Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། རྣ་རྒྱན་དང་། སོར་གདུབ་དང་། གསེར་གྱི་ཙོང་ཙོང་དང་། སྐ་རགས་དང་། གསེར་གྱི་དྲ་བ་དང་། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུ་ གཡེར་ཀའི་དྲ་བ་དང་། རྒྱན་ཇི་ལྟ་བུ་འདོད་པ་རྣམ་པ་དེ་ལྟ་བུའི་རྒྱན་རིན་པོ་ཆེ་བརྒྱ་སྟོང་དུ་མས་སྤྲས་པ་དག་འདི་ལྟ་སྟེ། རིན་པོ་ཆེའི་ཤིང་ལྗོན་པ་ལ་འཕྱང་བས་སངས་རྒྱས་ཀྱི་ཞིང་དེ་གང་བར་མཐོང་སྟེ། རྒྱན་དེ་དག་གིས་བདག་བརྒྱན་པར་ཡང་ཤེས་སོ། །དེ་དག་གང་ཁ་དོག་དང་། རྟགས་དང་། དབྱིབས་དང་། ཆུ་ཞེང་གི་བར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ། སྔས་ཁྲ་བོ་བཞག་པ་དང་ལྡན་པའི་གཞལ་མེད་ཁང་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་གཞལ་མེད་ཁང་དེ་དག་དེ་དག་གི་མདུན་དུ་འབྱུང་སྟེ། དེ་དག་རིན་པོ་ ཆེའི་གཞལ་མེད་ཁང་གྲུབ་པ་དེ་དག་གི་ནང་ན་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་འཁོད་དེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང་མི་རྣམས་ཐ་དད་པ་མེད་དེ། གཞན་དུ་ན་ཀུན་རྫོབ་ཀྱི་ཐ་སྙད་ཀྱིས་ལྷ་དང་མི་ཞེས་བྱ་ བའི་གྲངས་སུ་འགྲོ་བ་ནི་མ་གཏོགས་སོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་མདུན་ན་མི་མ་རབས་དང་མི་ཟ་མ་ནི་ལམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ཞིང་མི་འཇིགས་པ་མ་ཡིན་ལ་འོད་གསལ་བ་མ་ཡིན་ནོ། །དེ་བཞིན་དུ་གཞན་འཕྲུལ་ དབང་བྱེད་ཀྱི་ལྷ་རྣམས་ཀྱི་མདུན་ན་ལྷའི་དབང་པོ་བརྒྱ་བྱིན་ཡང་འདི་ལྟ་སྟེ། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དང་། གོས་དང་། རྒྱན་དང་། དབང་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། དབང་ཕྱུག་གིས་ལམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ཏེ། ཆོས་མངོན་ པར་རྟོགས་པ་དང་། ཆོས་ལ་ཡོངས་སུ་སྤྱོད་པ་ནི་མ་གཏོགས་སོ། །ཀུན་དགའ་བོ་དེ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཅི་འདྲ་བ་དེ་འདྲ་བར་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་མི་རྣམས་བལྟ་བར་བྱའོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན་སྔ་དྲོའི་དུས་ཉེ་བར་གནས་ པའི་ཚེ་ཕྱོགས་བཞི་ཀུན་ནས་འཁྲུགས་ཤིང་ཀུན་ཏུ་འཁྲུགས་པའི་རླུང་ལྡང་སྟེ། དེ་དག་གིས་རིན་པོ་ཆེའི་ཤིང་ལྗོན་པ་བཀྲ་བ། བལྟ་ན་སྡུག་པ། ཁ་དོག་ཐ་དད་པ། ཁ་དོག་དུ་མ་ཡོད་པ། ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་པ་དེ་དག་བསྐྱོད། ཀུན་ཏུ་བསྐྱོད། བསྒུལ་ཀུན་ཏུ་ བསྒུལ་ནས་དེ་དག་ལས་མེ་ཏོག་རྣམ་པ་མང་པོའི་དྲི་ཡིད་དུ་འོང་བའི་བསུང་ཅན་བལྟ་ན་སྡུག་པ་དག་རིན་པོ་ཆེའི་ས་ཆེན་པོ་དེ་ལ་འབྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཀུན་ཏུ་མི་འགྲེང་བདུན་སྲིད་ཙམ་དུ་བཀྲམ་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ས་ལ་མེ་ཏོག་འགྲེམས་ མཁས་པ་ཞིག་གིས་ལག་པ་གཉིས་ཀས་བཀྲམ་སྟེ། མཉམ་པར་བཀོད་ན་ཤིན་ཏུ་བཀྲ་ཞིང་བལྟ་ན་སྡུག་གོ །དེ་བཞིན་དུ་མེ་ཏོག་བསུང་དང་། ཁ་དོག་ཐ་དད་པ་དང་ལྡན་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་ཀུན་ཏུ་མི་འགྲེང་བདུན་ཙམ་ཁྱབ་པར་འགྱུར་རོ། །མེ་ཏོག་གི་རྣམ་པ་དེ་དག་ནི་འཇམ་པ་སྟེ། དཔེ་ཙམ་དུ་ན་གོས་ཀ་ཙ་ལིན་དི་ལྟར་རེག་ན་བདེ་བའོ། །དེ་དག་ནི་རྐང་པ་འཇོག་པ་ན་སོར་བཞི་ཙམ་གྱིས་དམའ་བར་འགྱུར་ཞིང་རྐང་པ་འདེག་པ་ན་སོར་བཞི་ཙམ་གྱིས་མཐོ་བར་འགྱུར་རོ། །སྔ་དྲོའི་དུས་འདས་ནས་ནི་མེ་ཏོག་དེ་དག་ཀྱང་མ་ལུས་པ་མེད་པར་འགྱུར་ཏེ། །དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ དེ་དབེན་པ་དང་། ཉམས་དགའ་བ་དང་། དག་པར་འགྱུར་ཞིང་མེ་ཏོག་སྔ་མ་རྣམས་ཀྱིས་རྙོགས་པ་མེད་པར་འགྱུར་རོ། །དེ་ནས་ཡང་ཕྱོགས་བཞི་ཀུན་ནས་རླུང་ལངས་ཏེ། གང་སྔོན་མ་བྱུང་བའི་མེ་ཏོག་སར་པ་དག་མངོན་པར་འཐོར་རོ། །སྔ་དྲོ་ཇི་ལྟ་བར་ཉི་མའི་གུང་དང་། ཕྱི་དྲོའི་དུས་ཀྱི་ཚེ་དང་། མཚན་མོ་ དང་། སྲོད་དང་། ནམ་གྱི་གུང་དང་། ཐོ་རངས་ཀྱང་དེ་བཞིན་ནོ། །སྤོས་དྲི་སྣ་ཚོགས་ཀྱིས་བསྒོས་པའི་རླུང་དེ་དག་ལངས་ནས་སེམས་ཅན་དེ་དག་ལ་རེག་ན་འདི་ལྟ་སྟེ། དཔེར་ན་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པར་འགྱུར་རོ། །ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་ གཤེགས་པས་བསྙད་པ་མ་གཏོགས་པར་མེ་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་དང་། སྐར་མའི་གཟུགས་དང་། མུན་པ་མུན་གནག་གི་མིང་དུ་གདགས་པ་ཡོང་མེད་དོ། །ཉིན་མོ་དང་། མཚན་མོར་གདགས་པ་ཡང་ཡོང་མེད་དོ། །ཁྱིམ་ཡོངས་སུ་འཛིན་པའི་འདུ་ཤེས་ཀྱང་ ཡོང་མེད་དོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན་དུས་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་མངོན་པར་འབབ་བོ། །ལྷའི་མེ་ཏོག་ཁ་དོག་ཐམས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་ གྱི་ཆར་མངོན་པར་འབབ་བོ། །ལྷའི་བླ་རེ་དག་ཀྱང་འཛིན་ཏོ། །ལྷའི་རིན་པོ་ཆེའི་གདུགས་རྔ་མའི་བསིལ་ཡབ་དང་བཅས་པ་དག་ཀྱང་ནམ་མཁའ་ལ་འཛིན་ཏོ། །ལྷའི་རོལ་མོའི་དབྱངས་སྒྲ་དག་ཀྱང་སྒྲོགས་ཤིང་ལྷའི་བུ་མོ་དག་ཀྱང་གར་བྱེད་དོ། །ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་ སྐྱེས་པ་དང་། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་མྱ་ངན་ལས་འདས་ཀྱི་བར་དུ་ཡང་དག་པ་ཉིད་དུ་ངེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། མ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པའི་ཕུང་པོ་གཉིས་རྣམ་པར་གཞག་པའམ་གདགས་པ་མེད་པའི་ཕྱིར་རོ། །ཀུན་དགའ་བོ་མདོར་ བསྡུ་ན་རྣམ་གྲངས་འདིས་འཇིག་རྟེན་གྱི་ཁམས་དེ་བདེ་བ་ཅན་ཞེས་བྱ་སྟེ་རྒྱས་པར་ནི་མ་ཡིན་ནོ། །ཀུན་དགའ་བོ་རྒྱས་པར་བསྟན་ན་ནི་བསྐལ་པ་ཟད་ཟད་དུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བདེ་བའི་རྒྱུ་རྣམས་ཡོངས་སུ་བརྗོད་ཀྱང་བདེ་བའི་རྒྱུ་དེ་དག་གི་མཐའ་རྟོགས་པར་མི་ནུས་སོ། །དེ་ནས་དེའི་ཚེ་ བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སེམས་ཅན་ཐམས་ཅད་བདེ་བར་གཤེགས་གྱུར་ལ། །དམ་པའི་དོན་མཁས་ཡེ་ཤེས་རྣམ་དག་སྟེ། །དེ་དག་བསྐལ་པའམ་འོན་ཏེ་ལྷག་པར་ནི། །བདེ་བ་ཅན་གྱི་བསྔགས་པ་རབ་བརྗོད་ཀྱང་། །བསྔགས་པའི་ཕྲེང་ བ་རབ་ཏུ་བརྗོད་པ་ན། བསྐལ་པ་བྱེ་བ་དེ་དག་ཟད་འགྱུར་གྱི། །བདེ་བ་ཅན་གྱི་བསྔགས་པ་མཐར་མི་ཕྱིན། །དེ་དག་སྤོབས་པའང་ཟད་པར་འགྱུར་མ་ཡིན། །གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་ཀྱི་རྣམས། ། རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དེའི། །ཡོན་ཏན་ཐོས་ནས་མགུ་དང་ སྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་བསྐྱེད། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །གང་དག་རྒྱལ་བའི་བཀའ་དང་ཤེས་ རབ་ཅན། །དེ་དག་དེ་བས་བསོད་ནམས་མང་དུ་འགྱུར། །དོན་དམ་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཡོན་ཏན་དང་། བསྔགས་པ་དེ་ལྟར་དཔག་ཏུ་མེད་དོ། །ཀུན་དགའ་བོ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་ སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་མཚན་ཡོངས་སུ་རྗོད་དོ། །བསྔགས་པ་གསུང་ངོ་། །གྲགས་པ་རབ་ཏུ་སྒྲོགས་སོ། །ཡོན་ཏན་རྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་དག་ཁ་ཅིག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེའི་མཚན་ཐོས་ལ་ཐོས་ནས་ཀྱང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་ཞིག་བསམ་པ་ཐག་པ་ནས་དད་པ་དང་དགའ་བ་བསྐྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཀུན་དགའ་བོ་ སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་ བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་ སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་ཏུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་ སེམས་ཡང་དག་པར་གཏོད་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེའི་ཁ་དོག་དང་། དབྱིབས་དང་། ཆུ་ཞེང་དང་། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་ སྤྲུལ་པ་དག་མདུན་དུ་གནས་པར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ། དམིགས་པའི་ཏིང་ངེ་འཛིན་དེ་དང་། རྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེ་ ཐ་ན་སེམས་བསྐྱེད་པ་གཅིག་ཙམ་རྗེས་སུ་དྲན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཡང་འདོད་ལ། ཆོས་ཟབ་མོ་དག་འཆད་པ་ན་དཀའ་བ་འཐོབ་ཅིང་སྒྱིད་ལུག་པ་མེད་ལ་མི་འགོང་མི་ཞུམ་ཞིང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ཡིད་ལ་བྱེད་དེ། འདོད་ པ་ཡང་སྐྱེད་ན་དེ་དག་རྨི་ལམ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་མཐོང་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེར་སྐྱེ་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དེ་དག་དོན་གྱི་དབང་ དེ་གཟིགས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་མཚན་ཡང་ཡོངས་སུ་རྗོད། བསྔགས་པ་ཡང་གསུང་བསྟོད་པ་ཡང་སྒྲོགས་སོ། །ཀུན་དགའ་བོ་ཕྱོགས་བཅུའི་ཕྱོགས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་ གི་བྱེ་མ་སྙེད་དག་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཡོངས་སུ་དྲི་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་དེ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པའི་ཁྱད་པར་དེ་དག་བལྟ་བའི་ཕྱིར་སངས་ རྒྱས་ཀྱི་ཞིང་དེར་འདོང་ངོ་། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱས་པར་གསུང་ཞིང་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་པ། འདྲེན་པ་འོད་དཔག་མེད་ཀྱི་སངས་རྒྱས་ལ། །ཕྱག་བྱའི་ཕྱིར་ནི་ཤར་གྱི་སངས་རྒྱས་ཞིང་། །མཐའ་ཡས་གང་གཱའི་ཀླུང་གི་བྱེ་སྙེད་ནས། །རྫོགས་པའི་བྱང་ ཆུབ་སེམས་དཔའ་དེ་དག་ལྷགས། །དེ་དག་མེ་ཏོག་ཁ་དོག་ཐ་དད་པ། །དྲི་ཞིམ་ཡིད་འོང་མང་པོ་སྙིམ་ཐོགས་ཏེ། །ཚེ་དཔག་མེད་པ་ལྷ་དང་མིས་མཆོད་པ། །མི་ཡི་འདྲེན་པ་མཆོག་ལ་རབ་ཏུ་འཐོར། །འདྲེན་པ་འོད་དཔག་མེད་ཀྱི་སངས་རྒྱས་ལ། །ཕྱག་བྱའི་ཕྱིར་ནི་དེ་བཞིན་ལྷོ་ནུབ་དང་། །བྱང་ཕྱོགས་ སངས་རྒྱས་ཞིང་རྣམས་ཇི་སྙེད་ནས། །རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལྷགས། །དེ་དག་སྤོས་ཀྱི་ཁ་དོག་ཐ་དད་པ། །དྲི་ཞིམ་ཡིད་འོང་མང་པོ་སྙིམ་ཐོགས་ཏེ། །ཚེ་དཔག་མེད་པ་ལྷ་དང་མིས་མཆོད་པ། །མི་ཡི་འདྲེན་པ་མཆོག་ལ་རབ་ཏུ་འཐོར། །བྱང་ཆུབ་སེམས་དཔའ་མང་པོ་དེ་དག་ གིས། །མཆོད་པ་བྱས་ཏེ་དཔག་མེད་འོད་ཞབས་ལ། །ཕྱག་འཚལ་བསྐོར་བ་བྱས་ནས་འདི་སྐད་དུ། །སངས་རྒྱས་ཞིང་ནི་ངོ་མཚར་མཛེས་ཤེས་འཛེར། །དགའ་ཞིང་མགུ་བའི་སེམས་ནི་གཞལ་ཡས་ཀྱིས། །དེ་དག་གིས་ནི་མེ་ཏོག་སྙིམ་གཏོར་ནས། །འདྲེན་པ་དེ་ཡི་སྤྱན་སྔར་འདི་སྐད་དུ། ། བདག་ཅག་ཞིང་ཡང་འདི་འདྲར་གྱུར་ཅེས་སྨྲས། །དེ་དག་མེ་ཏོག་སྙིམ་པ་གཏོར་མ་ཐག །དེ་ཚེ་དཔག་ཚད་བརྒྱ་པའི་གདུགས་གྱུར་ཏེ། །ལེགས་པར་བརྒྱན་ཅིང་ཡུ་བ་བཀྲ་བས་མཛེས། །སངས་རྒྱས་སྐུ་ལ་ཀུན་ཏུ་ཁེབས་པར་གནས། །བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་དུ། །བསྙེན་བཀུར་ བྱས་ནས་དགའ་སྟེ་འདི་སྐད་དུ། །གང་དག་གིས་ནི་མི་མཆོག་མཚན་ཐོས་པ། །སེམས་ཅན་དེ་དག་རྙེད་པ་ལེགས་རྙེད་འཛེར། །སངས་རྒྱས་ཞིང་འདི་བདག་ཅག་ལྷགས་པས་ན། །བདག་ཅག་གིས་ནི་སྔོན་རྙེད་ལེགས་པར་རྙེད། །བསྐལ་པ་སྟོང་དུ་སྟོན་པས་གང་བསྒྲུབས་པ། །རྨི་ལམ་ལྟ་བུའི་ཞིང་ ནི་ཅི་འདྲ་ལྟོས། །འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་པ། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་པ། །བྱང་ཆུབ་སེམས་དཔས་བསྐོར་ཅིང་མཛེས་གྱུར་པ། །སངས་རྒྱས་བསོད་ནམས་ཕུང་པོ་མཆོག་ལ་ལྟོས། །དེ་ནས་ཚེ་དཔག་མེད་ཀྱིས་འཛུམ་མཛད་ནས། །འོད་འཕྲོ་བྱེ་བ་ཁྲག་ཁྲིག་སུམ་ ཅུ་དྲུག །དེ་དག་ཞལ་གྱི་དཀྱིལ་འཁོར་ནས་ཕྱུང་སྟེ། །ཞིང་སྟོང་བྱེ་བ་དག་ནི་ཁྱབ་པར་མཛད། །འོད་འཕྲོ་དེ་དག་ཐམས་ཅད་སླར་ལོག་སྟེ། །འདྲེན་པའི་སྤྱི་གཙུག་དེར་ནི་ནུབ་པར་གྱུར། །དེ་ཚེ་འོད་འཕྲོ་ནུབ་པར་གྱུར་ནས་ནི། །ལྷ་དང་མི་རྣམས་དགའ་བ་རབ་ཏུ་སྐྱེད། །དེ་ནས་སངས་རྒྱས་སྲས་ པོ་གྲགས་ཆེན་པོ། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་དེ་ལངས་ཏེ། །གང་སླད་འཇིག་རྟེན་མགོན་པོ་འཛུམ་མཛད་པ། །བཅོམ་ལྡན་དེ་ཡི་རྒྱུ་དང་རྐྱེན་གང་ལགས། །སེམས་ཅན་མང་འགྲོལ་ཕན་པ་ཐུགས་བརྩེ་ཅན། །དོན་དམ་མཁས་པ་དེ་ནི་ལུང་བསྟན་གསོལ། །གསུང་མཆོག་ཡིད་དུ་མཆི་ བདེ་ཐོས་ནས། །སེམས་ཅན་དག་ནི་དགའ་བའི་སེམས་སུ་འགྱུར། །འཇིག་རྟེན་ཁམས་མང་བྱང་ཆུབ་སེམས་དཔའ་དག །སངས་རྒྱས་བལྟ་སླད་བདེ་ཅན་འདིར་མཆི་བ། །དེ་དག་ཐོས་ནས་དགའ་བ་ཆེར་སྐྱེད་དེ། །མྱུར་དུ་ཞིང་འདི་རྣམ་པར་ལྟ་བར་འགྱུར། །རྒྱ་ཆེན་ཞིང་འདི་ལྷགས་པར་ གྱུར་ནས་ཀྱང་། །ལྷ་ཡི་མིག་དང་ལྷ་ཡི་རྣ་བ་དང་། །ཚེ་རབས་དྲན་དང་བློ་གྲོས་མཁས་མཆོག་དང་། །རྫུ་འཕྲུལ་སྟོབས་ཀྱང་མྱུར་དུ་ཐོབ་པར་འགྱུར། །སངས་རྒྱས་ཚེ་དཔག་མེད་ཀྱིས་ལུང་བསྟན་པ། །ངས་ནི་སྔོན་ཚེ་སྨོན་ལམ་འདི་སྐད་བཏབ། །སེམས་ཅན་དག་གིས་ང་ཡི་མིང་ ཐོས་ན། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །དེ་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞིག་འདིར། །བདག་ གི་ཞིང་ཡང་འདི་འདྲར་འགྱུར་བ་དང་། །བདག་གི་མིང་དང་སྒྲ་དང་ལྟ་བས་ཀྱང་། །སེམས་ཅན་མང་པོ་དགྲོལ་བར་བྱ་འདོད་པ། །དེ་ནི་མྱུར་དུ་རིངས་པར་ལ་གོར་དུ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སོང་ལ། །འོད་དཔག་མེད་ཀྱི་གན་དུ་སོང་ནས་ནི། །སངས་རྒྱས་བྱེ་བ་སྟོང་ལ་མཆོད་པ་གྱིས། ། རྫུ་འཕྲུལ་སྟོབས་ཀྱིས་ཞིང་མང་སོང་ནས་ནི། །སངས་རྒྱས་བྱེ་བ་མང་ལ་མཆོད་བྱས་ཏེ། །བདེ་བར་གཤེགས་ལ་མཆོད་པ་བྱས་ནས་ཀྱང་། །དྲོ་ཁར་བདེ་བ་ཅན་དུ་སླར་ཡང་འོང་།། །།བམ་པོ་གསུམ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེའི་བྱང་ཆུབ་ཀྱི་ཤིང་ནི་འཕང་དུ་དཔག་ཚད་སྟོང་དྲུག་བརྒྱ་ཡོད་པ། ཡལ་ག་དང་། ལོ་མ་དང་། འདབ་མ་དཔག་ཚད་བརྒྱད་བརྒྱ་ཚུན་ཆད་དུ་འཕྱང་བ། རྩ་བའི་སྦོམས་དང་། ཁྲུན་དཔག་ཚད་ལྔ་བརྒྱ་ཡོད་པ། རྟག་ཏུ་ལོ་མ་ཆགས་པ། རྟག་ཏུ་ མེ་ཏོག་ཆགས་པ། རྟག་ཏུ་འབྲས་བུ་ཆགས་པ། ཁ་དོག་ཐ་དད་པ། ཁ་དོག་བརྒྱ་སྟོང་དུ་མ་ཡོད་པ། ལོ་མ་ཐ་དད་པ། མེ་ཏོག་ཐ་དད་པ། འབྲས་བུ་ཐ་དད་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཟླ་བ་ལྟ་བུར་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གསལ་བ། བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་ པོ་ཆེས་རྣམ་པར་སྤྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གང་བ། རྒྱ་མཚོའི་ནོར་བུ་རིན་པོ་ཆེ་མཆོག་གིས་ཤིན་ཏུ་རྣམ་པར་སྤྲས་པ། ཁ་དོག་ལྷའི་ལས་འདས་པ། གསེར་གྱི་སྐུད་པ་འཕྱང་བ། སེ་མོ་དོ་མཛེས་པ་དང་། རིན་པོ་ཆེའི་ཆུན་པོ་དང་། རྒྱན་ཕྲེང་དང་། དོ་ཤལ་ཆིག་རྐྱང་དང་། མུ་ཏིག་ དམར་པོའི་རྒྱན་ཕྲེང་དང་། མུ་ཏིག་སྔོན་པོའི་རྒྱན་ཕྲེང་དང་། སེང་གེའི་ཁ་ནས་འཕྱང་བའི་སྐ་རགས་ཀྱི་ཚོགས་ཡོད་པ། རིན་པོ་ཆེའི་སྐུད་པ་དང་། རིན་པོ་ཆེ་ཐམས་ཅད་དང་། དུང་གིས་མངོན་པར་སྤྲས་པ། གསེར་གྱི་དྲ་བ་དང་། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་། དྲིལ་བུ་ གཡེར་ཀའི་དྲ་བས་བླ་རེ་བྲེས་པ། ཆུ་སྲིན་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དང་། ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ། ནོར་བུ་འཁྲོལ་བ་དང་། གསེར་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་ཅན་གྱི་བསམ་པའི་རྣམ་པར་རིག་པ་ཇི་ལྟ་བ་བཞིན་དུ་ལེགས་པར་ བརྒྱན་པའོ། །ཀུན་དགའ་བོ་བྱང་ཆུབ་ཀྱི་ཤིང་དེ་ནི་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་འབྱུང་བ་གང་ཡིན་པ་དེས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །ཀུན་དགའ་བོ་དེ་ལ་བྱང་ཆུབ་ཀྱི་ཤིང་གི་སྒྲ་དེ་སེམས་ཅན་གང་དག་གི་རྣ་ལམ་དུ་གྲག་པ་དེ་དག་བྱང་ཆུབ་ཀྱི་མཐའི་བར་དུ་རྣ་ནད་ཀྱིས་མི་བཏབ་ པར་ཤེས་པར་བྱའོ། །སེམས་ཅན་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་གང་དག་གི་མིག་ལམ་དུ་བྱང་ཆུབ་ཀྱི་ཤིང་དེ་སྣང་བ་དེ་དག་བྱང་ཆུབ་ཀྱི་མཐའི་བར་དུ་མིག་ནད་ཀྱིས་མི་བཏབ་པར་ཤེས་པར་བྱའོ། །ཀུན་ དགའ་བོ་སེམས་ཅན་གང་དག་བྱང་ཆུབ་ཀྱི་ཤིང་དེའི་དྲི་ཚོར་བ་དེ་དག་ཀྱང་བྱང་ཆུབ་ཀྱི་མཐའི་བར་དུ་ནམ་ཡང་སྣ་ནད་ཀྱིས་མི་བཏབ་པར་ཤེས་པར་བྱའོ། །སེམས་ཅན་གང་དག་བྱང་ཆུབ་ཀྱི་ཤིང་དེའི་འབྲས་བུའི་རོ་མྱོང་བ་དེ་དག་ཀྱང་བྱང་ཆུབ་ཀྱི་མཐའི་བར་དུ་ནམ་ཡང་ལྕེ་ནད་ཀྱིས་མི་བཏབ་པར་ཤེས་ པར་བྱའོ། །བྱང་ཆུབ་ཀྱི་ཤིང་དེའི་འོད་ཀྱིས་སེམས་ཅན་གང་དག་ལ་ཁྱབ་པར་གྱུར་པ་དེ་དག་ཀྱང་བྱང་ཆུབ་ཀྱི་མཐའི་བར་དུ་ནམ་ཡང་ལུས་ལ་ནད་ཀྱིས་མི་བཏབ་པར་ཤེས་པར་བྱའོ། །ཀུན་དགའ་བོ་སེམས་ཅན་གང་དག་བྱང་ཆུབ་ཀྱི་ཤིང་དེ་ཆོས་ཉིད་དུ་ངེས་པར་སེམས་པ་དེ་དག་ཀྱང་དེང་ནས་བཟུང་ སྟེ། བྱང་ཆུབ་ཀྱི་མཐའི་བར་དུ་ནམ་ཡང་སེམས་མི་གཡེང་བར་ཤེས་པར་བྱའོ། །སེམས་ཅན་དེ་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་ཤིང་དེ་མཐོང་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་ཉིད་ཀྱི་སྔོན་གྱི་ སྨོན་ལམ་གྱི་བྱིན་གྱི་རླབས་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དང་། སྔོན་གྱི་སྨོན་ལམ་དང་། སྤྱོད་པ་ཤིན་ཏུ་རྫོགས་པ་དང་། ཤིན་ཏུ་བསྒོམས་པ་དང་། མི་ཉུང་བ་དང་། མ་ཚང་བ་མེད་པས་འདི་ལྟ་སྟེ། སྒྲའི་རྗེས་སུ་འགྲོ་བ་དང་། རྗེས་སུ་འཐུན་པ་དང་། མི་སྐྱེ་བའི་ ཆོས་ལ་བཟོད་པ་དང་། བཟོད་པ་རྣམ་པ་གསུམ་འཐོབ་བོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པར་གྱུར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། སྨོན་ལམ་གྱི་དབང་ནི་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ནི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། གོ་ཆ་རྒྱ་ཆེན་པོ་བགོས་པ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་ལ་བརྩོན་པ་ཤ་སྟག་གོ །ཀུན་དགའ་བོ་སངས་རྒྱས་ཀྱི་ ཞིང་དེ་ན་ཉན་ཐོས་གང་དག་འཁོད་པ་དེ་དག་ནི་འོད་འདོམ་གང་བ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་ནི་འོད་དཔག་ཚད་བྱེ་བ་བརྒྱ་སྟོང་པ་ཤ་སྟག་སྟེ། བྱང་ཆུབ་སེམས་དཔའ་གང་འོད་ཀྱིས་འཇིག་རྟེན་གྱི་ཁམས་དེ་རྟག་ཏུ་རྒྱུན་མི་འཆད་པར་ཁོར་ཟུག་ཏུ་སྣང་བས་ཁྱབ་ པར་བྱེད་པ་དེ་གཉིས་ནི་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཉིས་ཀྱི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ གཉིས་ལ་གཅིག་གི་མིང་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །གཅིག་གི་མིང་ནི་མཐུ་ཆེན་ཐོབ་ཅེས་བྱ་སྟེ། ཀུན་དགའ་བོ་དེ་གཉིས་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སོ། །ཀུན་དགའ་བོ་བྱང་ཆུབ་ སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པ་དེ་དག་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། ལུས་ཡོངས་སུ་རྫོགས་པ། བསམ་གཏན་དང་མངོན་པར་ཤེས་པ་ལ་མཁས་པ། ཤེས་རབ་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པ། དབང་པོ་རྣོ་བ། དབང་པོ་བསྡམས་པ་ཀུན་ཤེས་ པའི་དབང་པོ་དང་ལྡན་པ། མ་ཞུམ་པ། དབང་པོ་མི་གཡོ་བ། བཟོད་པ་ཐོབ་པ། ཡོན་ཏན་མཐའ་ཡས་པ་མུ་མེད་པ་ཤ་སྟག་གོ །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པ་དེ་དག་ཐམས་ཅད་ནི་སངས་རྒྱས་མཐོང་བ་དང་མི་བྲལ་བ། བྱང་ཆུབ་ཀྱི་མཐའི་ བར་དུ་ལོག་པར་མི་ལྟུང་བའི་ཆོས་ཅན་ཤ་སྟག་སྟེ། དེ་དག་ཐམས་ཅད་འདི་ནས་ཉེ་བར་བཟུང་ནས་ནམ་ཡང་ཚེ་རབས་མི་དྲན་པར་མི་འགྱུར་གྱིས་ཚེ་རབས་དྲན་པར་འགྱུར་ཏེ། གང་དག་དཔེར་ན་ད་ལྟར་གྱི་ང་བཞིན་དུ་སྙིགས་མ་ལྔའི་དུས་ན་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་དག་འཇིག་རྟེན་དུ་ འབྱུང་བར་འགྱུར་བ་དེ་ལྟ་བུའི་བསྐལ་པས་དཀྲུགས་པ་དག་ཏུ་གནས་པར་སྔོན་སྨོན་ལམ་བཏབ་པ་རྣམས་ནི་མ་གཏོགས་སོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པ་དེ་དག་ཐམས་ཅད་སྔ་དྲོ་གཅིག་བཞིན་འཇིག་རྟེན་གྱི་ཁམས་གཞན་དག་དུ་དོང་ནས་སངས་ རྒྱས་བཅོམ་ལྡན་འདས་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་ལ་བསྙེན་བཀུར་བྱེད་དེ། དེ་དག་རྣམ་པ་འདི་ལྟ་བུའི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་དང་། གླུ་ དབྱངས་དང་། རོལ་མོའི་དབྱངས་སྒྲ་དག་གིས་མཆོད་པ་བྱའོ། །སྙམ་དུ་ཇི་ལྟ་ཇི་ལྟར་སེམས་བསྐྱེད་ཅིང་ཇི་ལྟར་འདོད་པ་རྣམས་དེ་དག་གིས་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་རྣམ་པ་དེ་ལྟ་བུའི་མཆོད་པའི་ཡོ་བྱད་ཐམས་ཅད་ལག་པ་ནས་འབྱུང་བར་འགྱུར་ཏེ། དེ་དག་གིས་མེ་ཏོག་ ནས་རོལ་མོའི་དབྱངས་སྒྲའི་བར་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཆོད་པ་བྱེད་ལ། དགེ་བའི་རྩ་བ་མང་པོ་ཚད་མེད་གྲངས་མེད་པ་དག་ཀྱང་སྐྱེད་ཅིང་སྩོགས་སོ། །གལ་ཏེ་མེ་ཏོག་གི་སྐོན་བུ་རྣམ་པ་འདི་ལྟ་བུ་ལག་པ་ནས་འབྱུང་བར་གྱུར་ཅིག་ཅེས་འདོད་ན་ཡང་དེ་དག་གིས་སེམས་ བསྐྱེད་མ་ཐག་ཏུ་ལྷའི་མེ་ཏོག་ཁ་དོག་ཐ་དད་པ། དྲི་ཐ་དད་པ་དྲི་དུ་མ་ཡོད་པའི་སྐོན་བུ་དག་ལག་པ་ནས་འབྱུང་སྟེ། དེ་དག་གིས་སྐོན་བུའི་མེ་ཏོག་རྣམ་པ་དེ་ལྟ་བུ་དེ་དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འཐོར་མངོན་པར་འཐོར། མངོན་པར་རབ་ཏུ་འཐོར། སྐོན་བུའི་མེ་ཏོག་གཏོར་བ་དེ་ དག་ཐམས་ཅད་ལས་ནང་གི་ཆུང་ངུ་གང་ཡིན་པ་དེ་ཡང་སྟེང་གི་བར་སྣང་ལ་དཔག་ཚད་བཅུའི་ཚད་ཙམ་གྱི་མེ་ཏོག་གི་གདུགས་སུ་འགྱུར་ཏེ། ཕྱི་མ་ཤོས་མ་གཏོར་གྱི་བར་དུ་སྔ་མ་ས་ལ་མི་ལྟུང་ངོ་། །དེ་ན་སྐོན་བུའི་མེ་ཏོག་གཏོར་བ་གང་སྟེང་གི་བར་སྣང་ལ་དཔག་ཚད་ཉི་ཤུའི་ཚད་ཙམ་ གྱི་གདུགས་སུ་འགྱུར་བ་ཡང་ཡོད། དཔག་ཚད་སུམ་ཅུ་དང་བཞི་བཅུའི་ཚད་ཙམ་ཡང་ཡོད། སྟེང་གི་བར་སྣང་ལ་མེ་ཏོག་གི་གདུགས་དཔག་ཚད་བརྒྱ་སྟོང་གི་ཚད་ཀྱི་བར་ཙམ་དུ་འགྱུར་བ་དག་ཀྱང་ཡོད་དོ། །དེ་ན་གང་དག་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེད་ཅིང་ སེམས་དགའ་བ་རྒྱ་ཆེན་པོ་ཐོབ་ནས་དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་བསྙེན་བཀུར་བྱས་ཏེ་སྔ་དྲོ་གཅིག་ལ་སླར་ལོག་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གནས་སོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ མེད་དེའི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་ཀྱིས་ཡོངས་སུ་ཟིན་པ་དང་སྔོན་ཆོས་མཉན་པ་བྱིན་པ་དང་། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། སྔོན་གྱི་སྨོན་ལམ་འབྱོར་ཅིང་ཡོངས་སུ་རྫོགས་པ་དང་། མི་ཉུང་བ་དང་། ཤིན་ཏུ་རྣམ་པར་ཕྱེ་བ་དང་། ཤིན་ཏུ་བསྒོམས་པས་སྨོན་ལམ་ བཏབ་པ་འགྲུབ་བོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པར་གྱུར་པ་དེ་དག་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཆོས་ཀྱི་གཏམ་སྨྲ་བ་དག་གོ། །སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གང་དག་ཡོངས་སུ་འཛིན་པའི་འདུ་ཤེས་འགའ་ཡང་མི་སྐྱེད་དེ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་དེར་ཀུན་ཏུ་འཆག་ཅིང་རྣམ་པར་རྒྱུ་བ་ན་དགའ་བ་དང་། མི་དགའ་བ་མི་སྐྱེད་དོ། །འགྲོ་བ་ན་ཡང་ལྟོས་པ་མེད་པ་ཉིད་དུ་འགྲོའི་ལྟོས་པ་དང་བཅས་པར་མ་ཡིན་ནོ། །འདི་ལྟ་སྟེ། དངོས་པོ་ཡོངས་སུ་འཛིན་པ་དང་། གནས་ཀྱི་སེམས་དང་། སེམས་དེ་ལྟ་བུ་དག་ དེ་དག་ལ་ཡོང་མེད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེར་སྐྱེས་པ་དེ་དག་ལ་གཞན་གྱི་འདུ་ཤེས་མེད། རང་གི་འདུ་ཤེས་མེད། བདག་གི་འདུ་ཤེས་མེད། འཐབ་པ་མེད། རྩོད་པ་མེད། མི་འཐུན་པ་མེད། མི་མཉམ་པའི་སེམས་མེད་དེ། དེ་ དག་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། ཕན་པའི་སེམས་དང་། བྱམས་པའི་སེམས་དང་། མཉེན་པའི་སེམས་དང་། འཇམ་པའི་སེམས་དང་། དགེ་བའི་སེམས་དང་། རབ་ཏུ་དང་བའི་སེམས་དང་། བརྟན་པའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། འཁྲུགས་པ་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པའི་སེམས་དང་། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ། ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ། བློ་རི་རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ་བྱང་ཆུབ་ ཀྱི་ཡན་ལག་ཡང་དག་པར་འགྲོ་བས་རྣམ་པར་རྩེན་པ། སངས་རྒྱས་ཡང་དག་པར་འགྲོ་བ་ལ་མངོན་པར་བརྩོན་པ། ཤའི་མིག་རབ་ཏུ་རྣམ་པར་འབྱེད་པ། ལྷའི་མིག་མངོན་པར་སྒྲུབ་པ། ཤེས་རབ་ཀྱི་མིག་རྟོགས་པར་ཁོང་དུ་ཆུད་པ། ཆོས་ཀྱི་མིག་གི་ཕ་རོལ་ཏུ་སོན་པ། སངས་རྒྱས་ཀྱི་སྤྱན་སྒྲུབ་ ཅིང་འཆད་དེ་སྟོན་པ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་ཆགས་པ་མེད་པའི་ཡེ་ཤེས་མངོན་པར་སྒྲུབ་པ། ཁམས་གསུམ་མཉམ་པ་ཉིད་དུ་མངོན་པར་བརྩོན་པ། སེམས་དུལ་བ། སེམས་ཞི་བ། ཆོས་ཐམས་ཅད་མི་དམིགས་པ་དང་ལྡན་པ། ཀུན་འབྱུང་བའི་ངེས་པའི་ཚིག་ལ་མཁས་པ། ཆོས་ཀྱི་ངེས་ པའི་ཚིག་དང་ལྡན་པ། གསལ་བ་དང་མི་གསལ་བ་ལ་མཁས་པ། ཚུལ་དང་ཚུལ་མ་ཡིན་པའི་གནས་ལ་མཁས་པ། འཇིག་རྟེན་པའི་གཏམ་ལ་མི་ལྟ་བར་གནས་པ། འཇིག་རྟེན་ལས་འདས་པའི་གཏམ་རྣམས་ཀྱིས་སྙིང་པོ་རྟོགས་པ་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་མཁས་པ། ཆོས་ ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བར་ཤེས་པས་གནས་པ། དམིགས་པ་མེད་པའི་སྤྱོད་ཡུལ་བ། ཅི་ཡང་མེད་པ། ལེན་པ་མེད་པ། སེམས་པ་མེད་པ། ཕུང་པོ་མེད་པ། ལེན་པ་མེད་པས་ཤིན་ཏུ་རྣམ་པར་གྲོལ་བ། ཉོན་མོངས་པ་མེད་པ། མངོན་པར་ཤེས་པ་རྣམས་ལ་ཐུག་པ་མེད་ པར་གནས་པ། རྩ་བ་མེད་པ་ལ་གནས་པ། སེམས་ཆགས་པ་མེད་པ་ཞུམ་པ་མེད་པ། ཆོས་ཟབ་པ་རྣམས་ལ་མངོན་པར་བརྩོན་པ། སྒྱིད་ལུག་པ་མེད་པ། སངས་རྒྱས་ཀྱི་ཡེ་ཤེས་རྟོགས་པར་དཀའ་བ་ལ་འཇུག་པས་འཕགས་པ། བགྲོད་པ་གཅིག་པུའི་ལམ་རྗེས་སུ་ཐོབ་པ་ཐེ་ཙོམ་ མེད་པ། དོགས་པ་ལས་རྒལ་བ། ཤེས་པ་གཞན་གྱི་དྲིང་ལ་མི་འཇོག་པ། ལྷག་པའི་ང་རྒྱལ་མེད་པ། ཡེ་ཤེས་ཀྱིས་མངོན་པར་འཕགས་ཏེ་རི་རབ་དང་མཚུངས་པ། འཁྲུགས་པ་མེད་པའི་བློས་རྒྱ་མཚོ་དང་འདྲ་བ། ཤེས་རབ་ཀྱི་འོད་དང་། དཀར་ཞིང་ཤིན་ཏུ་དཀར་ལ་དག་ཅིང་དགེ་ བའི་སེམས་དང་། གསེར་བཙོ་མའི་ཁ་དོག་འདྲ་བར་སྣང་ཞིང་འོད་འབྱུང་བའི་ཡོན་ཏན་གྱི་མཆོག་གིས་ཉི་ཟླའི་འོད་ལས་ཤིན་ཏུ་འདས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བ་བཟོད་པས་ས་དང་མཚུངས་པ། ཉོན་མོངས་པའི་དྲི་མ་འཁྲུ་བར་འབབ་པས་ཆུ་དང་ འདྲ་བ། ཆོས་ཐམས་ཅད་ལ་རློམ་སེམས་སུ་བྱེད་པ་དང་། ཉོན་མོངས་པ་སྲེག་པའི་ཕྱིར་མེའི་རྒྱལ་པོ་དང་མཚུངས་པ། འཇིག་རྟེན་ཐམས་ཅད་ལ་མི་ཆགས་པའི་ཕྱིར་རླུང་དང་འདྲ་བ། ཆོས་ཐམས་ཅད་ངེས་པར་ཕིགས་པ་དང་། ཐམས་ཅད་དུ་ཅི་ཡང་མེད་པའི་ཕྱིར་ནམ་མཁའ་དང་ མཚུངས་པ། འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པའི་ཕྱིར་པད་མ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོགས་པས་དུས་ཀྱི་རྗེས་སུ་འབྲང་བའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུའི་ཆར་མངོན་པར་འབེབས་པས་ཆར་པ་ཆེན་པོ་དང་འདྲ་བ་ཚོགས་ཆེན་པོ་ ཟིལ་གྱིས་གནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་ཤིན་ཏུ་མཆོག་ཏུ་དུལ་བས་གླང་པོ་ཆེ་ཆེན་པོ་དང་འདྲ་བ་ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་མཚུངས་པ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་དགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་ ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་དྷ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོས་པས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམས་པས་ནམ་མཁའ་དང་མཚུངས་པ། དགེ་བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་ དང་འདྲ་བ། གནས་སུ་སྩོགས་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་བ་རའི་མེ་ཏོག་དང་མཚུངས་པ། གླང་པོ་ཆེ་ལྟར་ཤིན་ཏུ་མཉམ་པར་གཞག་པས་རྣམ་པར་ གཡེང་བ་མེད་པ། དབང་པོ་རྨུགས་པ་མེད་པ། རྣམ་པར་གཏན་ལ་འབེབས་པ་ལ་མཁས་པ། བཟོད་པ་དང་ངེས་པ་མང་བ། ཕ་རོལ་ཕུན་སུམ་ཚོགས་པར་སྨོན་པས་ཕྲག་དོག་མེད་པ། ཆོས་ཀྱི་གཏམ་རྣམས་ལ་འཇིགས་པ་མེད་པ་ཆོས་ཡོངས་སུ་ཚོལ་བས་ངོམས་མི་མྱོང་བ། ཚུལ་ཁྲིམས་ཀྱིས་བཻ་དཱུརྱ་དང་འདྲ་བ། ཐོས་པས་རིན་པོ་ཆེའི་འབྱུང་གནས་དང་མཚུངས་པ་ཆོས་ཀྱི་རྔ་སྒྲ་ཆེན་པོས་སྒྲ་སྙན་པ། ཆོས་ཀྱི་རྔ་ཆེན་པོ་རྡུང་བ། ཆོས་ཀྱི་དུང་ཆེན་པོ་འབུད་པ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་སྒྲེང་བ། ཆོས་ཀྱི་བ་དན་ཆེན་པོ་འཛིན་པ། ཆོས་ཀྱི་སྒྲོན་མ་ཆེན་པོ་རབ་ཏུ་འབར་ བར་བྱེད་པ། ཤེས་རབ་ཀྱིས་རྣམ་པར་ལྟ་བ་རྨོངས་པ་མེད་པ། ཞེ་སྡང་མེད་པ། ཐ་བ་བཏུལ་བ། དག་པ། དྲི་ང་བ་མེད་པ། བརྐམ་པ་མེད་པ། ཡང་དག་པར་འགེད་པ་ལ་དགའ་བ། གཏོང་བ་བཏང་བ། སྦྱིན་པ་ལ་ལག་བརྐྱང་བ། ཆོས་དང་ཟང་ཟིང་ཡང་དག་པར་འགྱེད་པ་ལ་དགའ་བ། སྦྱིན་པ་ ལ་སེར་སྣ་མེད་པ། འདྲེས་པ་མེད་པ། ཡིད་འཇིགས་པ་མེད་པ། ཆགས་པ་མེད་པ། བརྟན་པ། དཔའ་བ། གཅེས་པ་འཛིན་པ། མོས་པ་དང་ལྡན་པ། ངོ་ཚ་ཤེས་པ་དང་ལྡན་པ། ཟུག་རྔུ་ཕྱུང་བ། གཏན་པ་མེད་པ། མངོན་པར་ཤེས་པ་ཐོབ་པ། དེས་པ། འགྲོགས་ན་བདེ་བ། དོན་ བྱེད་པ། འཇིག་རྟེན་གསལ་བར་བྱེད་པ། འདྲེན་པ། དགའ་བའི་འདོད་ཆགས་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤངས་པ། དག་པ། མྱ་ངན་དང་བྲལ་བ། དྲི་མ་མེད་པ། དྲི་མ་གསུམ་སྤངས་པ། མངོན་པར་ཤེས་པས་རྣམ་པར་རྩེན་པ། རྒྱུའི་སྟོབས་ཅན། སྨོན་ ལམ་གྱི་སྟོབས་ཅན། མི་དམན་པ། གྱ་གྱུ་མེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། ང་རྒྱལ་གྱི་ཟུག་རྔུ་བཏོན་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བྲལ་བ། དག་པ། དགེ་བ་ལ་མོས་པ། རྒྱལ་བ་དམ་པས་བསྔགས་ པ། འཇིག་རྟེན་ལ་མཁས་པ། སྦྱངས་པའི་ཡེ་ཤེས་ཡང་དག་པར་བསྒྲུབས་པ། རྒྱལ་བས་བསྟོད་པ། སེམས་དགའ་བ་དང་ལྡན་པ། རྟུལ་ཕོད་པ། སྲན་ཐུབ་པ། མཉམ་པ་མེད་པ། ཐ་བ་མེད་པ། གཞལ་དུ་མེད་པ། རྡུལ་མེད་པ། འདུས་པ་རྒྱ་ཆེ་བ། ཁྱུ་མཆོག་ཏུ་གྱུར་པ། བདེན་པ་སྨྲ་བ། བློ་དང་ལྡན་པ། དྲན་པ་དང་ལྡན་པ། བློ་གྲོས་དང་ལྡན་པ། རྟོགས་པ་དང་ལྡན་པ། ཤེས་རབ་ཀྱི་མཚོན་ཆའི་ལག་ཆ་ཅན། བསོད་ནམས་དང་ལྡན་པ། འོད་དང་ལྡན་པ། ཐ་བ་དང་། དྲི་མ་དང་། ཁོང་ཁྲོ་བ་དང་བྲལ་བ། ཆོས་ལ་རྟག་ཏུ་བརྩོན་པ། ཆོས་ཐམས་ ཅད་ལ་ཐོས་པ་རྒྱ་མཚོ་ལྟ་བུར་གྱུར་པ་ཤ་སྟག་གོ །ཀུན་དགའ་བོ་མདོར་བསྡུ་ན་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདི་ལྟ་བུ་ཤ་སྟག་སྟེ། རྒྱས་པར་བྱ་ན་གལ་ཏེ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པས་ བསྟན་ཀྱང་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་གྱི་མཐའ་བསྟན་པར་མི་ནུས་ལ། དེ་བཞིན་གཤེགས་པའི་མི་འཇིགས་པའི་ཡང་རྒྱུན་ཆད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་གི་ཡོན་ཏན་རྣམས་དང་། དེ་བཞིན་གཤེགས་པའི་ ཤེས་རབ་ཀྱི་སྤོབས་པ་བླ་ན་མེད་པ་དེ་གཉིས་ཀ་ཡང་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་པའི་ཕྱིར་རོ། །ཀུན་དགའ་བོ་ལོངས་ལ་ནུབ་ཕྱོགས་སུ་ཕྱོགས་ཏེ་མེ་ཏོག་གཏོར་ལ་ཐལ་མོ་སྦྱོར་ཏེ། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པའི་ཕྱོགས་དེར་ཕྱག་འཚོལ་ཅིག །དེའི་མཚན་དེ་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ ཞིང་གསུང་ཐོགས་པ་མི་མངའ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ། སྙན་པར་གསུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་དང་། ཚེ་དཔག་ཏུ་མེད་པ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་དེ་དག་ལ་ལྟ་འཚལ་ལོ། །ཚེ་དང་ལྡན་ པ་ཀུན་དགའ་བོས་ཚིག་འདི་སྨྲས་མ་ཐག་ཏུ་དེ་ནས་དེའི་མོད་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཕྱག་གི་མཐིལ་ནས་འོད་གང་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་སྣང་བས་ཁྱབ་པར་འགྱུར་བ་དེ་ལྟ་བུའི་འོད་ཕྱུང་ངོ་། །དེའི་ཚེ་སངས་རྒྱས་ཀྱི་ཞིང་བྱེ་བ་ བརྒྱ་སྟོང་ཐམས་ཅད་ན་རི་ནག་པོ་འམ། རིན་པོ་ཆེའི་རི་འམ། ལྷུན་པོའམ། ལྷུན་པོ་ཆེན་པོའམ། བཏང་བཟུང་ངམ། བཏང་བཟུང་ཆེན་པོའམ། ཁོར་ཡུག་གམ། ཁོར་ཡུག་ཆེན་པོ་འམ། བརྩིགས་པ་འམ། ཀ་བ་འམ། ཤིང་ལྗོན་པ་སྟུག་པོའམ། སྐྱེད་མོས་ཚལ་ལམ། གཞལ་ མེད་ཁང་ངམ། ལྷ་དང་མི་གང་སུ་དག་ཡོད་པ་དེ་དག་ཐམས་ཅད་ལས་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་འོད་ཀྱིས་ཐལ་བར་གྱུར་ཅིང་ཟིལ་གྱིས་ནོན་པར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན་ཉི་མ་ཤར་ནས་མི་ཞིག་འདོམ་གང་ཙམ་ན་འདུག་པ་ལ་མི་ཞིག་ལྟ་བ་དེ་བཞིན་དུ་དེའི་ཚེ་འདི་ལྟ་སྟེ། སངས་ རྒྱས་ཀྱི་མཐུ་དང་། འོད་དེ་ཡོངས་སུ་དག་པའི་ཕྱིར་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་སངས་ རྒྱས་ཀྱི་ཞིང་འདི་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རིའི་རྒྱལ་པོ་རི་རབ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མངོན་པར་འཕགས་ཏེ། ཕྱོགས་ཐམས་ཅད་ཟིལ་གྱིས་མནན་ནས། ལྷམ་མེ། ལྷན་ནེ་ལྷང་ངེ་མཛེས་པ་དེ་དང་། བྱང་ ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་དང་། དགེ་སློང་གི་དགེ་འདུན་དེ་ལ་ལྟའོ། །འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་ཆུ་གཅིག་ཏུ་གྱུར་ན་དེ་ལ་ཤིང་ལྗོན་པ་རྣམས་མེད། རི་རྣམས་མེད། གླིང་རྣམས་མེད། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་རྣམས་མེད། ཆུ་ཀླུང་རྣམས་ མེད་ཅིང་ངམ་གྲོག་དང་། གཡང་ས་རྣམས་མི་སྣང་སྟེ། གཞན་དུ་ན་ས་ཆེན་པོ་རྒྱ་མཚོ་གཅིག་ཏུ་གྱུར་པ་ནི་མ་གཏོགས་སོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་རྣམས་ཀྱི་ལུས་ལས་མངོན་པར་གྲུབ་པའི་འོད་འདོམ་གང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་དཔག་ཚད་བྱེ་བ་ བརྒྱ་སྟོང་ཡོད་པ་མ་གཏོགས་པར་གཞན་རྟགས་སམ། མཚན་མ་ཅུང་ཟད་ཀྱང་མེད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེས་ཉན་ཐོས་ཀྱི་ཚོགས་དེ་དང་། བྱང་ཆུབ་སེམས་དཔའི་ཚོགས་དེ་ཟིལ་གྱིས་ མནན་ནས་ཕྱོགས་ཐམས་ཅད་དུ་གསལ་བར་ཀུན་ཏུ་སྣང་ངོ་། །དེའི་ཚེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེར་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་མི་དེ་དག་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང་། དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་ཆེན་པོས་བསྐོར་ཅིང་ཆོས་སྟོན་པ་ཡང་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཕམ་པ་ལ་བཀའ་སྩལ་པ། མི་ཕམ་པ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་གྱི་རྒྱན་བཀོད་པ་ ཕུན་སུམ་ཚོགས་པ་འདི་དང་། སྟེང་གི་བར་སྣང་ལ་ཀུན་དགའི་ར་བ་ཉམས་དགའ་བདག་དང་། ནགས་ཚལ་ཉམས་དགའ་བ་དག་དང་། སྐྱེད་མོས་ཚལ་ཉམས་དགའ་བ་དག་དང་། ཆུ་ཀླུང་དང་། རྫིང་བུ་ཉམས་དགའ་བ་དག་དང་། རིན་པོ་ཆེའི་མེ་ཏོག་པད་མ་དང་། ཀུ་མུད་དང་། པད་ མ་དཀར་པོས་གང་བ་དང་། འོག་ཏུ་སའི་སྟེང་ནས་བཟུང་སྟེ། འོག་མིན་གྱི་གནས་ཀྱི་བར་གྱི་ནམ་མཁའི་ངོས་ལ་མེ་ཏོག་བཀྲམ་པ་དང་། མེ་ཏོག་གི་ཕྲེང་བས་ཀུན་ཏུ་མཛེས་པར་བྱས་པ་དང་། རིན་པོ་ཆེ་སྣ་ཚོགས་བཀྲ་བའི་ཕྲེང་གིས་གང་བ་དང་། དེ་བཞིན་གཤེགས་པས་སྤྲུལ་པའི་བྱ་སྣ་ ཚོགས་ཀྱིས་བསྟེན་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་ཁྱོད་ཀྱིས་འདི་ལས་གཞན་པའི་བྱའི་ཚོགས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྒྲས་གོ་བར་བྱེད་ཅིང་དེས་བྱང་ཆུབ་སེམས་དཔའ་དེ་དག་རྟག་ཏུ་ སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་བ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ན་སེམས་ཅན་འདི་དག་གཞལ་མེད་ཁང་དཔག་ཚད་བརྒྱ་སྟོང་ཡོད་ པ་དག་ཏུ་ཞུགས་ཏེ། བར་སྣང་ལ་ཆགས་པ་མེད་པར་འགྲོ་བ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་འདི་ཇི་སྙམ་དུ་སེམས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། འཇིག་རྟེན་གྱི་ ཁམས་བདེ་བ་ཅན་དུ་སྐྱེས་པའི་མི་རྣམས་ཐ་དད་དུ་བྱ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་ཐ་དད་དུ་བགྱི་བ་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་སྟེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེའི་མི་རྣམས་ནི་རྫུ་འཕྲུལ་ཆེ་བའི་བར་དུ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། མི་ཕམ་པ་ཁྱོད་ཀྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན་མི་ཁ་ཅིག་པད་མ་ཆེན་པོ་དག་གི་མངལ་ན་གནས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་གྱི་ལྷ་རྣམས་གཞལ་མེད་ཁང་དཔག་ཚད་ལྔ་བཅུ་པའམ། དཔག་ཚད་བརྒྱ་ པའམ། དཔག་ཚད་ལྔ་བརྒྱ་པ་རྣམས་སུ་ཞུགས་ཏེ། རྩེ་དགའ་ཞིང་དགའ་མགུར་སྤྱོད་པ་དེ་བཞིན་དུ་བཅོམ་ལྡན་འདས་བདག་གིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེའི་མི་ཁ་ཅིག་པད་མ་ཆེན་པོ་དག་གི་མངལ་ན་གནས་པར་མཐོང་ལགས་སོ། །བཅོམ་ལྡན་འདས་དེ་ན་སེམས་ཅན་བརྫུས་ཏེ་འབྱུང་བ་ གང་དག་པད་མ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འབྱུང་བདག་ཀྱང་མཆིས་ན། བཅོམ་ལྡན་འདས་ཁ་ཅིག་པད་མའི་མངལ་ན་གནས་པ་དང་། ཁ་ཅིག་པད་མ་ལ་སྐྱིལ་མོ་ཀྲུང་བཅས་ནས་བརྫུས་ཏེ་འབྱུང་བ་དེའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ ཕམ་པ་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཀྱི་ཞིང་གཞན་དག་ན་གནས་ཏེ། ཐེ་ཚོམ་དུ་ལྟུང་བའི་སེམས་ཀྱིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་བསྐྱེད་པ་དེ་དག་ནི་དེ་ན་མངལ་ན་གནས་སོ། །གང་དག་ཐེ་ཙོམ་མེད་ཅིང་སོམ་ཉི་མེད་དེ། འཇིག་ རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་བསྐྱེད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཆགས་པ་མེད་པ་ལ་ཡིད་ཆེས་ཤིང་དད་ལ་མོས་པ་དེ་དག་ནི་པད་མ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ནས་བརྫུས་ཏེ་བྱུང་ངོ་། །མི་ཕམ་པ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་གཞན་ན་གནས་པ་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བར་སེམས་བསྐྱེད་ཅིང་ཐེ་ཙོམ་མི་སྐྱེད་ལ། སངས་རྒྱས་ཀྱི་ཡེ་ཤེས་ ཆགས་པ་མེད་པ་ལ་སོམ་ཉི་མེད་ཅིང་རང་གི་དགེ་བའི་རྩ་བ་ཡང་སོགས་པ་དེ་དག་ནི་སྐྱིལ་མོ་ཀྲུང་བཅས་ནས་བརྫུས་ཏེ་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་སྐྱེས་ནས་རིང་པོ་མ་ལོན་པ་གཞན་དག་དང་འདྲ་བར་ཡུད་ཙམ་གྱིས་ལུས་རྣམ་པ་དེ་ལྟ་བུར་འགྱུར་རོ། །མི་ཕམ་པ་ཤེས་རབ་ཀྱི་ཁྱད་པར་དང་། ཤེས་རབ་ཀྱི་རིམ་པ་དང་། འདི་ལྟ་སྟེ། ཐེ་ཙོམ་དུ་ལྟུང་བའི་འདུ་ཤེས་ཡིད་ལ་བྱེད་པས་འདི་ལྟར་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་ལས་ཡོངས་སུ་ཉམས་ཤིང་བྱང་ཆུབ་སེམས་དཔའ་མཐོང་བ་དང་། ཆོས་མཉན་པ་དང་ཆོས་ཀྱི་གཏམ་དང་། དགེ་བའི་སྤྱོད་པ་དང་། དགེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ལས་ ཡོངས་སུ་ཉམས་པའི་ཤེས་རབ་ཡོངས་སུ་ཉམས་པ་དང་། ཤེས་རབ་ཆུང་བ་ལ་ལྟོས། མི་ཕམ་པ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་ཁྲི་མོན་གསེར་དང་། བཻ་དཱུརྱ་ཐམས་ཅད་ཀྱིས་སྤྲས་པ། དར་དང་། ཕྲེང་བ་དང་། ལྡ་ལྡིའི་ཚོགས་སྦྱངས་པ། ཚོན་སྣ་ཚོགས་ཀྱི་བླ་རེ་ བྲེས་པ། རས་བཅོས་བུ་བཏིང་བ། མེ་ཏོག་སིལ་མ་སྣ་ཚོགས་བཀྲམ་པ། བདུག་པ་རྒྱ་ཆེན་པོས་བདུགས་པ། ཁང་བཟངས་དང་། བསིལ་ཁང་དང་། སྐར་ཁུང་དང་། ཁ་ཁྱེར་དང་། རྟ་བབས་དང་། བ་གམ་རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ཀྱིས་བརྒྱན་པ། གསེར་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཁའི་དྲ་ བས་བྲེས་པ། གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། སྒོ་བཞི་བཏོད་པ། ཐེམ་སྐས་བཞི་བཅས་པ་ཞིག་ཡོད་པ། རྒྱལ་པོ་དེའི་བུ་ཉེས་པ་ཞིག་གིས་ཕྱིར་ཁྲི་མོན་དེར་བཅུག་སྟེ། འཛམ་བུའི་ཆུ་བོའི་གསེར་གྱི་ཁོང་སྒྲིལ་དུ་བཅུག་ལ། དེར་དེའི་ཁྲི་བཤམས་ཏེ། སྟན་ཀོ་ནི་ཀ་བཏིང་བ་ལ། བར་ཚངས་ཅན་ དང་། པ་ལ་ལི་ཀ་བཏིང་སྟེ། ཡུལ་ཀ་ལིང་ཀའི་རས་ཀྱིས་གདིང་བ་བཏིང་ལ། དེའི་སྟེང་དུ་དར་བཏིང་སྟེ། གཡས་གཡོན་གཉིས་སུ་རྟེན་མ་དམར་པོ་གཞག་ལ་བཀྲ་བ་བལྟ་ན་སྡུག་པ་དེ་ལ་དེ་འདུག་ཀྱང་རུང་ཉལ་ཡང་རུང་། དེའི་ཟས་སྐོམ་གཙང་མ་བསོད་པ་རྣམ་པ་མང་པོ་དུ་མ་བཤམས་ན་མི་ ཕམ་པ་འདི་ཇི་སྙམ་དུ་སེམས། རྒྱལ་པོའི་བུ་དེའི་ཡོངས་སུ་སྤྱོད་པ་རྒྱ་ཆེ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་རྒྱ་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་འདི་ཇི་སྙམ་དུ་སེམས་དེས་དེའི་རོ་མྱོང་བར་བྱེད་དམ། མིད་པར་བྱེད་དམ། དེས་དེ་དགའ་ བ་འཐོབ་བམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ནོངས་པ་གང་གི་སླད་དུ་རྒྱལ་པོས་ཁྲི་མོན་དེར་སྩལ་པ་དེ་ལས་ཐར་བར་འཚལ་ཞིང་རིགས་བཟང་པོ་རིགས་བཟང་པོའི་གཞོན་ནུ་དང་། བློན་པོ་དང་། བཙུན་མོའི་འཁོར་དང་། ཚོང་དཔོན་དང་། ཁྱིམ་བདག་དང་། ཁམས་ཀྱི་རྒྱལ་པོ་འམ། གང་གིས་ཁྲི་མོན་དེ་ལས་ཡོངས་སུ་ཐར་བར་འགྱུར་བ་ཡོངས་སུ་ཚོལ་ཏེ། བཅོམ་ལྡན་འདས་རྒྱལ་པོའི་བུ་དེ་བཙོན་ར་དེ་ན་དགའ་བ་མ་མཆིས་ཤིང་རྒྱལ་པོས་མ་གནང་གི་བར་དུ་མི་ཐར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་ཐེ་ཙོམ་དུ་ལྟུང་བས་ དགེ་བའི་རྩ་བ་བསྐྱེད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་མི་མཉམ་པ་དང་མཉམ་པའི་ཡེ་ཤེས་ལ་སོམ་ཉི་ཟ་བ་དེ་དག་སངས་རྒྱས་ཀྱི་མཚན་ཐོས་པ་དེ་དང་། སེམས་དང་བ་ཙམ་དེས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེར་སྐྱེ་ཡང་པད་མ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ཤིང་བརྫུས་ཏེ་འབྱུང་བ་མ་ཡིན་གྱི་པད་མ་ རྣམས་ཀྱི་མངལ་ན་གནས་པ་མྱོང་སྟེ། དེ་དག་དེ་ལས་སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དུ་འདུ་ཤེས་ཤིང་གནས་ཏེ། བཤང་གཅི་མེད། མཆིལ་མ་མེད། སྣབས་མེད། ཡིད་དང་མི་འཐུན་པ་མི་འབྱུང་མོད་ཀྱི། ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། བྱང་ཆུབ་སེམས་ དཔའ་མཐོང་བ་དང་། འབེལ་བའི་ཆོས་ཀྱི་གཏམ་རྣམ་པར་ངེས་པ་དང་། དགེ་བའི་ཆོས་སྤྱོད་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་དག་དེ་ན་མངོན་པར་མི་དགའ་ཞིང་མགུ་བ་མི་འཐོབ་ཀྱིས་སྔོན་གྱི་ཉེས་པ་ཟད་ནས་དེ་དག་པད་མའི་མངལ་རྣམས་ནས་འབྱུང་སྟེ། དེ་དག་དེ་ནས་བྱུང་ཡང་སྟེང་ངམ། འོག་གམ། ཐད་ཀར་བྱུང་བ་མི་ཤེས་སོ། །མི་ཕམ་པ་འདི་ལྟར་ལོ་ལྔ་བརྒྱར་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་མང་པོ་གྲངས་མེད། ཚད་མེད་དཔག་ཏུ་མེད་པ་དག་བསྐྱེད་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་ཡོངས་སུ་གཟུང་བར་བྱ་བ་དེ་ཐམས་ ཅད་ཀྱང་ཐེ་ཙོམ་ཟ་བའི་ཉེས་པས་བསྒྲུབས་པར་མ་གྱུར་པ་ལ་ལྟོས། མི་ཕམ་པ་ཐེ་ཙོམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་ཆེན་པོ་ཇི་ཙམ་དུ་འགྱུར་བ་ལ་ལྟོས། མི་ཕམ་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དག་གི་ཐེ་ཙོམ་ཡོངས་སུ་སྤངས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ལ་མྱུར་དུ་ སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་སྟོབས་བསྐྱེད་པའི་མཐུ་ཐོབ་པར་བྱ་བའི་ཕྱིར་གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་ བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མི་ཕམ་པས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་དང་། སངས་རྒྱས་ཀྱི་ཞིང་གཞན་དག་གི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་གན་ནས་ཇི་སྙེད་ཅིག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕམ་པ་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་བདེ་བ་ ཅན་དུ་སྐྱེ་བར་འགྱུར་ཏེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པས། ཕྱིར་མི་ལྡོག་པར་ཡོངས་སུ་འགྲུབ་ན་དགེ་བའི་རྩ་བ་དེ་བས་ཆུང་ངུ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་གཤེགས་པ་བཟོད་པར་དཀའ་བའི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ ཁྲག་ཁྲིག་ཕྲག་བཅོ་བརྒྱད་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །བྱང་ཤར་གྱི་ཕྱོགས་མཚམས་ན་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། དེའི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་ བར་འགྱུར་རོ། །དེ་བཞིན་གཤེགས་པ་སྐར་མའི་འོད་ཀྱི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཉི་ཤུ་རྩ་གཉིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དབྱངས་དཔག་མེད་ཀྱི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་འཇིག་རྟེན་གྱི་ཁམས་བདེ་ བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་འཇིག་རྟེན་གྱི་སྒྲོན་མའི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཀླུ་ཟིལ་གྱིས་གནོན་པའི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་འཇིག་རྟེན་གྱི་ ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྡུལ་བྲལ་འོད་ཀྱི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་སེང་གེའི་གན་ནས་བྱང་ཆུབ་སེམས་དཔའ་ཁྲི་བརྒྱད་སྟོང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དཔལ་བརྩེགས་ཀྱི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཅིག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་མིའི་དབང་པོའི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་འཇིག་རྟེན་གྱི་ ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་སྟོབས་མངོན་པར་ཤེས་པའི་གན་ནས་བྱང་ཆུབ་སེམས་དཔའ་ཉི་ཁྲི་ཉིས་སྟོང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་རྒྱལ་མཚན་གྱི་གན་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཐོབ་པ། འཇུག་པ་གཅིག་གིས་ཡང་དག་པར་ཞུགས་པ། ཉི་མ་བརྒྱད་པ་གཅིག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུའི་འཁོར་བ་བསྙིལ་བ་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་འབར་བའི་བདག་པོའི་གན་ནས་བྱང་ཆུབ་ སེམས་དཔའ་བྱེ་བ་ཕྲག་བཅུ་གཉིས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་མི་འཇིགས་པ་བརྙེས་པའི་གན་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་རྩ་དགུ་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་ བྱ་བ་དང་། ཡོངས་སུ་དྲི་བ་དང་། ཡོངས་སུ་དྲི་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ཕམ་པ་རྣམ་གྲངས་དེ་ལྟ་བུས་དེ་བཞིན་གཤེགས་པ་གང་དག་གི་གན་ནས་བྱང་ཆུབ་སེམས་དཔའ་དེ་དག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་དེ་བཞིན་གཤེགས་པ་ འོད་དཔག་མེད་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འདོང་བའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་བསྐལ་པ་བྱེ་བ་ཁྲག་ཁྲིག་ཚང་བར་བརྗོད་ཀྱང་མཐའ་རྟོགས་པར་མི་ནུས་སོ། །མི་ཕམ་པ་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པའི་སེམས་ཅན་དེ་དག་རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། སེམས་ཅན་གང་དག་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ལ་ཐ་ན་སེམས་དད་པ་གཅིག་ཙམ་རྙེད་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་དད་པ་མི་ཕྱེད་པ་དེ་དག་ནི་ དམན་པ་ལ་མོས་པར་མི་འགྱུར་རོ། །མི་ཕམ་པ་དེ་ལྟ་བས་ན་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཆོས་ཀྱི་རྣམ་ གྲངས་འདི་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བ་དང་། བསྒོམ་པ་ལ་མངོན་པར་དགའ་བར་བྱའོ། །མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཉིན་ཞག་གཅིག་ཙམ་ཡང་བཟུང་ཞིང་བཅངས་ཏེ། ཀླགས་ཤིང་ ཀུན་ཆུབ་པར་བྱས་ལ་བསམ་པ་ཐག་པ་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །ཐ་ན་གླེགས་བམ་ལ་ལེགས་པར་བྲིས་ཏེ། བཅང་བར་བྱ་ཞིང་དེ་ལ་སྟོན་པའི་འདུ་ཤེས་ཀྱང་བསྐྱེད་པར་བྱའོ། །གང་ཞིག་སེམས་ཅན་དཔག་ཏུ་མེད་པ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་དགོད་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་ལ་ལྟ་བ་དང་། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཡོངས་སུ་གཟུང་བར་འདོད་པ་དེས་ ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་རྒལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྟུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་ གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་གེར་བྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐན་པ་གཅིག་འཇོས་པ་དེ་སྲིད་དུ་ཡང་གཞན་དག་ལ་བརྗོད་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་མེས་ཡོངས་སུ་གང་བ་དེ་རྒལ་ནས་ཀྱང་འགྱོད་པ་དང་ལྡན་པའི་སེམས་གཅིག་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་ཕམ་པ་འདི་ལྟར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་དག་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་འདི་ཉན་ཅིང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །མ་འོངས་པའི་དུས་ན་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་བར་དུ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱིས་གནང་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་མྱུར་དུ་བསྒྲུབས་པ་འདི་གང་དག་གི་རྣ་ལམ་དུ་གྲག་པའི་སེམས་ཅན་དེ་དག་ནི་རྙེད་པ་ཤིན་ཏུ་ལེགས་པར་རྙེད་ཅིང་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དང་། སངས་ རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། སྒོམ་པ་ལ་དགའ་བར་འགྱུར་བ་དང་། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། དེ་བགྲང་བར་སླ་བ་མ་ཡིན་ནོ། །མི་ཕམ་པ་དེ་ལྟར་ན་ངས་དེ་བཞིན་གཤེགས་པའི་མཛད་པ་དེ་བྱས་པ་ཡིན་ཏེ། ཁྱོད་ཀྱང་ད་ཐེ་ཙོམ་མེད་པར་བརྩོན་པར་ གྱིས་ཤིག །སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ། སོམ་ཉི་མ་ཟ་ཤིག །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རིན་པོ་ཆེའི་བཙོན་རར་ཆུད་ད་རེ། མི་ཕམ་པ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ། །ཆོས་བསྟན་པ་རྙེད་པར་དཀའོ། །དལ་བ་ཕུན་ སུམ་ཚོགས་པ་རྙེད་པར་དཀའོ། །མི་ཕམ་པ་ངས་ཁྱོད་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙད་ཀྱིས་ད་ཁྱོད་ཀྱིས་མངོན་པར་སྦྱོར་ལ་སྒྲུབས་ཤིག །མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཆུད་མི་ཟ་བར་བྱ་བའི་ཕྱིར་ཡོངས་སུ་གཏང་བ་ཆེན་པོ་བྱའོ། །སངས་རྒྱས་ ཀྱི་ཆོས་མི་ནུབ་པར་བྱ་བའི་ཕྱིར་བརྩོན་པར་གྱིས་ཤིག །དེ་བཞིན་གཤེགས་པའི་བཀའ་མ་འཁྲུགས་པར་གྱིས་ཤིག །ཡུན་རིང་པོར་གནོད་པ་དང་། མི་ཕན་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་གྱུར་ཏ་ རེ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསོད་ནམས་དག་ནི་མ་བྱས་པ། །འདི་འདྲ་འདི་དག་ཐོས་མི་འགྱུར། །དཔའ་བོ་གང་དག་གྲུབ་གྱུར་པ། །དེ་དག་གསུང་འདི་ཐོས་པར་འགྱུར། །གང་གིས་འོད་ མཛད་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཐོང་ནས་ནི། །གུས་དང་བཅས་པས་ཆོས་ཐོས་པ། །དེ་དག་དགའ་བ་དམ་པ་འཐོབ། །ལྟ་བ་ཅན་དང་དམན་དང་ཞུམ་རྣམས་ཀྱིས། །སངས་རྒྱས་ཆོས་ལ་དང་བ་རྙེད་མི་ནུས། །གང་དག་སྔོན་གྱི་སངས་རྒྱས་ མཆོད་བྱས་པ། །དེ་དག་འཇིག་རྟེན་མགོན་གྱིས་སྤྱད་ལ་སློབ། །དཔེར་ན་སྐྱེས་བུ་ལོང་བ་མུན་ཁུང་ན། །ལམ་ཡང་མི་ཤེས་བསྟན་པར་ག་ལ་ནུས། །དེ་ལྟར་ཉན་ཐོས་ཐམས་ཅད་སངས་རྒྱས་ཀྱི། །ཡེ་ཤེས་མི་རྟོགས་སེམས་ཅན་གཞན་ཅི་སྨོས། །སངས་རྒྱས་ ཀྱིས་ནི་སངས་རྒྱས་ཡོན་ཏན་མཁྱེན། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་ཉན་ཐོས་མིན། །སངས་རྒྱས་ཡེ་ཤེས་རབ་ཏུ་བཤད་པ་ནི། །རང་སངས་རྒྱས་ཀྱི་ལམ་ཡང་འདི་མ་ཡིན། །གལ་ཏེ་སེམས་ཅན་ཐམས་ཅད་བདེ་བར་གཤེགས། །ཡེ་ཤེས་རྣམ་དག་དོན་ དམ་མཁས་གྱུར་ཏེ། །དེ་དག་བསྐལ་པའམ་འོན་ཏེ་ལྷག་པར་ནི། །སངས་རྒྱས་གཅིག་གི་ཡོན་ཏན་རྗོད་བྱེད་ཀྱང་། །དེ་དག་རབ་ཏུ་མྱ་ངན་འདས་གྱུར་གྱི། །བསྐལ་པ་བྱེ་བ་མང་པོར་རབ་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་ཚད་རྙེད་མི་འགྱུར་ཏེ། །དེ་ ལྟར་རྒྱལ་བའི་ཡེ་ཤེས་ངོ་མཚར་ཏོ། །དེ་བས་མཁས་པ་རིག་པའི་རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ཏེ། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །བརྒྱ་ལམ་ན་ནི་མི་ཡི་ལུས་རྙེད་ལ། ། བརྒྱ་ལམ་ན་ནི་སངས་རྒྱས་འབྱུང་བར་འགྱུར། །དད་དང་ཤེས་རབ་ཡུན་རིང་རྙེད་པར་འགྱུར། །དེ་བས་དོན་ཐོབ་བྱ་ཕྱིར་བརྩོན་འགྲུས་བསྐྱེད། །གང་ཞིག་ཆོས་མཆོག་འདི་འདྲ་ཐོས་ནས་ནི། །བདེ་གཤེགས་དྲན་པ་དགའ་བ་ཐོབ་པར་འགྱུར། །གང་ཞིག་ སངས་རྒྱས་བྱང་ཆུབ་མོས་སྐྱེད་པ། །དེ་དག་འདས་པའི་དུས་ན་དེང་དང་བཤེས། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སེམས་ཅན་བྱེ་བ་ཕྲག་བཅུ་གཉིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། །བྱེ་བ་ཕྲག་ཉི་ཤུ་རྩ་བཞིས་ ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཉི་ཤུ་རྩ་ལྔ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷ་དང་མིའི་སྐྱེ་དགུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བྱེ་བ་ཕྲག་ བཞི་བཅུ་ནི་སྔོན་སེམས་མ་བསྐྱེད་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བདེ་བ་ཅན་དུ་སྐྱེ་བར་དགེ་བའི་རྩ་བ་ རྣམས་ཡོངས་སུ་སྔོ་བར་བྱེད་དོ། །དེ་དག་ཐམས་ཅད་དེར་སྐྱེས་ནས་ཀྱང་མཐར་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་ཏེ། །སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་དེ་བཞིན་གཤེགས་པ་འཇམ་པའི་དབྱངས་ཞེས་བྱ་བར་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་མར་མེ་མཛད་ལས་བཟོད་པ་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དེ་བཞིན་གཤེགས་པ་འོད་ དཔག་མེད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་ཏེ། སྔོན་གྱི་སྨོན་ལམ་དང་། སྤྱོད་པ་ཡོངས་སུ་རྫོགས་པར་ འགྱུར་རོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱང་ཀུན་ཏུ་སྣང་ངོ་། །མེ་ཏོག་མན་དཱ་ར་བ་དག་ཀྱང་ས་ལ་པུས་མོ་ནུབ་ཙམ་དུ་བཀྲམ་པར་གྱུར་ཏོ། །ལྷ་དང་མིའི་སིལ་སྙན་ རྣམས་ཀྱང་རབ་ཏུ་གྲག་པར་གྱུར་ཏོ། །འོག་མིན་གྱི་གནས་ཀྱི་བར་དུ་ཡང་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་སྒྲ་གྲག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང་། ཚེ་དང་ལྡན་པ་ཀུན་ དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་ པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་སྟེ། ལེའུ་ལྔ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།