིད་ཀྱི་ཕྱིར་རོ། །བསྡུས་པ་ལ་ནི་རྣམ་པར་རྒྱུ་བ་མེད་དོ། །ཡང་དག་པར་འདུ་བ་ མེད་དོ། །གཞི་མེད་དོ། །ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ལ་རྣམ་པར་ཤེས་པའི་བར་དང་། བརྡ་དང་། རྣམ་པར་རྒྱུ་བ་མེད་དོ། །ཡང་དག་པར་འདུ་བ་མེད་དོ། །གཞི་ཡང་མེད་པ་ཉིད་དེ། ཕན་ཚུན་དུ་བསྡུས་པ་ཉིད་ཀྱི་ཕྱིར་དང་། ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། ། འོན་ཀྱང་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱེད་དེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་པས་རྣམ་པར་ཤེས་པ་ཡང་འདུ་བྱེད་ཀྱི་རྒྱུ་ལགས་སོ། །འདུ་བྱེད་རྣམས་ནི་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་ དོ། །དེ་ལ་ལུས་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ལུས་ཀྱི་འདུ་བྱེད་རྣམས་ཞེས་བྱ་བ་ནི་དབུགས་རྔུབ་པ་དང་འབྱུང་བ་དག་ཡིན་ཏེ། དེ་དག་ནི་ལུས་ཀྱི་འདུ་བྱེད་རྣམས་སོ། །དབུགས་རྔུབ་པ་དང་། འབྱུང་བ་དེ་དག་ཀྱང་ཡན་ལག་རྣམས་ལེན་པ་སྟེ། མི་མཉམ་པ་ དང་མཉམ་པ་ཉིད་ཀྱི་ཕྱིར་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར། གཞན་གང་ཡང་རུང་བའི་སྐལ་བ་མི་མཉམ་པ་ཉིད་དང་། སར་པ་སར་པ་དང་། རྙིང་པ་མེད་པ་ཉིད་དང་། རྣམ་པར་མི་གནས་པའི་མཚན་ཉིད་ དང་། ནམ་མཁའ་དང་མཉམ་པ་དང་། ནམ་མཁའ་ལ་ཀུན་ཏུ་རྒྱུ་བ་དག་ཡིན་ནོ། །རླུང་གང་ཡིན་པ་དེ་ནི་ནམ་མཁའ་མ་ཡིན་ནོ། །ནམ་མཁའ་གང་ཡིན་པ་དེ་ཉིད་ཀྱང་རླུང་མ་ཡིན་ཏེ། ཕན་ཚུན་དུ་འདྲེས་པ་ཡིན་ལ་ཕན་ཚུན་སྤྱོད་ཡུལ་ནི་མ་ཡིན་ནོ། །གཉི་ ག་སྟོང་པ་དང་། བརྗོད་དུ་མེད་པ་དང་། མཚན་ཉིད་དང་བྲལ་བ་དག་ཡིན་ནོ། །འབྲི་བ་དང་། གང་བ་མེད་པ་དག་ཡིན་ནོ། །ཕ་རོལ་དང་ཚུ་རོལ་ལ་གནས་པ་དང་། ཡང་དག་པའི་མཐའ་ཡང་དག་པར་འཕགས་པ་ནི་ལུས་ཀྱི་འདུ་བྱེད་རྣམས་ཡིན་ཏེ། དེ་ལྟ་བས་ ན་རྣམ་པར་ཤེས་པ་ལ་ལུས་ཀྱི་འདུ་བྱེད་རྣམས་གནས་པ་མ་ཡིན་ཏེ། ཚོགས་པ་མེད། རྣམ་པར་རྒྱུ་བ་མེད། ཡང་དག་པར་འདུ་བ་མེད། གཞི་དང་ཡང་དག་པའི་རྗེས་སུ་འབྲེལ་བ་མེད་དོ། །རྣམ་པར་ཤེས་པ་གཞི་དང་ཡང་དག་པར་རྗེས་སུ་འབྲེལ་པའོ་ཞེས་ བྱ་བའི་བར་ཡང་དེ་བཞིན་ནོ། །དེ་ལ་ངག་གི་འདུ་བྱེད་རྣམས་ཞེས་བྱ་བ་གང་ཞེ་ན། རྟོག་པ་དང་། དཔྱོད་པ་རྣམས་སོ། །རྟོག་པ་རྣམས་གང་ཞེ་ན། གང་དག་དབུགས་རྔུབ་པ་འཇུག་པར་བྱེད་པ་དང་། འབྱུང་བར་བྱེད་པ་རྣམས་ཏེ། སེམས་ཀྱིས་རྗེས་སུ་འཐུན་པར་ བྱས་པ་དག་ཡིན་ནོ། །དེ་ལ་རྟོག་པ་རྣམས་ཀྱིས་རྟོག་པར་བྱེད་པ་ནས་འཇིག་པའི་མཚན་ཉིད་རྣམས་ཀྱིས་རྟོག་པར་བྱེད། ཡོངས་སུ་དག་པ་ལ་རྟོག་པར་བྱེད། རླུང་ལ་རྟེན་པའི་རྟོག་པ་དེ་དག་སྐྱེ་བར་བྱེད། དགག་པའི་བར་དུ་སྟེ། རྟོག་པའི་རླུང་རྣམས་ནི་སྐད་ཅིག་ལ་ འཆེལ་པ་ཡིན་ནོ། །རླུང་རྣམས་ཀྱང་རྟོག་པ་རྣམས་ཡིན་པར་མི་འགྱུར་ཏེ། གཉི་ག་ཡང་ཕན་ཚུན་དུ་སྤྱོད་ཡུལ་མ་ཡིན་ཞིང་ཕན་ཚུན་དུ་མཚན་ཉིད་དང་བྲལ་བ་ནས་བརྗོད་དུ་མེད་པ་དག་དང་། ནམ་མཁའ་ལྟར་མེད་པ་དག་པའི་བར་དུའོ། །དེ་ལ་དཔྱོད་པ་རྣམས་གང་ཞེ་ན། དཔྱོད་ པ་གང་དག་གྲང་བའི་རྣམ་པའམ། དྲོ་བའི་རྣམ་པར་ལུས་ཐམས་ཅད་ཀྱི་དབུགས་རྔུབ་པ་དང་འབྱུང་བའི་རླུང་རྣམས་རྒྱུ་བར་བྱེད་པ་ཡིན་ནོ། །དཔྱོད་པ་དག་གིས་འདུས་ཏེ་རེག་པ་རྣམ་པར་མི་ཤེས་ཏེ། དཔྱོད་པ་དེ་དག་རླུང་རྣམས་དང་ཕན་ཚུན་དུ་སྤྱོད་ཡུལ་མ་ཡིན་ཏེ། ཕན་ ཚུན་དུ་མཚན་ཉིད་དང་བྲལ་བ་ནས་བརྗོད་དུ་མེད་པ་དག་པའི་བར་དུའོ། །དེ་ལ་ཡིད་ཀྱི་འདུ་བྱེད་རྣམས་གང་ཞེ་ན། ཡིད་ཀྱི་འདུ་བྱེད་རྣམས་ཞེས་བྱ་བ་ནི་འདུ་ཤེས་དང་སེམས་པའོ། །དེ་ལ་འདུ་ཤེས་གང་ཞེ་ན། སེམས་གང་གིས་ཆོས་དེ་དག་དེ་ལྟར་ཤེས་པ་ནས་གང་གི་ ཚེ་དབུགས་རྔུབ་པ་དེའི་ཚེ་དབུགས་འབྱུང་བ་མེད་དོ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟར་འདུ་བྱེད་རྣམས་ལ་འདུ་ཤེས་རྣམ་པར་བསྒོམས་པ་ཡིན་ནོ། །ཡང་དག་པར་བྱུང་ནས་ཀྱང་འདུ་བྱེད་རྣམས་ཟད་པ་ཡིན་ཏེ། རྗེས་སུ་འཐུན་པར་འདུ་ཤེས་པས་ཀྱང་འདུ་བྱེད་ཀྱི་འདུ་ཤེས་ རྣམ་པར་སྒོམ་པར་བྱེད་པ་འདི་ནི་འདུ་ཤེས་ཞེས་བྱ་སྟེ། འདུ་ཤེས་དེ་ནི་རླུང་རྣམས་ལ་རྟེན་པ་ནས་གཉི་ག་བརྗོད་དུ་མེད་པའི་བར་དུའོ། །དེ་ལ་སེམས་པ་གང་ཞེ་ན། སེམས་པ་གང་དག་གིས་ཞེས་བྱ་བ་ནས་འདུ་བྱེད་རྣམས་ལ་འདུ་ཤེས་རྣམ་པར་བསྒོམས་པས་ཡང་དག་ པ་ཉིད་སྐྱོན་མེད་པ་ལ་ཞུགས་ཤིང་སོ་སོའི་སྐྱེ་བོའི་ས་ལས་རྣམ་པར་འདས་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟེ། སྐྱེ་བ་དང་འཇིག་པ་སྒོམ་པ་འདུ་བྱེད་རྣམས་ལས་སེམས་སེལ་བར་བྱེད་པ། རླུང་རྣམས་འཕྲོ་བར་མི་བྱེད་པ་འདི་ནི་སེམས་པ་ཞེས་བྱའོ། །ཚོར་བ་གསུམ་སྤང་ བའི་ཕྱིར་ཡེ་ཤེས་ཀྱི་རྟེན་མིག་མ་འདྲེས་པ་ཅན་ཞེས་བྱ་བ་ནས། ཡིད་མ་འདྲེས་པ་ཅན་ཞེས་བྱ་བའི་བར་དང་། འཕགས་པ་ཞེས་བྱའོ་ཞེས་བྱ་བའི་བར་དུའོ། །རིགས་ཀྱི་བུ་དེ་ལྟར་ཡང་གཟུགས་དམིགས་པའི་རྒྱུ་མིག་མ་ཡིན་ནོ། །མིག་གི་རྒྱུ་གཟུགས་མ་ཡིན་པ་ ནས་ཆོས་རྣམས་ཀྱི་རྒྱུ་ཡིད་མ་ཡིན་ནོ། །ཡིད་ཀྱི་རྒྱུ་ཆོས་རྣམས་མ་ཡིན་པའི་བར་དུ་སྟེ། གཉི་ག་ཕན་ཚུན་དུ་སྤྱོད་ཡུལ་མ་ཡིན། ཕན་ཚུན་དུ་བརྡར་བཏགས་པ་མ་ཡིན། རྣམ་པར་རྒྱུ་བ་མ་ཡིན། ཡང་དག་པར་གནས་པ་མ་ཡིན། ཡང་དག་པར་འདུ་བ་མ་ཡིན། བརྗོད་དུ་མེད་པ་དག་ཡིན། ཕ་རོལ་དང་ཚུ་རོལ་ལ་གནས་པ་དང་། ཡང་དག་པའི་མཐའ་ལ་ཡང་དག་པར་རྟེན་པ་དག་ཡིན་ནོ། །ཀྱེ་ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་བཤད་པ་ན་བདུད་ཀྱི་བུ་འོད་འཕྲོ་རྩུབ་བདུད་ཀྱི་འཁོར་སྔོན་གྱི་རྒྱལ་བ་ ལ་ལྷག་པར་བྱ་བ་བྱས་པ་ཉི་ཁྲི་དང་ལྷན་ཅིག་ཏུ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་ལྷ་དང་མི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། སེམས་ཅན་དཔག་ཡས་པ་ཡང་བསམ་གཏན་དང་པོ་ལ་གནས་པར་གྱུར་པ་ནས་བསམ་གཏན་བཞི་པའི་བར་ཐོབ་ པར་གྱུར་ཏོ། །ཁ་ཅིག་ནི་འབྲས་བུ་དང་པོ་ལ་གནས་པར་གྱུར་པ་ནས་འབྲས་བུ་གསུམ་པ་ལ་གནས་པར་གྱུར་པའི་བར་དུའོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པ་ལ་ས་བོན་བསྐྱེད་པ་ནས་རྐྱེན་གྱི་ཐེག་པ་ལ་ས་བོན་བསྐྱེད་པའི་བར་དུའོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀླུའི་འཁོར་དེའི་ནང་ནས་ཀྱང་ཀླུ་དཀྲིགས་ཕྲག་དྲུག་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོན་མ་བསྐྱེད་པའི་སེམས་བསྐྱེད་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་ས་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་འགུལ་ཏོ། །དེར་ཕྱོགས་ བཅུ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལྷགས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་ཕྱེ་བའི་རིན་པོ་ཆེའི་ཆར་པ་དང་། རས་བཅོས་བུའི་ཆར་པ་དང་། མེ་ཏོག་གི་ཆར་པ་སྣ་ཚོགས་རབ་ཏུ་ཕབ་སྟེ་གསོལ་པ། སྔོན་མ་ཐོས་པའི་འདུས་པ་འདི་དང་། ཏིང་ངེ་འཛིན་བསྟན་པ་འདི་ནི་མཆོག་ཏུ་ངོ་མཚར་ལགས་ཤིང་རྨད་དུ་བྱུང་བ་ལགས་སོ། །འདི་ནི་ཤཱཀྱ་ཐུབ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གཉིས་པ་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེའི་མདོའི་གཟུངས་སྔགས་འདི་བཟུང་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་སེམས་ཅན་རྣམས་ལ་རབ་ཏུ་བསྟན་པར་བགྱི་ལགས་སོ། །དེར་བདུད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་གང་དག་ལྷགས་པ་དེ་དག་གིས་ཀྱང་མཆོག་ཏུ་ངོ་མཚར་ཐོབ་ནས་སིལ་སྙན་རྣམ་ པ་སྣ་ཚོགས་ཀྱི་སྒྲ་འབྱིན་པར་བྱེད་ཅིང་བཅོམ་ལྡན་འདས་ལ་རིན་པོ་ཆེ་སྣ་ཚོགས་དང་། རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་དང་། མེ་ཏོག་དང་། ཕྲེང་བ་དང་། དྲི་དང་། བྱུག་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་ ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་གི་གནས་སུ་རྒྱ་མཚོ་ཆེན་པོར་བསོད་སྙོམས་ལ་གཤེགས་པར་གསོལ། དེར་བཅོམ་ལྡན་འདས་ལས་བདག་འཁོར་དང་བཅས་ པས་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཐོག་མ་དང་། བར་དང་། ཐ་མ་འདི་ཐམས་ཅད་མཉན་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་ད་དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོར་མི་གཤེགས་སོ། །གསོལ་ པ། བཙུན་པ་བཅོམ་ལྡན་འདས་སུ་ཞིག་སེམས་རྩེ་གཅིག་པས་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཉན་པར་བགྱིད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བསོད་ནམས་མང་པོ་ཇི་སྙེད་ཅིག་སྐྱེད་པར་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་སེམས་ཅན་སུ་ལ་ལ་ཞིག་བྱུང་ནས་གླིང་བཞི་པ་འདི་ཐམས་ཅད་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བྱས་ནས་དེ་བཞིན་གཤེགས་པ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་པ་དང་། སྐྱེས་བུ་ཅིག་ཤོས་སུ་ཞིག་སེམས་རྩེ་གཅིག་པས་ཉི་མའི་ སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཐམས་ཅད་ཡོངས་སུ་རྫོགས་པར་ཉན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་ནི་བསོད་ནམས་ཀྱི་ཕུང་པོ་ཅིག་ཤོས་འདི་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བྱེ་བ་ཕྲག་བརྒྱ་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། དཔེ་ དང་། རྒྱུར་ཡང་མི་བཟོད་དོ། །ལག་འགྲོའི་བདག་པོ་ཉི་མའི་སྙིང་པོ་འདི་ཐོས་པ་ཙམ་གྱི་བསོད་ནམས་ཀྱི་ཕུང་པོ་ཡང་དེ་ལྟར་ཟབ་པ་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གལ་ཏེ་ད་རྒྱ་མཚོ་ཆེན་པོར་མི་གཤེགས་ལགས་ན་བདག་གིས་ ཀྱང་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་མཉན་ནས་ཡི་གེར་བྲིས་ཏེ་བཅང་བར་བགྱི་ལགས་ན་རྒྱ་མཚོ་ཆེན་པོར་དགེ་བའི་ཆོས་ཇི་སྙེད་ཅིག་རྣམ་པར་འཕེལ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་འགྲོའི་བདག་པོ་གང་དང་གང་དུ་ཉི་མའི་ སྙིང་པོ་ལུང་བསྟན་པ་ཆེན་པོ་ཐམས་ཅད་བྲིས་ནས་འཆང་བར་འགྱུར་བ་དེ་དང་དེ་ཉིད་དུ་ཕན་ཡོན་བཅུ་འབྱུང་ངོ་། །བཅུ་གང་ཞེ་ན། ཁྱིམ་དེ་དང་དེ་ཞེས་བྱ་བ་ནས་ཡུལ་ཞེས་བྱ་བའི་བར་དེར་ནོར་དང་། འབྲུ་དང་། ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་མང་པོ་དང་། རིན་པོ་ ཆེ་རྣམ་པ་སྣ་ཚོགས་མ་ཚང་བ་མེད་པར་འགྱུར་རོ། །གཞན་ཡང་ཁྱིམ་མམ་ཡུལ་གང་ན་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་བྲིས་ནས་མཆོད་པར་འགྱུར་བ་དེ་དང་དེར་མཆོད་རྟེན་ཆེན་པོ་དེ་དག་ན་གང་དག་དེ་ལ་མཆོད་པ་བྱ་བའི་ཕྱིར་གནས་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་གིས་ཀྱང་བལྟ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ལྷགས་ནས་དེར་འཐབ་པ་དང་། ཐབ་མོ་དང་། མི་ངས་དང་། ནད་དང་། མུ་གེ་དང་། དམག་ཚོགས་གཉི་ ག་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ནད་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བྱེད་དོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་ དུ་བགྱི་ལགས་སོ། །ཁྱིམ་མམ་ཞེས་བྱ་བ་ནས་ཡུལ་འཁོར་གྱི་བར་གང་ན་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཡི་གེར་བྲིས་ཤིང་མཆོད་པར་འགྱུར་བ་དེར་བདག་ཅག་གིས་འཐབ་པ་དང་། ཐབ་མོ་དང་། མི་ངས་དང་། ནད་དང་། མུ་གེ་དང་། དམག་ཚོགས་གཉི་ག་དང་ དུས་མ་ལགས་པའི་རླུང་དང་། ཆར་པ་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བགྱི་ལགས་སོ། །བཀའ་སྩལ་པ། གཞན་ཡང་ཁྱིམ་མམ་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་གང་ན་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཡི་གེར་བྲིས་པར་འགྱུར་བའི་ཡུལ་ འཁོར་ཞེས་བྱ་བའི་བར་དེར་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་དང་། ལྷ་མོ་ཆེན་མོ་དཔལ་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། སའི་ལྷ་མོ་བརྟན་མ་དང་། སྨན་གྱི་ ལྷ་མོ་གྲུབ་པ་འཁོར་དང་བཅས་པས་ཁྱིམ་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དེར་རྟག་པར་རྒྱུན་དུ་ཉིན་མཚན་དུ་སྲུང་བར་འགྱུར་རོ། །ཡོངས་སུ་སྐྱོང་བར་འགྱུར་རོ། །དེའི་ཚེ་བརྒྱ་བྱིན་དང་། ཚངས་པ་ཞེས་བྱ་བ་ནས་སྨན་གྱི་ལྷ་མོ་གྲུབ་པ་ཞེས་བྱ་བའི་ བར་འཁོར་དང་བཅས་པས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བགྱི་ལགས་སོ་ཞེས་བྱ་བ་ནས་གཞན་ཡང་ཞེས་བྱ་བའི་བར་དུ་སྟེ། ཁྱིམ་དང་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་གང་ན་ཞེས་བྱ་བ་ནས་ཁྱིམ་དང་ཞེས་ བྱ་བ་ནས། ཡུལ་འཁོར་ཞེས་བྱ་བའི་བར་དེ་དང་དེར་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་ཕུན་སུམ་ཚོགས་པ་རྣམས་སྐྱེ་བ་ལེན་པར་བྱེད་ དོ། །གཞན་ཡང་ཁྱིམ་དེ་དང་དེར་སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་པ་དང་། རྟག་ཏུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་སྣོད་དུ་གྱུར་པའི་སྦྱིན་གནས་དེ་དག་ཉིད་ལ་མངོན་པར་དགའ་བར་འགྱུར་རོ། ། གཞན་ཡང་དེར་རྟག་པར་རྒྱུན་དུ་ཆོས་ཀྱི་རོ་རྣམ་པ་སྣ་ཚོགས་ཀྱི་ཆར་པས་ཁྱབ་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་དེར་སེམས་ཅན་རྣམས་རྟག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་མངོན་པར་བརྩོན་པར་འགྱུར་རོ། །གཞན་ཡང་དེར་སེམས་ཅན་ རྣམས་རྟག་ཏུ་བྱམས་པའི་སེམས་དང་ལྡན་པ་དང་། སྙིང་རྗེའི་སེམས་དང་ལྡན་པ་དང་། འདོད་ཆགས་དང་བྲལ་བའི་སེམས་དང་ལྡན་པར་འགྱུར་རོ། །གཞན་ཡང་ཁྱིམ་དང་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དེ་དང་དེ་དག་ཏུ་སེམས་ཅན་ རྣམས་ངན་སོང་གསུམ་སྤངས་པ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་རོ། །ལག་འགྲོའི་བདག་པོ་དེ་ལ་ཁྱིམ་དག་དང་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དུ་ང་ལ་མཆོད་པ་བྱ་བའི་ཕྱིར་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ཡི་གེར་བྲིས་ཤིང་ཡང་དང་ཡང་ཀློག་ པའི་ཁྱིམ་ཞེས་བྱ་བ་ནས་ཡུལ་འཁོར་ཞེས་བྱ་བའི་བར་དེར་ཕན་ཡོན་དེ་དག་འབྱུང་བར་འགྱུར་ན། གང་དག་འདོན་པར་བྱེད་པ་དང་། ཆོས་དེ་དག་ལ་ཡང་དག་པར་སྣང་བར་བྱེད་པ་དང་། ཆོས་ཀྱི་གནས་པས་གནས་པར་བྱེད་པ་ལ་ལྟ་སྨོས་ཀྱང་ཅི་དགོས། བསོད་ནམས་ ཀྱི་ཕུང་པོ་དེ་ནི་ངས་བསྐལ་པ་བརྒྱར་ཡང་བསྟན་པར་སླ་བ་མ་ཡིན་ཏེ། ལག་འགྲོའི་བདག་པོ་ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་ཟབ་བོ། །ཉི་མའི་སྙིང་པོ་ལུང་བསྟན་པ་ཆེན་པོ་འདི་ནི་དེ་ལྟར་ཡོན་ཏན་ཆེ་བའོ། །དེ་ལྟར་ཕན་ཡོན་ཆེ་བའོ། །བཅོམ་ ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། བདུད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཡི་དགས་དང་། ཤ་ཟ་དང་། སྲུལ་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་ཡི་རངས་ཤིང་རབ་ཏུ་དགའ་ལ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་རྫོགས་སོ།། །།འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། བིདྱཱ་ཀ་ར་པྲ་བྷ་དང་། དྷརྨཱ་ཀ་ར་དང་། ལོ་ཙྪ་བ་བན་དེ་བཟང་སྐྱོང་གིས་བསྒྱུར། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་གརྦྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་བཞེས་པ་དང་ཤིན་ཏུ་ཚ་བའི་དུས་ཀྱི་ཚེ་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་རིན་པོ་ཆེའི་གདུགས་ཀྱི་ཁང་བཟངས་ཙན་དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་ན། སློབ་ པ་དང་མི་སློབ་པའི་ཉན་ཐོས་ཀྱི་དགེ་སློང་འབུམ་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་ཆེར་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་ བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཅན་ཐམས་ཅད་ ཀྱིས་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་བཀྐུ་ལ་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ངག་དབང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ དང་། ཚེ་དང་ལྡན་པ་ཅང་ཤེས་ཀཽ་ཌི་ནྱ་དང་། ཚེ་དང་ལྡན་པ་འཆར་ཀ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་ཉེ་དགའ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དེ་དག་ལ་སོགས་པ་དགེ་སློང་འབུམ་ དུ་ཚང་བ་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་མངོན་པར་ཤེས་པ་ཆེན་པོ་དང་། སྟོབས་དང་། མི་འཇིགས་ པ་ཐོབ་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། གང་དག་གི་མིང་ཐོས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སེམས་ཅན་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་བློ་གྲོས་དང་། སེང་གེའི་བློ་གྲོས་དང་། སྟག་གི་བློ་གྲོས་དང་། དོན་གྱི་བློ་གྲོས་དང་། རིན་པོ་ཆེའི་བློ་གྲོས་དང་། རབ་མཆོག་བློ་གྲོས་ དང་། ཟླ་འོད་དང་། རིན་ཆེན་ཟླ་འོད་དང་། ཟླ་བ་ཉ་བའི་འོད་དང་། རྣམ་པར་གནོན་པ་ཆེན་པོ་དང་། རྣམ་པར་གནོན་པ་དཔག་མེད་དང་། རྣམ་པར་གནོན་པ་མཐའ་ཡས་དང་། འཇིག་རྟེན་གསུམ་རྣམ་པར་གནོན་དང་། མི་གཡོ་བའི་གནས་རྣམ་པར་གནོན་དང་། མཐུ་ཆེན་ཐོབ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། སྤོས་ཀྱི་གླང་པོ་དང་། སྤོས་དགའ་དང་། སྤོས་དགའི་དཔལ་དང་། དཔལ་གྱི་སྙིང་པོ་དང་། ཉི་མའི་སྙིང་པོ་དང་། ཏོག་དང་། ཏོག་ཆེན་པོ་དང་། ཏོག་དྲི་མ་མེད་པ་དང་། རིན་ཆེན་མཐའ་ཡས་དབྱུག་གུ་དང་། རིན་ཆེན་དབྱུག་གུ་འདོར་དང་། རིན་ཆེན་དྲི་མེད་དབྱུག་གུ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། རྟག་ཏུ་རབ་དགའ་དང་། ལག་ན་རིན་པོ་ཆེ་དང་། ནམ་མཁའི་མཛོད་དང་། རི་བོ་དང་། རི་རབ་དང་། རི་བོ་ཆེན་པོ་དང་། ཡོན་ཏན་རིན་ཆེན་སྣང་དང་། གཟུངས་ ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། ས་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་ནད་སེལ་དང་། རབ་ཏུ་ཡིད་དགའ་དང་། ཡིད་སྐྱོ་དང་། སྐྱོ་མེད་དང་། འོད་བྱེད་དང་། ཙན་དན་དང་། གཡོ་བཟློག་དང་། དཔག་མེད་མངོན་བསྒྲགས་དབྱངས་དང་། བྱང་ཆུབ་ ཀུན་ནས་བསླང་དང་། མཐོང་བ་དོན་ཡོད་དང་། ཆོས་ཐམས་ཅད་ལ་དབང་བསྒྱུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་དང་ཡང་ཐབས་ཅིག་གོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དཔག་ཏུ་མེད་པ་དང་ཡང་ཐབས་ཅིག་གོ། ། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། བློན་པོ་དང་། གྲོང་རྡལ་བ་དང་། ཡུལ་གྱི་མི་རྣམས་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རིམ་གྲོ་བྱས་ཤིང་མཆོད་དོ། །དེའི་ཚེ་བཅོམ་ལྡན་འདས་བཤོས་གསོལ་བའི་འོག་ཏུ་ཙན་དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེ་ཉིད་ཀྱི་ནང་དུ་ཡང་དག་འཇོག་ལ་ཞུགས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཙན་དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེ་ལས་པད་མ་ འདབ་མ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཡོད་པ། ཚད་ཤིང་རྟའི་ཕང་ལོ་ཙམ་པ། ཁ་དོག་དང་ལྡན་པ་ཁ་མ་བྱེ་བ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་བྱུང་བར་གྱུར་ཏེ། དེ་དག་སྟེང་གི་ནམ་མཁའི་བར་སྣང་ལ་མངོན་པར་འཕགས་ནས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་འདི་ ཁེབས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན་རིན་པོ་ཆེའི་བླ་རེ་བཞིན་དུ་ཀུན་ཏུ་གནས་པར་གྱུར་ཏོ། །པད་མོའི་སྙིང་པོ་རེ་རེ་ལ་ཡང་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཤིང་འོད་ཟེར་འབུམ་དག་རབ་ཏུ་འགྱེད་པར་ཀུན་ཏུ་སྣང་ལ། པད་མ་དེ་དག་ཐམས་ ཅད་ཀྱང་ཤིན་ཏུ་ཁ་བྱེ་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་པད་མ་དེ་དག་གི་འདབ་མ་དེ་དག་ཐམས་ཅད་ཀྱང་མོག་མོག་པོ་དང་། ནོག་ནོག་པོ་དང་། དྲི་ང་བ་དང་། སྨད་པར་འོས་པ་དང་། མངོན་པར་དགའ་བར་འགྱུར་བ་མ་ཡིན་པར་གྱུར་ཏོ། །འོན་ ཀྱང་པད་མའི་སྙིང་པོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་རྣམས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཤིང་འོད་ཟེར་འབུམ་དག་རབ་ཏུ་འགྱེད་པར་ཀུན་ཏུ་སྣང་ངོ་། །དེ་བཞིན་གཤེགས་པའི་སྐུ་པད་མའི་སྙིང་པོ་ལ་བཞུགས་པ་དེ་དག་གིས་ཀྱང་ཐམས་ཅད་དང་ལྡན་པའི་སངས་ རྒྱས་ཀྱི་ཞིང་འདི་ཁྱབ་པར་གྱུར་ཏེ། དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ཤིན་ཏུ་མཛེས་པར་གྱུར་ཏོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་། འཁོར་བཞི་ཡང་ཤིན་ཏུ་ངོ་མཚར་དུ་གྱུར་ཅིང་དགའ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་ མངོན་པར་འདུ་མཛད་པ་དེ་མཐོང་ནས་ཐེ་ཙོམ་དུ་གྱུར་ཏེ། གང་པད་མ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདི་དག་གི་འདབ་མ་རྣམས་འདི་ལྟར་ཁ་དོག་ངན་ཅིང་ཆུ་བ་རྣམས་ཀྱང་ཁ་དོག་ངན་ལ་སྨད་པའི་འོས་སུ་གྱུར་ཏེ། མངོན་པར་དགའ་བར་འགྱུར་བ་མ་ཡིན་པ་དང་། པད་མའི་སྙིང་ པོ་དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྐུ་རེ་རེ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཤིང་འོད་ཟེར་འབུམ་དག་རབ་ཏུ་འགྱེད་པས་ཤིན་ཏུ་མཛེས་པར་ཀུན་ཏུ་སྣང་བ་འདིའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན་སྙམ་མོ། །དེ་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ ཚོགས་དང་། འཁོར་བཞི་པོ་ཐེ་ཚོམ་དུ་གྱུར་པ་རྣམས་འདོང་བར་བྱ་བའི་མཚན་མ་བྱས་སོ། །དེའི་ཚེ་ཙན་དན་གྱི་སྙིང་པོའི་ཁང་པ་བརྩེགས་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བློ་གྲོས་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བློ་གྲོས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཅན་གྱི་གཏམ་ལས་རྩོམས་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོངས་སུ་ཞུ་བར་སྤོབས་པར་གྱིས་ཤིག །དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བློ་གྲོས་བཅོམ་ལྡན་འདས་ཀྱིས་གནང་བས་ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཁོར་བཞི་པོ་དག་གི་ཐེ་ཚོམ་གྱི་ཟུག་རྔུ་རིག་ ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་པད་མ་ཁ་དོག་ངན་ཅིང་དྲི་མི་བདའ་བ་འདི་ལྟ་བུ་བྱེ་བ་ཁྲག་ཁྲིག་འབུམ་འདི་དག་གིས་ཁེབས་པ་དང་དེ་དག་གི་དབུས་ན་ཡང་དེ་བཞིན་གཤེགས་པའི་ སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་ཏེ། འོད་ཟེར་འབུམ་དག་རབ་ཏུ་འགྱེད་པར་ཀུན་ཏུ་གདའ་བ་དང་། དེ་བཞིན་གཤེགས་པའི་སྐུ་དེ་དག་མཐོང་ནས་ཀྱང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ ལགས། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་བློ་གྲོས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་སྟོང་ཕྲག་བྱེ་བ་མི་གཡོ་བར། །པད་མ་དག་གི་དབུས་ན་བཞུགས་པར་ནི། །ཁྱོད་ཀྱིས་འདི་འདྲའི་རྫུ་འཕྲུལ་སྟོན་མཛད་པ། །བདག་གིས་ སྔོན་ཆད་ནམ་ཡང་འདི་མ་མཐོང་། །འོད་ཟེར་སྟོང་རྣམས་རབ་ཏུ་འགྱེད་མཛད་ཅིང་། །སངས་རྒྱས་ཞིང་འདི་ཐམས་ཅད་ཁེངས་པར་མཛད། །ངོ་མཚར་ཆོས་ཀྱི་རྣམས་ལ་རོལ་མཛད་པའི། །འདྲེན་པ་རྣམས་ཀྱིས་བར་ཆད་མ་མཆིས་མཛོད། །འདབ་མ་དག་དང་ ཆུ་བ་སྨད་འོས་ལ། །ཁ་དོག་ངན་པའི་པད་མ་རྣམས་དབུས་དེར། །དེ་དག་རིན་ཆེན་རང་བཞིན་འདྲར་བཞུགས་པ། །ཅི་ཡི་སླད་དུ་རྫུ་འཕྲུལ་འདི་དག་སྤྲུལ། །བདག་གིས་སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་། །དེ་ཡི་རྫུ་འཕྲུལ་ཁྱད་འཕགས་བདག་མཐོང་སྟེ། ། དེ་རིང་གདའ་བའི་རྣམ་སྤྲུལ་ཅི་འདྲ་བ། །སྔོན་ཆད་ནམ་ཡང་འདི་འདྲ་འདི་མ་མཐོང་། །རྐང་གཉིས་གཙོ་བོ་ལྷས་ནི་བསྟན་དུ་གསོལ། །རྒྱུ་གང་རྐྱེན་གང་ལགས་པ་བཤད་དུ་གསོལ། །འཇིག་རྟེན་དོན་མཛད་ཐུགས་བརྩེ་གསུང་དུ་གསོལ། །ལུས་ཅན་ཀུན་ གྱི་ཐེ་ཚོམ་དགུམ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བློ་གྲོས་ལ་སོགས་པ་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་ པའི་སྙིང་པོ་ཞེས་བྱ་བའི་མདོ་ཤིན་ཏུ་རྒྱས་པ་ཡོད་དེ། དེ་རབ་ཏུ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་སྣང་བའི་མཚན་མ་འདི་ལྟ་བུ་འདི་བྱས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྡོ་རྗེའི་བློ་གྲོས་དང་། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཇི་ལྟར་ དེ་བཞིན་གཤེགས་པས་སྤྲུལ་པའི་པད་མ་ཁ་དོག་ངན་པ། དྲི་ང་བ། སྨད་པར་འོས་པ། མངོན་པར་དགའ་བར་འགྱུར་བ་མ་ཡིན་པ་འདི་དག་དང་། དེ་བཞིན་གཤེགས་པའི་གཟུགས་མཛེས་པ། གཟུགས་བཟང་བ། བལྟ་ན་སྡུག་པ་དག་པད་མའི་སྙིང་པོ་འདི་ དག་ལ་སྐྱིལ་མོ་ཀྲུང་བཅས་ཤིང་འཁོད་དེ། འོད་ཟེར་འབུམ་དག་རབ་ཏུ་འགྱེད་ཅིང་འཁོད་པ་དེ་དག་ཀྱང་རིག་ནས་ལྷ་དང་མི་རྣམས་ཕྱག་འཚལ་ཞིང་མཆོད་པའི་ལས་ཀྱང་བྱེད་པ་དེ་བཞིན་དུ་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས་ཀྱང་རང་གི་ཤེས་རབ་དང་། ཡེ་ཤེས་དང་། དེ་བཞིན་གཤེགས་པའི་མིག་གིས་སེམས་ཅན་སྲོག་ཆགས་སུ་གྱུར་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲེད་པ་དང་། མ་རིག་པའི་ཉོན་མོངས་པ་བྱེ་བ་ཕྲག་འབུམ་གྱི་ སྦུབས་སུ་གྱུར་པ་ཐམས་ཅད་དང་། རིགས་ཀྱི་བུ་དག་སེམས་ཅན་ཉོན་མོངས་པའི་སྦུབས་སུ་གྱུར་པ་དེ་དག་གི་ནང་ན་ང་འདྲ་བར་ཡེ་ཤེས་དང་ལྡན་པ། མིག་དང་ལྡན་པའི་དེ་བཞིན་གཤེགས་པ་མང་པོ་འཁོད་ཅིང་སྐྱིལ་མོ་ཀྲུང་བཅས་ནས་མི་གཡོ་བར་འཁོད་པ་ མཐོང་སྟེ། ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཅན་དུ་གྱུར་པ་དེ་དག་གི་ནང་ན་དེ་བཞིན་གཤེགས་པའི་ཆོས་ཉིད་མི་གཡོ་ཞིང་སྲིད་པའི་འགྲོ་བ་ཐམས་ཅད་ཀྱིས་མ་གོས་པ་དག་མཐོང་ནས་དེ་བཞིན་གཤེགས་པ་དེ་དག་ནི་ང་དང་འདྲའོ་ཞེས་སྨྲའོ། ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་མིག་ནི་དེ་ལྟར་མཛེས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མིག་དེས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ངོ་། །རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལྷའི་མིག་ཅན་ལ་ལ་ ཞིག་གིས་ལྷའི་མིག་གིས་འདི་ལྟར་ཁ་དོག་ངན་ཅིང་འདི་ལྟར་དྲི་ང་བའི་པད་མ་ཁ་མ་བྱེ་ཞིང་མ་གྱེས་པ་དག་ལ་བལྟས་ཏེ། དེའི་དབུས་ན་པད་མའི་སྙིང་པོ་ལ་དེ་བཞིན་གཤེགས་པ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རིག་ནས་དེ་བཞིན་གཤེགས་པའི་གཟུགས་བལྟ་ བར་འདོད་དེ་དེ་བཞིན་གཤེགས་པའི་གཟུགས་དེ་ཡང་དག་པར་སྦྱང་བའི་ཕྱིར་པད་མའི་འདབ་མ་ཁ་དོག་ངན་ཅིང་དྲི་ང་བ་སྨད་པར་འོས་པ་དེ་དག་འགྱེད་ཅིང་སེལ་བ་དེ་བཞིན་དུ་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ ཅད་དེ་བཞིན་གཤེགས་པའི་སྙིང་པོར་མཐོང་ནས་སེམས་ཅན་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲིད་པ་དང་། མ་རིག་པའི་ཉོན་མོངས་པའི་སྦུབས་དབྱེ་བའི་ཕྱིར་ཆོས་སྟོན་ཏེ། དེ་སྒྲུབ་པའི་དེ་བཞིན་གཤེགས་པ་རྣམས་ནི་ ཡང་དག་པ་ཉིད་དུ་གནས་སོ། །རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། རིགས་ཀྱི་བུ་དག་ སྨད་པར་འོས་པའི་ཉོན་མོངས་པའི་སྦུབས་རྣམས་ཀྱིས་གཡོགས་པས་དེ་དག་གི་ཉོན་མོངས་པའི་སྦུབས་གཞིག་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཡོངས་སུ་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏེ། བྱ་བ་འདི་ལ་ཡང་མོས་པར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་དག་ལ་མངོན་པར་བརྩོན་པར་གནས་པ་དེ་དག་གང་གི་ཚེ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་ པ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་གྱུར་པ་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེ་བཞིན་གཤེགས་པའི་བྱ་བ་ཐམས་ཅད་ཀྱང་བྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་པད་མ་སྨད་པར་འོས་གྱུར་པ། །དེ་ཡི་འདབ་མ་སྦུབས་གྱུར་མ་གྱེས་ལ། །དེ་བཞིན་གཤེགས་པའི་སྙིང་པོ་མ་གོས་དེ། །མི་འགའ་ལ་ལས་ལྷ་ཡི་མིག་གིས་མཐོང་། །དེ་ནི་དེ་ཡི་འདབ་མ་འབྱེད་པ་ན། ། དབུས་ན་རྒྱལ་བའི་ལུས་ནི་མཐོང་གྱུར་ནས། །རྒྱལ་བ་ཉེ་བའི་ཉོན་མོངས་ཕྱིས་མི་འགྱུར། །དེ་ནི་འཇིག་རྟེན་ཀུན་ཏུ་རྒྱལ་བར་འགྱུར། །དེ་བཞིན་ངས་ཀྱང་སྲོག་ཆགས་ཐམས་ཅད་ཀྱི། །དཀྱིལ་དེར་གནས་པའི་རྒྱལ་བ་རྣམས་ཀྱི་ལུས། །ཇི་ལྟར་སྨད་འོས་པད་ མའི་སྦུབས་འདྲ་བའི། །ཉོན་མོངས་སྟོང་ཕྲག་བྱེ་བས་ཁེབས་པར་མཐོང་། །ང་ཡང་དེ་དག་གིས་ནི་གསལ་བའི་ཕྱིར། །མཁས་པ་རྣམས་ལ་རྟག་ཏུ་ཆོས་སྟོན་ཏོ། །སེམས་ཅན་འདི་དག་སངས་རྒྱས་འགྱུར་བྱ་ཞེས། །རྒྱལ་བའི་ཕྱིར་ནི་ཉོན་མོངས་རྣམ་པར་ སྦྱོང་། །ང་ཡི་སངས་རྒྱས་མིག་ནི་དེ་འདྲ་སྟེ། །དེ་ཡིས་རྒྱལ་བའི་ལུས་སུ་གནས་པ་ཡི། །སེམས་ཅན་འདི་དག་ཐམས་ཅད་མཐོང་གྱུར་ཏེ། །དེ་དག་རྣམ་པར་སྦྱང་ཕྱིར་ཆོས་སྨྲའོ། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ། དཔེར་ན་སྦྲང་ཚང་ཟླུམ་པོ་ཤིང་གི་ ཡལ་ག་ལ་འཕྱང་བ། བུང་བ་འབུམ་གྱིས་ཀུན་ཏུ་བསྲུངས་ཤིང་སྦྲང་རྩིས་ཡོངས་སུ་གང་བ་ཞིག་ཡོད་ལ། དེ་ནས་སྦྲང་རྩི་འདོད་པའི་མི་ཞིག་གིས་སྲོག་ཆགས་ཀྱི་རྣམ་པ་བུང་བ་དེ་དག་ཐབས་མཁས་པས་བསྐྲད་ན་སྦྲང་རྩི་དེས་སྦྲང་རྩིའི་བྱ་བ་བྱེད་དོ། །རིགས་ཀྱི་བུ་དག་དེ་བཞིན་ དུ་སེམས་ཅན་ཐམས་ཅད་ཀྱང་སྦྲང་ཚང་དང་འདྲ་སྟེ། དེ་ལ་སངས་རྒྱས་ཉིད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བྱེ་བ་ཕྲག་འབུམ་གྱིས་ཀུན་ཏུ་བསྲུངས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བས་རིག་གོ། །རིགས་ཀྱི་བུ་དག་ཇི་ལྟར་སྦྲང་ཚང་གི་ནང་ན་སྦྲང་ རྩི་བུང་བ་བྱེ་བ་ཕྲག་འབུམ་གྱིས་ཀུན་ཏུ་བསྲུངས་པ་ཡོད་པར་སྐྱེས་བུ་མཁས་པ་ཞིག་གིས་ཤེས་པར་རིག་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཉིད་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་བྱེ་བ་ཕྲག་འབུམ་གྱིས་ཀུན་ཏུ་བསྲུངས་པ་ཡོད་པར་དེ་ བཞིན་གཤེགས་པའི་ཡེ་ཤེས་མཐོང་བས་རིག་སྟེ། རིགས་ཀྱི་བུ་དག་དེ་ལ་དེ་བཞིན་གཤེགས་པ་ཡང་ཐབས་ལ་མཁས་པས་བུང་བ་བསལ་བ་དེ་བཞིན་དུ་སེམས་ཅན་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྒྱགས་པ་དང་། འཆབ་ པ་དང་། ཁྲོ་བ་དང་། གནོད་སེམས་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་བསལ་ནས་ཇི་ལྟར་སེམས་ཅན་དེ་དག་ལ་ཡང་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དེ་དག་གིས་ཉེ་བའི་ཉོན་མོངས་པ་ཅན་ དུ་མི་འགྱུར་བ་དང་། གནོད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་དེ་རྣམ་པར་སྦྱངས་ནས་འཇིག་རྟེན་ན་དེ་བཞིན་གཤེགས་པའི་བྱ་བ་བྱེད་དེ། རིགས་ཀྱི་བུ་དག་ངའི་དེ་བཞིན་གཤེགས་པའི་མིག་ཡོངས་སུ་དག་པ་དེས་ ངས་སེམས་ཅན་ཐམས་ཅད་དེ་ལྟར་མཐོང་ངོ་། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཇི་ལྟར་འདི་ན་སྦྲང་ཚང་ཡོད་པ་ལ། །བུང་བས་ཀུན་ཏུ་བསྲུངས་ཤིང་སྦས་གྱུར་པ། །མི་གང་སྦྲང་རྩི་འདོད་པས་དེ་མཐོང་ནས། ། དེ་ནི་བུང་བ་རབ་ཏུ་སྐྲོད་པར་བྱེད། །དེ་བཞིན་འདིར་ཡང་སྦྲང་ཚང་ལྟ་བུ་ནི། །སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་དོ། །དེ་དག་ཉོན་མོངས་བྱེ་བ་མང་བ་སྟེ། །ཉོན་མོངས་དབུས་ན་དེ་བཞིན་གཤེགས་འདུག་མཐོང་། །ང་ཡང་སངས་རྒྱས་རྣམ་པར་སྦྱང་ དོན་དུ། །བུང་བ་སྐྲོད་པ་ལྟ་བུར་ཉོན་མོངས་སེལ། །གང་གིས་ཉོན་མོངས་བྱེ་བས་གནོད་འགྱུར་བ། །ཆོས་རྣམས་འདིར་ནི་ཐབས་ཀྱིས་རབ་སྟོན་ཏེ། །དེ་དག་ཇི་ལྟར་དེ་བཞིན་གཤེགས་གྱུར་ལ། །འཇིག་རྟེན་ཀུན་ཏུ་རྟག་ཏུ་བྱ་བྱེད་ཅིང་། །སྤོབས་ ལྡན་ཇི་ལྟར་སྦྲང་མའི་སྦྲང་རྩི་ཡི། །སྣོད་འདྲའི་ཆོས་སྟོན་འགྱུར་བར་བྱ་ཕྱིར་རོ། །རིགས་ཀྱི་བུ་དག་གཞན་ཡང་འདི་ལྟ་སྟེ་དཔེར་ན་འབྲས་སཱ་ལུའམ། ནས་སམ། ཅི་ཙེ་འམ། འབྲུ་རྣམས་ནི་སྙིང་པོ་ཕུབ་མ་ནས་ཡོངས་སུ་བསྲུངས་པ་ཡིན་ཏེ། རང་གི་ཕུབ་མ་ནས་ མ་ཕྱུང་གི་བར་དུ་བཟའ་བ་དང་། བཅའ་བ་དང་། མྱང་བའི་བྱ་བ་མི་